ཞབས་བརྟན་གསོལ་འདེབས།

༄༅། །སྲིད་ཞིའི་གཙུག་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པ་མཆོག་བསྟན་འགྲོའི་མགོན་དུ་ཞབས་ཟུང་བརྟན་ཅིང་རླབས་ཆེན་བཞེད་དོན་ལྷུན་འགྲུབ་ཆེད་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན་ཞེས་བྱ་བ།
ཡོངས་འཛིན་རྣམ་གཉིས།

༄༅། །ཨོཾ་སྭ་སྟི། རབ་འབྱམས་རྒྱལ་བའི་གསང་གསུམ་མ་ལུས་པ།། གང་འདུལ་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་གར། །སྲིད་ཞིའི་དགེ་ལེགས་ཀུན་འབྱུང་ཡིད་ཞིན་ནོར། །དངོས་བརྒྱུད་དྲིན་ཅན་བླ་མའི་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཆོས་དབྱིངས་ཀུན་གསལ་ཁྱོན་དང་མཉམ་འཇུག་པའི། །རྡུལ་བྲལ་བདེ་ཆེན་ཡེ་ཤེས་སྒྱུ་མའི་སྤྲིན། །གྲངས་མེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ། །ཤར་བའི་ཡི་དམ་ལྷ་ཚོགས་ཐམས་ཅད་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྤངས་རྟོགས་ཡོན་ཏན་ལྷུན་རྫོགས་འཕྲིན་ལས་ཀྱི། །སྣང་བ་འགྲོ་ཁམས་རྒྱ་མཚོར་རྟག་རྩེན་པའི། །ཕན་མཛད་སྟོབས་བཅུ་མངའ་བ་ལྷ་ཡི་ལྷ། །རབ་འབྱམས་དུས་གསུམ་རྒྱལ་བ་ཐམས་ཅད་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འཇིག་རྟེན་གསུམ་ལས་གང་གིས་ངེས་སྒྲོལ་ཞིང༌།། མཆོག་ཏུ་ཞི་བ་རྣམ་བྱང་ནོར་བུའི་གཏེར། །ཟག་མེད་མི་གཡོ་ཀུན་བཟང་དགེ་བའི་དཔལ། །ཐེག་གསུམ་དམ་པའི་ཆོས་ཀྱི་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སྲིད་པའི་འཁྲུལ་འཇོམས་ལ་ཆེས་དཔའ་བའི། །བདེན་དོན་མངོན་སུམ་འཇལ་བའི་ཡེ་ཤེས་ཅན། །རྣམ་ཐར་རྡོ་རྗེའི་གྲོང་ལས་མི་ཕྱེད་པ། །རིག་གྲོལ་འཕགས་པའི་དགེ་འདུན་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །མཁའ་སྤྱོད་ཞིང་དང་གནས་ཡུལ་དུར་ཁྲོད་དུ།། བདེ་སྟོང་ཉམས་བརྒྱར་རོལ་བའི་རྩེ་འཇོ་ཡིས། །རྣལ་འབྱོར་ལམ་བཟང་སྒྲུབ་ལ་གྲོགས་མཛད་པའི། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྡོ་རྗེ་འཆང་གི་བཀའ་རྟགས་ཕྱག་རྒྱའི་མདུད། །མི་འབྲལ་རལ་བའི་ཐོད་དུ་ཉེར་བཀོད་ནས། །བསྟན་དང་བསྟན་འཛིན་སྐྱོང་བའི་མཐུ་རྩལ་ཅན། །ཡེ་ཤེས་སྤྱན་ལྡན་བསྟན་སྲུང་རྒྱ་མཚོ་ལ། །བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང༌། །བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་བསླུ་མེད་སྐྱབས་ཀྱི་མཆོག་རྣམས་ལ། །ཤུགས་དྲག་སྙིང་ནས་གུས་པས་གསོལ་བཏབ་མཐུས། །མི་ཟད་སྙིགས་མའི་ཟུག་ངུས་རབ་མནར་བའི།། བདག་སོགས་གངས་ལྗོངས་འགྲོ་བའི་མགོན་གཅིག་པུ། །ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག །གསང་གསུམ་མི་ཤིགས་མི་འགྱུར་མི་ནུབ་པར། །གཞོམ་ཞིག་ཡོངས་བྲལ་རྡོ་རྗེ་སྙིང་པོའི་ཁྲིར། །བསྐལ་བ་རྒྱ་མཚོར་གཡོ་མེད་རྟག་བརྟན་ཤོག །རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་ཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནོར་བུའི་སྙིང་བོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག །དེ་མཐུས་རྫོགས་ལྡན་སྐལ་བཟང་ནམ་མཁའི་སྒོ། །ལུས་ཅན་ངལ་གསོའི་དཔྱིད་དུ་རྟག་གྲོལ་ཞིང༌། །ཐུབ་བསྟན་ཕྱོགས་དུས་ཀུན་དུ་རབ་དར་བའི། །དགེ་མཚན་སྲིད་ཞིའི་རྩེ་མོར་རྒྱས་གྱུར་ཅིག །ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང༌། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས།། ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་སོན་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌།། བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག། ཅེས་པ་འདི་ཡང་བདག་སོགས་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་རྣམ་འདྲེན་མཚུངས་ཟླ་མ་མཆིས་པ་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་ཟུང་སྲིད་མཐར་བརྟན་ཅིང༌། རླབས་ཆེན་བཞེད་དགུ་མ་ལུས་ལྷུན་གྱིས་འགྲུབ་པའི་ཆེད་བསླུ་མེད་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་བསྐུལ་བའི་བདེན་ཚིག་གསོལ་འདེབས་མངོན་བརྗོད་དང༌། སྙན་དངགས་ཀྱི་རྒྱན་གྱིས་མ་བཅིངས་པ་འདི་ལྟ་བུ་ཞིག་གསར་དུ་འབྲི་དགོས་ཞེས་གདན་ས་ཆེན་པོ་འབྲས་སེ་དགའ་གསུམ་དང༌།  བཀའ་ཤག དྲུང་རྩིས་ཀྱིས་མཚོན་རྩེ་ཤོད་དྲུང་རིགས་སེར་སྐྱ་སྤྱི་ཚོགས། བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་བཅས་ནས་མ་གྲོས་ལྷག་བསམ་གཅིག་མཐུན་གྱིས། ཕྲན་ཡོངས་འཛིན་ཆེ་བ་ཤར་ཆོས་གླིང་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དང༌།  ཡོངས་འཛིན་ཆུང་བ་ཁྲི་བྱང་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་གཉིས་ལ་ལྷ་རེག་དང༌། རིན་ཆེན་གཉིས་པའི་རྟེན་བཅས་ཇི་ལྟར་བསྐུལ་མ་མཛད་པ་བཞིན། ཕྲན་གཉིས་ཀྱིས་ཀྱང་སྤྲོ་བ་མཆོག་ཏུ་བཏེགས་ཏེ། དད་གུས་ལྷག་བསམ་རྩེ་གཅིག་པའི་སྒོ་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།