རྟོན་པ་བཞི་ལྡན་གྱི་གཏམ།

རྒྱལ་བསྟན་འཁོར་ལོ་གསུམ་དགོངས་པ་གཅིག་ཏུ་རྟོགས་པ་རྟོན་པ་བཞི་ལྡན་གྱི་གཏམ།

ཚེ་དབང་མཆོག་གྲུབ།

༄༅།།  བླ་མ་ལ་ཕྱག་འཚལ་ལོ།།  དེ་ལ་བྱིས་པ་བློ་དམན་པ་དང་དབང་རྟུལ་གཟུང་འཛིན་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པ་ཀུན་ཏུ་རྒྱུ་དང་འབྲས་བུའི་ཚུལ་མི་བསླུ་བར་བསྟན་ནས།  བླང་དོར་གྱི་དཀའ་ཐུབ་ལ་བརྟེན་པ་ལྟར།  གོ་བ་དམན་འབྲིང་མཆོག་གི་གདུལ་བྱའི་རིམ་པས་བཞག་པའི་ཚེ་འཁོར་ལོ་དང་པོ་དང༌།   བློ་རབ་ཏུ་གྱུར་བ་དབང་རྣོན་གཟུང་འཛིན་གྱི་སྤྲོས་པས་འཆིང་བར་མི་ནུས་པ་རྣམས་ལ།  རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀུན་གྱི་གནས་ལུགས་རྗེན་པ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་དུ་གཏན་ལ་ཕབ་ནས་བསྟན་པ་ལྟར་གོ་བ་འཁོར་ལོ་བར་བ་དང༌།  བློ་ཡང་རབ་ཏུ་གྱུར་ཅིང་ཤིན་ཏུ་དབང་རྣོན་གྱི་གདུལ་བྱ་རྣམས་ལ།   མཆོག་ཏུ་ཟབ་པའི་སྟོང་བ་ཉིད་དོན་དམ་པ་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཡེ་ཤེས་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གདོད་ནས་ཡོངས་གྲུབ་ཆེན་པོར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞུགས་པའི་ཚུལ་རྒྱས་པར་སྟོན་པ་ལྟར་གོ་བ་འཁོར་ལོ་ཐ་མ་སྟེ།

འཁོར་ལོ་དེ་གསུམ་ཆར་ཡང་གདུལ་བྱའི་བློ་དམན་འབྲིང་མཆོག་གི་དབྱེ་བས་གོ་ཚུལ་ཐ་དད་བྱུང་བ་ཡིན་མོད་ཀྱི།  བདེ་བར་གཤེགས་པས་ཆོས་བསྟན་པ་ནི་རྣམ་པ་ཀུན་ཏུ་ཐ་དད་པར་མི་བསམ་པ་གནད་ཆེ་ཤོས་སོ།། ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་བོས་ཞུས་པའི་མདོ་ལུང་ལྟར།  གང་ཟག་གཅིག་གི་བློ་རིམ་སྦྱོང་པ་ལ་ལྟོས་ནའང་འཁོར་ལོ་གསུམ་གྱི་དགོངས་པ་འགལ་བ་ཅན་དུ་མི་བསམ་སྟེ། ལས་དང་པོ་པའི་གདུལ་བྱ་གང་ཞིག་ཐོག་མར་ཀུན་རྫོབ་ཏུ་རྒྱུ་འབྲས་བདེན་ཡོད་ལྟར་བླང་དོར་སྤང་གཉེན་གྱིས་ཁ་དྲང་ཞིང༌།  ཐོག་མ་ཉིད་ནས་སྟོང་ཉིད་སྒྲ་ཇི་བཞིན་པར་བསྟན་ན་སྐབས་འདིའི་གདུལ་བྱ་བློ་སྟོབས་ཆུང་བས་ཞུམ་ཞིང་སྐྲག་ནས་ཟབ་མོའི་ཆོས་སྤང་བར་འགྱུར་བའི་ཉེས་པ་གཟིགས་ནས།  བདག་གཉིས་ཀྱིས་དབེན་པའི་སྒྲས་སྟོང་ཉིད་ཕྱོགས་ཙམ་རྟོགས་པར་མཛད་པས་བདག་ལྟའི་ཞེན་པ་ལས་ཐབས་ཀྱིས་བཀྲོལ་ནས།  འཁོར་ལོ་བར་བས་དང་པོར་བསྟན་པའི་ཀུན་རྫོབ་རྒྱུ་འབྲས་སྤྲོས་ཆོས་དེ་ཐམས་ཅད་གདོད་ནས་བདེན་པར་ཡོད་མ་མྱོང་བའི་སྤྲོས་བྲལ་གྱི་མཚན་ཉིད་ཡིན་ལུགས་ཇི་བཞིན་པ།  རྣམ་ཐར་སྒོ་གསུམ་གྱི་སྡོམ་དུ་བསྡུས་པའི་སྟོང་ཉིད་རྟོགས་པར་མཛད་ནས།  འཁོར་ལོ་ཐ་མས་བཤད་མ་ཐག་པ་ལྟར།  བར་བར་མངོན་ཞེན་ཟློག་བྱེད་ཀྱི་གཉེན་པོའི་སྟོང་ཉིད་ཙམ་ལས་མ་གསུངས་པ་དེ་ཉིད་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་ཤིང༌།  རང་བཞིན་འཕོ་འགྱུར་བྲལ་བའི་རྟག་བརྟན་ཡོངས་གྲུབ་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིའི་ཡེ་ཤེས་དོན་དམ་པར་བདེན་པ།  སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་གདལ་དུ་གྱུར་བ་ལ།  བདེ་བར་གཤེགས་པའི་སྙིང་པོའི་སྒྲས་བཏགས་པ་ཆོས་ཉིད་དེ་བཞིན་ཉིད་གྱ་ནོམ་པ་གཞི་ལམ་འབྲས་བུའི་ཚུལ་གྱིས་ཉམས་མྱོང་མངོན་སུམ་དུ་བསྟན་པ་སྟེ།   དེ་ཙམ་གྱིས་རྒྱལ་བའི་དགོངས་པ་ཡིན་ལུགས་ངེས་དོན་མཐར་ཐུག་པའི་གནད་ཟབ་ཅིང་རྒྱ་ཆེ་བའི་གནས་མཐའ་དག་རྫོགས་པར་གདམས་པའི་ཁྱད་པར་དང༌།  དེ་ལྟར་བསྟན་པའི་དགོས་པ་ཁྱད་པར་ཅན་ཡང་ཤེས་དགོས་ཏེ།    རྒྱལ་ཚབ་བྱམས་པས།   སྔར་མ་བརྗོད་དང་ལྷན་ཅིག་བྱུང༌།   །ཡོད་དང་མེད་ན་ཡོད་མེད་དང༌།།  ཞེས་པ་ལ་སོགས་ཀྱི་རིགས་པ་དང༌།  ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས།   །ཀླན་ཀ་མི་བཙལ་མདོ་ཙམ་བསྙད་པར་བྱ།། ཞེས་སོགས་ཀྱིས་རྩོད་མེད་དུ་གྲུབ་པའི་ལུང་དོན་བླང་བ་ལ་མཁས་པར་བྱ་དགོས་སོ།།

 

དེ་ལྟ་བས་ན་རིམ་པ་གསུམ་པོ་དེ་རྣམས་མི་ཟབ་པ་དང༌།  ཟབ་པ་དང༌།  ཆེས་ཟབ་པའི་ཁྱད་པར་ཙམ་ནི་ཡོད་དེ།   བཀའ་དང་པོས་དོན་དམ་བདེན་པ་མཐོང་རུང་དུ་བསྒྲུབས་ཤིང༌།   བར་བས་དོན་དམ་བདེན་པ་རྣམ་གྲངས་ཙམ་དང༌།  ཐ་མས་དོན་དམ་བདེན་པ་ཡིན་ལུགས་ཇི་ལྟ་བར་བསྟན་པའི་ཕྱིར་རོ།།  གང་དག་རིམ་པ་གསུམ་པོ་དེ་རྣམས་ཀྱིས་མཐའ་གཅིག་ཏུ་གྲུབ་མཐའ་ཐ་དད་སྟོན་པ་དང༌།  དྲང་ངེས་གོ་ལྡོག་ཏུ་སྨྲ་བ་རྣམས་ཀྱིས་དགོངས་པ་ཇི་བཞིན་མ་ལོངས་ཏེ།  མྱ་ངན་འདས་པ་བདེན་གཅིག་པུ།།  ཞེས་པ་དང༌།  སངས་རྒྱས་གཉིས་སུ་མེད་གསུང་པ།།  ཞེས་པ་འདི་ཙམ་ལའང་གོ་བ་གཤའ་མ་མ་སྐྱེས་པར་སྣང་ངོ༌།།  ཁ་ཅིག་ན་རེ།  རྡོ་རྗེ་སྙིང་འགྲེལ་ལས།  སངས་རྒྱས་པ་ལ་བཞི་བ་དང༌།  །ལྔ་བ་ཐུབ་པའི་དགོངས་པ་མིན།།  ཞེས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་བསྟན་པས་གནོད་དོ་ཞེ་ན།    དེ་ནི་སྐབས་འགའ་ཞིག་ལ་དགོངས་ནས་གསུངས་ཀྱི་རྣམ་པ་ཀུན་ཏུ་མ་ཡིན་ཏེ།  གནས་སྐབས་ཐེག་པ་གསུམ་དང་མཐར་ཐུག་ཐེག་པ་གཅིག་ཁོ་ནར་བཞེད་པ་རྒྱལ་བ་སྲས་བཅས་ཀྱི་དགོངས་པར་ངེས་པའི་ཕྱིར་རོ།།  རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་བཀའ་སྔ་མ་གཉིས་ཀྱི་གོངས་པ་ཕྱི་མར་གཅིག་པའི་ཚུལ་ཡང༌།  ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲ་དབྱངས་སྙན་པས་གསོལ་བ།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཐུན་ལགས་སམ།  རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་མཐུན་པ་ཡིན་ནོ།།  སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་ཅི་ཙམ་ཞིག་མཐུན།བཀའ་སྩལ་བ།  བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོར་མཐུན་ནོ།།  ཞེས་རྒྱ་ཆེར་གསུངས་པའི་དོན་བླང་བར་བྱའོ།།

དེ་ལྟ་བུའི་དགོངས་པ་དང་འགྲེལ་པ་ལ་རྒྱལ་བས་ལུང་བསྟན་པའི་སློབ་དཔོན་ནི་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཡིན་ཞིང༌།  སྔ་མས་འཁོར་ལོ་དང་པོའི་ཆ་འགྲེལ་བ་གཏམ་གྱི་ཚོགས་དང༌།བར་བའི་དགོངས་འགྲེལ་རིགས་པའི་ཚོགས་དྲུག་དང༌།   ཐ་མའི་དགོངས་འགྲེལ་བསྟོད་པའི་ཚོགས་དང༌།  ཐེག་ཆེན་ཉི་ཤུ་པ་དང༌། མདོ་སྡེ་ཀུན་བཏུས།   སྲིད་པ་འཕོ་བ་སོགས་ཀྱིས་རིམ་པ་གསུམ་གྱི་དགོངས་དོན་གསལ་དད་པ་གཉིས་སྟོན་པར་མཛད་དོ།།  ཞེས་མཁས་རློམས་དག་སྨྲ་བར་བྱེད་པ་ནི་ཤིན་ཏུ་མི་རིགས་པའི་གཏམ་ཆེན་པོ་སྟེ།       དེ་ལྟར་༼ནསློབ་དཔོན་གྱིས་རྒྱལ་བའི་དགོངས་པ་ཇི་བཞིན་མ་བཀྲལ་བར་འགྱུར་ཏེ།   སྡེ་བ་བཅོ་བརྒྱད་ལྟར་ཐ་དད་དུ་བཀླགས་པས་གདུལ་བྱར་ནེམ་ནུར་བསྐྱེད་པའི་ཕྱིར་རོ།།  འོན་ཀྱང་སོ་སོའི་དགོངས་པ་རང་ཐ་དད་དུ་འགྲེལ་བའི་ཚེ།  གཞུང་དེ་དང་དེའི་བརྗོད་བྱ་གཙོ་བོར་བྱས་ནས་གཞན་དང་མ་འདྲེས་པར་འཆད་པ་ནི་མཁས་པ་རྣམས་ལ་གྲགས་ཤིང་གྲུབ་ལ།   དེ་ཙམ་གྱིས་དགོངས་པ་ཐ་དད་དུ་འགྱུར་ཞིང་དེ་དང་དེའི་གྲུབ་མཐའ་ཁོ་ན་ལ་རྩིས་སུ་བྱེད་ནས་གཞན་འགོག་པ་ཡིན་ན།   སློབ་དཔོན་གྱིས་ཉན་ཐོས་ཀྱི་སྡེ་སྣོད་བཤད་པས་ཐེག་དམན་དུ་འགྱུར་རམ་དཔྱད་དགཽས་ཤིང༌། དེ་བས་ན་གསུང་རབ་ཀྱི་བྱིངས་འཇལ་བས་མཆོག་ཏུ་ཟབ་པའི་བསྟན་པའི་སྒྲོམ་ཚོལ་བ་ལ་མི་མཁས་བཞིན་དུ།  གཞུང་ལུགས་རེ་རེའི་བརྗོད་བྱན་བཀའ་རིམ་པ་གསུམ་ཅར་སྔར་སྨོས་པའི་རྒྱལ་བའི་དགོངས་པ་བཞིན་གྲུབ་མཐའ་གཅིག་ལས་གཉིས་སམ་གསུམ་ནི་རྣམ་པ་ཀུན་ཏུ་སློབ་དཔོན་འདི་ཉིད་མི་བཞེད་དེ།  ཇི་ལྟར་མི་བཞེད་ན།  བཀའ་དང་པོས་ཕྱོགས་ཙམ་མཐོང་བའི་སྟོང་ཉིད་ཟབ་ཅིང་རྒྱ་ཆེ་བར་དགག་ཕྱོགས་ནས་བསྟན་པ་དང༌། ཐ་མས་སྒྲུབ་ཕྱོགས་ནས་བསྟན་པ་གཉིས་ལ་ཁྱད་པར་མེད་དེ།  སྔ་མས་སྤྲོས་བྲལ་སྟོང་ཉིད་ཙམ་ལས་མ་བསྟན་པ་དེའི་དགོངས་པ་ལུས་ཅན་རྣམས་ཀྱི་བློ་ལྷན་སྐྱེས་ཀྱི་ངར་འཛིན་བཟློག་དཀའ་བས་མཚན་འཛིན་སེལ་བའི་ཆེད་དང༌།  ཕྱི་མས་དེ་ལྟ་བུའི་སྟོང་ཉིད་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་ཡིན་ལུགས་ལྟར་བསྟན་པས།  ཉམས་མྱོང་རྗེན་པར་ངོ་འཕྲོད་པའི་དགོངས་པ་ཇི་ལྟ་བར་མཁྱེན་ནས་རིགས་ཚོགས་དང་བསྟོད་ཚོགས་སུ་གཏན་ལ་ཕབ་ནས་བཤད་པའི་ཕྱིར་རོ།།

གལ་ཏེ་རིགས་ཚོགས་ཀྱིས་རང་སྟོང་དང༌། བསྟོད་ཚོགས་ཀྱིས་གཞན་སྟོང་བསྟན་ནོ་ཞེས་སྨྲ་ན།  དེ་ཡིན་དུ་ཆུག་ཀྱང་དེས་གྲུབ་མཐའ་ཐ་དད་དུ་མི་འགྱུར་ཏེ།  ཀུན་རྫོབ་ལ་ལྟོས་ནས་རང་སྟོང་དང་དོན་དམ་ལ་ལྟོས་ནས་གཞན་སྟོང་བསྟན་ཅིང༌།  སྔ་མས་སྒྲོ་སྐུར་སྤྲོས་མཚན་གྱི་སྐྱོན་སྤངས་ནས་ཕྱི་མས་དེ་ཉིད་སྙིང་པོའི་ཡེ་ཤེས་སུ་རྒྱས་པར་ཕྱེ་བ་ཙམ་ཡིན་པའི་ཕྱིར་རོ།།   སློབ་དཔོན་ཐོགས་མེད་ཀྱིས། བཀའ་སྔ་མ་གཉིས་ཀྱི་དགོངས་པ་ཕྱིར་མི་ལྡོག་པའི་འཁོར་ལོར་གཅིག་པའི་གནད་ཇི་ལྟ་བར་མཁྱེན་བཞིན་དུ།    རྗེ་བཙུན་བྱམས་པའི་ལུང་ལ་བརྟེན་ནས་བཀའ་ཐ་མའི་ཚུལ་གསལ་ཞིང་རྒྱས་པར་མཛད་མོད། དེའི་ཚེ་བྱམས་པ་དང་ཐོགས་མེད་ཀྱི་གཞུང་དེ་དང་དེས་གྲུབ་མཐའ་དེ་མི་སྟོན་པ་བཞིན་དུ། འདི་དག་སེམས་ཙམ་པའོ་ཞེས་སྨྲ་བ་ནི་ངེས་དོན་སྟོན་པའི་རྒྱལ་བ་སྲས་བཅས་ལ་སྐུར་བ་གདབ་པའི་གཏམ་ཧམ་པོ་ཆེ་ཡིན་ཏེ། དེ་ལྟར་ན་འཁོར་ལོ་ཐ་མའི་བཀའ་ཐམས་ཅད་ཀྱིས་སེམས་ཙམ་བསྟན་པར་འགྱུར་ཞིང༌། ཀླུ་སྒྲུབ་ཀྱང་སེམས་ཙམ་བཞེད་པར་ཐལ་ཏེ།    བསྟོད་ཚོགས་སོགས་ཀྱིས་དོན་དེ་ཉིད་བསྟན་པའི་ཕྱིར་རོ།།

གཞན་ཡང་དང་པོས་དྲང་དོན།  བར་བས་ངེས་དོན།   ཐ་མས་སླར་ཡང་དྲང་དོན་བཟླས་ཏེ་བསྟན་པ་ལ་དགོས་པ་ཅི་ཡོད་བསམ་དགོས་ཤིང༌།  དབང་པོའི་རིམ་པ་བཀྲི་བའི་ཚུལ་དང༌།  མི་ཟབ་པ་དང༌། ཟབ་པ།  ཤིན་ཏུ་ཟབ་པའི་གོ་རིམ་དག་ཀྱང་འཁྲུགས་པར་འགྱུར་ལ།  དེར་མ་ཟད་འཕགས་པ་ཐོགས་མེད་ཀྱིས་དྲང་ངེས་ཇི་བཞིན་མ་ཕྱེ་བར་འགྱུར་ཏེ།  ཐ་མ་ངེས་དོན་མཐར་ཐུག་ཏུ་བཞེད་པའི་ཕྱིར་དང༌། དྲང་ངེས་འབྱེད་པར་རྒྱལ་བས་ལུང་བསྟན་པའང་དོན་གྱིས་དབེན་པར་འགྱུར་རོ།། སྤྱིར་སེམས་ཙམ་ནི་ཀླུ་སྒྲུབ་མ་བྱོན་པའི་སྔ་རོལ་ཏུ་སློབ་དཔོན་འགའ་ཞིག་གིས་མདོའི་གོངས་པ་ཇི་བཞིན་མ་ལོངས་པའམ་དགོས་དབང་ངམ་གང་ལྟར་ན་ཐེག་ཆེན་འདོད་པའི་གྲུབ་མཐའ་འདི་བྱས་པ་ཡིན་ལ།  ཀླུ་སྒྲུབ་བྱོན་ནས་ལུགས་དེ་ནུབ་ཅིང་བཀའ་ཕྱི་མ་གཉིས་ཀྱི་དགོངས་པ་ཐེག་པ་ཆེན་པོའི་ལུགས་སྲོལ་ཁྱབ་བརྡལ་དུ་མཛད་ནས་རིང་ཞིག་ལོན་པ་ན།  སློབ་དཔོན་ཐོགས་མེད་བྱོན་ནས་སླར་ཡང་བཀའ་ཐ་མའི་དགོངས་པ་ཆེས་གསལ་བར་མཛད་པས་སློབ་དཔོན་འདིས་སེམས་ཙམ་སྟོན་པའི་ཁུངས་མེད་པ་དུས་སྔ་ཕྱིས་ཀྱང་ཤེས་སླ་མོད།   གལ་ཏེ་རྒྱལ་ཚབ་མ་ཕམ་པ་ཆེན་པོས་དངོས་བོར་སྨྲ་བའི་གྲུབ་མཐའ་སྟོན་པར་མཛད་དོ་ཞེས་སྨྲ་ན།   བློ་གཟུ་བོར་གནས་པ་རྣམས་ཀྱིས་ཇི་ལྟར་འགྱུར་དཔྱད་པར་མཛོད་ཅིག    སྤྱིར་སེམས་ཀྱི་སྒྲ་ཙམ་བསྟན་པས་དེར་འཁྲུལ་བར་མི་བྱ་སྟེ། ཡུམ་ལས།  སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ།། ཞེས་འཇིག་རྟེན་ལས་འདས་པའི་སེམས་བསྟན་པ་ལྟ་བུ་བཀའ་རིམ་པ་གསུམ་ཅར་དུ་འབྱུང་ཞིང་རྒྱལ་བ་རྡོ་རྗེ་འཆང་གིས་རྡོ་རྗེའི་སེམས་དང༌།   སེམས་ཀྱི་རྡོ་རྗེ་དང༌།  དག་པའི་སེམས་དང༌། བྱང་ཆུབ་ཀྱི་སེམས་དང༌།  གཉུག་མའི་སེམས་སོགས་རྣམ་གྲངས་དུ་མས་གསུངས་པ་རྣམས་སེམས་ཙམ་དུ་འདོད་དགོས་ན་ཧ་ཅང་ཐལ་ལོ།།

ཡང་སློབ་དཔོན་སྐལ་ལྡན་གྱིས་དབུ་མ་ཕྲ་རགས་གཉིས་སུ་ཕྱེས་ནས་བཀའ་ཕྱི་མ་གཉིས་ཀྱི་དགོངས་པ་ལྟར།  ལེགས་པར་བཤད་པས་མཚོན་བཀའ་དང་དགོངས་འགྲེལ་དེ་དག་གིས་གྲུབ་མཐའ་དེ་མི་སྟོན་པ་ནི།  རང་རང་གི་གཞུང་ཞིབ་མོར་བཀླགས་པས་ཤེས་པར་འགྱུར་ཞིང་སྤྲོས་པས་ཆོག་གོ།  གསང་སྔགས་ཏེ་རིག་པ་འཛིན་པའི་སྡེ་སྣོད་དུ་ནི་རྒྱུད་གསུམ་གྱི་རྣམ་བཞག་བྱེད་པའི་རྒྱུའི་རྒྱུད་དང༌།  སྦྱང་གཞི་སྦྱོང་བྱེད་སོགས་ཀྱི་སྐབས་དང༌།  རྡོ་རྗེའི་རང་བཞིན་ཅན་གྱི་ངའམ་བདག་དང༌།  གཉུག་མའི་སྒོ་གསུམ་དང༌།  རྒྱུའི་རྒྱུད་ཀྱི་རྟེན་མི་གས་པའི་ཐིག་ལེ་དང༌།  ཨེ་ལྦཾ་མཉམ་སྦྱོར་དང༌།  དང་པོའི་མགོན་པོ་དང༌། རྒྱུའི་རྡོ་རྗེ་འཛིན་པ་སོགས་རྣམ་གྲངས་དུ་མས་བསྟན་དོན།  བཀའ་རིམ་པ་གསུམ་ཀའི་སྟོང་ཉིད་སྤྲོས་བྲལ་བདེ་གཤེགས་སྙིང་པོ་གཞིར་བཞག་པའི་སྟེང་དུ། མཆོག་མི་འགྱུར་བའི་བདེ་བ་ཆེན་པོའི་ཁྱད་པར་དང་བཅས་པའི་བདེ་སྟོང་ཟུང་འཇུག་བསྟན་ལ།  འོན་ཀྱང་གཞིའི་དུས་སུ་རྒྱ་ཆེ་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་དབྱིངས་འཇལ་བ་ན། ལམ་གྱི་ཡན་ལག་དེ་སྙེད་དུ་སྤྲོས་པའི་ཐབས་ཀྱི་སྒོ་མཐའ་ཡས་པར་འགྱུར་ལ།  དེ་ཡང་བདེ་བ་དང༌།  མྱུར་བ་དང༌།  ཚེགས་མེད་པར་མཐར་ཕྱིན་པས་འབྲས་བུ་ལ་ཡུན་རིང་མི་འགོར་བར་སྦྱོར་བའི་ཕྱིར།  ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་འདི་ལ་ལྟོས་ནས་རྒྱུའི་ཐེག་པར་བདེ་གཤེགས་སྙིང་པོ་གཏན་ལ་ཕབ་པའང་ས་བོན་ཙམ་མམ་ཕྱོགས་མཚོན་ཙམ་དུ་ཤེས་དགོས་སོ།།

ཐབས་ཀྱི་ཐེག་པ་འདི་བས་དོན་དམ་པའི་སྟོང་ཉིད་ཡེ་ཤེས་ཟུང་དུ་འཇུག་པར་གདོད་མའི་འགོག་བདེན་གྱི་ཡོན་ཏན།   སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བདག་ཉིད་ཆེན་པོར་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་པ་དང༌། སྣང་ཆ་རྣམ་པར་དག་པ་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་གདོད་ནས་དག་པ་གཉིས་ཟུང་འཇུག་དབྱེར་མེད་ཆེན་པོར་ཤེས་པའི་བདེན་གཉིས་དབྱེར་མེད་དུ་ལྟ་བ་ལ་ཡུལ་དུ་བྱས་ནས།  ལམ་སྒོམ་པ་ཉིད་ཁྱད་པར་དུ་འདོད་པ་ཡིན་ལ།  རྒྱུའི་ཐེག་ཆེན་དུ་བཤད་པའི་དོན་དམ་བདེ་བ་ཆེན་པོའི་ཁྱད་པར་མ་ཚང་ཞིང༌།  ཀུན་རྫོབ་བདེན་པས་སྟོང་བ་ཙམ་ལས་ལྷའི་དཀྱིལ་འཁོར་དུ་འཆར་བའི་གནད་མ་གསུངས། དེ་མ་གསུངས་པས་ཆོས་སྐུ་ལ་བདེ་བ་ཆེན་པོའི་སྐུ་མ་བསྟན་ཅིང༌།  ལོངས་སྐུ་ལ་ཁ་སྦྱོར་སོགས་ཀྱི་ཡན་ལག་མ་ཚང༌། སྤྲུལ་སྐུ་ལའང་དཀར་ནག་གི་ཕྱོགས་གཉིས་ལ་འདུལ་བའི་ཐབས་མེད་ཅིང༌།   སྤྱི་ཙམ་གྱི་གཟུགས་སྐུ་གཉིས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྣང་བ་ཙམ་ལས་དེ་ཐོབ་བྱེད་ཀྱི་ལམ་མཚན་ཉིད་པ་མ་བསྟན།  དེ་མ་བསྟན་པས་སྦྱིན་པ་སོགས་ཕར་ཕྱིན་དྲུག་གི་ཚོགས་བསག་བསྐལ་བ་གྲངས་མེད་གསུམ་སོགས་ཀྱི་མཐའ་ལ་རེ་ལྟོས་འཆའ་དགོས་པ་དེ་བྱུང༌།  ཐེག་པ་འདི་བས་ཀུན་རྫོབ་ཆ་བཅས་དག་པའི་ལག་རྗེས་རང་སྣང་དང་གཞན་སྣང་གི་གཟུགས་སྐུ་གཉིས་ཞིང་དང་བཅས་པ་སྣང་བར་བཞེད་ཅིང༌།  དེ་ལྟར་ཤེས་པས་ལམ་རིམ་པ་གཉིས་ལ་གོམས་པས་སྐད་ཅིག་རེ་ལའང་ཚོགས་ཆེན་གྲངས་མེད་བཟླུམས་ནས་མཐར་ཕྱིན་པ་ལ་མྱུར་དུ་འགྲོ་བས་ཁྱད་པར་དུ་འཕགས་པ་ཡིན་ལ།  ཕྱིས་ཀྱི་ཆེན་པོ་འགའ་ཞིག  གསང་སྔགས་པའི་བདེན་གཉིས་དབྱེར་མེད་ཀྱི་ལྟ་བ་དེ་ལ་ཀུན་རྫོབ་ཀྱི་ལྡོག་པ་དེ་སྒོམ་པའི་སྐབས་སུ་སྦྱོར་གྱི་ལྟ་བར་མི་རུང་ངོ་ཟེར་ཞིང༌།  མདོ་སྔགས་གཉིས་ཀྱི་ཁྱད་པར་ཡང་ཆོ་ག་ཙམ་གྱིས་ཕྱེ་བའི་ལུགས་སུ་བྱེད་པར་སྣང་ངོ༌།།

དེ་ཙམ་གྱིས་དབྱེ་བར་མི་ནུས་པ་བཤད་མ་ཐག་པས་ཀྱང་ཤེས་པར་འགྱུར་ལ། སྤྱིར་ལྟ་བ་ཞེས་པ་བྱ་ཚིག་ཡིན་ཞིང་དེའི་གདོད་མའི་གནས་ལུགས་མ་འཁྲུལ་བ་ཞིག་ཏུ་འཇོག་ཅིང༌།  ཤེས་རབ་ཀྱིས་དེ་ལ་ནན་ཏན་དུ་གོམས་སུ་འཇུག་པས་གློ་བུར་གྱི་དྲི་མ་སྦྱོང་བའི་ཐབས་ལ་སྒོམ་པ་ཞེས་བཏགས་པ་ཡིན་ན།  སྐབས་འདིར་ཡང་ཀུན་རྫོབ་གདོད་ནས་དག་པ་ལྷའི་དཀྱིས་འཁོར་དུ་གནས་པ་དེ་ལ་ལྟ་བའི་ཡུལ་དུ་བྱས་ནས་རྣམ་པ་ལམ་བྱེད་ཀྱི་བསྐྱེད་རིམ་བསྒོམས་ཤིང༌།  གོམས་པས་གློ་བུར་པའི་སྒྲིབ་བྱེད་གཉིས་སྣང་གི་བག་ཆགས་རྣམས་རིམ་གྱིས་ནུབ་ནས།  གདོད་ནས་དག་པའི་དཀྱིལ་འཁོར་མི་ཟད་རྒྱན་གྱི་འཁོར་ལོ་ཡིན་ལུགས་ལྟར་མངོན་སུམ་དུ་གྱུར་བའི་ཕྱིར་ལྟ་བ་ཡིན་ལ་ལྟ་དོན་སྒོམ་པའང་ཇི་བཞིན་ཡིན་ཞིང༌།  དེ་སྐབས་ཉིད་ནའང་འབྲས་བུ་ལམ་དུ་བྱེད་པས་འབྲས་བུའི་ཐེག་པར་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ལ།  ཅང་མེད་པའི་སྟོང་པ་ཡིན་ན་བསྒོམས་པས་དེར་མི་འགྱུར་ཏེ་རི་བོང་གི་རྭ་དང་མོ་གཤམ་བུ་བསྒོམ་པ་བཞིན་ནོ།།

དེ་ལྟ་བུར་བཞེད་པའི་རྒྱུ་ནི་སྔར་སྨྲོས་པ་ལྟར།  འཁོར་ལོ་བར་བའི་བསྟན་དོན་རིགས་ཚོགས་ཀྱི་དགོངས་པ་ངོ་བོ་ཉིད་མེད་པའི་ཚུལ་དུ་བཞུགས་པས་བདག་ཏུ་ལྟ་བ་དང༌།  སྤྲོས་པའི་མཚན་མ་ཐམས་ཅད་སེལ་བ་ཡིན་ཞིང༌།  དེ་ལ་བརྟེན་ནས་ཕྱིས་ཀྱི་མཁས་པ་མང་པོ་ཞིག་གིས། ལྟ་སྒོམ་གྱི་གནད་ཐམས་ཅད་སྔོན་དང་ཅུང་ཟད་མི་མཐུན་པར་བཅོས་ཤིང༌། རྟོག་གེའི་རིགས་པས་དཔྱད་པའི་སྟོང་ཉིད་ཁོ་ན་རྩལ་དུ་བཏོན་ཅིང༌།  རྒྱལ་བ་རྡོ་རྗེ་འཆང་གི་དགོངས་པ་ཐུན་མོང་མ་ཡིན་པའི་གསང་ཚིག་འཆད་པའི་སྐབས་སུའང་དཔྱད་སྟོང་ལ་གནས་ལུགས་སུ་བཞེད་པ་སྙན་བརྒྱུད་དང༌།   སྒྲུབ་བརྒྱུད་ཀྱི་རྟེན་འབྲེལ་ཟབ་མོ་རྣམས་དང་ཅུང་ཟད་མི་མཚུངས་ཏེ།    དེ་བའི་ལུགས་སུ་མན་ངག་གི་དགོས་པ་ཉམས་མྱོང་བྱིན་རླབས་ཀྱི་བརྒྱུད་པ་གཙོ་བོར་བྱེད་པའི་ཕྱིར་རོ།།  ལར་གསང་སྔགས་ཀྱི་དངོས་གྲུབ་ནི། རང་གི་སྐལ་བ་དང་མོས་གུས་བླ་མའི་བྱིན་རླབས་འཛོམས་པས་རྒྱུད་ཐོག་མར་གྲོལ་བ་ནས་བཟུང་ལྟ་སྒོམ་སྤྱོད་པའི་གནད་ཐམས་ཅད་བླ་མ་ཡེ་ཤེས་ཅན་གྱི་ཇི་ལྟར་བསྟན་པའི་དོན་དེ་ཁོ་ན་ཉམས་སུ་བླངས་བས་ཐོབ་པ་ཡིན་གྱི།  མཐའ་གཅིག་ཏུ་གཞུང་ལུགས་ལ་སྦྱངས་པའི་མཁས་པ་ཞིག་མེད་ཀ་མེད་ཀྱང་མིན་ཏེ།  རྡོ་རྗེ་འཆང་གིས། གང་དུ་བརྗོད་མིན་ལྷན་ཅིག་སྐྱེས།  །ནམ་དུ་ཡང་ནི་རྙེད་མིན་ཏེ།   །བླ་མའི་དུས་ཐབས་མན་ངག་དང༌།  །བདག་གིས་བསོད་ནམས་ལས་ཤེས་བྱ།།  ཞེས་གསུངས་པ་དང༌།  སཾ་བྷུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང༌།  །མཚམས་མེད་ལྔ་ནི་བྱེད་པ་དང༌། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པའང༌།  །འདི་ཡི་ལམ་གྱིས་གྲོལ་གྱུར་ཏེ།  །སྡིག་པས་གོས་པར་མི་འགྱུར་རོ།།ཞེས་བསྟན་པས་ཤེས་པར་བྱའོ།།

འཕགས་པའི་ཡུལ་གྱི་གྲུབ་པ་མཆོག་རྣམས་ཀྱི་རྣམ་ཐར་གྱིས་ཀྱང་ཤེས་པར་ནུས་ཤིང༌།   བོད་དུའང་རྙིང་མ་བསྐྱེད་རྫོགས་གསུམ་གྱི་སྒོ་ནས་གྲུབ་པ་ཐོབ་པ་རྣམས་དང༌།   ཕྱིས་ཀྱི་ལམ་འབྲས་པ་འགའ་དང༌།  སྔོན་གྱི་ཇོ་ཞལ་མཁས་གྲུབ་རྣམས་དང༌།   མར་མི་དྭགས་གསུམ་གྱི་བཀའ་བརྒྱུད་རིན་པོ་ཆེ་སྔོན་བྱོན་ཐམས་ཅད་ཀྱང་དེ་དང་མཚུངས་ལ།   ད་ལྟའི་སྔགས་པ་རྣམས་ཚིག་ཙམ་གྱི་གསང་སྔགས་ནི་སྒྲོག་ལ།  དོན་པོའི་ལྟ་སྒོམ་སྤྱོད་པ་རྣམས་མེད་ནས་ད་ཡུན་རིང་སོན་པ་ཡིན་ནོ།།

དེ་ལྟ་མོད་ཀྱང་རྒྱལ་བའི་བསྟན་པ་མཐའ་དག་ལུང་རྟོགས་གཉིས་ཀྱི་སྡོམ་དུ་བསྡུས་པའི་རྟོགས་པ་ནི་བསྟན་པའི་དོན་པོར་གྲུབ་ཅིང༌།  དེ་ཉིད་སྒྲུབ་པ་ཉམས་ལེན་གྱིས་གཏན་ལ་ཕབ་ཅིང༌།  མངོན་དུ་བྱ་བའི་སྒྲུབ་པ་དེའང་མདོ་སྔགས་གཉིས་ལས་ཕྱི་མ་བསྟན་པ་མཐའ་དག་གི་སྙིང་པོ་ཉིད་དུ་ངེས་པ་གཏིང་ནས་ཚུགས་པས་ཤཱཀྱའི་བསྟན་པ་འདིར་གྲུབ་པ་ཐོབ་པ་ནས་དྲོད་ཙམ་སྐྱེས་པ་ཡན་དང༌།    ཐ་ན་བྱིན་རླབས་ཕྲ་མོ་ཙམ་ཞིག་བྱུང་བའང་གསང་སྔགས་ཀྱི་ནུས་པ་ཡིན་ན། འདི་ལ་རིགས་པ་ལྟར་སྣང་གིས་དཔྱད་པའི་རྒྱས་འགེབས་སོགས་ལྷན་སྐྱེས་ཀྱི་བཟོ་བཅོས་དུ་མའི་ལྷད་མི་གཞུག་པར་རྡོ་རྗེ་འཆང་དང༌། གྲུབ་བརྙེས་རྣམས་ཀྱི་ཞལ་ལུང་དྲི་མ་མེད་པ་སྒྲ་ཇི་བཞིན་པར་ལག་ལེན་དུ་འདེབས་པ་སྙིགས་མའི་རྣམ་འགྱུར་གྱི་འོག་ནས་ལྡང་བར་དཀའ་ཡང༌།  མོས་པ་ལམ་བྱེད་ཙམ་བྱས་ནའང་དོན་ཆེན་པོ་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ།།   ཞེས་པ་འདི་ཡང་འཁོར་ལོ་གསུམ་བརྗོད་བྱ་གོང་མར་གཅིག་པར་བསྟན་པའི་གནད་ཅུང་ཟད་རང་གི་ཡིད་ལ་ངེས་པ་རྣམས་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་ཀྱིས་སྐབས་བབས་སུ་བརྗོད་པ་འགྲོ་བ་རྣམས་བསྟན་པ་ཐམས་ཅད་གཅིག་པའི་དབྱིངས་འཇལ་བ་ལ་མཁས་པར་གྱུར་ཅིག།