སྙིང་པོ་རྡོ་རྗེའི་ཚིག་ཅེས་བྱ་བ་ལྕེ་རྩེ་རྐན་སྦྱར་གྱི་གདམས་ངག་གི་རྩ་བ།
རི་ཁྲོད་ཞབས
རྒྱ་གར་སྐད་དུ། ཧྲཱྀ་ད་ཡ་བཛྲ་པ་ད་ནཱ་མ། བོད་སྐད་དུ། སྙིང་པོ་རྡོ་རྗེའི་ཚིག་ཅེས་བྱ་བ། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གྲུབ་ཆེན་ཤ་བ་རིས་མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་གསུངས་པའི་དཔལ་དུས་ཀྱི་འཁོར་ལོའ་རྫོགས་རིམ་རྡོ་རྗེའི་ཚིག་རྐང་འདི་ལ་གཉིས། དངོས་གྲུབ་ཀྱི་ཉེ་རྒྱུའི་གནས་ལ་གསང་བར་གདམས་པ་དང་། འདོད་པའི་དངོས་གྲུབ་ཆེན་པོ་སྒྲུབ་པའི་རྣལ་འབྱོར་དངོས་བཤད་པའོ། །
དང་པོ་ནི། གང་ཡར་ཐེག་པ་དམན་གནས་དང་། །མི་གང་རྟོག་གེ་ལ་དགའ་དང་། །གང་ཞིག་དགེ་སློང་དངོས་གནས་དང་། །དེ་ལ་དེ་ཉིད་བསྟན་མི་བྱ། །གཉིས་པ་ལ་གསུམ། མཚན་མེད་ཀྱི་རྣལ་འབྱོར། མཚན་བཅས་ཀྱི་རྣལ་འབྱོར། ཆགས་ཅན་གྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། རང་བཞིན་མངོན་དུ་བྱེད་པའི་ཏིང་ངེ་འཛིན་བསྐྱེད་པ་དང་། དེ་བརྟེན་ནས་རང་གི་འདོད་པའི་ལྷ་སྤྲོ་བའོ། །དང་པོ་ནི། ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་ལ། །གཅིག་ཏུ་བརྩོན་པའི་རྣལ་འབྱོར་པས། །
གཉིས་པ་ནི། །མཁའ་དང་དངོས་ཕྱོགས་ཐམས་ཅད་ལ། །སངས་རྒྱས་ཉིད་ནི་རྟག་ཏུ་སྤྲོ། །དུམ་བུ་མ་ཡིན་དཀྱིལ་འཁོར་གྱི། །རྣམ་པ་གང་གིས་བརྟན་གཡོ་ཁྱབ། །གང་གིས་གོ་འཕང་དེ་སྟོན་པའི། །དཔལ་ལྡན་བླ་མ་ལོ་ཆེན་བསོད་ནམས་རྒྱ་མཚོའ་འགྱུར་ལ། གང་ཡང་ཐེག་པ་སོགས་ཤློ་ཀ་གཅིག་དང་། འདིའི་མཁའ་དང་སོགས་ཚིག་རྐང་གཉིས་མེད། མཆན། དེ་ལ་འདུད། གཉིས་པ་མཚན་བཅས་ཀྱི་རྣལ་འབྱོར་ནི། །རྡོ་རྗེ་ཉི་མའང་གང་སེམས་ནི། །ནོར་བུའི་ནང་དུ་སོན་པར་བལྟ། །ཡེ་ཤེས་དཀྱིལ་འཁོར་རྣམ་པ་ཡིས། །ཁམས་གསུམ་པོ་ནི་སྣང་བར་བྱ། །
གསུམ་པ་ཆགས་ཅན་གྱི་རྣལ་འབྱོར་ལ་གསུམ། དབང་རྣོན་ཕྱག་རྒྱ་ཆེན་མོ་དང་སྦྱོར་བ། ཐོད་རྒལ་བ་ཕྱག་རྒྱ་བཞི་ཀ་དང་སྦྱོར་བ། དམན་པ་ལས་རྒྱ་དང་སྦྱོར་བའོ། །དང་པོ་ནི། ཕྱག་རྒྱ་གཅིག་ལ་མཉམ་སྦྱོར་དང་། །གཉིས་པ་ནི། ཡང་ན་ཕྱག་རྒྱ་བཞི་སྦྱོར་བ། གསུམ་པ་ནི། བཙུན་མོའ་གྲོང་དུ་འཇུག་གྱུར་ཀྱང་། །སྒྱུ་མའི་སྐུ་ནི་རྗེས་དྲན་བྱ། །སྙིང་པོ་རྡོ་རྗེའི་ཚིག་རི་ཁྲོད་ཞབས་ཀྱིས་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་གནང་། དེས་རྒྱལ་བའི་དབང་པོ་ཀུན་དགའ་དཔལ་འབྱོར་ལ་གནང་བའོ། །མངྒ་ལཾ།