ལུགས་ཀྱི་བསླབ་བྱ།

ལུགས་ཀྱི་བསླབ་བྱ་མེ་ཏོག་ཕྲེང་མཛེས།

རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར།

ཀྱེ་ཧོ་གསོན་དང་སྐལ་ལྡན་སྐྱེ་བོའི་ཚོགས།། དཀོན་མཆོག་སྐྱབས་སུ་བསྟེན་ན་ཅི་བསམ་འགྲུབ།། བླ་མ་སྤྱི་བོར་བསྒོམས་ན་བྱིན་རླབས་འཇུག །
 ཆོས་སྐྱོང་སྲུང་མ་མཆོད་ན་བར་ཆད་སེལ། ། ཡུལ་ལྷ་གཞི་བདག་བརྔན་ན་མཐུན་རྐྱེན་སྒྲུབ།། མགོ་བའི་ལྷ་ལྔ་གསོལ་ན་སྡོང་གྲོགས་བྱེད།། ནོར་ལྷ་གཡང་ལྷ་མཆོད་ན་ཕྱྭ་གཡང་འཁོར། །
རྗེ་བློན་སྙིང་ནས་བསྟེན་ན་ཁ་འཛིན་ཆེ། ། ཕ་མ་སྤྱི་བོར་བཀུར་ན་ཀུན་ཀྱིས་སྨོན། ། མི་མང་གཉེན་དུ་འདུས་ན་རང་དཔུང་བརྗིད། ། སྟོབས་ཆེན་མི་དང་འགྲོགས་ན་དོན་དེ་འགྲུབ། ། ཕྱུག་པོ་གཉེན་དུ་འབྲེལ་ན་ལོངས་སྤྱོད་འཐོབ། ། བློ་ཕུགས་རྒན་ལ་དྲིས་ན་བློ་མི་བསླུ། ། དོན་མཐུན་ཀུན་ལ་དྲིས་ན་གྱོད་མི་འབྱུང་།། ལས་ལ་རྟོག་དཔྱོད་ཤེས་ན་བླང་དོར་མཁས།། སེམས་ལ་ཕྲག་དོག་མེད་ན་རང་སེམས་བདེ།། བཟང་ངན་སེམས་ལ་བཟུང་ན་རྗེས་སོར་དགོས།། ནོར་ལ་འཚོ་སྐྱོང་བྱས་ན་ཕྱུག་པོ་ཡོང་།། ཟས་ནོར་ལོངས་སྤྱོད་འཛོམས་ན་ཀུན་ཀྱིས་བརྩི།། གཡོ་སྒྱུ་ཁྲམ་གསུམ་མེད་ན་ཀུན་དང་མཐུན།། ཚིག་ཉུང་ཁོག་ཡངས་ཅན་ལ་ཁ་མཆུ་ཉུང་།། བཟའ་ཚང་བརྩི་སྒོ་ཆེ་ན་སྐྱིད་གྲོགས་ཡིན།། རྒྱལ་པོ་ཆོག་ཤེས་མེད་ན་རྒྱལ་ཁམས་འཁྲུགས།། རྒྱལ་ཁ་བློན་གྱིས་བསྒྱུར་ན་ཡུལ་སྡེ་དཀྲུག ། བློན་པོ་ཞལ་ལྕེ་འཁྱོག་ན་སྡེ་འབངས་འཇིག། བཙུན་པས་ཁེ་ཚོང་བྱས་ན་འདུལ་ཁྲིམས་ཉམས།། རྗེ་བློན་ཁ་བཙན་ཆེ་ན་བྲན་གཡོག་དཀོན།། སྐྱེས་པ་འགྲོ་རྒྱུག་མང་གྱོད་དང་ཐུག ། ཆུང་མ་ཁ་ལྕེ་རྒོད་ན་ཐ་མ་ཕུང་།། བུ་མོ་མགོ་བོ་ཡང་ན་མྱི་ཁ་འཁོར།། བན་ཆུང་ཁྱིམ་ལ་དགའ་ན་སད་ཁྱེར་འདྲ།། བུ་མོ་གོ་ཁར་རྒས་ན་མ་ལ་སྡང་།། རྒད་པོས་ཁྱིམ་ས་བཟུང་ན་ཆུང་མས་འབོར།། སྡར་མས་དཔའ་སྐད་བཤད་ན་རོགས་ཀྱིས་འཕྱ།། ཁས་དམན་རྒྱུ་ནོར་ཆེ་ན་དགྲ་ལ་འཆོར།། རབས་ཆད་ལོངས་སྤྱོད་ཆེ་ན་དཔོན་ལ་འཐོབ།། རྩལ་ཆུང་རྟ་ལ་བརྒྱུགས་ན་མགོ་ཆག་ཉོ།། མཁས་པ་ང་རྒྱལ་ཆེ་ན་བདུད་ཀྱིས་བསླུ།། ཕྱུག་པོ་སེར་སྣ་ཆེ་ན་རང་མཆུ་བཅིང་།། མེད་པོ་ཟ་འཐུང་ཆེ་ན་ཟ་ཡུན་ཐུང་།། བསོད་ཆུང་ཅུང་ཟད་འབྱོར་ན་ཁ་ཕོ་ཆེ།། ངན་པ་ཟས་ཀྱིས་འགྲངས་ན་ཆེ་སྐད་འདོན།། མ་རབས་ཆེ་སར་བཞག་ན་ཀུན་ལ་སྡང་།། སྤྲང་བོ་བརྩི་སྒོ་ཆེ་ན་གྲལ་མགོ་སྙེག། ཕ་མ་རང་དུ་མ་སྐྱུར་མྱི་ཁ་འཕོག། བྲན་གཡོག་ཆེ་སར་བཞག་ན་རྗེ་ལ་སྡང་།། འཇིགས་སར་གནས་གཞི་མ་འཛིན་འཇིགས་སྐྲག་འོང་།། བན་བོན་དགྲ་རུ་བཟུང་ན་བྱད་ཁ་ལྡང་།། རྫས་ངན་ཕུགས་སུ་མ་བཅུག་གོད་ཁ་འོང་།། གཉན་སར་ས་རྡོ་མ་སློག་ཀླུ་ཡིས་གནོད།། ཡུལ་ལྷ་གཞི་བདག་མ་དཀྲུག་ཐོག་སེར་འབེབས།། དྲན་ཚད་ཁ་རུ་མ་འདོན་མ་མཆུ་འོང་།། དོན་མེད་འགྲོ་འདུག་མ་མང་གཡེང་བའི་རྒྱུ།། ཕན་མེད་མགྲོན་རྣམས་མ་བསྡུ་ཟས་ནོར་གྱོང་།། ངན་པར་གཏོང་ལེན་མ་ཆེ་ལོན་རྒྱུ་དཀའ།། སེམས་ལ་རྣམ་རྟོག་མ་ཆེ་གདོན་གྱི་གཞི།། ཕ་ཚན་དགྲ་རུ་མ་ལེན་དཔུང་དུ་ཁུག། ཁྱིམ་མཚེས་མཛའ་མཐུན་མ་འདོར་གཡར་སྤྱིན་སོབས།། མཐོ་ལ་ཕྲག་དོག་མ་ཆེ་དམའ་སར་ལྷུང་།། དམའ་ལ་བརྙས་བཅོས་མ་བྱེད་རང་རྒུད་འབྱུང་།། ཅི་གཏམ་བདེན་པར་མ་འཛིན་རྟོག་དཔྱོད་གྱིས།། མཐུན་ཀྱང་སྙིང་གཏམ་མ་བཤད་འཁོན་དུས་ཡོད།། འཁོན་ཀྱང་སྐྱོན་མཚང་མ་འབྲུ་ནམ་ཞིག་འདུམ།། དཔེ་ངན་གཞན་ལ་མ་སྟོན་རང་ལ་མཁོ།། ཟས་ལ་ཁ་ཕོ་མ་ཆེ་ལ་ཡོགས་འབྱུང་།། སུ་ལ་མ་འདྲིས་གོང་ནས་མཐུན་མ་བྱེད།། གང་ལ་མ་བརྟགས་བར་དུ་བློ་གཏད་སྤོངས།། ཐག་ཆོད་བར་དུ་བཟང་ངན་གཏམ་མ་སྨྲ།། ལྟས་ངན་གཞན་ལ་མ་སྟོན་རང་ལ་འཁོར།། བཟང་པོ་སུན་དུ་མ་འཇུག་བཀུར་སྟིས་བསྙེན།། ངན་པ་ཉེ་སར་མ་འཇུག་ཕྱོགས་སུ་བོར།། ནོར་ལ་རྡུང་རྡེག་མ་བྱེད་ནོར་ལྷ་ཉམས།། སྔར་བྱས་ལས་ལ་མ་འགྱོད་ཕྱིན་ཆད་སྡོམ།། ཁ་ཟས་གྲོགས་ལ་མ་སྐུང་གཞན་ལ་བྱིན།། རྒྱུ་ནོར་མྱི་ལ་མ་འཆོར་རང་གིས་ཟུང་།། གོས་བཟང་ཁྱིམ་ནས་མ་ཟད་ཁྲོམ་ལ་གྱོན།། སྐྱིད་ངོམ་མ་བྱེད་སྐྱིད་ལ་ངེས་པ་མེད།། སྡུག་ན་སྡུག་ཡུས་མ་ཆེ་ངེས་གྲངས་མེད།། མ་རབས་སྤྱོད་ངན་ཅན་ལ་འདྲིས་མ་ཆེ།། མི་ཐུབ་པ་ལ་དཀའ་བའི་ལས་མ་བཅོལ།། མི་ཤེས་པ་ལ་སྙིང་གི་གཏམ་མ་འདྲི།། མི་ཉན་པ་ལ་ཁ་ཏའི་ཚིག་མ་བཤད།། མི་བརྩི་བ་ལ་དགའ་བའི་འཛུམ་མ་སྟོན།། མྱི་ཁ་ཕོག་པའི་མྱི་དང་གཉེན་མ་བསྟེན།། ལས་ངན་སྡུག་པོ་ཆེ་ལ་ཡིད་མ་སྨོན།། གཞན་གྱི་ཟས་ནོར་ཧ་ཅང་རྔམ་མ་ཆེ།། སྤྲོ་ཐུང་གྱོད་འཁོན་ཅན་ལ་ཁྱིམ་མ་འཚོལ།། གྱོད་དང་གཏམ་ངན་ཅན་གྱི་ཟོང་མ་ཉོ།། དཀོན་མཆོག་གཏན་དུ་དོར་ནས་མནའ་མ་སྐྱེལ།། ཁྱིམ་མི་ནག་པོའི་ཕྱོགས་ལ་བློ་མ་སྟོན།། ཉེ་དུའི་དོན་དུ་སྡིག་པའི་ལས་མ་གསོག། བློ་མང་དཀའ་སྡུག་ཆེ་བའི་རྗེས་མ་འདེད།། རྐུས་གྱོད་ཁ་མཆུ་མང་པོའི་རྩར་མ་འདུག། གྱོད་དང་བྱད་ཁའི་སྡིག་པའི་རྒྱུ་མ་ལེན།། ཐག་ཆོད་མ་ཡོང་གོང་ནས་མནའ་མ་སྐྱེལ།། སྐྱབས་དང་བློ་གཏད་བྱེད་པའི་མྱི་མ་བསླུ།། འཕྲལ་གྱི་བདེ་བར་ཕུགས་ཀྱི་སྐྱིད་མ་བཙོང་།། ཚེ་འདིའི་ཆེད་དུ་ཕྱི་མའི་ལམ་མ་འགོག། གཞན་སྐྱོན་མཐོང་དུས་རང་གི་སྐྱོན་ལ་རྟོགས།། ཕན་འདོགས་གཞུང་བཟང་ཕྱི་ཐག་ཅན་དང་འགྲོགས།། དྲིན་ཆེན་གང་ཡིན་དེ་ཡིས་ཅི་གསུངས་སྒྲུབས།། བཟང་དགའ་མགྲོན་སྐྱིད་བཟང་མོ་ཆུང་མར་ལོངས།། བྱ་བ་ཐམས་ཅད་ཡུལ་གྱི་དུས་དང་སྟུན།། མྱི་རྒྱུས་མ་ལོན་བར་དུ་བློ་གཏད་སྤོངས།། ཕན་སེམས་དྲང་པོའི་མི་ལ་བློ་གཏད་གྱིས།། ཚིག་གོ་དོན་རྟོགས་མི་ལ་དྲང་གཏམ་ཤོད།། ཁ་ཡག་ཁོག་ངན་ཅན་ལ་བདེན་གཏམ་སྤོངས།། བརྩོག་གྲིབ་མྱི་ཁ་འགོ་བའི་ནད་ལ་འཛེམས།། བྱ་བ་གང་བྱེད་གཟའ་སྐར་བཟང་པོར་སྟུན།། ཁ་འཇམ་ཁོང་རྩུབ་ཅན་ལ་བློ་མ་འདྲི།། བྲན་གཡོག་རྫུན་ཚིག་ཅན་གྱི་གཏམ་མ་ཉན།། ཁྲེལ་ལྡན་སྙིང་གི་གྲོགས་ལ་འཁྲུག་མ་འཆོར།། མི་ཐུབ་དགྲ་དང་ཆུ་ལ་ཕོད་མ་འཛུགས།། ཕར་སོང་མེད་པའི་མྱི་ལ་རེ་མ་ཆེ།། ཁྲོམ་ཆེན་ནང་དུ་གསང་བའི་ཚིག་མ་སྨྲ།། མང་བོ་ཚོགས་པའི་གསེབ་ནས་གཏམ་མ་མང་།། ཆེ་བཙན་འཚོགས་སར་འཆལ་བའི་གཏམ་མ་སྨྲ།། ལྷ་འདྲེ་བཙན་སར་གཉིད་དང་མཚན་མ་འགྲོ། ངོ་ནག་ཁོང་དུག་ཅན་གྱི་སར་མ་འདུག། རང་བསྟོད་གཞན་སྨོད་མ་བྱེད་ཚུགས་ཐུབ་མཛོད།། མཐོན་པོར་བརྩི་བཀུར་ཤེས་ན་མཐོ་སར་ཐོན།། དམན་པ་བྱམས་བརྩེས་བསྐྱངས་ན་ཀུན་ཀྱིས་བཀུར།། མཉམ་པོར་མཛའ་མཐུན་བྱས་ན་ཕན་ཐོགས་ཡོང་།། འདི་གསུམ་མི་ཆོས་ཕལ་ཆེའི་རྩ་བ་ཡིན།། འདི་ལྟར་བྱས་ན་མི་ཆོས་རྩ་བ་ཡིན།། འདི་བཞིན་མཛད་ན་འདི་ཕྱི་གཉིས་ཀར་བདེ།། ལུགས་ཀྱི་བསླབ་བྱ་མེ་ཏོག་ཕྲེང་མཛེས་འདི་ནི་རྒྱལ་ཁམས་པ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་འཕར་གྱི་རི་ཁྲོད་དུ་འཆི་ཁར་ཕྱི་རབས་པ་རྣམས་ལ་ཁ་ཏའི་ཚུལ་དུ་བསླབ་བྱ་ཤར་མར་བྲིས་པའོ།།  དགེའོ།། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན།  དྲ་ཐོག་ནས་ཨ་གངས་རྩེ་ལགས་ཀྱིས་གནང་བསྐུལ་བྱུང་བ་བཞིན།  བེ་རི་རིག་པའི་རྡོ་རྗེས་དག་པར་འཕྲུབ་དེབ་ཏུ་ཕབ་པོ།།