མཎྜལ་བཞི་ཆོག

ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་འཁོར་ལ་མཎྜལ་བཞི་ཡིས་མཆོད་པའི་ཐབས་གྲུབ་ཉིས་མྱུར་སྩོལ

བློ་གྲོས་གྲགས་པ།

༄༅། །ན་མོཿཨཱརྱ་ཏ་རེ་བཿ ཆོས་དབྱིངས་གནས་ལུགས་ཤེར་ཕྱིན་མོ། །གང་འདུལ་སྤྲུལ་པའི་རོལ་གར་མཆོག  །འཕྲིན་ལས་མྱུར་མ་ལ་བཏུད་ནས། །དེ་མཆོད་མཎྜལ་མཆོད་ཆོག་འཆད། །དེ་ལ་འདིར་ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་འཁོར་ལ་མཎལ་བཞི་ཡིས་མཆོད་ཐབས་ཉེར་བསྡུས་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྒྲོལ་མའི་སྐུ་རྟེན་བཀྲམ་པའི་མདུན་དུ་གཏོར་ཟླུམ་དཀར་རྒྱན་ཅན་དང༌། མཎྜལ་བཞི་ཚོམ་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་ཇི་ལྟར་འོས་པ་དག་ལེགས་པར་འདུ་བྱས་ནས།  གཉིས་པ་དངོས་གཞི་ལ། དཀོན་མཆོག་སྤྱི་མཆོད་དང༌། སྒྲོལ་མའི་སྒོས་མཆོད་གཉིས་ལས།དང་པོ་སྐྱབས་སེམས་ནི། རང་སྣང་གདོད་ནས་ཡེ་བཞུགས་ཆོས་སྐུའི་འཕྲུལ། །སྐྱབས་གནས་ཀུན་དངོས་འཕགས་མའི་ལྷ་ཚོགས་ལ།། གསོལ་འདེབས་སྐྱབས་མཆི་མ་ལུས་འགྲོ་བའི་དོན། །བསྒྲུབ་ཕྱིར་བླ་མེད་སེམས་མཆོག་བསྐྱེད་པར་བྱ། ། ལན་གསུམ། མཆོད་རྫས་བྱིན་བརླབས་ནི།དག་ཆེན་ཡེ་གཞིའི་དགོངས་པར་མཉམ་བཞག་སྟེ། །ཀུན་བཟང་འཕྲུལ་ལ་འགྲན་པའི་མཆོད་སྤྲིན་ཚོགས། །ཡ་མཚན་ཉེར་སྤྱོད་དཔག་ཡས་མཚར་བཀོད་ཆེ། །ནམ་མཁའི་མཐའ་ཀླས་ཡོངས་བརྡལ་ཆེར་སྤེལ་གྱུར། །ཨོཾ་བཛ྄་ས་སྤ་ར་ཎ་ཁྃ། སྔགས་ལན་ཅི་རིགས་བརྗོད། དེ་ནས་སྤྱི་མཆོད་དངོས་ནི། ཨཱཿ ཆོས་དབྱིངས་གཤིས་ལུགས་རྣམ་ཀུན་འཆར་རུང་བ།། གང་ལ་གང་འདུལ་སྤྲུལ་བཀོད་འཛད་མེད་ཅིང༌། །མཐའ་ཡས་ཞིང་བཞུགས་རྒྱལ་བ་སྲས་བཅས་ཚོགས། །གདུལ་བྱའི་བསམ་པའི་རྗེས་འགྲོ་གང་མོས་ལྟར། །དག་སྣང་ཡུལ་དུ་ངོ་མཚར་བསོད་ནམས་ཞིང༌། །ཡ་མཚན་རོལ་བ་ཅིར་ཡང་འགྱེད་བཞིན་དུ། །དཀོན་མཆོག་ཀུན་འདུས་མཆོད་ཡུལ་བླ་མེད་པ། །དད་མོས་བྱ་ཡུལ་འདིར་ནི་མངོན་སུམ་ལྟར། །སྒྲིབ་མེད་ཇི་བཞིན་རང་བྱུང་ལས་ཤར་བ། །ཡི་དམ་རྒྱ་མཚོ་རྒྱལ་བ་སྲས་བཅས་སློབ། །འཕགས་མ་སྒྲོལ་མའི་ལྷ་ཚོགས་སྤྲུལ་བཀོད་ཆེ། །གང་འདུལ་ཐབས་མཁས་རོལ་གར་ཅི་ཡང་རྩེན། །གཞི་དབྱིངས་གཤིས་ནས་མངོན་གསལ་ཚུལ་ཙམ་ལས། །གཤེགས་བཞུགས་དོན་ལ་མི་མངའ་གཞི་འབྲས་གཅིག །ཀུན་ཁྱབ་རིས་བྲལ་ནམ་མཁའ་ལྟར་ཡངས་པ། །ཆོས་སྐུ་དགོངས་ཆེན་ཀློང་དུ་བཟང་ངན་བྲལ། །ཨོཾ་བུདྡྷ་བཱུ་དྷི་ས་ཏྭ་ཨཱརྱ་ཏཱ་རེ་ཏིཥ་ས་མ་ཡ་སྟྭཾ། མཆོད་པ་འབུལ་བ་ནི། ཨོཾ་དངོས་འབྱོར་ཡིད་ལས་སྤྲུལ་པའི་མཆོད་སྤྲིན་ཚོགས།། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ངོ་མཚར་མཐའ་ཀླས་པ། །མཆོད་ཡུལ་རྒྱ་མཚོའི་ཚོགས་ལ་གུས་པས་འབུལ།། ཨོཾ་བུདྡྷ་བཱུདྷི་ས་ཏྭ་ཨཱརྱ་ཏཱ་རེ་ས་པ་རི་ཝྭ་ར་བཿཨརྒཾ་པུཥེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་ཏེ་ཤབྟ་ཨཱཿ་ཧཱུྃ།  ཕུལ་བྱུང་ཟག་མེད་ཡིད་འོང་འདོད་ཡོན་ཚོགས།། རྣམ་བྱང་དབང་ལྔ་དགྱེས་བསྐྱེད་ཁྱད་པར་བ། །གཟུགས་སྒྲ་དྲི་རོ་རེག་བྱ་མཆོག་འདི་དག །གུས་པས་ལེགས་འབུལ་ཐུགས་རྗེས་བདག་གིར་བཞེས། །ཨོཾ་བུདྡྷ་བོ་དྷི་ནས་རུ་པ་ཤབྟ་གནྡྷ་ར་ས་སྤར་ཨཱཿ  ཧཱུྃ། ངོ་མཚར་དགེ་ལེགས་རྒྱལ་སྲིད་རིན་ཆེན་བདུན། །ཕུན་སུམ་ཚོགས་པ་བཀྲ་ཤིས་རྫས་རྟགས་བརྒྱད། །ཀུན་ནས་དགེ་བའི་འདོད་འབྱུང་ཡ་མཚན་པ། །བསོད་ནམས་ཉེར་བསགས་སླད་དུ་འབུལ་ལོ་བཞེས། །ཨོཾ་བུདྡྷ་ནས་མ་ཧཱ་སབྟ་ཨུ་པ་རཏ་པཱུ་ཛ་ཨཱཿཧཱུྃ། མཎྜལ་ནི། ཨོཾ་ཨཱཿཧཱུྃ། ཕུན་ཚོགས་བསོད་ནམས་དཔལ་སྡུག་ཆེས་འབར་བ། །རབ་བརྟན་གླིང་བཞིའི་དབུས་ན་གསེར་རི་བདུན། །རོལ་མཚོ་ཟུང་ལྡན་གྱིས་བསྐོར་རི་རྒྱལ་ལྷུན།། ཆེ་མཐོ་རིན་ཆེན་སྣ་ལྔ་ལས་གྲུབ་ཅིང༌། །སྣོད་དང་བཅུད་ཀྱི་འབྱུང་བ་ཡ་མཚན་པ། །ལྷ་མིའི་དཔལ་འབྱོར་མ་ཚང་མེད་པའི་ཕུལ། ཁྱད་པར་བདག་གཞན་དུས་གསུམ་རབ་དཀར་ཚོགས། །བདག་པོས་བཟུང་དང་མ་བཟུང་ཡིད་འོང་ཀུན། །རྒྱལ་ཀུན་དགྱེས་བསྐྱེད་འཕགས་མཆོག་ཀུན་ཏུ་བཟང༌། །གང་གི་རྣམ་པར་འཕྲུལ་བའི་མཛད་ཆེན་ལ། །ལེགས་པར་འགྲན་པའི་མཆོག་བཀོད་ཁྱད་པར་བ། །གུས་འབུལ་ཐུགས་རྗེས་བཞེས་ལ་དངོས་གྲུབ་སྩོལ། །དྲཾ་རཏ་མཎ་ལ་ཀཾ་ནིརྱ་ཏ་ཡ་མི། འདོད་གསོལ་ནི།ཀྱཻ་ཧོ། ཀུན་གཟིགས་བརྩེ་བའི་གཏེར་གྱུར་འགྲོ་བའི་མགོན། །མ་ལུས་འགྲོ་ལ་ཉེར་དགོངས་ཐུགས་རྗེའི་སྟོབས། །རབ་བསྐྱེད་མཛད་པ་འཕྲིན་ལས་རླབས་པོ་ཆེས། །གང་འདུལ་འགྲོ་ལ་དུས་བབས་དགའ་སྟོན་ཕོབས།། བཟོད་དཀའ་ངན་སོང་སྡུག་བསྔལ་གྱིས་གཟིར་བས། །ཡིད་འོང་བདེ་དགའི་གོ་སྐབས་བྲལ་བ་དག། ཆེས་མནར་ཉམ་ཐག་རྒུད་པ་ལས་ཐར་ཏེ། །དལ་རྟེན་ཕུན་ཚོགས་ལེགས་འབྱོར་མྱུར་རྙེད་མཛོད། །མངོན་མཐོ་འཁོར་བའི་བདེ་ལ་ཉེར་སྤྱོད་པ།། རང་རང་ལ་ཡང་དེར་ལྟོས་སྡུག་བསྔལ་ནི། །ཡང་དག་ཆོས་དང་མཇལ་བའི་སྟབས་འགྲིག་སྟེ། །གང་འདོད་དོན་ལྡན་རེ་བ་ལེགས་སྐོང་མཛོད།། སྤྱིར་ན་ལས་ཀྱི་དབང་གིས་འཁོར་བའི་གནས། །མཐོ་དམན་གངདུ་སྐྱེས་པ་དེ་ཐམས་ཅད། །ཀུན་འབྱུང་ལས་ཉོན་མྱུར་ནས་བྲལ་གྱུར་ཏེ། །རང་དང་འཚམས་པའི་བྱང་ཆུབ་ལ་སྙེགས་མཛོད། ཁྱད་པར་འཇིག་རྟེན་འཛམ་གླིང་འདིར་གནས་པ། །ལུས་ཅན་སྐྱེ་དགུ་ཀུན་ལ་རིང་མིན་དུ། །སྡེ་བཞིའི་དཔལ་འབྱོར་རབ་དར་རྫོགས་ལྡན་གྱི། །དགེ་མཚན་བཟང་པཱུའི་དགའ་སྟོན་བཞད་དུ་གསོལ། ། གཉིས་པ་སྒྲོལ་མའི་སྒོས་མཆོད་ལ་མཎྜལ་གྱི་མཆོད་པ་གསུམ་ལས། དང་པོ་ནི། ཀུན་ཁྱབ་ཆོས་ཀྱི་དབྱིངས་ལས་བཞེངས་པའི་ལྷ། །འཕྲིན་ལས་མྱུར་མ་དཔའ་མོའི་ཆོ་འཕྲུལ་གར། །གང་འདུལ་མོས་ངོར་བསོད་ནམས་ཞིང་མཆོག་ཏུ། །ཐབས་མཁས་སྒྱུ་མའི་འཕྲུལ་བཟང་གང་འགྱེད་པ།། མཆོད་ཡུལ་ཚུལ་གྱིས་མཚར་བཀོད་ཁྱད་པར་བ། །བཅུ་ཕྲག་ཟུང་གི་འདབ་ལྡན་ཆུ་སྐྱེས་སྟེང། །ཉ་གང་ཟླ་བར་རང་གསལ་འཕགས་མའི་སྐུ། །མཛེས་འཛུམ་ལང་ཚོ་རབ་རྫོགས་ལྗང་འོད་འབར། །འཕྲིན་ལས་རབ་མྱུར་ངོ་མཚར་རོལ་བ་སྟོན། །དབུས་སུ་བཅོམ་ལྡན་འདས་མ་དཔའ་མོ་རྗེ། །གང་གི་འོད་ཟེར་ལས་སྤྲུལ་ལྷ་མོའི་ཚོགས། །སྣ་ཚོགས་མདོག་ལྡན་སྒེག་མཛེས་རྒྱན་ཆས་རྫོགས། །འདབ་གྲངས་དགྱེས་དགུར་རོལ་ཞིང་གཙོ་འཁོར་ཀུན། །རྣམ་འཕྲུལ་ཆེ་བའི་གར་བསྒྱུར་ཕྱོགས་མཚམས་སུ། །སངས་རྒྱས་བྱང་སེམས་དཔག་ཡས་མཛད་བཟང་ཅན།། གདོད་ནས་གཞི་འབྲས་དབྱེར་མེད་རང་བཞིན་ལས། །ཡེ་ཤེས་ཆེན་པོའི་དགོངས་པར་མངོན་གསལ་བ། །མཆོད་ཡུལ་བསོད་ནམས་ཞིང་དུ་ལེགས་བཞུགས་གསོལ།། གནས་ལུགས་གཤིས་ཀྱི་ལྷ་ལས་སྤྲུལ་བ་མོ། །གང་ལ་དགོངས་ཡིད་གཅིག་པར་ཕྱག་འཚལ་ལོ། །ཨཱརྱ་ཏཱ་རེ་ཏིཥ་ས་མ་ཡ་སྟྭཾ།  ཨོཾ་ན་མོ། འཕགས་མ་སྤྲུལ་པའི་ལྷ་མོའི་རོལ་གར་གྱིས། །གདུལ་བྱ་དེར་སྣང་ཙམ་དུ་མཛད་ཚུལ་སྟོན། །རང་རང་ལ་འོས་འཕྲིན་ལས་གདུལ་ཞིང་དུ། །གང་གྱུར་དེ་ཀུན་བསླུ་མེད་ཐུགས་རྗེས་ཟུངས། །འདིར་གོང་སྨོས་ཀྱི་མཆོད་པ་ཡོངས་རྫོགས་བྱ་བ་ལས། མཆོད་ཚིག་དང་པོའི་རྐང་བ་བཞི་བའི་རྒྱ་མཚོའི་ཚབ་དུ་འཕགས་མའི་ཞེས་བསྒྱུར་ཞིང་སྔགས་མཆོད་སྐབས་སུ་བུདྡྷ་བོ་དྷི་ས་ཏྭ་དོར་བའི་ཁྱད་པར་རོ། ། ཕྱག་འཚལ་ཉེར་གཅིག་ལན་གཉིས་སམ། ཨོཾ།  མྱུར་མ་དཔའ་མོས་འགྲོ་བ་ཀུན་སྒྲོལ། །དབྱངས་ཅན་ལྷ་མོས་ངག་མཆོག་སྩོལ་ཅིག །བསོད་ནམས་སྟེར་མོས་ནོར་མཆོག་གཡང་སྐྱོལ། །རྣམ་རྒྱལ་ལྷ་མོས་ཚེ་ཡི་དཔལ་ཕོབས། །རིག་བྱེད་དབང་མོས་འཁོར་འདས་དབང་མཛོད། །འཇིགས་བྱེད་ཁྲོ་མོས་བདུད་སྡེ་ཆོམས་ཤིག །གཞན་ཐུབ་དཔའ་མོས་གཞན་སྡེའི་དཔུང་གཏོར། །གཞན་རྒྱལ་རྗེ་མོས་རྒྱལ་ཁ་ཀུན་ལོངས། །སེང་ལྡེང་ལྷ་མོས་དངོས་གྲུབ་ཀུན་སྩོལ།། གསུམ་རྒྱལ་བདག་མོས་འཇིག་རྟེན་གནོན་མཛོད། །ནོར་གཏེར་དཔལ་མོས་ལོངས་སྤྱོད་སྩོལ་ཅིག །བཀྲ་ཤིས་ལྷ་མོས་དགེ་མཚན་མྱུར་ཕོབས།། དགྲ་འཇོམས་དཔའ་མོས་ཕས་རྒོལ་དཔུང་ཆོམས། ཁྲོ་གཉེར་ངོམ་མོས་བགེགས་རིགས་གཞོམ་མཛོད། །རབ་ཞི་ལྷ་མོས་འཇིག་རྟེན་སྐྱོངས་ཤིག། འབར་འོད་ཕྲེང་མོས་ཆོས་སྣང་མྱུར་སྩོལ། །དཔག་མེད་གནོན་མོས་གཞན་སྟོབས་ཟིལ་གནོན། །རྨ་བྱ་ཆེན་མོས་དུག་ནད་སོལ་ལ། །མི་ཕམ་རྒྱལ་མོས་ལྟས་ངན་བཟློག་ཅིག །རི་ཁྲོད་བདག་མོས་རིམས་ཡམས་ཆོད་ལ།། འོད་ཟེར་ཅན་མས་དགྲ་རྐུན་བཅིང་མཛོད། །ཉེར་གཅིག་ལྷ་མོས་རང་རང་ལས་སྒྲུབས། །སྐྱབས་འོག་པ་ཀུན་གཡེལ་མེད་སྐྱོང་མཛོད། །ཀུན་ནས་དགེ་བའི་དཔལ་ཡོན་སྩོལ་ཅིག །ཅེས་སྒྲོལ་མ་བསྡུས་པ་ལན་གཉིས་བརྗོད། མཎྜལ་གཉིས་པ་ནི། མཆོད་ཡུལ་འཕགས་མ་སྒྲོལ་མའི་ལྷ་ཚོགས་ལས།། འཕྲོས་པའི་འོད་ཀྱིས་སྣོད་བཅུད་དྲི་མ་སྦྱངས། །སྐྱེ་འགྲོ་ཀུན་ཀྱང་བསོད་ནམས་སྟོབས་སུ་རྒྱས།། རྒྱུད་དག་སྐལ་བཟང་དབང་རྣོན་ལས་རུང་གྱུར།། དེ་ནས་སླར་ཡང་སྒོས་མཆོད་གོང་བཞིན་དང༌། ཕྱག་འཚལ་ཉེར་གཅིག་གམ་སྒྲོལ་བསྡུས་གང་རུང་ལན་གསུམ་བརྗོད།  མཎལ་གསུམ་པ། འཕགས་མ་སྒྲོལ་མའི་བྱིན་རླབས་ལ་བརྟེན་ནས། །འཇིག་རྟེན་ཁམས་འདིར་གང་གནས་དེ་དག་ཀྱང༌།། རྫོགས་ལྡན་ཆོས་ཀྱི་གདུལ་ཞིང་ཕུལ་བྱུང་བ། །སྨིན་མ་རག་པར་ཆོས་སྣང་ཆེས་ཆེར་འཕེལ། ། སླར་ཡང་སྒོས་མཆོད་གོང་ལྟར་དང༌། ཕྱག་འཚལ་ཉེར་གཅིག་ལན་བདུན་མཐར་ཕན་ཡོན་བརྗོད་པའམ། ཡང་ན་སྒྲོལ་བསྡུས་ལན་བདུན་གང་མོས་བྱ་ཞིང༌། མཐར་གཏོར་མ་འབུལ་བ་ནི།ཨོཾ་ཨཱཿཧཱུྃ།  ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾཏ་ཁཱ་ཧི། ལན་གསུམ། སྦྱངས་རྟོགས་སྦར་བའི་ཟག་བྲལ་དམ་པའི་རྫས། །འཕགས་མ་སྒྲོལ་མའི་ལྷ་ཚོགས་ཡོངས་ལ་མཆོད། །བདེ་ཆེན་ཡེ་ཤེས་སྣང་བ་ཆེས་འབར་ཏེ། །གང་བཅོལ་དོན་ཀུན་ལེགས་འགྲུབ་འཕྲིན་ལས་མཛོད། ། དེ་ནས་འདོད་གསོལ་ནི། ཏཱྃཿ ཆོས་དབྱིངས་ཤེར་ཕྱིན་གང་འདུལ་ལྷ་མོའི་སྐུར། །ཡོངས་བཞེངས་འཕྲིན་ལས་མྱུར་མ་དཔའ་མོ་རྗེ། །སྤྲུལ་པའི་རོལ་གར་ཇི་སྙེད་དང་བཅས་པར།  །སྙིང་ནས་རེ་ལྟོས་བྱའོ་བརྩེ་བས་དགོངས། །འཁོར་བ་ཕྲ་རགས་གང་དུ་གཏོགས་པའི་ཚོགས། །རང་རང་ལ་འོས་མི་མཐུན་ཕྱོགས་སེལ་ཞིང༌། །གང་མཐུན་དོན་མཆོག་ཡོངས་ལྡན་ལེགས་དགེའི་དཔལ། །དུས་དང་དུས་སུ་ནམ་ཡང་ཆད་མེད་མཛོད།། ཡང་སྒོས་འཛམ་གླིང་ཡུལ་གྱི་ལུས་ཅན་ཀུན། །གནས་སྐབས་ཉེར་འཚེའི་རིགས་གྱུར་མཐའ་དག་ཞི། །ཚེ་དང་བསོད་ནམས་དཔལ་འབྱོར་ཁ་རྗེ་དར། །འཇིག་རྟེན་ཕུན་ཚོགས་དཔལ་ཡོན་ཆེས་ཆེར་སྤེལ། །འགྲོ་ཀུན་སྨན་གཅིག་སངས་རྒྱས་བསྟན་པའི་བཅུད། །གྲོལ་བ་མྱུར་སྟེར་གསང་ཆེན་ཐེག་མཆོག་ལམ། །རྫོགས་ལྡན་ཆོས་ལ་ཀུན་མཐུན་སྤྱོད་དབང་ཐོབ།། ཚེ་གཅིག་ཟག་མེད་ཆོས་སྐུར་གྲོལ་བྱིན་རློབས། །དེ་ཚེ་ཀུན་གཟིགས་དགོངས་ཆེན་མངོན་བྱས་ནས། །མཁའ་མཉམ་འགྲོ་ལ་རླབས་ཆེན་དགེ་ལེགས་དཔལ། །ཅི་དགར་འགྱེད་པའི་བྱེད་པོ་མཆོག་གྱུར་ཏེ། །ཞིང་འདིའི་ལུས་ཅན་བྱང་ཆུབ་ཆེན་པོར་སྨོན། །དེ་ལྟར་གང་གསོལ་དོན་ཀུན་གེགས་བྲལ་དུ། །རིམ་པས་ཇི་བཞིན་ཡོངས་འགྲུབ་རེ་བའི་དོན། །མྱུར་མ་དཔའ་མོ་ཆོས་དབྱིངས་གཉུག་མའི་ལྷར། །ཡོངས་སུ་བཅོལ་བ་ལགས་ན་རེ་འབྲས་སྩོལ། །དེ་བར་འཇིག་རྟེན་འདི་ན་ཉེར་འཚེའི་རིགས། །སེང་གླང་མེ་སྦྲུལ་ཆོམ་རྐུན་ལྕགས་སྒྲོག་མཚོ། །ཤ་ཟ་སོགས་ཀྱིས་གང་ལ་གནོད་མེད་ཅིང༌། །བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། ། ཟླས་པ་ནི། འཕགས་མ་སྒྲོལ་མའི་ཆོས་སྐུའི་དགོངས་ཀློང་དབྱིངས། །བདག་གཞན་གཉིས་མེད་ཡེ་ཤེས་གཅིག་གི་རྩལ། །ཀུན་གྱི་ཆོས་ཉིད་ཤེར་ཕྱིན་དམ་པའི་གཤིས། །རང་གསལ་འཛིན་བྲལ་ངང་ནས་སྙིང་བོ་བཟླ། །ཡི་གེ་བཅུ་པ་ཅི་ནུས་བཟླས་མཐར་ཡིག་བརྒྱ་ལན་གསུམ་བརྗོད།  ལྷ་གང་གཞི་དབྱིངས་དེ་ཉིད་ལས་ཤར་ཚུལ། །མ་རྟོགས་ཏིང་འཛིན་མི་གསལ་ཆོ་ག་ཡང༌། །ཆད་ལྷག་ཀུན་སྤྱོད་ཡང་དག་མ་ཐོན་པ། །དེ་སོགས་ཉེས་ནོངས་གང་བགྱིས་བཟོད་མཛོད་རིགས། ། གསུམ་པ་རྗེས་གཤིས་སུ་བསྡུ་བ་ནི།མ་འདྲེས་རང་གསལ་ཡི་དམ་ལྷའི་འཁོར་ལོ། །གཤིས་ལུགས་ཀུན་ཁྱབ་དབྱིངས་སུ་སླར་བསྡུས་ལ། །གཞི་འབྲས་དབྱེར་མེད་དོན་དམ་རྣམ་ཀུན་པ། །དེ་ཉིད་ལ་རྨོངས་ཀུན་ལ་སྙིང་པོའི་ཚུལ། ། བཀྲ་ཤིས་ནི། ཨོཾ་ཏཱ་རེ། ཆོས་དབྱིངས་ཤེར་ཕྱིན་སྒྱུ་འཕྲུལ་དྲྭ་བ་ལས། །གསང་བ་གསུམ་གྱི་ཆོ་འཕྲུལ་ནམ་མཁའི་མཐའ། །གང་འདུལ་མོས་བློའི་རྗེས་འགྲོ་ཡ་མཚན་པ། །ངོ་མཚར་དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག། ཅེས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ།། སྨྲས་པ། འཕགས་མ་དོན་དམ་རྣམ་ཀུན་པ།། གདུལ་བྱའི་དབང་གིས་སྣ་ཚོགས་ཤར། །དེ་ལས་ངེས་དོན་སྒྲོལ་མའི་ལུགས། །ཅུང་ཙམ་འཕྲལ་དུ་ལེགས་གྲུབ་ཟིན། །ཞེས་ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་འཁོར་ལ་མཎྜལ་བཞི་ཡིས་མཆོད་པའི་ཐབས་གྲུབ་གཉིས་མྱུར་སྩོལ་ཞེས་བྱ་བ་འདི་ཡང་རྔ་ཡུལ་དུ་གནས་པའི་རང་ལུགས་བསྟན་ལ་ལྷག་བསམ་ཆེ་བ་ཀུན་དགའ་སྐལ་ལྡན་གྱིས་ཉེ་བར་བསྐུལ་ཞིང༌། ཆོས་མཆེད་དམ་པའི་ཐུགས་མོས་དེ་ལུགས་བཞིན་ལ་བརྟེན་མ་ཏིས་སྦྱར་བ་སྟེ། ་ཡི་གེ་པ་ནི་མཆེད་གུ་ཎ་བྷ་དྲ་ཁོང་གིས་བགྱིས་པ་དགེ་ལེགས་འཕེལ།། སརྦ་མངྒལཾ བཀྲ་ཤིས་པར་གྱུར་ཅིག།