ཤམ་བྷ་ལའི་རྒྱན།

ཤམ་བྷ་ལའི་བཀོད་པ་གསལ་བར་བྱེད་པ་ཤམ་བྷ་ལའི་རྒྱན་ཞེས་བྱ་བ།

ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ།

དཔལ་ལྡན་བླ་མ་དམ་པ་དང་དཔལ་དུས་ཀྱི་ལོ་ལ་གུས་པས་ཕྱག་འཚལ་ལོ། ། ལྷ་ཡི་བཀོད་པའི་གྲོང་མཆོག་ཤམ་བྷ་ལར། ། ལྷ་མཆོག་རྣམས་ཀྱིས་གཙུག་གིས་གུས་བསྟེན་ཅིང༌། ། ལྷ་མའི་ཀླ་ཀློའི་ཆོས་ལུགས་མཐར་མཛད་པ། ། ལྷ་ཡི་ལྷར་གྱུར་རྒྱལ་རྣམས་མཉེས་གྱུར་ཅིག ། རིགས་ལྡན་རིགས་གསུམ་མགོན་གྱི་སྤྲུལ་བའི་སྐུ། ། བླ་མེད་བླ་མའི་ཞབས་ལ་གུས་བཏུད་དེ། ། ཐེག་མཆོག་སྔགས་ཀྱི་གནས་མཆོག་ཤམ་བྷ་ལའི། ། གནས་ཚུལ་རྒྱུད་འགྲེལ་དོན་བཞིན་བསྟན་པར་བྱ།

། འདིར་རྡོ་རྗེ་ཐེག་པའི་བསྟན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཚུལ། སྟོན་པ་པོ་ས་བཅུའི་དབང་ཕྱུག་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སེམས་རྣམ་པར་དག་པའི་སྐལ་བ་དང་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་རབ་ཏུ་གསལ་བར་སྟོན་པའི་གནས་ཡོངས་སུ་དག་པའི་ཞིང་ཤམ་བྷ་ལའི་བཀོད་པ་ལ། བླ་མ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་ཅི་རིགས་སྣང་ན་ཡང༌། བདག་གི་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བཞེད་ལུགས་འདི་ཉིད་ཁྱད་པར་དུ་འཕགས་པར་སྣང་ཞིང༌། འདི་ཉིད་གཞིར་བཞག་པའི་སྟེང་དུ་རྒྱའི་ཚད་ལ་སོགས་པ་མི་འདྲ་བ་ཅུང་ཟད་ཙམ་བདག་གིས་རྒྱུད་འགྲེལ་ཆེན་པོའི་སྟེང་ནས་གོ་བའི་ཚུལ་བརྗོད་པར་བྱའོ། ། དེ་ལ་ཆོས་ཀྱི་རྗེ་བོའི་བཞེད་པ་ནི། འཇིག་རྟེན་ཁམས་ལེའི་ཚིགས་བཅད་བརྒྱ་ལྔ་བཅུ་པ་དང༌། བརྒྱ་ལྔ་བཅུ་རྩ་གཅིག་པར་འགྱུར་གསར་པ་ལ། ཆང་དང་ལན་ཚྭའི་ཆུ་གཏེར་དབུས་སུ་ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པས་འཁོར་བར་འགྱུར། །དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམ་བྷ་ལར་གྲགས་པ། །ཐུབ་མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་དེ་ནོར་གྱི་འདབ་མ་རྣམས་དང་བཅས་པ་ཡི། །ཕྱོགས་རྣམས་ཀུན་ཏུ་མཆོག་གི་གངས་རི་ཡིས་ནི་རྣམས་པར་བསྐོར་ཏེ་དེ་ཡི་དབུས་ན་ཀཻ་ལ་ཤ །ས་ལ་ཀཻ་ལ་ཤ་ཡི་དུམ་བུ་དེ་ནི་གངས་ཀྱི་རི་དང་བཅས་པས་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་ཏུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་ཏེ་འབུམ་ཕྲག་གྲོང་རྣམས་ཀྱིས་ནི་ཡུལ་འཁོར་རོ། །ཞེས་པ་དང༌། ཚིགས་བཅད་བརྒྱ་ལྔ་བཅུ་རྩ་བདུན་པར། དཔག་ཚད་བརྒྱ་ལ་མདའ་ཡིས་བསྒྱུར་བའི་ཚད་དང་ལྡན་པའི་རི་ཡི་ཕྱོགས་བཞི་རྣམས་ནི་བསྐོར་བ་འམ། །ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། །ལྷ་ཡི་དབང་པོ་རབ་མཆོག་མི་ཡི་དབང་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། །ཞེས་འབྱུང་བའི་ཚིགས་བཅད་དང་པོ་གཉིས་ཀྱིས་ཤམ་བྷ་ལའི་ཆགས་ཚུལ་དང༌། ཕྱི་མའི་རྐང་པ་གསུམ་པོས་ཤམ་བྷ་ལའི་ཡུལ་སྤྱིའི་མཐའ་སྐོར་གྱི་གངས་རིའི་སྦོམ་གྱི་ཚད་བསྟན་པར་བཞེད་དོ། ། དེ་ལ་ཤམ་བྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་དང་བཅས་པ་སྤྱིའི་ཐད་ཀའི་རྒྱ་ལ་འཛམ་གླིང་ཆུང་ངུའི་ཕྱེད་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་ལ། དེ་ཡང་ས་པད་མ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་དབུས་ཀཻ་ལ་ཤའི་རི་བོ་ཟླུམ་ཞིང་མཐོ་བ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་སུམ་ཆའི་ཚད་དང་ལྡན་པ་དང༌། པད་འདབ་རྣམས་ཀྱི་ཕྱི་རོལ་ནས་དཔག་ཚད་ལྔ་བརྒྱའི་ཞིང་དང་ལྡན་པའི་གངས་རིས་ཡོངས་སུ་བསྐོར་བ་དང༌། ཀཻ་ལ་ཤའི་རི་བོའི་སྟེང་ན་ཤམ་བྷ་ལའི་ཡུལ་གྲོང་བྱེ་བ་ཕྲག་གཅིག་ཡོད་པའི་གཙོ་བོ་རྒྱལ་པོའི་ཕོ་བྲང་ཀ་ལཱ་པ་དཔག་ཚད་བཅུ་གཉིས་པ་དང༌། དེའི་ལྷོ་ན་མ་ལ་ཡའི་ཚལ་ཤར་ནུབ་ཀྱི་མཚོ་གཉིས་དང་བཅས་པ་དང༌། པད་འདབ་བཅུ་གཉིས་ལ་གྲོང་བྱེ་བ་ཕྲག་བཅུ་གཉིས་ཡོད་པར་བཞེད་དོ། ། དེ་ལ་བཀོད་པའི་རྣམ་པ་དེ་ལྟ་བུ་ནི་རྒྱུད་འགྲེལ་གྱི་དགོངས་པར་གསལ་ཞིང་ཤིན་ཏུ་ལེགས་ནའང༌། རྒྱའི་ཚད་ཧ་ཅང་ཡང་༼ཡངས༽ཆེས་པར་མངོན་དེ་རྒྱ་ཚད་ཙམ་གྱི་ཡུལ་ནི་མདོ་སྡེ་ལ་སོགས་པར་ཡང་ཅུང་ཟད་གྲགས་པར་རིགས་པ་ལས་མ་གྲགས་ཤིང༌། ཤམ་བྷ་ལའི་ཡུལ་སྤྱི་ལ་ཐད་ཀའི་རྒྱར་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་ན་དེའི་སུམ་ཆ་ཀཻ་ལ་ཤའི་རི་བོའི་སྟེང་ལ་ཐད་ཀར་དཔག་ཚད་བཞི་སྟོང་གཅིག་བརྒྱ་དྲུག་ཅུ་རྩ་དྲུག་ཡོད་དགོས་ལ། མངོན་པ་བའི་དཔག་ཚད་ལས་དུས་འཁོར་གྱི་དཔག་ཚད་ཉིས་འགྱུར་གྱི་ཆེ་བ་དང༌། མངོན་པ་པའི་དཔག་ཚད་སྟོང་ཕྲག་བརྒྱ་དང་སུམ་བརྒྱ་སོ་གཉིས་ལྷག་པ་གཅིག་འབྱུང་སྟེ། དེ་ལ་ཉིན་ལམ་བརྩིས་ན་དཔག་ཚད་རེ་ལ་དྲོ་ལམ་དང་དྲོ་ལམ་བཞི་ལ་ཉིན་ལམ་རེར་བརྩིས་པའི་ཉིན་ལམ་ཉིས་སྟོང་དང་བརྒྱད་ཅུ་རྩ་གསུམ་ཙམ་འབྱུང་ལ། ཀཻ་ལ་ཤའི་རི་བོའི་སྟེང་གི་ཐད་ཀའི་ཕྱེད་ལ་ཉིན་ལམ་སྟོང་དང་བཞི་བཅུ་རྩ་གཅིག་ཡོད་དགོས་པར་འགྱུར་ཞིང༌། དེ་ཙམ་ཡོད་ན་ཀཻ་ལ་ཤའི་རི་བོའི་སྟེང་གི་དབུས་ཀ་ལཱ་པའི་གྲོང་ནས་དྲང་སྲོང་རྣམས་ཉི་མ་བཅུ་ལ་ནགས་ཚལ་གྱི་ནང་དུ་ཞུགས་པར་གསུངས་པ་དང་མི་འགྲིག་སྟེ། ནགས་ཚལ་འདི་ཀཻ་ལ་ཤའི་རི་བོའི་སྟེང་གི་མཐའ་ན་ནགས་ཚལ་ཡོད་པ་ལ་བྱེད་ན་མ་ལ་ཡའི་ཚལ་ལ་འདི་ལུགས་ཀྱི་དཔག་ཚད་བཅུ་གཉིས་དང་མངོན་པ་པའི་དཔག་ཚད་ཉེར་བཞི་སྟེ། དེ་ལ་ཉིན་ལམ་དྲུག་དང་དེའི་ཕྱི་རོལ་ཉིན་ལམ་བཞིའི་ས་དང་བཅས་པ་ལ་ཉིན་ལམ་བཅུ་འཁོར་ཞིང༌། དེ་ཕན་ཆད་ཉིན་ལམ་སྟོང་དང་སུམ་ཅུ་སོ་གཅིག་གི་ནགས་ཚལ་དུ་ཡོད་དགོས་པར་འགྱུར་བ་ལས་དེ་ཙམ་ཡོད་པར་མི་རིགས་སོ། ། དེའི་ཡང་ཕྱི་རོལ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གནས་པའི་པད་འདབ་ཀྱི་ཕྱི་རོལ་གྱི་ནགས་ཚལ་ལ་བྱེད་ན་ནི་ལྷག་པར་ཡང་མི་འགྲིག་སྟེ། པད་འདབ་ཀྱི་ཐད་ཀའི་རྒྱ་ཀཻ་ལ་ཤའི་རྒྱ་དང་མཉམ་པས་དེ་ལ་ཉིན་ལམ་ཉིས་སྟོང་དང་བརྒྱད་ཅུ་རྩ་གསུམ་དང་ཀཻ་ལ་ཤའི་སྟེང་གི་ཕྱེད་ལ་ཉིན་ལམ་སྟོང་དང་བཞི་ཅུ་རྩ་གཅིག་སྟེ་དེ་གཉིས་སྡོམ་པས་ཀཻ་ལ་ཤའི་དབུས་ནས་པད་འདབ་ཀྱི་མཐའི་བར་གྱི་ས་ལ་ཉིན་ལམ་སུམ་སྟོང་དང་བརྒྱ་ཉེར་བཞི་ཡོད་དགོས་པས་དེ་ཙམ་ཞིག་ཉི་མ་བཅུ་གཉིས་བགྲོད་པ་མི་འཐད་ཅིང་རྫུ་འཕྲུལ་དང་ལྡན་ན་ནི་ཉི་མ་བཅུ་ཡང་མི་འགོར་བའི་ཕྱིར་རོ། ། གཞན་ཡང་པད་འདབ་ཀྱི་གྲོང་རྣམས་ན་ཀཻ་ལ་ཤའི་རི་བོའི་སྟེང་དུ་རིགས་ལྡན་གྱི་དྲུང་དུ་ཆོས་ཉན་དུ་འགྲོ་བ་ལ་ཐག་ཧ་ཅང་རིང་པའི་སྐྱོན་ཡང་ཡོད་དོ། །དེ་བཞིན་དུ་པད་འདབ་བརྒྱད་ཀྱི་མཐའ་སྐོར་གྱི་གངས་རིའི་སྦོམ་ལ་དཔག་ཚད་ལྔ་བརྒྱ་ཡོད་པ་ནི་ཧ་ཅིང་ཡང་སྦོམ་ཞིང༌། ཀ་ལཱ་པའི་གྲོང་དཔག་ཚད་བཅུ་གཉིས་པ་རྒྱལ་པོའི་ཕོ་བྲང་ཉིད་ཡིན་པར་བཞེད་པ་ཡང་ཡུལ་དང་དུས་ཀྱི་དབང་གིས་ཆེས་པར་མངོན་ལ། དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཡང་ཀ་ལཱ་པའི་གྲོང་ཁྱེར་ན་གནས་པར་གསུངས་པས་རྒྱུད་འགྲེལ་གྱི་དགོངས་པར་མི་གསལ་ལོ། ། དེས་ན་འདི་ལྟར་ཤེས་པར་བྱ་སྟེ། ཤོང་གི་འགྱུར་ལ། ཆང་དང་ལན་ཚཱའི་ཆུ་གཏེར་དབུས་སུ་ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པར་འཁོད་པར་འགྱུར། །དུམ་བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པའོ། །དེ་ཡི་དབུས་ན་ཀཻ་ལ་ཤ་སྟེ་མཆོག་གི་གངས་རི་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བའོ། །ས་ལ་ཀཻ་ལ་ཤ་ཡི་དུམ་བུ་གངས་ཀྱི་རི་དང་བཅས་པ་དེ་ནི་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་ཏུ་ནི་འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །གཡས་ཀྱི་ཕྱེད་ན་ཤམ་བྷ་ལར་གྲགས་ཐུབ་མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་པ་སྟེ། །བྱེ་བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་དེ་རྒྱལ་ཁམས་གྲོང་ནི་འབུམ་ཕྲག་རྣམས་ཀྱིས་སོ། །ཞེས་པས་ཡུལ་གྱི་ཆགས་ཚུལ་བསྟན་ལ། དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་དག་གིས་ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ། །ཕྱོགས་བཞི་དག་ནི་རི་ཡིས་བསྐོར་ཞིང་མདའ་ཡིས་བསྒྱུར་བ་བརྒྱ་ཡི་དཔག་ཚད་རྣམས་ཀྱི་ཚད་དུ་ནི། །ཞེས་གསུངས་པས་ཚད་བསྟན་པ་ཡིན་ཞིང༌། སྐབས་འདིར་འགྱུར་འདི་ཉིད་ལེགས་པས་འདིའི་ལུགས་ལྟར་རྣམ་པར་བཤད་པ་ནི། གླིང་བདུན་པ་འཛམ་གླིང་ཆེན་པོ་ས་དུམ་བུ་བཅུ་གཉིས་པོ་རྣམས་ལ་མི་བདག་སྟེ་རིགས་ལྡན་འཁོར་ལོ་ཅན་དྲག་པོས་འཛམ་གླྀང་ཆུང་ངུ་འདིར་ཀླ་ཀློ་བཅོམ་ནས་མགོ་༼འགོ་༽བརྩམས་ཏེ་རིམ་པ་ལྟར་ཀླ་ཀློ་འཇོམས་པའི་དོན་དུ་རིགས་ལྡན་འཁོར་ལོ་ཅན་དེ་ཉིད་ཡང་དང་ཡང་དུ་སྐྱེ་བ་བསྟན་པའི་ཚུལ་གྱིས་མིའི་ལོ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་བར་དུ་འཁོར་བར་འགྱུར་རོ། ། དུམ་བུ་གཅིག་ལྷོ་འཛམ་བུའི་གླིང་ཆུང་ངུ་ལ་ཞིང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡོད་ཅིང་འདི་ལ་ནོར་གྱི་འདབ་མ་དག་དང་བཅས་པ་ཞེས་པ་ནི་འཛམ་གླིང་ཆུང་ངུ་འདི་ལ་པད་མ་འདབ་བརྒྱད་ལྟ་བུས་བསྐོར་ཡོད་ཅེས་པ་མ་ཡིན་གྱི། ནོར་གྱི་འདབ་མ་དག་ཅེས་པ་འདིས་ཤམ་བྷ་ལའི་ཡུལ་བསྟན་པ་ཡིན་པས་ཤམ་བྷ་ལའི་ཡུལ་དང་བཅས་པའོ། །ཞེས་སྦྱར་རོ། ། ཡུལ་དེ་ཆུ་བོ་ཤི་ཏའི་བྱང་ན་ཡོད་པར་བཤད་ཅིང་ཆུ་བོ་དེ་ཡང་བོད་ཁ་བ་ཅན་གྱི་བྱང་ན་ཡོད་པར་བཤད་པས། ཡུལ་དེ་འཛམ་གླིང་ཆུང་ངུ་འདིའི་བྱང་ན་ཡོད་པར་བསྟན་ཏོ། །དེ་ཡང་ཉིན་མཚན་འཕེལ་འགྲིབ་ཀྱི་ཁྱད་པར་བུ་སྟོན་པའི་སྐབས་སུ་འཛམ་གླིང་ཆུང་ངུའི་ལྷོ་ཕྱོགས་ནས་བཟུང་སྟེ་ལྷུན་པོ་ལ་བསྐོར་བའི་རི་དྲུག་པ་བྱང་གངས་ལྡན་ཆེན་པོའི་བར་དུ་ས་དུམ་བུ་དྲུག་ཏུ་བྱས་པའི་དུམ་བུ་རེ་ལ་འཕགས་པའི་ཡུལ་དང༌། བོད་ཡུལ་དང༌། ལི་ཡུལ་དང༌། རྒྱ་ནག་དང༌། ཀཻ་ལ་ཤའི་བྱང་རྣམས་རིམ་པ་བཞིན་དུ་ཡོད་པ་ལ། ཉིན་ཞག་གཅིག་གི་བཅུ་ཆ་ནས་ལྔ་ཆའི་བར་ཉིན་མཚན་འཕེལ་འགྲིབ་ བྱེད་པར་གསུངས་ལ། ལི་དང་རྒྱ་ནག་གཉིས་བོད་ཀྱི་བྱང་དྲང་ཐད་ན་གནས་ཀྱང༌། ལི་ཡུལ་ནི་བོད་ཡུལ་གྱི་བྱང་དྲང་ཐད་ཀྱི་སའི་དུམ་བུའི་ནུབ་ཕྱོགས་ན་ཡོད་པར་ལི་ལུང་བསྟན་གྱི་མདོ་ཉིད་ན་གསལ་ཞིང༌། བོད་ཡུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་སོགས་པའི་དུས་སུ་ལྷ་གཡངས་?ཚུལ་གྱི་ལོ་རྒྱུས་ལས་ཀྱང་གསལ་ལོ། ། རྒྱ་ནག་ནི། དེའི་བྱང་གི་སའི་དུམ་བུའི་ཤར་ན་ཡོད་པར་གསལ་ལ། དེའི་ཡང་བྱང་གི་སའི་དུམ་བུ་ལ་ཀཻ་ལ་ཤ་ཡོད་པས། ཀཻ་ལ་ཤའི་དུམ་བ་བུ་ཞེས་གསུངས་ཏེ། དུམ་བུ་དེ་ལ་ཤམ་བྷ་ལའི་ཡུལ་ཡོད་དོ། །དེ་ཡང་ཡུལ་དེ་རྣམས་ཀྱི་རྒྱ་ལ་སའི་དྲུག་ཆ་རེ་རྫོགས་པར་ཡོད་པ་མ་ཡིན་གྱི་སའི་དྲུག་ཆ་རེ་ངོས་འཛིན་པའི་དོན་དུ་ཡུལ་དེ་རྣམས་ཀྱིས་པདྨོས་པ་༼དཔྱད༽ཡིན་ནོ། ། ཤམ་བྷ་ལའི་ཡུལ་དེ་ནི་ས་པད་མ་འདབ་བརྒྱད་ཀྱི་རྣམ་པར་ཡོད་ལ་འདབ་མ་བརྒྱད་ཀྱི་དབུས་ན་ཀཻ་ལ་ཤའི་རི་བོ་འདབ་མ་མཐའ་མ་གངས་རིས་བསྐོར་བ་པད་མ་འདབ་བརྒྱད་ལྟ་བུ་དེའི་སུམ་ཆའི་ཚད་དང་ལྡན་ཞིང་པད་མའི་ལྟེ་བའི་རྣམ་པར་གནས་པ་ཡིན་ནོ། །ཀཻ་ལ་ཤའི་ཕྱི་རོལ་ན་ས་པད་མ་འདབ་བརྒྱད་འདབ་མ་ལྟ་བུ་རེ་ལ་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས་ཡོད་ལ། ཡུལ་ཆེན་པོ་རེ་རེ་ལ་གྲོང་བྱེ་བ་ཕྲག་རེ་རེ་སྟེ་སྤྱིར་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང༌། གྲོང་འབུམ་ཕྲག་རེ་ལ་རྒྱལ་ཁམས་[ ]གྲོང་ཞེས་བཤད་དོ། །གཡས་ཀྱི་ཕྱེད་ན་ཞེས་པ་ནི་ཀཻ་ལ་ཤའི་རི་བོའི་སྟེང་ཕྱེད་མར་བྱས་པའི་ཕྱེད་གཡས་ཕྱོགས་བྱང་སྟེ་གཡས་ཞེས་པ་གཡས་སྐོར་བྱེད་པའི་ལུགས་ཀྱིས་གཡས་བྱང་ཕྱོགས་ཡིན་ལ། དེ་ན་ཤམ་བྷ་ལ་ཞེས་གྲགས་པ་ཐུབ་པ་མཆོག་ས་བཅུའི་དབང་ཕྱུག་ཆེན་པོ་ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་བཞུགས་གནས་གྲོང་བྱེ་བ་ཕྲག་གཅིག་ཡོད་པ་གནས་སོ། ། ལྷག་པར་ཞེས་སྨོས་པ་ནི་ཤམ་བྷ་ལ་གྲོང་བྱེ་བ་ཕྲག་གཅིག་པོ་དེ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ལས་ལྷག་པོར་ཡོད་པ་བསྟན་པ་སྟེ། སྤྱིར་ནི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་བདུན་ཡོད་པ་ཡིན་ནོ། །དེ་ལ་ལྟེ་བ་ཀཻ་ལ་ཤའི་རི་བོ་ས་པདྨ་འདབ་བརྒྱད་ཀྱི་རྣམ་པས་བསྐོར་བ་དང་བཅས་པ་སྤྱིའི་ཚད་ནི། ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ་ཕྱོགས་བཞི་དག་ནི་རི་ཡིས་བསྐོར་ཞིང་མདའི་བསྒྱུར་བ་བརྒྱའི་དཔག་ཚད་དུ་ནི་ཞེས་པ་འདིས་བསྟན་པ་ཡིན་ཏེ། ཤམ་བྷ་ལ་ཞེས་པ་ཀཻ་ལ་ཤའི་རི་བོའི་སྟེང་གི་ཡུལ་ཡིན་ཡང༌། གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་ལ་ཤམ་བྷ་ལ་ཞེས་བརྗོད་པ་ནི་གཙོ་བོའི་མིང་གིས་སྨོས་པ་ཡིན་ལ། ཤམ་བྷ་ལའི་ཡུལ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་བཅས་པ་གནས་པའི་ས་པདྨ་འདབ་བརྒྱད་ལྟ་བུའི་ཕྱི་རོལ་ཡང་གངས་རི་ལ་སོགས་རི་ཡིས་བསྐོར་ཡོད་ཅིང༌། དེའི་ཐད་ཀའི་རྒྱ་ལ་དཔག་ཚད་ལྔ་བརྒྱ་སྟེ་མངོན་པ་པའི་དཔག་ཚད་སྟོང་དང་མཐའ་སྐོར་གྱི་རྒྱ་ལ་དཔག་ཚད་ཕྱེད་དང་ཉིས་སྟོང་སྟེ་མངོན་པ་པའི་དཔག་ཚད་སུམ་སྟོང་ཡོད་དོ། །ཐད་ཀའི་དཔག་ཚད་ལྔ་བརྒྱ་ལ་གསུམ་གྱི་བགོས་པས་དཔག་ཚད་བརྒྱ་དང་དྲུག་ཅུ་རྩ་དྲུག་ཐོབ་པ་ནི། དབུས་ཀྱི་ལྟེ་བ་ལ་ཀཻ་ལ་ཤ་དང༌། པད་འདབ་སོ་སོའི་ཚད་ཡིན་ལ་ལྷག་མ་དཔག་ཚད་གཉིས་པོ་ནི་མཐར་སྐོར་གྱི་རིའི་ཕྱོགས་རེའི་ཚད་ཡིན་ནོ། །ཀཻ་ལ་ཤའི་རི་བོའི་སྟེང་གི་མཐའ་སྐོར་གྱི་གངས་རིའི་སྦོམ་ལ་ཡང་དཔག་ཚད་གཅིག་ཙམ་ཡོད་ཅིང༌། ཕྱོགས་བཞི་དག་ནི་རི་ཡིས་བསྐོར་ཞིང་ཞེས་གསུངས་པས་པདྨ་འདབ་བརྒྱད་ལྟ་བུའི་ཕྱི་རོལ་གངས་རི་དང་བྲག་རི་ལ་སོགས་པས་གྲུ་བཞིའི་རྣམ་པར་བསྐོར་བ་ཡིན་ནམ་ཡང་སེམས་སོ། ། ཀཻ་ལ་ཤའི་རི་བོའི་སྟེང་གངས་རིས་བསྐོར་བའི་དབུས་ན། ཤམ་བྷ་ལ་ཡོད་པར། ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤའི་རྒྱབ་ཏུའོ་ཞེས་འབྱུང་བས་ཤེས་ཤིང་ཉིན་མཚན་གྱི་འཕེལ་འགྲིབ་སྟོན་པའི་སྐབས་སུ་ཀཻ་ལ་ཤའི་ཡུལ་དུ་ངེས་པའོ། །ཞེས་གསུངས་པ་ནི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་པོ་རྣམས་ལ་ཡང་ཀཻ་ལ་ཤའི་ཡུལ་ཞེས་བརྗོད་པར་ཤེས་པར་བྱའོ། །ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ་ཞེས་འབྱུང་བའི་དོན་ནི་ཤམ་བྷ་ལའི་གྲོང་བྱེ་བ་ཕྲག་གཅིག་གིའང་གཙོ་བོ་ནི་ཀ་ལཱ་པའི་གྲོང་ཞེས་བྱ་བ་ཡིན་ཏེ། ཀ་ལཱ་པའི་གྲོང་གི་རྒྱར་ནི་ཐད་ཀའི་དཔག་ཚད་བཅུ་གཉིས་ཡོད་དོ༎ དེའི་ལྷོ་ན་མ་ལ་ཡའི་ཚལ་དང་མ་ལ་ཡའི་ཚལ་གྱི་ཤར་ཕྱོགས་ན་ཉེ་བ་ཡིད་ཀྱི་མཚོ་དང་ནུབ་ན་པདྨ་དཀར་པོའི་མཚོ་ཡོད་དེ་གསུམ་ཀ་ཡང་ཚད་དཔག་ཚད་བཅུ་གཉིས་པར་མཚུངས་སོ། །མ་ལ་ཡའི་ཚལ་གྱི་དབུས་ན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་ཁྲུ་བཞི་བརྒྱ་པ་དང་རྡོ་རྗེ་ཕྲེང་བའི་ཐད་ཀའི་རྒྱར་ཁྲུ་སྟོང་དང་ཉིས་བརྒྱ་ཡོད་དོ། །ཀ་ལཱ་པའི་གྲོང་གི་དབུས་ན་རྒྱལ་པོའི་ཕོ་བྲང་ཡོད་པའི་རྒྱ་ཡང་དུས་ཀྱི་འཁོར་ལོ་ཡི་དཀྱིལ་འཁོར་གྱི་རྡོ་རྗེ་ཕྲེང་བའི་རྒྱ་དང་མཉམ་པར་རིགས་སོ། ། འོ་ན་ཚད་འདི་ལ་ཀཻ་ལ་ཤའི་རི་བོའི་སྟེང་དུ་གྲོང་བྱེ་བ་ཕྲག་གཅིག་མ་ལ་ཡའི་ཚལ་མཚོ་གཉིས་དང་བཅས་པ་ཡངས་པར་ཤོང་ཡང༌། པད་འདབ་ཐད་ཀའི་རྒྱར་དཔག་ཚད་བརྒྱ་དང་དྲུག་ཅུ་རྩ་དྲུག་ཡོད་པའི་པད་འདབ་རེ་རེ་ལ་གྲོང་བྱེ་བ་ཕྲག་བཅུ་གཉིས་ཉེ་འཁོར་དང་བཅས་པ་ཇི་ལྟར་ཤོང་སྙམ་ན་པད་འདབ་རེ་རེའི་རྒྱ་དཔག་ཚད་བརྒྱ་དྲུག་ཅུ་རྩ་དྲུག་ནི། མངོན་པའི་ལུགས་ཀྱི་དཔག་ཚད་སུམ་བརྒྱ་དང་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། དེ་ཉིན་ལམ་བརྒྱད་ཅུ་རྩ་གསུམ་པར་འགྱུར་ཞིང༌། པད་འདབ་རེ་རེ་ལ་སྲིད་དུ་ཉིན་ལམ་དེ་སྙེད་ཀྱི་ས་རྒྱ་ཡོད་ལ། ཞིང་དུ་ཆ་བསྙམས་པ་ལ་དེའི་སུམ་གཉིས་ལྷག་ཙམ་ཡོད་ངེས་ཤིང་ཉིན་ལམ་བརྒྱད་ཅུ་རྩ་གསུམ་གྱི་སུམ་གཉིས་ལ་ཉིན་ལམ་ལྔ་བཅུ་རྩ་བཞི་ལྷག་ཙམ་ཡོད་པས། ལྔ་བཅུ་རྩ་བཞིས་བརྒྱད་ཅུ་རྩ་གསུམ་བསྒྱུར་བ་ལ་ལམ་གྲུ་བཞི་པའི་རེའུ་མིག་བཞི་སྟོང་དང་བཞི་བརྒྱ་བརྒྱད་ཅུ་རྩ་གཉིས་འབྱུང་ངོ༌། །དེ་ལ་བཅུ་གཉིས་ཀྱིས་བགོས་པས་ཉིན་ལམ་གྲུ་བཞི་པའི་རེ་མིག་སུམ་བརྒྱ་དང་བདུན་ཅུ་དོན་གསུམ་ཐོབ་ལ་རེའུ་མིག་དེ་རྣམས་གྲུ་བཞིའི་རྣམ་པར་བཀོད་པ་ལ་ངོས་གཉིས་ལ་ཉིན་ལམ་ཉེར་གཅིག་དང་ངོས་གཉིས་ལ་ཉིན་ལམ་བཅོ་བརྒྱད་ཙམ་ཡོད་པའི་ས་རྒྱ་ནི་གྲོང་བྱེ་བ་ཕྲག་རེའི་ས་ཆར་འགྱུར་ཞིང༌། ཉིན་ལམ་གྲུ་བཞི་པའི་རེའུ་མིག་གཅིག་ལ་དཔག་ཚད་ཀྱི་རེའུ་མིག་བཅུ་དྲུག་དང༌། དེའི་རེའུ་མིག་གཅིག་ལ་རྒྱང་གྲགས་ཀྱི་རེའི་མིག་དྲུག་ཅུ་རྩ་བཞི། དེའི་ཡང་རེའུ་མིག་གཅིག་ལ་གཞུ་འདོམ་གྱི་རེའུ་མིག་འབུམ་ཕྲག་གཉིས་དང་ལྔ་ཁྲི་འབྱུང་ངོ༌། །གཞུ་འདོམ་གྱི་རེའུ་མིག་གྲངས་དེ་རྣམས་རྒྱང་གྲགས་ཀྱི་རེའུ་མིག་གི་གྲངས་དྲུག་ཅུ་རྩ་བཞིས་བསྒྱུར་ཞིང༌། དེ་རྣས་ཀྱང་དཔག་ཚད་ཀྱི་རེའུ་མིག་གི་གྲངས་བཅུ་དྲུག་གིས་བསྒྱུར་དེ་རྣམས་ཀྱང་ཉིན་ལམ་གྱི་རེའུ་མིག་གི་གྲངས་སུམ་བརྒྱ་བདུན་ཅུ་དོན་གསུམ་གྱིས་བསྒྱུར་བའི་གཞི་འདོམ་གྲངས་ལ། བྱེ་བ་ཕྲག་གཅིག་གིས་བགོས་པས་དགུ་སྟོང་དང་ལྔ་བརྒྱ་བཞི་བཅུ་རྩ་བརྒྱད་ལྷག་ཙམ་ཐོབ་ལ་གཞུ་འདོམ་གྱི་རེའུ་མིག་གི་གྲངས་དེ་རྣམས་གྲུ་བཞིའི་རྣམ་པར་བཀོད་པ་ལ་ངོས་རེ་ལ་གཞུ་འདོམ་དགུ་བཅུ་རྩ་བརྒྱད་ལྷག་ཙམ་ཡོད་པའི་ས་གྲུ་བཞི་པ་ནི་གྲོང་རེ་རེའི་ཉེ་འཁོར་དང་བཅས་པའི་ས་ཁྱོན་ཡིན་ནོ། །དེས་ན་པད་འདབ་རེ་རེའི་རྒྱ་དེ་ཙམ་ལ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས་ཉེ་འཁོར་དང་བཅས་པ་ཡང་[ཡངས]པར་ཡང་ཤོང་སྟེ། ཡུལ་དེ་ནི་ཆོས་རྒྱལ་རིགས་ལྡན་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བའི་མཐུ་ལས་བྱུང་བ་རྣམ་པར་དག་པའི་ཞིང་རྨད་དུ་བྱུང་བ་ཡིན་པས་གྲོང་གི་གོ་མཚམས་འཐུག་པོར་ཡོད་ཅིང་པད་འདབ་རྣམས་ལག་མཐིལ་ལྟར་ས་གཞི་མཉམ་པར་ཡོད་པའི་ཕྱིར་རོ། ། གཞན་ཡང་ཆགས་བྲལ་ལམ་བྱང་ཆུབ་སེམས་དཔའ་བཞུགས་པའི་ཕུག་ཁྲུ་ལྔ་པར་འཁོར་ལོ་བསྒྱུར་བ་སྟེ་དང་བཅས་པ་བཞུགས་ཀྱང་བྱང་ཆུབ་སེམས་དཔའི་བྱིན་རླབས་ཀྱི་མཐུས་དོག་པ་མེད་པར་གསུངས་པ་བཞིན། ཡུལ་གྱི་ཁྱོན་དེ་ཙམ་ལ་ཆོས་རྒྱལ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བྱིན་རླབས་ཀྱིས་གྲོང་ཁྱེར་དེ་རྣམས་ལ་ཤིན་ཏུ་ཡངས་པར་སྣང་བ་ཡོད་པར་ཤེས་པར་བྱའོ། །ཡུལ་ཕལ་པ་ལ་ཡང་ཡུལ་ས་བཟང་པ་རྣམས་ན་གྲོང་ཁྱེར་གྱི་གོ་མཚམས་འཐུག་པོ་ཡོད་དེ། རྒྱ་གར་རྒྱ་ནག་གི་ཡུལ་དབུས་རྣམས་ཀྱི་གྲོང་ཁྱེར་བཞིན་ནོ། ། གཞན་ཡང་ཀཻ་ལ་ཤའི་རི་བོའི་སྟེང་གི་ཐད་ཀ་ལ་མངོན་པ་པའི་ལུགས་ཀྱི་དཔག་ཚད་སུམ་བརྒྱ་དང་སུམ་ཅུ་རྩ་གཉིས་པ་ལ་ཉིན་ལམ་བརྒྱད་ཅུ་རྩ་གསུམ་ཡོད་ཅིང་དེའི་ཕྱེད་ལ་ཉིན་ལམ་བཞི་བཅུ་རྩ་ཕྱེད་དང་གཉིས་ཡོད་ལ། མ་ལ་ཡིས་[ཡི]ཚལ་ལ་མངོན་པའི་ལུགས་ཀྱི་དཔག་ཚད་ཉི་ཤུ་རྩ་བཞི་ཡོད་ཅིང་དེ་ལ་ཉིན་ལམ་དྲུག་ཅུ་ཡོད་པས། དེ་རྣམས་ཉིན་ལམ་བཞིའི་ས་ཕན་ཆད་མཐའི་གངས་རིའི་བར་ལ་ཉིན་ལམ་སུམ་ཅུ་རྩ་ཕྱེད་དང་གཉིས་འབྱུང་ཞིང༌། དེའི་བར་གྱི་ས་ནགས་ཚལ་དུ་ཡོད་པར་གསལ་དེ། འཇམས་དབྱངས་གྲགས་པའི་བཤད་ལུང་གིས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི། ཀ་ལཱ་པའི་གྲོང་ནས་ཐོན་དེ། རྒྱ་གར་ནས་ལི་ཡུལ་དུ་འགྲོ་བར་འདོད་པས་ཉི་མ་བཅུ་པ་ལ་ནགས་ཚལ་གྱི་ནང་དུ་ཞུགས་པས་གསུངས་པའོ། །གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོའི་བར་བར་ནས་ཆུ་བོ་སྔོན་པོ་ཞེས་སོ་ཆུ་བོའི་རྒྱུན་འབྱུང་བ་རྣམས་ཀྱང་དབུས་ཀྱི་ཀཻ་ལ་ཤའི་གངས་ཀྱི་རི་ལས་སོ་སོ་ནས་འབབ་པ་ཡིན་ཞིང༌། གྲོང་སོ་སོ་ནས་ཀཻ་ལ་ཤའི་རི་བོའི་སྟེང་དུ་འགྲོ་བའི་ལམ་ནི་ཀཻ་ལ་ཤའི་གངས་རི་བར་བར་གྱི་ལུང་སུལ་རྣམས་ནས་བྱེད་པ་ཡིན་ནོ། ། གཞུང་ཁ་ཅིག་ལས་ཀཻ་ལ་ཤའི་ཞེས་པའི་གངས་རི་ཆེན་པོ་ཞིག་ཡོད་པ་ཙམ་ཀྱང་དེའི་ཀཻ་ལ་ཤའི་གངས་རྀའི་དབུས་ན་༼འདི་ནས་ཆད་ཡོད་པ་འདྲ་༽ཁྲག་གཅིག་ལ་སོགས་པ་ཁྱད་པར་འཕགས་དུ་ཡོད་པ་ནི་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཞིང་ཡིན་པས་མ་གྲགས་པར་ཤེས་པར་བྱའོ། །འདི་ལ་དུས་ཀྱི་འཁོར་ལོ་ས་གཞན་དག ཤོང་འགྱུར་ལས། དུམ་བུར་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པའོ། །ཞེས་འབྱུང་བའི་དགོངས་པའོ། ། འཛམ་བུ་གླིང་ཆུང་ངུ་ཉིད་ལ་ས་པད་མ་འདབ་བརྒྱད་ཀྱི་[ཀྱིས]བསྐོར་བའི་དབུས་ན་ཀཻ་ལ་ཤའི་རི་བོ་དང་ཤམ་བྷ་ལ་ཡོད་པར་འཆད་པ་ནི་ཤིན་ཏུ་མི་འཐད་དེ། ཉིན་མཚན་གྱི་འཕེལ་འགྲིབ་སྟོན་པའི་སྐབས་སུ་ཀཻ་ལ་ཤ་རྒྱ་ནག་གི་ཡང་བྱང་ན་ཡོད་པར་བཤད་ཅིང༌། འཛམ་གླིང་ཆུང་ངུའི་ལྷོ་མཐའ་ དང༌། རི་དྲུག་པ་གངས་ལྡན་ཆེན་པོའི་བར་ལ་ཉིན་མཚན་འཕེལ་འགྲིབ་ཀྱི་ཆ་དྲུག་གི་ནང་ནས་ཀཻ་ལ་ཤའི་བྱང་གངས་ལྡན་ཆེན་པོའི་བར་ལ་བྱང་མཐའ་ཡི་ཕྱོགས་ཀྱི་ཆ་རེ་རེ་བཤད་པའི་ཕྱིར། ཀཻ་ལ་ཤ་ལྷུན་པོ་ལ་ཉེ་བར་ཡོད་ཀྱི་འཛམ་གླིང་ཆུང་ངུའི་དབུས་ན་མེད་པར་གྲུབ་ཅིང༌། ཤམ་བྷ་ལ་ཀཻ་ལ་ཤའི་རྒྱབ་ན་ཡོད་པར་བཤད་པ་དང་ཤམ་བྷ་ལ་ཆུ་བོ་ཤི་ཏའི་བྱང་ན་ཡོད་པར་བཤད་པ་རྣམས་དང་འགལ་བའི་ཕྱིར་རོ། ། དཔལ་ལྡན་དང་པོའི་སངས་རྒྱས་རྒྱུད་ཆེན་ལས། ། ལུང་བསྟན་མཆོག་ཏུ་རབ་བསྔགས་ཤམ་བྷ་ལའི། ། ཚད་དང་གནས་ཚུལ་གསལ་བར་བཀོད་པ་ཡི། ། དགེ་བ་ཟླ་འོད་ལྟ་བུར་དཀར་བའི་མཐུས། ། བདག་ནི་རིང་བོར་མི་ཐོགས་ཞིང་མཆོག་དེར། ། རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། ། རྡོ་རྗེ་ཐེག་མཆོག་བདུད་རྩིའི་བཅུད་འཐུངས་ཏེ། ། འཆི་མེད་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག ། དཔལ་ཤམ་བྷ་ལའི་བཀོད་པ་གསལ་བར་བྱེད་པ་ཤམ་བྷ་ལའི་རྒྱན་ཞེས་བྱ་བ། དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་སྦྱར་བའོ། །མཾ་ག་ལཾ། བྷ་ཝ་ཏུ།