བདེ་གཤེགས་སྙིང་པོའི་རྒྱན།

ངེས་དོན་དབུ་མ་ཆེན་པོའི་ཚུལ་རྣམ་པར་ངེས་པའི་གཏམ་བདེ་གཤེགས་སྙིང་པོའི་རྒྱན།

དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ།

ན་མོ་གུ་རུ་བི་མ་ལ་ཀྵེ་ཏྲ་པཱ་ལ་ནཱ་ཐ་ཡ། གང་ཞིག་གང་ལ་མུན་པ་གཏན་བཅོམ་པ།  །སངས་རྒྱས་ཆོས་དང་དགེ་འདུན་ལ་བཏུད་ནས།   །ལེགས་གསུངས་བསྟན་པའི་སྙིང་པོ་གང་ཡིན་པ།  །བློ་ནུས་ཇི་ལྟར་བདོག་པས་འཆད་ཀྱིས་ཉོན།  །རྒྱལ་བས་འཁོར་ལོ་དང་པོ་བསྟན་པ་ལ། །ཐེག་དམན་བྱེ་མདོ་གཉིས་སུ་དབྱེ་བ་ལས།  །བྱེ་སྨྲས་རྡུལ་ཤེས་ཆ་མེད་དོན་དམ་པར།    །འདོད་པ་རྡུལ་ཕྲན་ཕྱོགས་ཆས་དབྱེ་བ་དང༌། །ཤེས་པ་དུས་ཆས་དབྱེ་བ་མི་རྙེད་པས།    །རྫས་གྲུབ་དོན་དམ་འདོད་པ་རྨོངས་པ་སྟེ། །སེམས་ཀྱི་སྣང་ཆ་ཙམ་དུ་ངེས་པའི་ཕྱིར།  །རྒྱལ་བས་ཁམས་གསུམ་སེམས་ཙམ་ཉིད་དུ་གསུངས།  །འདིས་ཀྱང་ཕལ་ཆེན་དཀོན་བརྩེགས་ལང་གཤེགས་སོགས།  །འཁོར་ལོ་ཐ་མའི་ལུང་དོན་ལ་བརྟེན་ནས།    །རང་བཞིན་གསུམ་གྱི་རྣམ་བཞག་མཛད་པ་ཡིན། །

གཟུང་འཛིན་གཉིས་ལྟར་སྣང་བ་གཞན་གྱི་དབང༌།  །གཟུང་ཡུལ་ཕྱི་རོལ་དོན་སྣང་ཀུན་བརྟགས་བརྫུན།  །གཉིས་མེད་སེམས་སུ་ཤེས་པ་ཡོངས་གྲུབ་བདེན།  །དེ་ལྟར་ཤེས་པའི་གཟུང་འཛིན་མེད་པ་ཡི།     །རང་རིག་རང་གསལ་སེམས་ཀྱི་རང་བཞིན་དེ།  །དོན་དམ་སངས་རྒྱས་རྒྱུ་རུ་ཁས་བླངས་སོ།  །འདི་བས་ཕྱི་དོན་གཟུང་རྟོག་སྤོང་ཤེས་ཀྱང༌།  །འཛིན་པའི་རྣམ་ཤེས་བདེན་གྲུབ་འདོད་པའི་ཕྱིར།  །ཆོས་ཀྱི་བདག་མེད་ཇི་བཞིན་རྟོགས་པ་མེད།  །བཀའ་བསྡུ་གསུམ་པའི་རྗེས་སུ་མཐོ་བཙུན་དང༌།   །བདེ་བྱེད་བདག་པོ་སྐུ་མཆེད་དུས་མཚུངས་པར།   །ས་ར་ཧ་པ་བྲམ་ཟེའི་ཚུལ་ཞུགས་སྐབས། །ཨ་བི་ཏརྐ་ཛྙཱ་ན་ཏ་ལ་དང༌།   །སངྒ་ཏ་ལ་ལ་སོགས་སེམས་ཙམ་པའི།  །སློབ་དཔོན་ལྔ་བརྒྱ་བྱོན་ཞིང་དེ་དག་གི  །བསྟན་བཅོས་བོད་ཀྱི་ལྗོངས་འདིར་མ་འགྱུར་མོད།  །ཀླུ་ཐོགས་རྣམ་གཉིས་མ་བྱོན་ཡན་ཆད་དུ།      །འཕགས་པའི་ཡུལ་གྱི་ཐེག་ཆེན་སྨྲ་བ་རྣམས།    །མཐའ་གཅིག་རྣམ་རིག་སྨྲ་བ་ཁོ་ན་སྟེ།   །གྲུབ་མཐའ་བཞི་ཡི་སེམས་ཙམ་འདི་ཉིད་དོ།  །

 

འཁོར་ལོ་བར་བར་གཟུགས་ནས་རྣམ་མཁྱེན་བར།  །ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་ཞིང༌།  །སྨྲ་བསམ་བརྗོད་བྲལ་སྐྱེ་འགགས་གནས་གསུམ་བྲལ།  །ཐམས་ཅད་སྟོང་པ་ཉིད་ཀྱི་བརྗོད་བྱར་བསྡུས།  །དེ་ཉིད་སྟོན་བྱེད་ཤེར་ཕྱིན་འབུམ་པ་དང༌།  །ཉི་ཁྲི་ལྔ་སྟོང་བརྒྱད་སྟོང་ལ་སོགས་པའི།  །དགོངས་དོན་ལ་བརྟེན་སློབ་དཔོན་ཀླུ་སྒྲུབ་ཀྱིས།  །དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་མཛད་ཅིང༌།  །འདི་ནས་བཟུང་སྟེ་ཐེག་ཆེན་དབུ་མ་ལས།  །སེམས་ཙམ་ལུགས་དེ་སྤྱོད་པ་མེད་པར་གྱུར།  །སློབ་དཔོན་ཀླུ་ཡི་སློབ་མ་འཕགས་པ་ལྷས།  །བཞི་བརྒྱ་པ་མཛད་ཀླུ་ཡི་བཤེས་གཉེན་གྱི།  །སློབ་མ་སློབ་དཔོན་དགེ་འདུན་སྲུང་བ་སྟེ།  །དེ་ཡི་སློབ་མ་བུདྡྷ་པཱ་ལི་ཏས།  །འཕགས་པ་ཡབ་སྲས་དགོངས་པ་ཐལ་འགྱུར་བཀྲལ།  །

དེ་རྗེས་ལེགས་ལྡན་འདི་ཡང་དགེ་འདུན་སྲུང་བའི་སློབ་མ་ཡིན། ཆཞབས་ཀྱིས་དེ་སུན་ཕྱུང༌།  །འཕགས་པའི་དགོངས་པ་རང་རྒྱུད་ལྟར་དུ་བཀྲལ།  །དེ་གཉིས་ངོ་བོ་ཉིད་མེད་སྨྲ་བ་ཡི།  །དབུ་མའི་སྲོལ་བཙུགས་འདི་གཉིས་མ་བྱོན་གོང༌།  །ཐེག་ཆེན་བསྟན་པ་གཅིག་ཏུ་གནས་པ་ལས།    །སློབ་དཔོན་འདི་གཉིས་དགོངས་པ་གཞན་ཞིག་གིས། །ཐོགས་མེད་སེམས་ཙམ་པ་ཡིན་དབུ་མ་ནི།  །ངེད་ཀྱི་འདི་ལས་གཞན་དུ་མེད་གསུངས་པས།  །དབུ་མ་གཉིས་པོ་ཐ་དད་ལྟ་བུར་གྱུར།  །དེ་ཕྱིར་འཕགས་བོད་ལྗོངས་སུ་ཕྱོགས་རེ་བའི།  །བློ་ཅན་རྣམས་ཀྱིས་ཐོགས་མེད་རྗེས་འབྲང་བཅས།  །སེམས་ཙམ་གྲུབ་མཐར་སྨྲ་བའི་སྲོལ་འདི་བྱུང༌། །ཆོས་ཀུན་ཐ་སྙད་ཙམ་དུ་རང་མཚན་གྱིས།  །གྲུབ་པར་འདོད་པ་དབུ་མ་རང་རྒྱུད་པ།  །དེ་ལ་དབྱེ་ན་རྣལ་འབྱོར་སྤྱོད་པ་དང༌།  །མདོ་སྡེ་སྤྱོད་པའི་ལུགས་གཉིས་སྔ་མ་ནི།   །གཞི་ཡི་འདོད་ཚུལ་སེམས་ཙམ་པ་དང་མཚུངས། །ཕྱི་མས་ཕྱི་དོན་ཁས་ལེན་མདོ་སྡེ་ལྟར།    །དེ་ཡང་ཡང་ལོག་གཉིས་སུ་འབྱེད་པ་དང༌།  །དོན་དམ་སྟོང་ཉིད་བཞི་དང་བཅུ་དྲུག་འདོད།  །འདི་ཡིས་བུམ་པ་རྟག་པ་ཡིན་ཟེར་ན།   །མི་རྟག་པ་ཡི་ཁྱབ་པ་འགོད་བྱེད་ནི།  །བུམ་པ་འདུས་བྱས་ཡིན་པར་ཁས་ལེན་མཛད།  །ཆོས་ཀུན་མཚན་ཉིད་ཐ་སྙད་ཙམ་དུ་ཡང༌།  །གྲུབ་པར་མི་བཞེད་དབུ་མ་ཐལ་འགྱུར་ཏེ།  །ཀུན་རྫོབ་ཆོས་ཀུན་སྒྱུ་མའི་དཔེ་བརྒྱད་བཞིན།  །སྣང་ཙམ་ཉིད་ནས་ཚུགས་ཐུབ་རྡུལ་ཙམ་མེད།  །རིགས་པ་འདི་ཡིས་བུམ་པ་མི་རྟག་པར།  །རྟག་པ་ཡིན་པའི་ཁྱབ་པ་འགོད་བྱེད་དེ།  །བུམ་པ་འདུས་མ་བྱས་སུ་ཁས་ལེན་ཕྱིར།  །བདེན་དང་བཏགས་པའི་གཏན་ཚིགས་ལ་བརྟེན་ནས།  །ཆོས་ཀུན་རང་མཚན་གྲུབ་པ་ཁེགས་གྱུར་ཀྱང༌།  །མིང་རྐྱང་བཏགས་ཡོད་ཙམ་ལ་བཅིང་གྲོལ་དང༌།  །རྒྱུ་འབྲས་གཞལ་བྱ་འཇལ་བྱེད་ལ་སོགས་པ།  །རང་ལུགས་འདི་ཡིས་བསྙོན་མེད་འཇོག་ཤེས་ཤིང༌།  །དེ་ཡིས་སྟོང་དང་རྟེན་འབྱུང་མི་འགལ་བར།  །ལམ་དུ་འཁྱེར་ཤེས་ལྟ་ཀུན་རྩེ་མོར་བཞེད།  །

ཀུན་རྫོབ་རྫུན་པ་འཁྲུལ་བློའི་རྙེད་དོན་དུ།  །འཆད་པ་སྔོན་བྱོན་ཐལ་རང་སྨྲ་རྣམས་བཞེད།  །ལུགས་འདིས་ཚད་མ་མི་བཞེད་ཚད་མའི་གཞུང༌།  །རྟོག་གེའི་ཤེས་རབ་ཡིན་ཞིང་ཕྱི་རོལ་བའི།  །རྒོལ་བ་བཟློག་ཕྱིར་འདི་དེས་རྟོགས་བྱ་མིན། །གསུངས་ཕྱིར་དེང་དུས་རྩོད་པ་བྱེད་པ་འགའ།   །དེ་ཉིད་བདེན་པ་ཚད་མས་གྲུབ་པ་དང༌།  །ཇི་སྙེད་མཁྱེན་པའི་ཡེ་ཤེས་རྙེད་དོན་དུ།  །འཆད་པ་ཙོང་ཁ་པ་ཡི་ལུགས་གསར་ཡིན།   །འདི་ཡི་ལུགས་སུ་ཀུན་གཞིའི་རྣམ་ཤེས་མེད།  །དེ་ཕྱིར་སེམས་ཅན་ཁམས་ལ་གཤེགས་སྙིང་མེད།  །སྐུ་དང་ཞིང་ཁམས་རྣམས་ཀྱང་ཡོད་མ་ཡིན།  །གཞན་དོན་སྐུ་གཉིས་ཞིང་སོགས་འཆར་བ་ཡང༌།  །གཞན་སྣང་ཙམ་ཡིན་རང་གི་ངོ་བོར་མེད།  །སྙིང་པོའི་ཡེ་ཤེས་བསྟན་དང་སྟོན་པའི་མདོ།  །དྲང་དོན་ཡིན་ཞེས་ངེས་དོན་དུ་མི་བཞེད།  །

དེས་ན་འཁོར་ལོ་བར་བའི་དངོས་བསྟན་དང༌།  །རིགས་ཚོགས་དགོངས་པ་བར་དུ་བདག་བཟློག་དང༌།  །མུ་སྟེགས་བྱེད་དང་རང་སྡེའི་བློས་བཏགས་པའི།  །མཚན་འཛིན་སྤྲོས་པ་གཅོད་པའི་ཆེད་དུ་བསྟན།།  ཇི་སྐད་དུ།   ལྟ་བ་རྣམས་ལས་ལོག་པ་དང༌།  །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི།  །བདག་ཞེན་བསམ་པ་བཟློག་པའི་ཕྱིར།  །སྟོང་པ་རྒྱལ་བ་རྣམས་ཀྱིས་བསྟན།།  ཞེས་གསུངས་སོ།།  ཀུན་རྫོབ་

ཉན་ཐོས་ཚུལ་དང་བསྟུན་གསུངས་པའི།  །ཐལ་རང་རགས་པ་ཕྱི་ཡི་དབུ་མ་སྟེ། སློབ་དཔོན་བྷ་བྱས་རིན་ཆེན་སྒྲོན་མ་རུ།  དེ་བས་དེ་དག་བདག་གིས་གཞུང་ཆེན་པོ་མང་པོ་དག་བཀོད་པ་ནི།  ཕྱི་རོལ་གྱི་དབུ་མ་ཡིན་ནོ།།  ཞེས་ཤེས་པར་བྱའོ།། 

ཕ་རོལ་རྒོལ་བ་བཟློག་པ་དང༌།  །བསྟན་བཅོས་ཆེན་པོའི་གཞུང་དང་ནི།  །རྩོད་པ་ཆེན་པོ་བྱུང་དུས་སུ།  །རིགས་པའི་དབུ་མའི་གཞུང་སྨྲ་བྱ།  །དེ་ཉིད་དོན་ལ་གཙོར་བྱེད་ཅིང༌།  །རྣལ་འབྱོར་ཉམས་སུ་ལེན་དུས་སུ།  །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ།  །ཞེས་གསུངས་ཕྲ་བའི་རྣལ་འབྱོར་དབུ་མ་ནི།  །དོན་གྱིས་གཞན་སྟོང་ཉིད་ལས་མ་འདས་ཕྱིར།  །དེ་ཡང་རྒྱལ་བས་འཁོར་ལོ་ཐ་མ་རུ།  །བསྟན་བྱའི་སྙིང་

པོ་སོ་སོ་རང་རིག་པའི།  །ཡེ་ཤེས་ཉམས་སུ་མྱོང་བྱར་གཏན་ཕབ་སྟེ།  །སེམས་ཅན་རྒྱུད་ལ་སྙིང་པོའི་ཁམས་ཡོད་པས།  །དེ་ཉིད་གཞི་ལམ་འབྲས་བུའི་རྣམ་བཞག་བཅས།  །ནང་གི་རྣལ་འབྱོར་ཉམས་ལེན་གཏན་ལ་ཕབ།  །དེ་ཕྱིར་ཕྲ་བ་ནང་གི་དབུ་མར་གཞེད།  །

དེ་སྟོན་ཕལ་ཆེན་དཀོན་བརྩེགས་རྒྱན་སྟུག་མདོ།  །ལང་གཤེགས་མྱང་འདས་ལ་སོགས་མདོའི་དགོངས་པ།  །རྒྱལ་ཚབ་ས་བཅུའི་དབང་ཕྱུག་མ་ཕམ་པས།  །བཀྲལ་བའི་གཞུང་ལུགས་ཐོགས་མེད་སྐུ་མཆེད་དང༌།  །ཀླུ་སྒྲུབ་ཡབ་སྲས་རྗེས་འབྲང་དང་བཅས་པའི།  །མཐར་ཐུག་བཞེད་པའི་སྙིང་པོ་འདི་ཁོ་ན།  །འདིས་ཀྱང་ཆོས་ཀུན་མཚན་ཉིད་གསུམ་གྱིས་བྱེ།  །གཟུགས་སྒྲ་ལ་སོགས་འཁོར་བའི་ཆོས་ཐམས་ཅད།  །རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་༌།  །འཁྲིས་ནད་ཅན་གྱི་དུང་ལ་སེར་པོ་བཞིན།  །རྣམ་ཤེས་འཁྲུལ་བ་གཞན་གྱི་དབང་ལས་བྱུང༌།  །དེ་ལ་དོན་དུ་བཟུང་ནས་བཟང་ངན་དང༌།  །ཤར་ནུབ་སྟོད་སྨད་ནང་དང་ཕྱི་རོལ་སོགས།  །མེད་བཞིན་སྒྲོ་འདོགས་བྱེད་པ་ཀུན་བརྟགས་པ།  །ཀུན་བརྟགས་གཞན་དབང་གཉིས་ཀྱིས་སྟོང་བའི་དོན།  །རང་བཞིན་འོད་གསལ་ཡེ་ཤེས་ཡོངས་གྲུབ་བཞེད།  །དབྱེ་ན་ཀུན་བརྟགས་པ་(ལ)རྣམ་གྲངས་དང༌།  །མཚན་ཉིད་ཡོངས་སུ་ཆད་པའི་སྔ་མ་ནི།  །ཤེས་བྱ་ཕྱི་མ་བདག་གཉིས་གཞན་གྱི་དབང༌།  །མ་དག་པ་དང་དག་པའི་སྔ་མ་ནི།  །ཟག་བཅས་ཉེར་ལེན་ཕུང་བོ་ཕྱི་མ་ནི།  །སངས་རྒྱས་རྣམས་ཀྱི་མཚན་དཔེ་ལྟ་བུ་བུའོ།  །

ཡོངས་གྲུབ་འགྱུར་མེད་ཕྱིན་ཅི་མ་ལོག་གཉིས།  །ཕྱི་མ་འཁོར་འདས་གཞིར་ལྟོས་སྔ་མ་ནི།  །གཟུང་འཛིན་བྲལ་བའི་ཡེ་ཤེས་ཉིད་ལ་དགོངས།  །རྣམ་རིག་དབུ་མ་སྨྲ་བའི་མཁས་རྣམས་ཀྱིས།  །ཆོས་ཀུན་རང་གི་ངོ་བོས་སྟོང་བ་རུ།  །མཐར་ཐུག་དོན་དུ་བཟུང་ནས་ཡོངས་གྲུབ་ཀྱི།  །ངོ་བོ་ཉིད་ཀྱང་མེད་འགྱུར་དེ་ལྟར་ན།  །ཉོན་མོངས་པ་དང་རྣམ་པར་བྱང་བ་ཡི།  །སྐྱོན་ཡོན་ཐམས་ཅད་མེད་པར་མཉམ་འགྱུར་ཞིང༌།  །གང་ཕྱིར་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བ།  །བག་ཆགས་སྣ་ཚོགས་བསགས་པའི་སེམས་དེ་ལ།  །ཡང་དག་མིན་པའི་ཀུན་རྟོག་སྣ་ཚོགས་པས།  །བསྡུས་པའི་རྣམ་རིག་རྣམ་ཤེས་གཞན་དབང་དུ།  །གྱུར་བ་དེ་ལ་དོན་དུ་བཟུང་གྱུར་བས།  །ལས་དང་ཉོན་མོངས་འཁྲུལ་བའི་འཁོར་ལོ་སྣང༌།  །དེ་ཕྱིར་གཞན་དབང་ངོ་བོ་ཉིད་མེད་ན།  །ཀུན་རྫོབ་ཙམ་དུའང་ཡོད་པར་མི་རིགས་པས།  །དེ་ལ་ལས་དང་ཉོན་མོངས་འབྱུང་མི་རིགས།   །གཞན་དབང་ཀུན་རྫོབ་ཏུ་ཡོད་ཀུན་རྫོབ་ཏུ།  །དོན་བྱེད་ནུས་པ་དེ་ལ་དོན་ཉིད་དུ།  །བཟུང་བའི་རྣམ་རིག་ཀུན་བརྟགས་ཆོས་རྣམས་ནི།  །ངོ་བོ་ཉིད་མེད་ཀུན་རྫོབ་ཙམ་དུའང་མེད།  །ཀུན་བརྟགས་གཞན་དབང་གཉིས་ཀྱིས་སྟོང་བའི་དོན།  །ཡོངས་གྲུབ་དེ་བཞིན་ཉིད་ནི་གཟུང་འཛིན་གྱི།  །མཐའ་ལས་འདས་པའི་དེ་བཞིན་གཤེགས་སྙིང་ནི།  །ཀུན་རྫོབ་ཏུ་མེད་དོན་དམ་ངོ་བོར་ཡོད།  །དེ་ཉིད་མེད་ན་དེར་བརྟེན་ཚོགས་བསགས་ཤིང༌།  །སྒྲིབ་པ་སྦྱང་བའི་དགོས་པ་གང་ལ་དམིགས།  །མཐར་ཐུག་བྱང་ཆུབ་ལམ་དང་འབྲས་བུ་ཡི།  །རྣམ་བཞག་རྣམས་ཀྱང་རང་སྟོང་ཡུམ་ལས།  རབ་འབྱོར།  རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་རང་གི་ངོ་བོས་སྟོང་ངོ་ཞེས་གསུངས་པ་བདག་ཏུ་འཛིན་པ་སྤོང་བའི་ཕྱིར་རོ།།  མཆན།༽  འགྱུར་བ་སོགས།  །རིགས་པ་དུ་མས་དོན་དམ་ཁམས་ཡོད་པར།  །ངེས་དོན་སྙིང་པོའི་མདོ་རྒྱུད་རྣམས་ཀྱིས་བསྒྲུབས།  །དེ་ཕྱིར་འཁོར་བའི་སྐྱེ་གནས་ཐ་དད་དུ། །ལེན་པའི་རྣམ་ཤེས་ས་བོན་ཐམས་ཅད་པའི།  །སེམས་སམ་ཀུན་གཞིའི་རྣམ་ཤེས་དེ་ཉིད་ལ།  །བརྟེན་པའི་ངར་འཛིན་ཡིད་ཀྱི་ཤེས་པ་དང༌།  །དེ་ལས་སྒོ་ལྔའི་རྣམ་པར་ཤེས་པ་དང༌།  །ལྷན་ཅིག་ཡིད་ཀྱི་རྣམ་ཤེས་རྗེས་སུ་ང༌།  །ཀུན་ཀྱང་ལེན་པའི་རྣམ་ཤེས་ལ་བརྟེན་ནས།  །ཆུ་དང་མེ་ལོང་དཔེ་རུ་རྒྱལ་བས་གསུངས།  །ཆོས་འཁོར་དང་པོ་གཉིས་སུ་མ་བསྟན་པ།  །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།  །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ།  །བདག་ཏུ་རྟོགས་པར་འགྱུར་ན་མི་རུང་བས།  །ངས་འདི་བྱིས་པ་རྣམས་ལ་མ་བསྟན་

གསུངས།  །དེ་ཕྱིར་མ་དག་པ་ལ་ཀུན་གཞི་དང༌།  །དག་པའི་རང་ངོར་བདེ་གཤེགས་སྙིང་པོ་ཞེས།  །སྲིད་ཞི་ཀུན་ཁྱབ་ཡེ་ཤེས་རང་སྣང་གི  །ཕྲ་ཕབ་ལྟ་བུའི་སྐུ་དང་ཞིང་ཁམས་བཅས།  །སེམས་ཅན་ཁམས་ལ་གདོད་ནས་རང་ཆས་བཞུགས།  །དེ་ཉིད་ངོ་བོ་གདོད་ནས་དྲི་བྲལ་ཡང༌།  །རང་གིས་རང་མ་རིག་པའི་ཆ་འཛིན་གྱིས།  །ཡུལ་དང་ཡུལ་ཅན་ཐ་དད་བཟུང་གྱུར་ལས།  །ལས་ཀུན་བསགས་པས་སྒྲིབ་གཉིས་མ་གྲོལ་བར།  །གཤེགས་སྙིང་ཡོངས་རྫོགས་མངོན་དུ་མི་འགྱུར་རོ།  །

དེ་ཕྱིར་དྲི་བཅས་དེ་བཞིན་ཉིད་དང་ཁམས།  །དྲི་དང་འབྲེལ་ཡང་དྲི་མ་གློ་བུར་བས།  །ངོ་བོར་འདྲེས་དང་གོས་མ་མྱོང་བའི་ཕྱིར།  །རང་བཞིན་རྣམ་དག་རྣམ་པ་འཁོར་བ་དང༌།  །ངོ་བོ་མྱང་འདས་ཆུ་དང་འཁྱགས་རོམ་བཞིན།  །སྟོབས་སོགས་ཡོན་ཏན་མ་ལུས་ལྷུན་གྲུབ་ཏུ།  །བཞུགས་ཀྱང་དཀར་པོའི་ལས་ཀྱིས་སད་དགོས་ཕྱིར།  །གཞི་དུས་སེམས་ཅན་རྣམས་ལ་འཁྲུལ་སྣང་དང༌།  །ལམ་དུས་རྣལ་འབྱོར་རྣམས་ལ་ཉམས་སྣང་དང༌།  །འབྲས་དུས་སངས་རྒྱས་རྣམས་ལ་ཟུང་འཇུག་གི  །སྐུ་དང་ཞིང་ཁམས་མི་ཟད་རྒྱན་འཁོར་ཉིད།  །དེ་ལྟའི་ཆོས་ཉིད་རིས་མེད་ཀུན་ཁྱབ་ཕྱིར།  །དྲི་མས་བསྒྲིབ་དང་མ་བསྒྲིབ་ཁྱད་པར་ལས།  །ངོ་བོ་ཁྱད་མེད་བུམ་ནང་མར་མེ་བཞིན།  །འགྱུར་མེད་ཡོངས་གྲུབ་ཅེས་པའང་འདི་ལ་དགོངས།  །དེ་ཡི་ཚུལ་ཡང་རྒྱན་སྡུག་བཀོད་པ་ལས།  །ཀུན་གཞིའི་རང་བཞིན་རྣམ་བྱང་གཞིར་གསུངས་པས།  །གཤིས་ལུགས་དགེ་བར་བཤད་མོད་དེ་ཚུལ་ལ།  །ས་པཎ་ལ་སོགས་བཀའ་བཀྱོན་མཛད་མཁན་མང༌།  །འོན་ཀྱང་རྒྱན་སྡུག་མདོ་ལས་འདི་སྐད་གསུངས།  །ཀུན་གཞི་རང་ལུགས་དགེ་བ་ནི།  །རྒྱལ་སྲས་རྣམས་ཀྱིས་མཐོང་ཐོས་ཏེ།  །ཀུན་གཞི་མཆོག་ཏུ་དགེ་བ་ནི།།  ཞེས་དང༌།  ཀུན་གཞི་དྲི་མེད་བསོད་ནམས་ཀྱིས།  །དེ་བཞིན་གཤེགས་པར་འགྱུར་བ་ཡིན།  །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ།  །བདེ་གཤེགས་སྙིང་པོ་དགེ་བའང་དེ།  །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས།  །དེ་བཞིན་གཤེགས་པ་སྟོན་པར་མཛད།  །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌།  །བློ་ཞན་རྣམས་ཀྱིས་མི་ཤེས་སོ།།  །དེ་ལྟར་ཀུན་གཞིའི་རྣམ་ཤེས་ཀྱང༌།  །རྟག་ཏུ་བག་ཆགས་ལྡན་གྱུར་བའི།  །རྣམ་པར་ཤེས་པ་བདུན་པོ་དང༌།  འགྲོགས་ཀྱང་འདྲེ་བ་མེད་པ་སྟེ།  །ཀུན་ནས་ཉོན་མོངས་རྣམ་བྱང་དང༌།  །རྣམ་པར་དག་པའི་རྒྱུ་ཡང་དེ།  །ཞེས་གསུངས་མདོ་སྡེ་ལང་ཀར་གཤེགས་པ་སོགས།  །ངེས་དོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ།  །སྙིང་པོའི་བཞུགས་ཚུལ་ཤིན་ཏུ་རྒྱས་པ་དང༌།  །དེ་ཡང་མུ་སྟེགས་བདག་དང་མི་འདྲའི་ཚུལ།  །ཐེག་དམན་རྣམས་ཀྱི་བློ་ངོར་མི་ཤོང་ཚུལ།   །རྣམ་པ་དུ་མས་བསྟན་ཀྱང་མདོར་བསྡུ་ན།། 

མདོ་དེ་ཉིད་ལས།  བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ།  སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ།  བཅོས་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་བོ་དང༌།  ཁམས་དང༌།  སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་འདོད་ཆགས་དང༌།  ཞེ་སྡང་དང༌།  གཏི་མུག་གི་ཟིལ་གྱིས་ནོན་པ།  ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་བ།  རྟག་པ་དང༌།བརྟན་པ་དང་ཐེར་ཟུག་པར་ནི་བརྗོད་ན།  བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྨྲ་བ་འདི།  མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ།  བློ་གྲོས་ཆེན་པོ།   ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི།  མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ།  བློ་གྲོས་ཆེན་པོ།  དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌།  ཡང་དག་པའི་མཐའ་དང༌།  མྱ་ངན་ལས་འདས་པ་དང༌།  མ་སྐྱེས་པ་དང༌།  མཚན་མ་མེད་པ་དང༌།  སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ།  དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་

བྱས་ནས།  བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་པའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ།  འདི་ལ་བློ་གྲོས་ཆེན་པོ།  མ་འོངས་པ་དང༌།  ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ།།  བློ་གྲོས་ཆེན་པོ།   དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ།།  དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་པའི་བདག་ཏུ་སྨྲ་བ་དང་མཚུངས་པ་

མ་ཡིན་ནོ།།  བློ་གྲོས་ཆེན་པོ།  དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར།  དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ།། ཞེས་དང༌།  ཡང་དེ་ཉིད་ལས།  བློ་གྲོས་ཆེན་པོ།  གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་མེད་དུ་ཟིན་ན།  བློ་གྲོས་ཆེན་པོ།  དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་མེད་པས་འཇུག་པའང་མེད།  ལྡོག་པའང་མེད་པར་འགྱུར་ན།  བློ་གྲོས་ཆེན་པོ། བྱིས་པ་དང༌།  འཕགས་པ་རྣམས་ལ་འཇུག་པ་དང༌།  ལྡོག་པའང་ཡོད་དོ།། རྣལ་འབྱོར་ཅན་བརྩོན་པ་མི་འདོར་བ་རྣམས་བདག་གི་སོ་སོ་རང་གི་རིག་པ་ཚེ་འདི་ལ་དགེ་བར་སྤྱོད་པས་གནས་སོ།།  བློ་གྲོས་ཆེན་པོ།  དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པའི་སྤྱོད་ཡུལ་དེ་ནི་ཉན་ཐོས་དང༌།  རང་སངས་རྒྱས་དང༌།  མུ་སྟེགས་ཅན་རྣམ་པར་དཔྱོད་པའི་ལྟ་བ་ཅན་རྣམས་ཀྱི་ཁོང་དུ་ཆུད་པར་དཀའོ།། 

རང་བཞིན་ཡོངས་སུ་དག་པ་ཡིན་མོད་ཀྱང༌། གློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་པའི་ཕྱིར་དེ་རྣམས་ལ་མ་དག་པ་ལྟར་སྣང་སྟེ།  དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ཏེ།  བློ་གྲོས་ཆེན་པོ།  དེ་བཞིན་གཤེགས་པ་རྣམས་ལ་ནི་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་དུ་འགྱུར་རོ།།  ཞེས་དང༌།  བརྟགས་གཉིས་ལས།  སེམས་ཅན་རྣམས་ནི་སངས་རྒྱས་ཉིད།  །འོན་ཀྱང་གློ་བུར་དྲི་མས་སྒྲིབ།  །དེ་བསལ་ན་ནི་སངས་རྒྱས་ཉིད།།  ཅེས་དང༌།  རྡོ་རྗེ་གུར་ལས།  རིན་ཆེན་སེམས་ལས་ཕྱིར་གྱུར་བའི།  །སེམས་ཅན་མེད་ཅིང་སངས་རྒྱས་མེད།།  ཅེས་དང་རྡོ་རྗེ་སྙིང་འགྲེལ་ལས། ལུས་གནས་ཡེ་ཤེས་ཆེན་པོ་ནི།  །དངོས་པོ་ཀུན་ལ་ཁྱབ་པ་པོ།  །ལུས་ལ་གནས་ཀྱང་ལུས་སྐྱེས་མིན།  །ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌།  །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་ལྟར་ལུས་ནི་ཞིག་གྱུར་ཀྱང༌།  །ཡེ་ཤེས་ལ་ནི་འཇིག་པ་མེད།།    ཅེས་དང༌།  རྒྱུད་བླ་མ་ལས།  རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌།  །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌།  །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།  །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན།།  ཞེས་དང༌།  མདོ་སྡེ་རྒྱན་ལས།  དེ་བཞིན་ཉིད་ནི་ཐམས་ཅད་ལ།  །ཁྱད་པར་མེད་ཀྱང་དག་གྱུར་པ།  །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར།  །འགྲོ་ཀུན་དེ་ཡི་སྙིང་པོ་ཅན།།   ཞེས་གསུངས་འཕགས་པ་ཀླུ་སྒྲུབ་ཀྱིས།  །ཇི་ལྟར་མར་མེ་བུམ་ནང་གནས།  །ཅུང་ཞིག་སྣང་བར་མི་འགྱུར་བ།  །དེ་བཞིན་ཉོན་མོངས་བུམ་ནང་གནས།  །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌།།  ཞེས་དང༌། ཁམས་ཡོད་ན་ནི་ལས་བྱས་ས།  །ས་ལེ་སྦྲམ་དག་མཐོང་བར་འགྱུར།  །ཁམས་མེད་པར་ནི་ལས་བྱས་ཀྱང༌།  །ཉོན་མོངས་འབའ་ཞིག་བསྐྱེད་པར་ཟད།། ཅེས་དང༌།  སྟོང་པ་ཉིད་ནི་སྟོན་པའི་མདོ།  །རྒྱལ་བའི་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་བཟློག  །དབྱིངས་དེ་ཉམས་པར་བྱེད་མ་ཡིན།། ཞེས་དང༌།  ཇོ་བོའི་བྱང་ཆུབ་ལམ་སྒྲོན་འགྲེལ་བ་ལས།  ཡང་ན་ཐེག་པ་ཆེན་པོ་དབུ་མའི་གྲུབ་མཐའ་བཙན་པར་བྱས་ན་ནི།  འདི་ལྟར་ཐེག་པ་ཆེན་པོའི་སྣོད་དུ་མ་གྱུར་པ་འགའ་ཡང་མེད་དོ།།  སེམས་ཅན་ཐམས་ཅད་རིགས་གཅིག་པ་ཉིད་ཡིན་ཏེ།  དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།  །ཞེས་དང་འཕགས་པ་ཀླུ་སྒྲུབ་ཀྱིས།  །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།  །གཙོ་བོ་ཐེག་དབྱེར་མ་མཆིས་ན།  །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ།  །སེམས་ན་འཇུག་པར་བྱ་ཕྱིར་ཡིན།། ཞེས་དང་ཀློང་གསལ་ལས།  བདེ་གཤེགས་སྙིང་པོ་འགྲོ་ཀུན་ལ།  །ཏིལ་ལ་མར་

གྱིས་ཁྱབ་བཞིན་དུ།  །མ་རིག་གྲོལ་ཚེ་འབྱུང་བའི་ལུས།  །ལྷག་མེད་ཡེ་ཤེས་ངང་དུ་བཟློག  །ཅེས་གསུངས་དེ་ལྟའི་རྣམ་བཞག་མཛད་པ་ཡི།  །

གཞན་སྟོང་དབུ་མ་ཆེན་པོའི་སྲོལ་འདི་ལ།  །རྒྱ་བོད་འགའ་ཞིག་སེམས་ཡིན་(མི)ཟེར་ཡང༌།  །དེ་བས་གསལ་རིག་ཙམ་གྱི་སེམས་དེ་ཉིད།  །དོན་དམ་བདེན་པར་ཁས་བླངས་དབུ་མའི་ལུགས།  །མ་དག་སེམས་ཀྱི་རང་བཞིན་དོན་དམ་དུ།  །འདོད་པ་མི་སྲིད་སེམས་དང་སེམས་བྱུང་ལས།  །འདས་པའི་འོད་གསལ་ཡེ་ཤེས་དོན་དམ་འདོད།  །དེས་ན་རྣམ་ཤེས་ཡེ་ཤེས་སོ་སོར་བཞེད།།གཞན་ཡང་གོང་གི་མདོ་རྒྱུད་དེ་རྣམས་ཀྱང༌།  །སེམས་ཙམ་ཡིན་ན་དེ་དག་ཡིན་མཉམ་འགྱུར།  །དེས་ན་སེམས་ཙམ་ལུགས་སུ་སྨྲ་བ་ནོངས།།  གཞན་ཡང་ལང་གཤེགས་ལས།  སེམས་ཙམ་ལ་ནི་བརྟེན་ནས་སུ།  །ཕྱི་རོལ་དོན་ལ་མི་བརྟག་གོ  །དེ་བཞིན་ཉིད་ལ་བརྟེན་ནས་སུ།  །སེམས་ཙམ་ལས་ཀྱང་འདའ་བར་བྱ།  །སེམས་ཙམ་ལས་ནི་འདས་གྱུར་ན།  །སྣང་བ་མེད་ལ་གནས་པར་འགྱུར།  །སྣང་མེད་གནས་པའི་རྣལ་འབྱོར་པ།  །དེ་ཡིས་ཐེག་པ་ཆེན་པོ་མཐོང༌།།  ཞེས་དང་རྒྱན་སྡུག་བཀོད་པའི་མདོ་ལས།  སེམས་མེད་ཙམ་པོའང་ཡོད་པ་མིན།  །ཚད་དང་གཞལ་དང་གཉིས་ཀ་མེད།  །རྣམ་པར་རྟོག་པ་སེམས་ཙམ་སྟེ།  །རྣམ་པར་རྟོག་པ་རྣམ་མི་རྟོག  །ཤེས་དང་ཤེས་བྱ་རྣམ་རྟོག་པ།  །སེམས་ཙམ་དེ་ལྟར་ཡིན་ན་སྟེ།  །ཤེས་བྱ་སེམས་ཙམ་ཡིན་པ་ནི།  །རྟག་ཏུ་ཙམ་ལ་ཤེས་ཡོད་མིན། །ཞེས་དང༌། 

སེམས་དང་རྟོག་པས་རྣམ་སྤངས་པ།  །ཆགས་པ་མེད་པའི་ཡེ་ཤེས་རོ།  །སྟུག་པོའི་དབུས་ན་རྣམ་པར་མཛེས།  །དབུ་མའི་ལམ་པོ་དེ་ཉིད་ཀྱང༌།  །མཐའ་བཞི་རྣམ་པར་སྤངས་པ་སྟེ།  །རྣམ་པར་རྟོག་མེད་དམིགས་མེད་པ།  །སྟུག་ན་གནས་པས་ཤིན་ཏུ་མཐོང༌།།  ཞེས་དང་ལང་གཤེགས་ལས།  སེམས་ཙམ་དུ་ནི་རྟོག་པ་དང༌།  །ཕྱི་རོལ་དངོས་པོ་རྣམ་བསལ་བས།  །རྣམ་པར་རྟོག་པ་རྣམ་ལྡོག་སྟེ།  །ལམ་དེ་ཉིད་ནི་དབུ་མ་འོ།  །ཞེས་གསུངས་སེམས་ཙམ་ལུགས་ལས་ཤིན་ཏུ་འདས།  །གཞན་ཡང་སློབ་དཔོན་ཀླུ་སྒྲུ་འཕགས་པ་ལྷ།  །ཟླ་བ་གྲགས་པ་བྷ་བྱ་ལ་སོགས་པས།  །ཕྲ་བ་ནང་གི་དབུ་མར་ཞལ་བཞེས་ཏེ།  །དབུ་མའི་མན་ངག་རིན་ཆེན་སྒྲོན་མ་ལས།།  སློབ་དཔོན་ཀླུ་སྒྲུབ་ཀྱིས།  འདིར་ནི་གང་ཡང་སྐྱེ་བ་མེད།  །གང་ཡང་འགག་པ་ཡོད་མ་ཡིན།  །སེམས་ཀྱི་རང་བཞིན་རྣམ་གནས་པ།  །ཆོས་རྣམས་ཉིད་ནི་ཤེས་པར་

བྱ།  །མིག་ལ་སོགས་དང་ཡུལ་རྣམས་ཉིད།  །ཡེ་ཤེས་ལྔ་པོ་ཉིད་དག་སྟེ།  ཕྱི་དང་ནང་དུ་རྣམ་ཕྱེ་བ།  །ཐམས་ཅད་སེམས་ལས་གཞན་མ་ཡིན།།   ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་སོ།།  

སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས།  ཕྱི་རོལ་དོན་ནི་ཡོད་མ་ཡིན།  །རང་གི་སེམས་ནི་མཐོང་བར་འགྱུར།  །དེ་ཡང་སྒྱུ་མར་བསྒོམ་བྱ་ཞིང༌།  །དེ་བཞིན་ཉིད་ཀྱང་རྗེས་དྲན་བྱ།།  ཡང་གསུངས་པ།གཟུགས་སོགས་ལྔ་དང་དེ་བཞིན་སྐྱེ་མཆེད་བཅུ་གཉིས་དང༌།  །བཅོ་བརྒྱད་ཅེས་བཤད་ཁམས་ནི་དེ་རྣམས་དང༌།  །ཤེས་པ་ལྔ་དང་འགྲོ་བ་མ་ལུས་པ།  །ཐམས་ཅད་རང་གི་སེམས་ཉིད་ཡིན་གྱི་གཞན་མ་ཡིན།  །གང་ཡང་རི་བརྒྱད་དང་ནི་རྒྱ་མཚོ་བརྒྱད་རྣམས་དང༌།  །གླིང་ལ་སོགས་དང་དམྱལ་བ་ལ་སོགས་དབྱེ།  །གང་ཡང་བརྟན་དང་གཡོ་བ་ཉིད་དུ་མཐོང་བ་དེ།  །མཐས་ཅད་སེམས་ཉིད་ཡིན་གྱི་གཞན་མ་ཡིན།།  ཞེས་པ་ལ་སོགས་མང་དུ་གསུངས་སོ།།  

སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་ཇི་སྐད་དུ།  དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུ་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ།  སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།།  ཞེས་པ་དང༌།  ཡང་ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ།  མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ།  རང་གི་སེམས་ཉིད་ལས་གཞན་ནི་ཅི་ཡང་མེད་དོ་ཞེས་པ་དང༌།  ཡང་གསུངས་པ།  སེམས་ལས་དངོས་པོ་ཐ་དད་པ་ཡོད་དོ་ཞེ་ན་ཆོས་མེད་ཅེས་བྱའོ་ཞེས་རྒྱས་པར་གསུངས་སོ།།  འདིར་ཚིགས་སུ་བཅད་པ་ནི། ཨུཏྤལ་རྩ་བ་མཱུ་ལ་ལས།  །ལོ་མ་ལ་སོགས་རྒྱུན་འབྱུང་ལྟར།  །དེ་བཞིན་སེམས་རྫས་མེད་པ་ཡང༌།  །ཆོས་རྣམས་ཀུན་གྱི་ངོ་བོར་གནས།  །དེ་ཡི་དོན་ནི་འདི་ཡིན་ཏེ།།

ཨུཏྤལའི་རྩ་བ་གཞན་དང་མ་འབྲེལ་ཞིང་ཆུ་ཉིད་ལ་གནས་ཤིང་རྩ་བ་དེ་གར་ཡང་ཟུག་པ་མེད་ཀྱང༌།  མཚོ་ཤིན་ཏུ་རྒྱ་ཆེ་བ་དག་ལོ་མ་དང་མེ་ཏོག་ལ་སོགས་པས་ཁྱབ་པར་ནུས་པ་བཞིན་དུ།  སེམས་རྫས་སུ་མེད་པ་ཉིད་ཡིན་ཡང་ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་ངོ་བོར་གནས་སོ།།  ཞེས་དང༌།  གཞན་ཡང༌།  ཕྱི་ཡི་ཡུལ་དུ་སྣང་བའི་སེམས།ནང་གི་སེམས་ལ་བསྡུ་བ་དང༌།  དེ་ཡང་རང་གདོད་མ་ནས་རང་བཞིན་གྱིས་འོད་གསལ་བ།  ཞེས་དང༌།  ཨཱརྻ་དེ་ཝས།  དེ་ལྟར་རང་གི་སེམས་ཀྱི་རང་བཞིན་འགྲོ་བ་མ་ལུས་པ།  །རྣམ་ཤེས་ཐར་བ་སྲིད་པའི་བརྟགས་ལས་འགྲོ་བ་གང༌།  །སྲིད་པའི་སྡུག་བསྔལ་མཚོ་ཆེན་ནང་དུ་མི་འཁོར་བ།  །འདུས་བྱས་ཀུན་གྱི་ཕ་རོལ་སོང་བ་དེ་ལ་ཕྱག་འཚལ་འདུད།།  ཅེས་དང༌།  ས་ར་ཧས།  སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ།  །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ།  །འདོད་པའི་འབྲས་བུ་རབ་ཏུ་སྟེར་བྱེད་པའི།  །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ།  །ཞེས་གསུངས་ཐེག་པ་ཆེན་པོའི་མན་ངག་འདི།  །སྐལ་ཆུང་བློ་དམན་རྣམས་ལ་མ་བསྟན་གསུངས།  །

བྱམས་ཆོས་ལྔ་ཡི་དང་པོ་མངོན་རྒྱན་གྱིས།  །སྙིང་པོ་བཤད་པ་ཐམས་ཅད་སྟོང་ཉིད་ཀྱི།  །རོ་གཅིག་ཉིད་དུ་བཤད་དང་སེམས་ཅན་ཀུན།  །སྙིང་པོ་ཅན་དུ་བཤད་པ་དོན་གཅིག་བཞེད།  །དེ་ཕྱིར་ཐལ་རང་རྣམས་ཀྱིས་རྗེས་དཔག་གིས།  །དཔྱད་པའི་མེད་དགག་ཙམ་གྱི་སྟོང་ཉིད་ནི།  །རང་གཞན་བདག་འཛིན་བཟློག་པའི་ཚུལ་ཤེས་ནས།  །ངེས་དོན་མཐར་ཐུག་གཞན་སྟོང་བཞེད་གྱུར་པ།  །རང་གཞུང་དབུ་མའི་མན་ངག་རྣམས་ཀྱིས་འགྲུབ།  །དེ་ཕྱིར་གཞན་སྟོང་སེམས་ཙམ་ཡིན་གྱུར་ན།  །དེ་རྣམས་ཐམས་ཅད་སེམས་ཙམ་ཉིད་འགྱུར་བས།  །དེ་ཡི་གཞུང་དང་མན་ངག་དང་བཅས་པ།  །དབུ་མར་ཞལ་བཞེས་མཛད་པ་དོན་མེད་འགྱུར།  །དཔྱད་པས་རྙེད་པའི་སྟོང་ཉིད་མེད་དགག་གིས།  །རྣམ་ཀུན་མཆོག་ལྡན་ཉིད་དུ་མི་རུང་དང༌།  །ཤེར་ཕྱིར་གཞུང་ལས་མེད་དགག་སྟོང་པ་ཉིད།  །གཅིག་པུར་བསྟན་པས་མ་ཁྱབ་ཡུམ་ཆེན་མོར།།  སེམས་དེ་ནི་སེམས་མ་ཡིན་ཏེ།   སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ནོ།   །ཞེས་གསུངས་འཁོར་བའི་སེམས་དང་སེམས་བྱུང་ལས།  །འདས་པའི་འོད་གསལ་སེམས་གསུངས་དེ་ཡི་ཕྱིར།  །ཟུང་འཇུག་སྐུ་ཡང་སེམས་ཀྱི་རྡོ་རྗེ་དང༌།  དེ་ཉིད་འོད་གསལ་སེམས་དང་གཉིས་མེད་ཀྱི།  །ཡེ་ཤེས་གཤེགས་སྙིང་ཟབ་གསལ་གཉིས་མེད་སོགས།  །དོན་གཅིག་ཉིད་དུ་སྤྱོད་བསྡུས་ཨཱརྻ་དེ་བའི་ཆསྒྲོན་མར་བཤད།  །དོན་ཀུན་དགོངས་པ་འདི་ཡི་ཕྱོགས་སུ་འབབ།  །དུས་ཀྱི་འཁོར་ལོར་མེད་དགག་སྟོང་པ་ཉིད།  །བེམ་སྟོང་དུ་གསུངས་རྣམ་ཀུན་མཆོག་ལྡན་གྱི།  །སྟོང་ཉིད་ཕྲ་ཕབ་ལྟ་བུར་གསུངས་པ་ཡིན།།  དེ་ཡང་དྲི་མེད་འོད་ལས།  ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་རྣམས་ངེས་པར་མཐོང་ལ།  རང་གི་སེམས་ཀྱིས་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ།  རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ།  ནང་གི་བདེ་བ་རང་རིག་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ།  ཕྱི་རོལ་གྱི་དབང་པོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ།  ཞེས་དང༌། 

རྡོ་རྗེ་སྙིང་འགྲེལ་ལས།  རྣམ་པ་ཐམས་ཅད་མཆོག་ལྡན་པའི།  །སྟོང་ཉིད་དང་པོ་རྒྱུ་ཡིན་ཏེ།  །ཞེས་གསུངས་སྔགས་ཀྱི་སེམས་འགྲེལ་རྣམས་སུ་ཡང༌།  །སྙིང་པོའི་ཡེ་ཤེས་འདི་ཉིད་ཁོ་ནར་

བཞེད།  །དྭགས་པོས་བཞེད་པའི་གནས་ལུགས་ཕྱག་ཆེན་ཀྱང༌།  །སྔགས་ཀྱི་མིང་བཏག་ངོ་བོ་ཕར་ཕྱིན་ཏེ།  །ཡེ་ཤེས་གྲགས་པས་དེ་ཉིད་འཇུག་པར་ཡང༌།།  ཡུམ་ཤེས་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་བའི་འགྲེལ་བར་ཡང་འདི་དང་མཚུངས་པར་བཤད་དོ།།  ཆརབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ།  དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།།  བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ།  བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཉིད་དོ།།  དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ།  དོན་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྒྲུབས་པར་བྱའོ།།  ཞེས་དང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཏོགས་པ་ཐེག་པ་གཞན་འདི་ན་ཡོད་པ་མ་ཡིན་ནོ།།

ཞེས་གསུངས་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི།  །བཀའ་བསྟན་ཡོངས་ཀྱི་བསྟན་པའི་སྙིང་པོའི་དོན།  །ངེས་དོན་དབུ་མའི་ལྟ་བ་མ་ནོར་བ།  །དབང་རྣོན་ཚོགས་བསགས་བླ་མའི་མན་ངག་དང༌།  །བསྒོམས་པས་ཉམས་མྱོང་ཁོ་ནས་རྟོགས་པ་ལས།  །ཚིག་ལ་རྩོད་དང་རིགས་པས་དཔྱད་པ་ཡིས།  །ཇི་བཞིན་མི་རྟོགས་དགོངས་འགྲེལ་མདོ་ལས་ཀྱང༌།  །དོན་དམ་འཇིག་རྟེན་ལས་འདས་བརྟགས་པ་དང༌།  །རྗེས་སུ་དཔག་དང་རྩོད་པས་རྟོགས་མི་ནུས།  །རྟོག་གེ་ལས་འདས་མཆོག་ཏུ་ཕྲ་ཞིང་ཟབ།  །སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ།  །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ།  །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ།  །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད།  །ཞེས་གསུངས་དཔལ་གྱི་མགུར་ནས་ཚངས་བའི་དབྱངས།  །སེངྒེའི་ང་རོ་བསྙོན་དུ་མེད་པར་བསྒྲགས།  །གཞན་ཡང་རྟོག་བཅས་རྟོག་མེད་ཤེས་པ་ཡིས།  །དོན་དམ་རྟོགས་པར་མི་འགྱུར་བྷ་བྱས་གསུངས།།  ཞེས་དང༌།  ཞི་བ་ལྷས།  དོན་དམ་བློ་ཡི་སྤྱོད་ཡུལ་མིན།  །བློ་ནི་ཀུན་རྫོབ་ཡིན་པར་འདོད།།  ཅེས་གསུངས།  དེ་ཕྱིར་དེ་ཡིས་འཁོར་

བའི་བཅིང་གྲོལ་གྱི།  །གཞིར་གྱུར་ཤེས་དང་རྒྱུ་ཡི་ཐེག་པ་རུ།   །གཞི་ལ་ལམ་གྱིས་དྲི་མ་སྦྱོང་ཚུལ་དང༌།   །སྙིང་པོའི་དོན་ཉིད་མུ་སྟེགས་ཀྱིས་བརྟགས་པའི།  །བདག་དང་མི་འདྲའི་ཚུལ་ཉིད་རྟོགས་པ་དང༌།  །འཁོར་ལོ་དང་པོ་གཉིས་སུ་སངས་རྒྱས་ཀྱི།  །སྙིང་པོའི་རྣམ་བཞག་གསལ་བར་མ་གསུངས་

པའི།  །དགོས་པ་ལ་བསམ་སྙིང་པོའི་དོན་ཉིད་དུ།  །བཟུང་དགོས་ཁྱད་པར་རང་རེ་གསང་སྔགས་པས།  །རྒྱུ་ཡི་རྒྱུད་སོགས་གསུམ་གྱི་རྣམ་བཞག་དང༌།  །རིམ་གཉིས་བསྒྲུབ་པའི་གཞི་དང་རྒྱུ་འབྲས་ཀྱི།  །ཐེག་ཆེན་ཐུན་མོང་ལ་གྲགས་གནས་འགྱུར་གྱི།  །རྣམ་བཞག་རྣམས་དང་སྦྱང་གཞི་སྦྱོང་བྱེད་དང༌།  །རྫོགས་ཆེན་ཕྱག་ཆེན་ལ་སོགས་གདམས་ངག་གི  །རྣམ་བཞག་ཇི་སྲིད་བྱེད་པ་དེ་སྲིད་དུ།  །གཞན་སྟོང་དབུ་མའི་ལུགས་ལས་འདའ་བ་མིན།   །

དེ་ཕྱིར་འཁོར་ལོ་ཐ་མའི་གཤེགས་སྙིང་ལ།  །རྫོགས་ཆེན་པ་རྣམས་ཀུན་བྱེད་རྒྱལ་པོའི་སྒྲས།  །བཏགས་པ་སྲིད་ཞིའི་ཁམས་སུ་མཉམ་བཞུགས་ཤིང༌།  །དེ་ཡི་རྩལ་སྣང་འཁོར་བ་ལྟར་ཤར་ཀྱང༌།  །འཁོར་བ་ཡིན་པས་ངན་དུ་མ་སོང་ཞིང༌།  །མྱང་ངན་འདས་པས་བཟང་དུ་མ་སོང་བས།  །ལྟ་བ་འཁོར་འདས་དབྱེར་མེད་བཞེད་པ་ཡིན།  །འབྲས་བུ་ཡོན་ཏན་མ་བཙལ་གཞི་ལ་རྫོགས།  །ཡང་ན་ཆོས་ཀུན་རང་བྱུང་དབྱིངས་སུ་རྫོགས།  །དེ་ཡི་གོང་ན་ཐོབ་བྱ་གཞན་མེད་པས།  །ཆེན་པོའི་སྒྲས་བསྟན་རྫོགས་པ་ཆེན་པོར་གྲུབ།  །ཡེ་ཤེས་ཞབས་ཀྱི་འཇམ་དཔལ་ཞལ་ལུང་ལས།  །རྫོགས་པ་ཆེན་པོ་ཡེ་

ཤེས་སྤྱི་ཡི་གཟུགས།  །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ།  །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས།  །སྡུག་བསྔལ་ལམ་བཅས་བསྐལ་བ་གསུམ་དུ་ཡང༌།  །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས།  །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ།  །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་བསྒོམ།  །ཞེས་གསུངས་གཉིས་ཆོས་མཐའ་དག་འཁྲུལ་སྣང་བཞེད།  །ཀུན་རྫོབ་ཆོས་ཀུན་ལྟ་བའི་ཡུལ་དུ་མེད།  །བླང་དོར་སྤྱོད་པའི་མཚན་མར་འཛིན་པ་མེད།  །གཤིས་ལ་བྱ་བ་བྲལ་བའི་གྲུབ་མཐའ་སྟེ།  །དེ་ཡི་ལྟ་བ་ཡིན་ལུགས་སྐྱོང་བ་ལ།   །སྒོམ་ཞེས་བྱ་བའང་དམིགས་པ་ཉིད་ཀྱི་ཚིག  །ཡིད་བྱེད་བཀག་པ་རྫོགས་ཆེན་ལུགས་སུ་མེད།  །རྫོགས་ཆེན་ཡིད་བྱེད་སྤངས་བས་ཧྭ་ཤང་དང༌།  །མཐུན་ཞེས་བོད་ཀྱི་མཁས་

རློམས་རྣམས་གསུངས་མོད།   །ཡིད་བྱེད་སྤངས་པ་དབུ་མའི་མན་ངག་ལུགས།། 

ཇི་སྐད་དུ་ཀ་མ་ཤཱི་ལའི་སྒོམ་རིམ་དུ།  ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག  ཅི་ལ་ཡང་སེམས་པ་མེད་པ།  ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ།  ཞེས་གསུངས་ལས་དང་པོ་ཡི་ཞི་ལྷག་གི  །སྒོམ་ཚུལ་ཧྭ་ཤང་ལུགས་སུ་མི་འགྱུར་རམ།  །འབྲས་བུ་རེ་དོགས་མེད་པ་རྫོགས་ཆེན་ལུགས།  །རེ་དོགས་མེད་པའི་དབྱིངས་སུ་འབྲས་བུ་རྫོགས།  །གཞན་དུ་མ་ཧཱ་ཡོ་གའི་བསྐྱེད་རིམ་ཡང༌།  །སྣང་སྲིད་གཞིར་བཞེངས་གདོད་ནས་དཀྱིལ་འཁོར་དུ།  །སྒྱུ་འཕྲུལ་དྲྭ་བ་རྣམ་པ་ཐམས་ཅད་པའི།  །རྟེན་དང་བརྟེན་པར་གཞལ་ཡས་ཁང་ལྷ་ཆགྲུབ་ལ་གསལ་གདབ་ཙམ།  །འདི་དང་འདུས་པ་གསང་འདུས་ཆལ་སོགས་རྒྱུད་སྡེ་དང༌།  །རྫོགས་ཕྲེང་ལ་སོགས་རྣལ་འབྱོར་ཆེ་རྣམས་མཐུན།  །ཨ་ཏིའི་ལུགས་སུ་བསྐྱེད་རིམ་སྤྲོས་པ་མེད།  །ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ།  །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན།  །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན།  །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན།  །སྒྲོ་དང་བསྐུར་བ་འདེབས་པའི་ཚིག་ཡིན་ཏེ།  །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད།  །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡང༌།  །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས།  །ཞེས་སོགས་ཀུན་བྱེད་ལས་གསུངས་ཀྱཻ་རྡོར་ལས།  །སྒོམ་མེད་སྒོམ་པ་པོ་ཡང་མེད།  །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན།  །ཞེས་གསུངས་འདི་རྣམས་མཐར་ཐུག་དགོངས་པ་གཅིག  །

དེ་ལྟའི་ལྟ་བ་ཇི་བཞིན་རྟོགས་གྱུར་ན།  །ལྷ་དང་སྔགས་སོགས་སྤྲོས་པ་ཅན་མི་དགོས།  །ཡེ་ནས་རང་བྱུང་དག་པའི་དཀྱིལ་འཁོར་ལ།  །རྒྱུ་དང་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ།  །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ནས།  །འཕྲོ་འདུའི་བདག་ཉིད་ལྷུན་གྱིས་འགྲུབ་པར་ལྟ།  །ཞེས་གསུངས་དེ་མཚུངས་ཀྱཻ་ཡི་རྡོ་རྗེ་ལས།  །སྤྲོས་པ་མེད་པའི་རང་བཞིན་ལ།  །ལྷ་དང་སྔགས་ནི་རྣམ་པར་གནས།  །ཞེས་གསུངས་དེ་ཕྱིར་ཡོ་ག་རྣལ་འབྱོར་ལ།  །ཨ་ཏི་ཤིན་ཏུའི་སྒྲས་བསྟན་དེའི་བླ་ན།  །རྫོགས་རིམ་གཞན་མེད་ཤིན་ཏུ་རྣལ་འབྱོར་འདོད།  །དེ་ཕྱིར་རྫོགས་པ་ཆེན་པོའི་བཞུགས་ཚུལ་དང༌།   །གཞན་སྟོང་དབུ་མ་ཆེན་པོ་གཅིག་ཏུ་མཐུན།  །འཕགས་པའི་ཡུལ་དུ་སློབ་དཔོན་ཀླུའི་ཞབས་དང༌།  །འཕགས་ལྷ་ཟླ་གྲགས་སློབ་དཔོནབྷ་བྱ་དང༌།  །ཐོགས་མེད་སྐུ་མཆེད་བློ་བརྟན་ཕྱོགས་གླང་དང༌།  །ཆོས་སྐྱོང་ཆོས་གྲགས་མཻ་ཏྲི་ཤནྟི་པ།  །ཙནྡྲ་གོ་མི་སེང་བཟང་ཡེ་ཤེས་ཞབས།  །པད་འབྱུང་བིརྭ་པ་དང་གསེར་གླིང་པ།  །དམ་པ་རྒྱ་གར་ཨཱ་ཙཱར་དམར་པོ་སོགས།  །ངེས་དོན་པཎ་གྲུབ་ཐམས་ཅད་གནས་སྐབས་ཀྱི།  །དགོས་དབང་ཙམ་ལས་མཐར་ཐུག་གཞན་སྟོང་དུ།  །བཞེད་པ་ཡིན་ཞིང་བོད་འདིར་སྔོན་བྱོན་པའི།  །མར་མི་དྭགས་གསུམ་ཕག་གྲུ་རྗེས་འབྲང་བཅས།  །གཞན་སྟོང་དབུ་མ་ཁོ་ན་བཞེད་པར་མཛད།  །ཀརྨའི་བཀའ་བརྒྱུད་རྣམས་ཀྱང་དེ་དང་མཚུངས།  །

ཁྱད་པར་རང་བྱུང་ཞབས་ཀྱིས་རྩལ་བཏོན་ནས།  །ལེགས་པར་བཤད་པས་འདི་ཉིད་གསལ་མཛད་ཅིང༌།  དོལ་བུ་ཇོ་ནང་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན། ཆཤེར་རྒྱལ་ལུང་བསྟན་སློབ་མ་ཡིན།  །འདི་ནས་རྗེ་བཙུན་ཏཱ་ར་ནཱ་ཐ་ཡན།  །ཇོ་ནང་པ་ཞེས་གཞན་སྟོང་བསྟན་པའི་བདག  །རིམ་བྱོན་ལྟ་བའི་ཡིག་ཆ་མང་དུ་མཛད།  །མི་བསྐྱོད་རྡོ་རྗེ་འགྲོ་མགོན་གཡུ་བྲག་པས།  །བྱིན་རླབས་ཐལ་འགྱུར་དགོངས་པ་རྟོགས་ཞེས་གསུངས།  །དེ་བྱོན་ཚུན་ཆད་ཀརྨའི་བཀའ་བརྒྱུད་རྣམས།  ཕལ་ཆེར་ཆོས་སྐད་ཐལ་འགྱུར་བཞེད་པ་ཡིན།  །ཀུན་འཁྱེན་ཆེན་པོ་ཆོས་ཀྱི་འབྱུང་གནས་ལ།  །གོང་མའི་བཞེད་པའི་གཞན་སྟོང་རང་ངོ་སྤྲོད།  །དམ་གཙང་བྱམས་གསུམ་སློབ་མའི་ཚོགས་དང་བཅས།  །ཀུན་མཁྱེན་དྲི་མེད་འོད་ཟེར་ལ་སོགས་པ།  །སྨིན་གླིང་སྐུ་མཆེད་རིག་འཛིན་འཇིགས་མེད་གླིང༌།  །ལ་སོགས་རྙིང་མ་རང་ངོ་ཤེས་རྣམས་ཀྱིས།  །རྫོགས་ཆེན་ལྟ་བ་འདི་དང་མཚམས་སྦྱོར་མཛད།  །དེ་ཕྱིར་དེ་ཁོ་ན་ཉིད་མཆོག་བཟུང་ནས།  །རང་སྟོང་པ་ལ་སྐུར་གདབ་མི་འཚལ་ཏེ།  །སོ་སོའི་བཞེད་ཚུལ་སྟོང་ལུགས་གཉིས་པོ་འདིར།  །ལྟ་བའི་འཇོག་མཚམས་འགལ་བ་མི་འདུ་ཞིང༌།  འཕགས་པ་རྣམ་གཉིས་ནང་འགལ་མི་སྲིད་པས།  །གཞན་སྟོང་སྨྲ་རྣམས་མཉམ་བཞག་སྒོམ་པའི་ཚེ།  །སྤྲོས་མཚན་འགོག་པ་རང་སྟོང་པ་ལྟར་མཛད།  །

རང་སྟོང་སྨྲ་རྣམས་སྒོམ་དང་སྤྱོད་པའི་ཚེ།  །གཞན་སྟོང་དང་མཐུན་ཚོགས་གཉིས་བསགས་པའི་ཚེ།  །གཉིས་མེད་ཡེ་ཤེས་ཡོངས་གྲུབ་མིང་ཅན་དེ།  ཡོད་པར་ཞལ་བཞེས་གཞིར་བཞག་སྤྱོད་པར་འཇུག  །དེ་ཕྱིར་གྲུབ་མཐའ་བཞི་ཡི་རྩེ་མོ་རུ།  །གྱུར་བའི་དབུ་མར་ཁྱད་པར་མེད་བཞེད་པ།  །གསེར་མདོག་པཎ་ཆེན་ཤཱཀ་མཆོག་ལེགས་པར་བཤད།  །རྒྱལ་བས་ལུང་བསྟན་རིན་འབྱུང་ཞི་བ་དང༌།  །ཉི་མ་སྦས་པ་ངག་དབང་གྲགས་པ་དང༌།  །མཻེ་ཏྲི་པ་དང་ཨ་ཏི་ཤ་ལ་སོགས།  །དབུ་མ་རྣམ་གཉིས་འགལ་མེད་བཞེད་པ་ཡིན།  །ས་པཎ་ངོ་བོ་ཉིད་མེད་རང་སྟོང་སྨྲ་བའི་དབུ་མ། ཆབཞེད་ན་ཡང༌།  །རང་བཞེད་མཐར་ཐུག་སྙིང་པོའི་ཡེ་ཤེས་ཀྱི་བཞུགས་ཚུལ་རྒྱས་པར་གསུངས་པས་འཁོར་ལོ་ཐ་མར་མཐུན།   ཆབདག་མེད་བསྟོད་འགྲེལ་ཏེ།  །

གཞན་དུ་བརྟག་གཉིས་རྡོ་རྗེའི་སྙིང་འགྲེལ་སོགས།   །རྒྱུད་འགྲེལ་ལམ་སྐོར་ལམ་འགྲེལ་བཅས་རྣམས་ཀྱིས།  །རྒྱུ་རྒྱུད་ལམ་རྒྱུད་འབྲས་རྒྱུད་དབྱེ་བ་དང༌།  །སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམ་གསུམ་དང༌།  །རྒྱུ་ཡི་རྡོར་འཛིན་དང་པོའི་སངས་རྒྱས་སོགས།  །རང་བཞེད་སྔགས་ཀྱི་བསྐྱེད་རྫོགས་སྨིན་གྲོལ་ལམ།  །མ་ལུས་གཞན་སྟོང་དབུ་མ་ལས་མི་གཉིས།  །གཞན་སྟོང་མིང་ཙམ་ཐུགས་ལ་མ་ཤོང་

ནས།  །རང་སྟོང་མཐར་ཐུག་བཞེད་ན་མེད་དགག་དང༌།  །སྔགས་སུ་བཤད་པའི་སྦྱང་གཞི་ཡོད་པ་འགལ།  །དེ་བས་སྦྱོང་བྱེད་སོགས་ཀྱི་དགོས་པ་ཅི།  །ལྟ་བའི་སྐབས་སུ་གང་ཡང་མེད་མོད་ཀྱི། །སྔགས་སུ་སྤྱོད་དུ་སྔགས་ལྟར་ཡོད་གསུངས་ན།  །དེ་དག་ལྟ་བའི་འཇོག་མཚམས་འགྲིག་མི་འགྱུར།  །ཞེས་སོགས་རིགས་པ་དུ་མས་བསྒྲུབས་པར་མཛད།  །

རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡིས།  །གྲུབ་ཆེན་ཕྱག་རྡོར་པ་ལས་ལམ་རིམ་དང༌།  །སྙན་བརྒྱུད་གདམས་ངག་མང་གསན་དེ་ཉིད་ཀྱིས།  །གྲུབ་ཆེན་པ་ལ་ཕུལ་བའི་ཞུ་ཡིག་ཏུ།  །སྔགས་དང་ཕར་ཕྱིན་ཉམས་ལེན་སྙན་བརྒྱུད་ཁྱད།  །ཚིག་དང་ཡི་གེ་ཙམ་གྱི་གྱ་ཚོམ་དུ། །ལྟ་བའི་ཕྱོགས་བཟུང་ཉམས་ལེན་མི་བྱེད་པར།  །རྩོད་པ་ཁོ་ན་ལྷུར་ལེན་ཆགས་སྡང་གིས།  །བློ་མིག་བསྒྲུབས་པས་ཚུལ་བཞིན་འབྱུང་བར་དཀའ།  །ཞེས་གསུངས་གྲུབ་ཆེན་དྲུང་དུ་རྗེ་དེ་ཡིས།  །ལྟ་བའི་གནད་འགགས་སྒྲོ་འདོག་ཀུན་གཅོད་པར།   །ཞུས་པས་ཡི་དམ་ཕྱག་ན་རྡོ་རྗེ་ཡིས།  །ལན་གསུང་ཞུས་ལན་བདུད་རྩིའི་སྨན་མཆོག་ཏུ། །གསང་བདག་གི་ཞལ་ནས།  ཡབ་ཀུན་ཏུ་བཟང་པོའི་དགོངས་པ།  ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ།  རྡོ་རྗེ་འཛིན་པ་བདག་གི་གསང་ཚིག  སྨན་ཆེན་པོ་བསྒྲུབ་པ་ལ།  སེམས་ཉིད་འོད་གསལ་རྩད་ཆོད་ཅིག  ཅེས་གསུངས་སོ།།  དེ་སོགས་རྫོགས་ཆེན་རང་སྐད་དང་མཚུངས་པའི།  །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་

པོ་ཡི།  །སྐྱོན་གོལ་སྤང་དང་ཉམས་སུ་བླང་བྱ་སོགས།  །རྫོགས་ཆེན་ཁྲིད་ལའང་འདི་ལས་ལྷག་པ་མེད།  གཞན་ཡང༌།  ལས་ཀྱི་རྡོ་རྗེ་བླ་མའི་མཆོག  །བློ་བཟང་གྲགས་པ་སློབ་མའི་མཆོག  །བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག  །ཅེས་གསུངས་ལམ་རིམ་ཚིག་དང་ལྟ་བ་སོགས།  །དོན་གྱི་ཆོས་དང་བརྒྱུད་ཕུགས་འདི་

ལ་ཐུག  །འདི་ལའང་ཕྱོགས་རིས་དབང་གིས་ཆེན་པོ་འགས།  །མ་དག་གསུངས་མོད་ཆོས་ཕུགས་མ་དག་པའི།  །རྒྱུན་ལས་དག་པ་འབྱུང་བ་སྲིད་པ་མིན།  །གྲུབ་ཆེན་བཞེད་པ་དོན་གྱིས་གཞན་སྟོང་ཡིན།  །རྗེ་ཡིས་ཕྱག་རྫོགས་ཞི་བྱེད་ལམ་འབྲས་དང༌།  །ཆོས་དྲུག་ན་རོ།  ནི་གུ་ལུགས་གཉིས་ལ་སོགས་གདམས་ངག་ཀུན།  །གསན་མོད་ཐལ་རང་གཉིས་སོགས་རང་རང་གི  །གཞུང་ལུགས་འཛུགས་སྐབས་དེ་དེའི་ཞལ་བཞེས་ལས།  །ལྟ་བ་གཞན་ཀུན་ནོར་བར་མི་བཞེད་ཅིང༌།  །ཐུགས་སྲས་གུང་རུ་རྒྱལ་མཚན་བཟང་པོ་ཡིས།  །རྗེ་ཡི་དགོངས་པ་ཕྱག་རྫོགས་དང་མཐུན་ཚུལ།  །གསུང་ངག་རིན་པོ་ཆེ་རུ་གསལ་བར་གསུངས།  །དེ་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང༌།  །ནོར་བཟང་རྒྱ་མཚོ་ལ་སོགས་ཞལ་གཅིག་

པས།  །ཕྱག་རྫོགས་དགོངས་མཐུན་རང་བཞེད་སྙིང་པོ་ཡིན།  །

པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།  །ཕྱག་ཆེན་ཁྲིད་ཡིག་རྒྱལ་བའི་གཞུང་ལམ་འཛད།  །དབུ་མ་ཕྱག་རྫོགས་ལམ་འབྲས་ཞི་བྱེད་སོགས།  །མིང་འདོགས་མང་ཡང་ཉམས་ལེན་ཅན་རྣམས་ཀྱིས།  །དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཅེས་གསུངས།  །ངག་དབང་བློ་བཟང་རྒྱ་མཚོས་གནས་སྐབས་སུ།  །དགེ་སྤྱིའི་ལྟ་བ་བཞེད་ཀྱང་ངེས་དོན་དུ།  །རྫོགས་པ་ཆེན་པོར་ཐུགས་དམ་མཐིལ་དུ་མཛད།  །དེ་ཡི་ཁྲིད་ཡིག་ཞལ་ཤེས་མན་ངག་སོགས།  །རྫོགས་ཆེན་རང་སྐད་མནོག་ཆོས་དུ་མ་ཡོད།  །གཏེར་བདག་གླིང་པ་པདྨ་ཕྲིན་ལས་སོགས།  །རྙིང་བསྟན་འཛིན་རྣམས་རྗེ་དེའི་གསུང་

སྲས་ཡིན།  །ལྔ་བ་ཆེན་པོའི་ཡོངས་འཛིན་མཆོག་གྱུར་ཅིང༌།  །བྱང་ཆུབ་ལམ་རིམ་བརྒྱུད་པའི་གཙོར་བཞུགས་པའི།  །ཕ་བོང་ཁ་བ་དཔལ་འབྱོར་ལྷུན་གྲུབ་ཀྱིས།  །ཕྱག་རྫོགས་དབུ་གསུམ་སྤྱི་ཁྱབ་ཁྲིད་ཡིག་མཛད།  །དེ་སོགས་དགེ་ལུགས་བསྟན་འཛིན་མཆོག་རྣམས་ཀྱིས།  །བཞེད་པའི་སྙིང་པོ་དོན་གྱིས་

མདོ་འདིར་འདུས།  །དགེ་ཕྱོགས་ཕྱི་མས་གོང་མའི་གསུང་རབ་ལ།  །དཔྱད་པར་མ་བྱས་རྟོགས་གེའི་བློ་གྲོས་ཀྱིས།  །ཟབ་མོའི་གནས་ལ་སྐུར་བཏབ་ཉམས་ལེན་བྲལ།  །ཆོས་སྤོང་འགྱུར་ཕྱིར་རྗེ་ཡིས་གྲུབ་ཆེན་ལ།  །ཞུ་ཡིག་ཕུལ་བའང་འདི་ལྟ་བུ་ལ་དགོངས།  །རང་ལུགས་འཛིན་པ་མཆོག་ཏུ་དར་རྒྱས་པ།  །སྔ་རབས་རྗེ་བཙུན་མཆོག་རྣམས་བཀའ་དྲིན་ལས།  །བྱུང་ཡང་རང་བསྟོད་གཞན་སྨད་བབ་འདོད་

ཀྱིས།  །གོང་མའི་གསུང་རབ་མཐོང་བཞིན་ཁྱད་གསོད་པའི།  །ཕ་བསད་རྒྱལ་རྔ་རྡུང་བའི་རྗེས་འཇུག་མང༌།  །

ཆོས་འཁོར་གསུམ་གྱི་དྲང་ངེས་དབྱེ་བ་ཡང༌།  །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར།  །ནོར་བུ་མཁན་གྱིས་ནོར་བུ་སྦྱོང་པའི་དཔེས།  །གདུལ་བྱ་རྨོངས་འགྱུར་ཐབས་སུ་མ་བསྟན་ནམ།  །གལ་ཏེ་ཆོས་འཁོར་ཐ་མ་དྲང་དོན་ན།   །ངེས་དོན་རྒྱུ་ཡི་ཆོས་འཁོར་བཞི་བ་ཞིག  །ཡོད་དམ་མེད་ན་གཉིས་པའི་མེད་དགག་དེ།  །ཐ་མས་མ་ཡིན་དགག་ཏུ་འཁྲུལ་བསྐྱེད་ཅིང༌།  །སྟོན་པས་ལེགས་པར་རྣམ་པར་མ་ཕྱེ་བས།  །རྗེས་སུ་གདུལ་བྱའི་ཉམས་ལེན་གང་ལ་འཆའ།  །གཞན་ཡང་བློ་རིམ་བཞིན་དུ་འཁོར་ལོ་གསུམ།  །གོ་རིམ་གྱིས་ཀྱང་ཕྱི་མ་མཐར་ཐུག་ཏུ།  །རིགས་པས་འགྲུབ་ཅིང་འཇིག་རྟེན་འཁྲུལ་ངོ་ལ།  །ལྟོས་པའི་ལས་འབྲས་ཚུལ་དང་བདག་འཛིན་གྱི།  །སྤྲོས་པ་ཟློག་པའི་ཆོས་ཀྱིས་ཁ་དྲངས་ནས།  །ཕྱིས་ནས་ཟབ་མོའི་གནས་ལུགས་འདོམས་པ་གང༌།  །རྒྱལ་བ་རྣམས་ཆོས་སྟོན་ཚུལ་བླ་ན་མེད།  །གང་དག་ཟབ་པ་སྔོན་བསྟན་གདུལ་བྱ་རྣམས།  །ཟབ་པས་ཁ་དྲངས་ཕྱིས་སུ་མི་ཟབ་པ།  །སྟོན་པ་ཤེས་བྱར་སྲིད་པ་མིན་པའི་གཏམ།  །དྲང་ངེས་སྟོན་པའི་གོ་རིམ་ཤིན་ཏུ་འཁྲུགས།  །གཞན་ཡང་

མུ་སྟེགས་བདག་ནི་བདག་ལྟ་ཡི།  །མཚན་ཉིད་ཅན་ཏེ་འདི་ནི་སྤྲོས་ལས་འདས།  །མུ་སྟེགས་ཚད་སོགས་དངོས་མཚན་ཆོས་དང་སྦྱོར།  །འདི་ནི་རང་སྟོང་གཉིས་མེད་བརྗོད་དང་བྲལ།  །ཆོས་ཉིད་འོད་གསལ་མངོན་སུམ་རྟོགས་པའི་ཚེ།  །བདག་གཉིས་སྤངས་པའི་ཕ་རོལ་ཕྱིན་པ་སྟེ།  །བདག་ལྟའི་གཉེན་པོར་འགྱུར་རོ་རྒྱུའི་ཐེག་པར།  །རང་རིག་འགྱུར་མེད་ངོ་བོ་དེ་བཞིན་ཉིད།  །གཙང་རྟག་བདེ་བའི་བདག་ཉིད་ཅན་དུ་གསུངས།  །སྔགས་སུ་རྡོ་རྗེའི་བདག་དང་འོད་གསལ་བའི།  །ཟུང་འཇུག་ཉེར་ལེན་སེམས་ཀྱི་རྡོ་རྗེ་ལ།  །བཤད་མོད་དེ་ཕྱིར་དེ་དག་མུ་སྟེགས་པའི།  །བདག་མཚུངས་སྨྲ་བའི་སྙིང་ཁམས་ཆེན་པོ་ཅན།  །དེ་རྣམས་ཐུབ་མཆོག་བསྟན་ལས་ཕྱིར་ཕྱོགས་སོ།  །

ཐོགས་མེད་བཞེད་པ་གལ་ཏེ་སེམས་ཙམ་ན།   །ངེས་དོན་གསན་ཡུལ་མ་རྙེད་བྱ་རྐང་རིར།  །བྱམས་པ་བསྒྲུབས་པས་གྲུབ་ཅིང་དགའ་ལྡན་ཏུ།  །བརྟོལ་བའི་ས་བཅུའི་དབང་ཕྱུག་མ་ཕམ་པ།  །ངེས་དོན་ཆོས་ཀྱིས་ཕོངས་བས་ཐོགས་མེད་ལ།  །སེམས་ཙམ་གྲུབ་མཐའ་བསྟན་ཞེས་སྨྲ་ན་སྨྲོས།  །དེ་མིན་དྲང་ངེས་འབྱེད་པར་ལུང་བསྟན་པའི།  །ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས།  །རྒྱལ་བས་གསུངས་བཞིན་ཐ་མ་ངེས་དོན་དུ།  །བཞག་ཅིང་དེ་ཚུལ་ལེགས་པར་བཤད་པ་ལ།  །མཐར་ཐུག་མིན་པར་སྨྲ་བ་རིགས་སམ་ཅི།  །གང་དག་མདོ་དང་སྔགས་ཀྱི་མཐར་ཐུག་དོན།  །འགལ་བར་མི་འདུ་གཅིག་པར་རྒྱལ་བས་བསྟན།  །དེ་ལྟ་མིན་ན་སྔགས་ཀྱི་ལྟ་བ་དེ།  །དབུ་མའི་ལྟ་ལས་ལྷག་གམ་ཡང་ན་དམན།  །ལྷག་ན་སངས་རྒྱས་པ་ལ་བཞི་བ་དང༌།  །ལྔ་བ་ཐུབ་པའི་དགོངས་པ་མིན་དང་འགལ།  །དམན་ན་ཚེ་གཅིག་སངས་རྒྱས་འགྲུབ་བྱེད་པའི།  །ལྟ་བ་ཟབ་མོ་སེམས་ཙམ་ཉིད་དུ་འགྱུར།།  དེས་ན་གཟུང་ཡུལ་བདེན་པར་མ་གྲུབ་(གཟུང་དོན་རྟོག་པ་སྤོང་ཕྱིར་དང༌།  འཛིན་པ་མི་སྤོང་ཕྱིར་དང་ནི།  སོགས་དྲན་ནམ་ཆ)ཀྱང༌།  །འཛིན་རྣམ་བདེན་གྲུབ་འདོད་པའི་ཐབས་མཁས་ཀྱིས།  །ཇི་ལྟར་བསྒོམ་ཀྱང་རང་རྒྱལ་འབྲས་ཙམ་ལས།  འཕགས་མི་ནུས་ན་འདི་ཉིད་དེའི་ལུགས་སུ།  །སྨྲ་བ་བདུད་ཀྱི་ལས་སུ་ཤེས་པར་བྱ།  །

དེ་ཕྱིར་འཁོར་ལོ་ཐ་མ་ནས་བསྟན་ཞིང༌།  །མདོ་དང་རྒྱུད་ཀྱི་སེམས་འགྲེལ་སྐོར་དྲི་མེད་འོད།  རྡོ་རྗེ་སྙིང་འགྲེལ།  ཕྱག་རྡོར་སྟོད་འགྲེལ་གསུམ་རྒྱུད།  མདོ་བྱམས་ཆོས་ལྔ།གསུམ་དང༌།  །ཐོགས་མེད་ཀླུ་སྒྲུབ་ཡབ་སྲས་མཐར་ཐུག་གི  །བཞེད་པ་གཞན་སྟོང་དབུ་མ་ཆེན་པོ་དང༌།  །སྔགས་ཀྱི་རྒྱུད་སྡེའི་བསྐྱེད་རྫོགས་ཡིན་ནོ་

ཅོག  །རྣམ་གཞག་དགོངས་པ་གཅིག་ཏུ་མཐུན་པ་སྟེ།  །རྒྱུ་ཡི་ཐེག་པར་སེམས་ཉིད་རང་བཞིན་གྱིས།  །འོད་གསལ་བ་དང་ཚོགས་བརྒྱད་ཤེས་པ་སོགས།  །སྤྱི་ཙམ་བསྟན་ནས་དེ་དོན་མངོན་བྱེད་པའི།  །སྦས་དོན་རིམ་གཉིས་སྤྱི་དང་ཁྱད་པར་དུ།  །ཐུན་མོང་ལམ་གྱི་སྒོམ་པ་ཕྱག་ཆེན་དང༌།  །ཐུན་མོང་མ་ཡིན་ཟབ་མོའི་གནས་ལུགས་གནད།  །ལྟ་བ་གཏན་ཕབ་སྒོམ་པ་ལ་བཟླ་བ།  །གཅེར་མཐོང་ཅོག་

བཞག་གནད་ཀྱི་མེ་བཙའ་ཡིས།  །གཤིས་ལུགས་མངོན་གྱུར་ཀ་དག་ཁྲེགས་ཆོད་དང༌།  །འོད་གསལ་གཏན་དབབ་ལྷུན་གྲུབ་ཐོད་རྒལ་ཏེ།  །མཐར་ཐུག་དོན་ནི་རྫོགས་པ་ཆེན་པོར་བསྟན།  །དེ་ཕྱིར་ངེས་དོན་འཁོར་ལོ་ཐ་མར་གྲུབ།།  

སྨྲས་པ། གཏན་བདེའི་རྩ་བ་ཐུབ་མཆོག་མདོ་སྔགས་བསྟན།  །དེ་དག་སྙིང་པོ་ལྟ་སྒོམ་སྤྱོད་པའི་གནད།  །ཡིན་མོད་དེ་ཡང་སྣ་ཚོགས་འདོད་མང་གིས།  །ལོ་མའི་ཕུང་བོས་སྒྲིབ་པའི་འབྲས་བཟང་བཞིན།  །སྣ་ཚོགས་ཆོས་སྒོ་གྲངས་མེད་གདུལ་བྱའི་སེམས།  །འདུལ་ཐབས་གང་ཞིག་ལམ་གྱི་མདོ་འགག་གཅིག  །དེ་ཕྱིར་མདོ་སྔགས་མཐར་ཐུག་གང་ཡིན་པ།  །གཅིག་ཏུ་འགལ་མེད་འདྲིལ་བ་གནད་དམ་པ།  །ལྟ་སྒོམ་གནས་ལུགས་ཇི་མི་སྙམ་དོར་ནས།  །ཟ་ཟིའི་གནས་ལ་གཡེང་བའི་བླུན་པོའི་མདུན།  །འདི་འདྲས་ཅི་བྱ་ཐོས་བསམ་སྙིང་པོ་ལ།  །དྲིལ་བའི་བློ་ལྡན་སྲིད་ན་དོན་གཉེར་འོས།  །མང་ཐོས་ཆང་གིས་མྱོས་པའི་གླང་པོ་ཞིག  །གསར་བྱུང་འདུ་འཛིའི་ཁེངས་རྒྱས་ཁྱུར་ལོངས་པས།  །ཡིད་ཀྱི་ཤིང་རྟ་འདྲེན་པའི་སྐབས་བྲལ་སྙམ།  །སྙོམ་ལས་འཇམ་པོའི་མལ་དུ་གཉིད་ལོག་གོ  །འོན་ཀྱང་ཉུང་ངུས་དོན་རྣམས་གསལ་ནུས་པའི།  །ཁ་བྱང་ཙམ་ཡིན་གཞུང་ལུགས་དེ་དེར་གཟིགས།  །ལྡེ་མིག་ཙམ་འདིས་མདོ་སྔགས་སྒོ་ཕྱེ་ནས།  །ཡིན་ལུགས་ལྟ་བའི་ནོར་གྱིས་འབྱོར་བར་མཛོད།།

ཐེག་པ་ཆེན་པོ་(ལ་)དབུ་སེམས་གཉིས་ལས་ངེས་དོན་དབུ་མ་ཆེན་པོའི་ཚུལ་རྣམ་པར་ངེས་པའི་གཏམ་བདེ་གཤེགས་སྙིང་པོའི་རྒྱན་ཞེས་བྱ་བ་འདི་མང་དུ་ཐོས་པའི་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་དཔལ་བཟང་པོས་བཀའ་དང་བསྟན་བཅོས་དཔང་པོར་བཀོད་ནས་བྲིས་པ་སརྦ་མངྒ་ལཾ།།