ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ།
ཀུན་མཁྱེན་དོལ་པོ་སངས་རྒྱས།
ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡོད་པ་ལ་སྐུར་པ་མི་འདེབས་ཤིང་མེད་པ་ལ་སྒྲོ་མི་འདོགས་པར་ཇི་ལྟར་གནས་པ་བཞིན་དུ་རྟོགས་ནས་སྟོན་པར་མཛད་པ་གང་ཡིན་པ་ཐམས་ཅད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆིའོ། །
གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་ཀྱི། ། གཞི་འབྲས་མཐར་ཐུག་བདེ་གཤེགས་སྙིང་པོ་དང༌། ། ལམ་གྱི་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལའང༌། ། གུས་པས་བཏུད་ནས་དེ་དོན་བཤད་པར་འདོད། །ཀུན་རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། ། འགྱུར་མེད་ཡོངས་གྲུབ་བཅུ་གཉིས་ལ་ཕྱག་འཚལ། ། དེ་ཐོབ་དེ་རྟོགས་དེ་སྟོན་སངས་རྒྱས་དང༌། ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། ། ཁྱད་པར་དེ་དོན་རབ་ཏུ་གསལ་མཛད་པ། ། མི་ཕམ་མགོན་དང་ཐོགས་མེད་སྐུ་མཆེད་དང༌། ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་གཤིས་ལུགས་ཀྱི། ། དོན་ཟབ་སྟོན་པ་ཀུན་ལ་ཕྱག་འཚལ་ནས། ། བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་གཞུང༌། ། གང་ཡིན་དེ་ཡི་རྣམ་བཤད་མདོར་བསྡུས་བྲི། ། འདིར་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཔལ་ལྡན་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་དང་མཐུན་པར་འཆད་པ་ལ་དོན་རྣམ་པ་བཞི་སྟེ། དོན་དང་མཐུན་པའི་མཚན་གྱི་དོན། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག དོན་མཆོག་ལྡན་པའི་བསྟན་བཅོས་དངོས། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ལོ། ། དང་པོ། དོན་དང་མཐུན་པའི་མཚན་དོན། མཚན་གྱི་དོན་ནི། རྒྱ་གར་སྐད་དུ། མཧཱ་ཡཱ་ན་ཨུད་ཏ་ར་ཏན་ཏྲ་ཤསྟྲ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཞེས་པའོ། ། གཉིས་པ། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག དོན་ཆེན་སྒྲུབ་པ་སྤྱིའི་ཕྱག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་སོ། ། གསུམ་པ། དོན་མཆོག་ལྡན་པའི་བསྟན་བཅོས་དངོས། ད་ནི་དོན་རྣམ་པ་གསུམ་གྱིས་དོན་མཆོག་ལྡན་པའི་བསྟན་བཅོས་དངོས་བཤད་པར་བྱ་སྟེ། ༼༡༽ལུས་ཉིད་རྣམ་པར་བཞག་པ་དང༌། ༼༢༽ཡན་ལག་རྒྱས་པར་བཤད་པ་དང༌། ༼༣༽ཡོངས་སུ་རྫོགས་པའི་བྱ་བའོ། ། ༼༡༽ལུས་ཉིད་རྣམ་པར་བཞག་པ། ལུས་རྣམ་པར་བཞག་པ་ལ་གསུམ་སྟེ། སྡོམ་གྱི་དོན་དང༌། ལུང་དང་སྦྱར་བ་དང༌། གོ་རིམ་ངེས་ཚུལ་ལོ། ། སྡོམ་གྱི་དོན། དང་པོ་ནི་སྡོམ་གྱི་དོན་རྒྱ་ཆེན་པོ་ལས་ཕྱུང་ནས་སློབ་མ་ལ་བྱིན་པས་བདེ་བླག་ཏུ་རྟོགས་ཤིང་ཡན་ལག་རྒྱས་བཤད་ལ་སྒྲོ་འདོགས་དང་སྐུར་འདེབས་སྤང་པའམ། འཆད་པ་པོས་ཀྱང་བསྟན་བཅོས་མ་འཛིངས་པར་བཤད་སླ་བའི་ཆེད་དུ་གཞུང་འདི་དོན་ཇི་ཙམ་ཞིག་གིས་བསྡུས་པའི་ཚུལ་གསལ་བར་སྟོན་པ་ཡིན་ལ། དེ་ཡང་ཐོབ་པར་བྱ་བ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་དོན་དང༌། འདོད་ཆགས་དང་བྲལ་པའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དམ་པའི་ཆོས་ཀྱི་དོན་དང༌། ཡེ་ཤེས་གཉིས་དང་ལྡན་པས་ཕྱིར་མི་ལྡོག་པའི་ཚོགས་འཕགས་པའི་དགེ་འདུན་གྱི་དོན་དང༌། དེ་རྣམས་ཐོབ་པའི་ཚུལ་ཡང་དག་པར་རྟོགས་པར་བྱ་བའི་སེམས་ཅན་གྱི་ཁམས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དོན་དང༌། རྟོགས་པའི་ངོ་བོ་ཁམས་དེ་ཉིད་དྲི་མ་མཐའ་དག་གིས་དག་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་དོན་དང༌། རྟོགས་པའི་ཡན་ལག་བྱང་ཆུབ་ཆེན་པོ་དང་འབྲེལ་བ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་གྱི་དོན་དང༌། གཞན་གྱིས་རྟོགས་པར་བྱེད་པའི་ཐབས་ཡོན་ཏན་གྱི་ནུས་པ་སངས་རྒྱས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དོན་ཐ་མའམ་ཕྱི་མར་བསྟན་པ་དང་བཅས་པ་སྟེ། འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་ཡན་ལག་ཀུན་གྱི་ལུས་སམ་དངོས་པོ་ནི་མདོར་བསྡུས་པའི་ཚུལ་གྱིས་བསྟན་ན་རྡོ་རྗེ་ལྟ་བུ་ཡི་ནི་གནས་སམ་ཚིག་བདུན་པོ་འདི་དག་གོ །ཞེས་པ་སྟེ། དོན་དེ་དག་ནི་བརྗོད་དུ་མེད་ཅིང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་ཕིགས་བར་དཀའ་བའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་རིན་པོ་ཆེ་ལྟ་བུ་སྟེ། རྒྱུད་ལས་ཀྱང༌། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། ཅེས་གསུངས་པ་ལྟར་རོ། ། རྗོད་བྱེད་ཀྱི་ཡི་གེ་རྣམས་ཀྱང་དེ་དག་གི་ལམ་གསལ་བར་སྟོན་ཅིང་གོ་བར་བྱེད་པས་ན་གནས་ཞེས་བྱ་སྟེ། བརྗོད་བྱ་རྣམས་རིམ་གྱིས་རྟོགས་པའི་གཞི་འམ་རྟེན་དུ་གྱུར་པའི་ཕྱིར་རོ། ། ལུང་དང་སྦྱར་བ། ལུང་དང་སྦྱར་བ་ནི། རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་དམ་ངོ་བོ་ཉིད་ཀྱི་རྗེས་སུ་འབྲེལ་བར་ལྷན་ཅིག་རྒྱུན་ཆགས་པའི་ཚུལ་གྱིས་ཀྱང༌། འདིར་བསྟན་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ་ཞེས་གྲགས་པའི་མདོར། གླེང་གཞི་ལས་ནི་རྡོ་རྗེའི་གནས་དང་པོ་དཀོན་མཆོག་གསུམ་བསྟན་པར་རིག་པར་བྱ་སྟེ། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཀླས་པ་མངའ་བ་ཞེས་པ་ལ་སོགས་པས་སོ། །ལྷག་མའི་གནས་བཞི་ནི། གླེང་གཞིའི་རྗེས་སུ་བློ་ལྡན་བྱང་ཆུབ་སེམས་དཔའི་ལམ་གྱི་ཆོས་ཡོན་ཏན་གྱི་དྲི་མ་ཡོངས་སུ་སྦྱོང་བ་དྲུག་ཅུ་བསྟན་པས་དང་པོར་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཁམས་ཡོན་ན་ནི་ལས་བྱས་པས། །ས་ལེ་སྒྲམ་དག་མཐོང་པར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང༌། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར། དྲི་མ་སྦྱོང་བར་བྱ་བའི་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས། དེ་མངོན་དུ་འགྱུར་བའི་ཆེད་དུ་ཡོངས་སུ་སྦྱོང་བའི་ཚུལ་སྟོན་པར་འཐད་པའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་དྲུག་ཅུ་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང༌། སྣང་བ་རྣམ་པ་བརྒྱད་དང༌། སྙིང་རྗེ་ཆེན་པོ་བཅུ་དྲུག་དང༌།ཕྲིན་ལས་སུམ་ཅུ་རྩ་གཉིས་སོ། །དེ་ནས་རྡོ་རྗེའི་གནས་ཕྱི་མ་གསུམ་ནི་རྒྱལ་བའི་ཆོས་ཀྱི་དབྱེ་བ་བརྒྱད་ཅུ་བསྟན་པ་ལས་རིག་པར་བྱ་སྟེ། དེ་ཡང་དབྱིངས་བསྟན་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པ་ལས་བྱང་ཆུབ་གསལ་བར་མཛད་དོ། །དེའི་རྗེས་སུ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་ཡོན་ཏན་གསལ་བར་མཛད་དེ་འཆད་པར་འགྱུར་བ་ལྟར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པའི་འཕྲིན་ལས་བླ་ན་མེད་པ་སུམ་ཅུ་རྩ་གཉིས་བསྟན་པས་ཕྲིན་ལས་གསལ་བར་མཛད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་གོ་ཞེས་ལས་དང་ལས་ཅན་ལྷན་ཅིག་ཏུ་གསུངས་པས་སོ། ། གོ་རིམ་ངེས་ཚུལ། གོ་རིམ་ངེས་ཚུལ་ནི། གང་གི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ལས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་འབྱུང་ཞིང༌། ཆོས་བསྟན་པ་ལྟར་བསྒྲུབས་པ་ལས་སློབ་མ་འཕགས་པའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་འབྱུང་ལ། ཚོགས་དགེ་འདུན་དུ་གྱུར་པ་ལས་རང་གི་སྙིང་པོ་ཡེ་ཤེས་ཀྱི་ཁམས་སྒྲིབ་པ་ཅི་རིགས་པས་དག་པའི་རྐྱེན་དང་ལྡན་པ་ཐོབ་ནས། རིམ་གྱིས་ཏིང་ངེ་འཛིན་བསྒོམས་པའི་མཐར་རང་བཞིན་ཆོས་ཀྱི་དབྱིངས་ཡེ་ཤེས་དེ་ཉིད་གློ་བུར་དྲི་མ་མཐའ་དག་དང་བྲལ་བ་ཐོབ་པ་ནི་བྱང་ཆུབ་མཆོག་སྟེ། དེ་དང་ལྷན་ཅིག་ཏུ་དེའི་ཡན་ལག་སྟོབས་ལ་སོགས་པའི་ཡོན་ཏན་ཚད་མེད་པ་རྣམས་ཀྱང་ཐོབ་ནས་དེ་དག་གི་བྱ་བ་གདུལ་བྱར་གྱུར་པའི་སེམས་ཅན་ཀུན་གྱི་དོན་སྒྲུབ་པར་བྱེད་པའི་ཕྲིན་ལས་ཀྱི་ཆོས་རྣམས་དང་ལྡན་པ་འབྱུང་བ་དེའི་ཕྱིར་བསྟན་བཅོས་ཀྱི་གོ་རིམ་དེ་ལྟར་བསྟན་པའོ། །