ནང་ཆོས་ངོ་སྤྲོད།

ནང་ཆོས་ངོ་སྤྲོད།

རྒྱལ་དབང་བསྟན་འཛིན་རྒྱ་མཚོ།

ཕྱི་ལོ་ ༢༠༠༦ ལོའི་ཆོ་འཕྲུལ་དུས་ཆེན་གྱི་འཁྲུངས་རབས་གསུང་ཆོས་སྐབས་སུ་བསྩལ་བའི་བཀའ་ཆོས།  གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །
ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །
དམ་པའི་ཆོས་ནི་སྟོན་མཛད་པ། །
གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཆོས་བརྒྱུད་ཁག་གི་ལྟ་གྲུབ་དང༌། ཆོས་ཀྱི་ཕན་ཡོན་སྐོར། དེ་རིང་འདིར་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ནམ་རྒྱུན་ཆོ་འཕྲུལ་ཟླ་བའི་སྐབས་འདིར་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་མང་པོར་སྨོན་ལམ་ཆེན་མོའི་དུས་མཆོད་ཚུགས་ཀྱི་ཡོད་ལ། ང་རང་ཚོ་འདིར་བཙན་བྱོལ་བ་ཆགས་ཏེ་གནས་པའི་རིང་ལའང་སྨོན་ལམ་ཆེན་མོ་ལོ་བསྟར་ཆགས་སུ་འདི་ལྟར་ཚུགས་ཀྱི་ཡོད། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཚིགས་ཁྱད་པར་ཅན་ཡིན་པས། ནམ་རྒྱུན་སྔོན་གྱི་ཕྱག་སྲོལ་ལ་སྟོན་པའི་བཀའ་དྲིན་དྲན་པ་དང༌། སྟོན་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་རྒྱུར་སྐྱེ་རབས་འཆད་ཉན་བྱེད་པའི་ཕྱག་སྲོལ་ཡོད་པ་རེད། ད་ལན་འདིར་ང་རང་ཚོ་བོད་མི་གཙོ་བོར་གྱུར་པའི་བོད་དང་ཆོས་བརྒྱུད་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣ་ཡང་འཛོམས་ཡོད་ལ། དེ་བཞིན་སོག་ཡུལ་ནས་ཡོང་བའི་ཆོས་བྱེད་སེར་སྐྱ་གང་འཚམས་ཤིག་ཀྱང་འདིར་ཡོད་ཅིང༌། སོག་པོའི་ཡུལ་ཁག་ནས་ཡོང་བ་དེ་དག་ང་ཚོ་བོད་དང་ཆོས་བརྒྱུད་གཅིག་པ་ཆགས་ཡོད། དེ་མིན་རྒྱ་ནག་དང་ཐའེ་ཝན་སོགས་ནས་རྒྱ་རིགས་གང་འཚམས་ཤིག་ཀྱང་ཡོད་ལ། གཞན་ཡང་ཀོ་རི་ཡ་དང༌། ཉི་ཧོང༌། ཝི་ཏི་ན་མི་སི་ཡང་འགའ་ཞིག་ཡོད་པ་བཅས་སྟོན་པའི་རྗེས་འབྲངས་གཅིག་གྱུར་གྱི་ཆོས་ཞུ་བ་དེ་དག་ཡུལ་ཁག་མི་འདྲ་བ་ནས་འདི་ལྟར་འབྱོར་ཡོད་པ་རེད། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་ཅིང༌། ཕ་མེས་ནས་ཆོས་བརྒྱུད་མི་འདྲ་བ་ཡོད་པའི་ཡུལ་ཁག་ནས་ཡོང་བ་སྟེ། དེང་གི་དུས་སུ་འཛམ་གླིང་འདི་བཞིན་གཅིག་གིས་གཅིག་ལ་འབྲེལ་བ་བྱེད་རྒྱུ་ལས་སླ་ཞིང༌། ཕན་ཚུན་གྱི་གནས་ཚུལ་མང་པོ་ཞིག་ལས་སླ་པོའི་ཐོག་ནས་ཤེས་ཐུབ་ཀྱི་ཡོད། གནས་ཚུལ་དེའི་འོག་ནས་ཤར་ཕྱོགས་ཀྱི་ཆོས་བརྒྱུད་དེ་འདྲར་དོ་སྣང་སླེབས་པ་དང༌། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་ཡོང་གི་ཡོད། དེ་རིང་འདིར་ཁྱེད་རང་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཡུལ་ཁག་ནས་ཡོང་བའི་ཆོས་གྲོགས་གང་འཚམས་ཤིག་ཀྱང་ཡོད། དེར་བརྟེན་དེ་རིང་འདིར་སྟོན་པའི་རྗེས་དྲན་གྱི་དུས་ཆེན་འདིའི་ཐོག་ང་རང་ཚོ་འདིར་འཛོམས་པའི་སྐབས་སུ། ཐོག་མར་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་དེ་ངོ་སྤྲོད་རྟག་ཏུ་བྱེད་ཀྱི་ཡོད་ལ། དེ་རིང་ཡང་ཅུང་ཟད་ཞུས་ན་བསམ་པ་དྲན་བྱུང༌། འཛམ་གླིང་འདིའི་སྟེང་དུ་ཕལ་ཆེར་འདས་པའི་ལོ་སྟོང་ཕྲག་གསུམ་ཙམ་གྱི་དུས་ནས་ད་ལྟ་བར་ཆོས་ཚུལ་མང་པོ་ཞིག་བྱུང་ཡོད་ཅིང༌། ཆོས་ལུགས་འགའ་ཞིག་ཕལ་ཆེར་ནུབ་ཟིན་པ་དང༌། ཆོས་བརྒྱུད་མང་པོ་ཞིག་ད་ལྟའང་མུ་མཐུད་གནས་ཡོད། ཆོས་བརྒྱུད་ཀྱི་ནང་དུའང་སོ་སོས་དད་པ་བྱེད་ཡུལ་གྱི་ཆོས་དེའི་རྒྱབ་རྟེན་ལྟ་གྲུབ་ཀྱི་འགྲེལ་བཤད་རྒྱབ་རྒྱུ་ཡོད་པའི་རིགས་ཤིག་དང༌། དེ་ལྟ་བུའི་ལྟ་གྲུབ་ཀྱི་འགྲེལ་བཤད་དེ་ཙམ་རྩལ་འདོན་མ་བྱས་པར་ཐད་ཀར་དད་པ་བྱེད་པའི་ཐོག་ནས་འགྲོ་མཁན་གཅིག་བཅས་ཁག་གཉིས་ཡོད། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་དེ་དག་ལ་འགྲེལ་བཤད་རྒྱབ་རྒྱུ་ཡོད་པ་ཞིག་དང༌། དེ་གའི་གཞུང་གི་རྣམ་གཞག་ཡོད་སྟབས་ཟབ་པ་ཡོད་ལ། ཟབ་པ་ཡོད་པས་ན་རྣམ་དཔྱོད་ཅན་གྱི་མིས་དེར་དོ་སྣང་བྱེད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་དེ་དག་བརྟན་པ་གནས་ཀྱི་ཡོད། དེང་གི་དུས་སུ་ཆ་བཞག་ན། སྔོན་རྒྱ་གར་དུ་མུ་སྟེགས་པའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཡོད་པ་མང་པོ་ཞིག་དུས་ད་ལྟའང་རྗེས་འཇུག་ཉམས་ལེན་བྱེད་མཁན་ས་ཡ་མང་པོ་ཡོད་ལ། དེ་བཞིན་ཡེ་ཤུའི་ཆོས་དང༌། འཇིའུ་ཡི་ཆོས། ཁ་ཆེའི་ཆོས། པར་སིག་གི་ཆོས་ལྟ་བུ་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་མང་པོ་ཞིག་ད་ལྟ་འཛམ་གླིང་འདིའི་སྟེང་དུ་ཡོད་བཞིན་པ་རེད། དེ་དག་གིས་མི་མང་པོར་རེ་བ་སྦྱིན་མཁན་ཞིག་དང༌། དཀའ་ངལ་འཕྲད་སྐབས་སེམས་ཤུགས་སྤེལ་བའི་རྐྱེན་ཤུགས་ཆེན་པོ་ཞིག་བྱེད་ཀྱི་ཡོད། སྐབས་རེ་ཆོས་ལུགས་ཀྱི་དད་པ་གཅིག་པུ་དང༌། བསམ་བློ་འཁོར་རྒྱ་དོག་པོ་ཆགས་སྐབས་རྙོག་དྲ་ཡང་ཅུང་ཟད་ཡོང་གི་ཡོད། འོན་ཀྱང་སྤྱི་ཡོངས་ནས་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཡོད་བཞིན་པ་འདི་ལྟར་རེད།།

ཕྱི་དངོས་པོའི་ཡར་རྒྱས་ཀྱིས་ནང་སེམས་ཀྱི་དཀའ་ངལ་སེལ་མི་ཐུབ་ཚུལ།

ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་སླེབས་ཡོད་ལ། དངོས་པོ་ཡར་རྒྱས་ཧ་ལས་པ་ཕྱིན་དང་འགྲོ་བཞིན་པ་རེད། དངོས་པོ་ཡར་རྒྱས་ཕྱིན་པའི་རྗེས་འབྲེལ་གྱིས་མིའི་སྤྱི་ཚོགས་ནང་སྡུག་བསྔལ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད་ཅིང༌། མཐུན་རྐྱེན་མང་པོ་ཞིག་ཀྱང་བསྒྲུབས་པའི་ཐོག་ནས་སྤྱིར་བཏང་མིའི་འཚོ་བའི་མཐུན་རྐྱེན་མི་ཚེ་སྟབས་བདེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། འོན་ཀྱང་ཕྱི་དངོས་པོའི་ཡར་རྒྱས་ཞེས་པ་འདི་གཙོ་བོ་ང་རང་ཚོའི་ལུས་དང་འབྲེལ་བའི་ནད་ན་ཚ་དང༌། མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་དང༌། འགལ་རྐྱེན། སྡུག་བསྔལ་དེ་དག་སེལ་རྒྱུ་ཞིག་དང༌། ལུས་ཀྱི་བདེ་ཐང༌། དེ་བཞིན་མཐུན་རྐྱེན་འཛོམས་པོའི་འོག་མི་ཚེ་སྟབས་བདེ་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེ་ལས་གཞན་དུ། ནང་སེམས་ཀྱི་ཐོག་ནས་དཀའ་ངལ་འཕྲད་པ་དེར་ཕྱི་དངོས་པོའི་ཡར་རྒྱས་ཀྱིས་སེལ་མི་ཐུབ་པ་དེང་ཧ་ཅང་གསལ་པོ་ཆགས་ཡོད། དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་པོར་སླེབས་མཁན་ཚོའི་ནང་ལའང་ནང་སེམས་མ་སྐྱིད་པ་ཆགས་སྐབས། མི་ཚེ་དེ་ཧ་ཅང་མ་སྐྱིད་པ་ཞིག་ཡོང་གི་ཡོད། འབྱོར་ལྡན་མཐུན་རྐྱེན་གང་ཅིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་ཀྱང༌། ནང་བསམ་བློའི་ཐོག་ནས་མ་སྐྱིད་པ་ཆགས་ཏེ་སེམས་འཁྲུགས་པ་མང་པོ་ཞིག་ང་ཚོར་མཐོང་རྒྱུ་ཡོད། དེང་རྒྱ་ནག་སྐམ་ས་ཆེན་པོའི་ནང་ཆ་བཞག་ཀྱང༌། ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཤུགས་ཆེན་པོ་འགྲོ་ཡི་ཡོད། དངོས་པོ་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་དེང་སྐབས་རྒྱ་ཡི་སྤྱི་ཚོགས་ནང་དུའང་ཚོགས་ཁག་ཅིག་ཕྱུག་པོ་ཆགས་ཤིང༌། ཡང་ཚོགས་ཁག་ཅིག་སྐྱོ་པོ་དང༌། དཀའ་ངལ་ཆེན་པོ་ཡོད་པ་བཅས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཆགས་ཡོད་པ་དང༌། འབྱོར་ལྡན་ཚོར་ཡང་ཇི་ཙམ་གྱིས་མཐུན་རྐྱེན་ལེགས་པོ་ཡོད་ཀྱང་ནང་སེམས་ནས་ཆོག་མི་ཤེས་པ་དང༌། དྲང་བདེན་དང༌། ཡ་རབས་ཀྱི་བསམ་བློའི་ནུས་པས་མ་འདང་བའི་སྐབས་ལྐོག་ཟ་རུལ་སུངས་ཞེས་པ་དེ་དག་གིས་སྐྱོ་པོ་ཚོར་དཀའ་ངལ་ཧ་ཅང་འཕར་མ་འཕྲད་བཞིན་ཡོད། མདོར་ན་མཐུན་རྐྱེན་འཛོམས་པོ་ཡོད་མཁན་ཚོར་ཡང་སེམས་ཀྱི་ནང་མཐའ་གཅིག་ཏུ་སྐྱིད་པ་གང་ཡང་མེད་ཅིང༌། འཕྲལ་སེལ་མཐུན་རྐྱེན་འཛོམས་པོ་དང༌། དངུལ་འབེལ་པོ་ཆགས་སྐབས་རང་ཉིད་ཀྱི་སེམས་ནང་ད་གཟོད་རང་ཉིད་ཕྱུག་པོ་ཡིན། སེམས་ཁྲལ་བྱེད་དགོས་པ་མེད་བསམ་པ་ལྟ་བུ་ཡོང་གི་ཡོད་ཀྱང༌། ལོ་ཟླ་སྦྲེལ་ནས་འདི་ལྟར་འགྲོ་སྐབས་ཐོག་མར་ཕྱུག་པོ་ཆགས་སྐབས་ཀྱི་ཨ་གསར་ཡོལ་བའི་ཚེ། སླར་ཡང་སེམས་ནང་ཕྲག་དོག་དང་འགྲན་སེམས་ཀྱང་ཆེ་རུ་ཕྱིན་པའི་ཐོག་ནས་དཀའ་ངལ་སྣོན་མ་ཞིག་སླེབས་པ་དང༌། བསམ་བློའི་ནང་ཆོག་མི་ཤེས་པའི་དབང་གིས་དཀའ་ངལ་མང་པོ་འཕྲད་ཡོང་གི་ཡོད། དེར་བརྟེན་ཕྱི་དངོས་པོའི་ཡར་རྒྱས་དང༌། དངུལ་དངོས་གཅིག་པུའི་ཐོག་ནས་ནང་བསམ་བློར་བདེ་སྐྱིད་ཡོང་མི་ཐུབ། ནང་བསམ་བློའི་ཐོག་ནས་བདེ་སྐྱིད་ཡོང་བ་དེ་ཡང༌། བསམ་བློའི་གཏོང་ཕྱོགས་དེ་ཉིད་ཀྱི་སྟེང་ནས་བདེ་སྐྱིད་བསྒྲུབ་དགོས་པ་ལས། སེམས་འཁྲུགས་པའི་མི་དེས་དངུལ་བེད་སྤྱོད་བྱས་ཏེ་སེམས་འཁྲུགས་པ་དེ་ཞི་བ་དང༌། སེམས་ནང་རྣམ་རྟོག་གི་རྐྱེན་པས་སྡུག་བསྔལ་མང་པོ་ཡོང་བ་དེ། དངུལ་གྱི་ཐོག་ནས་སེལ་ཐུབ་ཀྱི་མེད་པ་གསལ་པོ་རེད། དེར་བརྟེན་ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་སུའང་ཆོས་བརྒྱུད་ཕལ་མོ་ཆེས་འཛམ་གླིང་འདིའི་སྟེང་མི་ལ་དཀའ་ངལ་འཕྲད་སྐབས་གོང་དུ་བརྗོད་པ་ལྟར་སེམས་ལ་བདེ་སྐྱིད་ཀྱི་ཚོར་བ་སྦྱིན་མཁན་ཞིག་ཆགས་ཡོད། མདོ་དོན་སྙིང་པོ་ནི་ང་རང་ཚོ་རང་གཞན་རོགས་གསུམ་སུ་འདྲ་ཞིག་ཡིན་ནའང་ཚང་མ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་མཁན་ཞིག་ཡིན་པ་རྒྱུ་མཚན་བཀོད་མི་དགོས་པར་ཚང་མའི་མཐོང་ཆོས་སུ་ཡོད་པ་དེ་རེད། སྡུག་བསྔལ་མི་ཡོང་བ་དང་བདེ་སྐྱིད་ཡོང་བ་ཞེས་པ་ནི། འདོད་པ་ཡོད་པ་ཙམ་མ་ཟད་འདོད་པ་དེ་བསྒྲུབ་རྒྱུའི་ཐོབ་ཐང་ང་ཚོ་ཚང་མར་ཡོད། སྐྱེས་པའི་ཉིན་ནས་བཟུང་མི་ལྟ་ཅི་སྨོས། སྲོག་ཆགས་སེམས་ལྡན་ཚང་མར་རང་ཉིད་འཚོ་བའི་ཐོབ་ཐང་ཡོད་ལ། ད་དུང་དེ་ལས་རྒྱ་ཆེ་རུ་སྤྲོས་ཏེ་བཤད་ན། སེམས་མེད་བེམ་པོ་ལྗོན་ཤིང་ལ་སོགས་པ་དེ་དག་ལའང་རང་ཉིད་འཚོ་བའི་ཐོབ་ཐང་ཡོད་པ་ལྟ་བུ་ཞིག་རེད། དེ་དག་སྣོད་དང་བཅུད་ཅེས་རྟེན་དང་བརྟེན་པ་ཆགས་སྐབས་སྣོད་ཀྱི་མཛེས་སྡུག་དང་བཀོད་པ་ཡིད་དུ་འོང་བའི་ཆ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་བཅུད་ཀྱི་སེམས་ཅན་ལ་ཕན་པ་ཞིག་དང༌། སེམས་ཅན་མང་པོ་ཞིག་ལ་ཐད་ཀར་སྣོད་ཀྱི་སྔོ་ལ་སོགས་ལ་དེ་དག་ལ་བརྟེན་ནས་འཚོ་དགོས་ཤིང༌། ང་ཚོ་མི་ལ་ཆ་བཞག་ན་ཡང་སྔོ་ལ་བརྟེན་ནས་འཚོ་དགོས་པ་དེ་ཧ་ཅང་གི་གསལ་པོ་རེད། དེར་བརྟེན་སྣོད་ཀྱི་བཀོད་པ་དེ་དག་སེམས་ལྡན་རྣམས་ཀྱི་རྟེན་གཞི་ཆགས་ཀྱི་ཡོད་ལ། སེམས་མེད་བེམ་པོར་ཆ་བཞག་ནའང་ཕལ་ཆེར་འཚོ་བའི་ཐོབ་ཐང་ཡོད་པ་ལྟ་བུ་ཞིག་མ་རེད་དམ། དེས་ན་ང་རང་ཚོ་སྡུག་བསྔལ་མི་འདོད་མཁན་དང༌། བདེ་བ་འདོད་མཁན་གྱི་སེམས་ལྡན་རྣམས་ལྟ་ཅི་སྨོས། རང་གྲུབ་ཙམ་ཉིད་ནས་འཚོ་བའི་ཐོབ་ཐང་ཏན་ཏན་ཡོད། འཚོ་ནས་མི་ཚེ་སྡུག་ལ་སྐྱེལ་བ་ཞིག་ཡོང་གི་འདུག་ན། དེ་ང་ཚོས་ངེས་པར་དུ་སེལ་དགོས་པ་ལས། སྤྱིར་བཏང་བཤད་ན་མི་ཚེ་སྡུག་ལ་སྐྱེལ་བའི་དོན་དུ་སྐྱེས་པ་ཞིག་མིན། ང་རང་ཚོ་མི་ཚེ་གྲུབ་པའི་དགོས་དོན་དེ་བདེ་སྐྱིད་ཀྱི་དོན་དུ་རེད་ཅེས་བརྗོད་ཆོག་པ་ཞིག་རེད། མདོར་ན་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ང་ཚོ་ཚང་མར་ཡོད། སེལ་རྒྱུའི་སྡུག་བསྔལ་དེ་དང༌། བསྒྲུབ་རྒྱུའི་བདེ་བར་གཙོ་བོ་ལུས་ཚོར་ལ་བརྟེན་པའི་བདེ་སྡུག་ཅིག་དང༌། གཙོ་བོ་སེམས་ཚོར་ལ་བརྟེན་པའི་བདེ་སྡུག་ཅིག་བཅས་གཉིས་ཡོད་པ་གོང་དུ་བཤད་པ་ལྟར་གསལ་པོ་རེད། དེ་གཉིས་ཀྱི་ནང་ནས་གལ་ཆེ་ཆུང་བརྩི་དགོས་བྱུང་ན། སེམས་ལ་བདེ་སྐྱིད་ཡོད་ན་ལུས་པོའི་དཀའ་ངལ་དེ་ཟིལ་གྱིས་གནོན་ཐུབ་ཀྱི་ཡོད་ཅིང༌། ལུས་པོའི་བདེ་སྐྱིད་དམ་ལུས་པོའི་བདེ་ཉམས་དེས་སེམས་ཀྱི་དཀའ་ངལ་དེ་ཉིད་ཟིལ་གྱིས་གནོན་མི་ཐུབ་པ་ང་ཚོར་ཧ་ཅང་གི་གསལ་པོ་རེད། ང་རང་ཚོར་སེལ་རྒྱུའི་སྡུག་བསྔལ་དང༌། བསྒྲུབ་རྒྱུའི་བདེ་བར་གཙོ་བོ་ལུས་ཚོར་ལ་བརྟེན་པ་ཞིག་དང༌། གཙོ་བོ་སེམས་ཚོར་ལ་བརྟེན་པ་གཉིས་ཡོད་པའི་ནང་ནས་འགངས་ཆེ་བ་དེ་སེམས་ཚོར་ལ་བརྟེན་པ་དེ་ཡིན་པ་ཧ་ཅང་གསལ་པོ་རེད། དེང་ཚན་རིག་དང༌། གཙོ་བོ་འཕྲོད་བསྟེན་གྱི་ཐོག་ཨེམ་རྗེས་བརྟག་དཔྱད་བྱེད་སྐབས་ལུས་ཁམས་བདེ་ཐང་ཡོང་བ་དང༌། ནད་རིགས་སྔོན་འགོག་བྱེད་པ། ནད་ཀྱིས་མནར་ཡང་ནད་དེ་གང་མགྱོགས་དྲག་སྐྱེད་ཐུབ་པར་སེམས་ཀྱི་ལྟ་ཕྱོགས་དེས་ཁྱད་པར་ཆེན་པོ་ཡོད་པ་དེང་སང་སྨན་པའི་ཚན་རིག་གི་ཐོག་ནས་ར་སྤྲོད་གསལ་པོ་ཞིག་བཤད་ཀྱི་ཡོད། དེས་ན་ནང་སེམས་ཞེས་པ་འདི་ཞིབ་ཕྲ་ཞིག་ང་རང་ཚོས་སོ་སོའི་ཉམས་མྱོང་གི་ཐོག་ནས་བཤད་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་སྤྱིར་ང་རང་ཚོ་ཡུལ་དང་འཕྲད་སྐབས་ཡུལ་དེ་དང་དེ་རིག་པ་དང༌། རིག་པ་ཙམ་མིན་པར་རིག་པའི་རྗེས་སུ་དེར་བཟང་ངན་དུ་རྟོགས་པའི་རྟོག་པའི་རིགས་མང་པོ་ཞིག་ཡོད་པ་ང་རང་ཚོའི་མྱོང་བས་གྲུབ་ཀྱི་ཡོད། དེ་ལྟ་བུའི་དབང་པོའི་ཤེས་པས་ཉམས་སུ་མྱོང་བ་དང༌། དེའི་རྗེས་སུ་རྟོག་པས་འདི་འདིའོ། འདི་བཟང་པོ་རེད། འདི་ངན་པ་རེད། འདི་ལུང་མ་བསྟན་རེད་ཅེས་བརྗོད་པ་ལྟ་བུ་རྟོག་པས་རྣམ་དབྱེ་ཕྱེ་བའི་ཐོག་ནས་བདེ་སྡུག་གི་ཚོར་བ་མང་པོ་ཞིག་ང་ཚོར་ཡོང་གི་ཡོད། དེའི་རིགས་ཀྱི་འགྲེལ་བཤད་ཇི་མ་ཇི་བཞིན་དང༌། སྤྱིར་དེའི་ངོ་བོ་ད་ལྟ་ང་ཚོ་མིས་ཇི་བཞིན་བཤད་མི་ཐུབ་ཀྱང༌། ང་རང་ཚོར་མྱོང་བ་ཉིན་རེ་བཞིན་དུ་ཡོང་གི་ཡོད། རྨི་ལམ་གྱི་གནས་སྐབས་སུ་དབང་པོའི་ཤེས་པས་ལས་ཀ་མི་བྱེད་ཀྱང༌། ཡིད་བློ་རྟོག་པས་རྨི་ལམ་གྱི་གནས་སྐབས་སུའང་བདེ་སྡུག་གི་ཚོར་བ་མྱོང་བ་སོགས་ལས་ཀ་ཧ་ཅང་མང་པོ་བྱེད་ཀྱི་ཡོད། ང་རང་ཚོའི་ཡིད་བློ་རྟོག་པ་ཞེས་པ་འདི་བརླིང་བ་ཆགས་ཀྱི་ཡོད་ལ། འདུ་ཤེས་གཡེར་པོ་ཞེས་གསུངས་པ་ལྟར་དེ་ཧ་ཅང་གི་གྲུང་པོ་རེད། མདོར་ན་ནང་བསམ་བློའི་ཐོག་ནས་རྣམ་རྟོག་འདྲ་མིན་སྐྱེས་པས་སེམས་ལ་དགའ་སྣང་དང༌། སེམས་མ་སྐྱིད་པ་མང་པོ་ཞིག་ཡོང་གི་འདུག་ཅིང༌། བསམ་བློའི་འགྱུར་བ་ཞེས་པ་དེ་ཕྱོགས་གཅིག་ནས་ཧ་ཅང་མྱུར་པོ་དང༌། ཡང་ཕྱོགས་གཅིག་ནས་རྣམ་རྟོག་གི་རྐྱེན་པས་སེམས་མ་སྐྱིད་པ་ཡོད་པ་དེ་རྣམ་རྟོག་ལ་བཟོ་བཅོས་ཤིག་རྒྱབ་སྐབས། དེ་མ་ཐག་ཏུ་སེམས་མ་སྐྱིད་པ་དེ་ཡང་སེལ་འགྲོ་བ་ཞིག་ཡོང་གི་ཡོད། ལུས་ནད་ཀྱི་སྡུག་བསྔལ་ལ་ཆ་བཞག་ན། ནད་དེ་འཕོག་ན་དེ་ག་ལེར་དྲག་དགོས་པ་ལས་སྐད་ཅིག་དེ་ཉིད་ལ་སེལ་མི་ཐུབ། བསམ་བློའི་ནང་མ་སྐྱིད་པ་ཡོད་པ་དེ་བསམ་བློ་གཏོང་ཕྱོགས་ཡུད་ཙམ་ཞིག་གིས། སྔོན་ལ་སེམས་ཧ་ཅང་མ་སྐྱིད་པ་ཡོད་པ་དེ་ཆུ་ཚོད་སྐར་མ་དང༌། སྐར་ཆ་ཁ་ཤས་ནང་འགྱུར་བ་ཆ་ཚང་ཐེབས་ཏེ། ཡང་སེམས་ལ་སྐྱིད་སྣང་ཡོང་བ་དེ་འདྲ་ཡོང་རྒྱུ་ཡོད། སེམས་ཀྱི་ཐོག་ནས་མ་སྐྱིད་པ་ཡོང་བ་དེ་ནང་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་སེམས་མ་སྐྱིད་པ་དེ་ཉུང་དུ་གཏོང་རྒྱུ་ཞིག་དང༌། སེམས་ཞི་བདེ་བག་ཕེབས་ཡོང་བ་དང༌། སེམས་ལ་སྙིང་སྟོབས་སླེབས་པ་འདིར་ང་ཚོས་ཐབས་ཤེས་ཤིག་བྱེད་དགོས་པ་ཡིན།།

ཆོས་ལུགས་མཐུན་ལམ་དང༌། ཆོས་ཀྱི་དགེ་མཚན་སྐོར།

སྤྱིར་བཏང་བཤད་ན་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཀྱི་དད་པ་ཞེས་པ་དེས་འཕྲལ་དུ་དངུལ་མང་དུ་འགྲོ་བ་དང༌། མཐུན་རྐྱེན་བཟང་དུ་འགྲོ་བའི་སྐད་ཆ་ཞིག་མིན་པར་ནང་སེམས་སྐྱིད་དུ་ཕྱིན་པ་དང༌། དེས་རྐྱེན་པས་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་པར་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་ཆོས་བརྒྱུད་ཁག་དེ་དག་གིས་དུས་ད་ལྟའང་འཛམ་གླིང་འདིའི་སྟེང་གི་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་ཡོད། དེས་ན་སྔོན་ལ་རིམ་པ་དང་པོ་དེར། ང་རང་ཚོ་འཛམ་གླིང་འདིའི་སྟེང་དུ་ཡོད་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་བརྒྱུད་ཁག་དེ་དག་ཚང་མར་ང་ཚོས་གུས་བརྩི་བྱ་རྒྱུ་དེ་གལ་ཆེན་པོ་རེད། རྒྱུ་མཚན་གང་ཞེ་ན། ང་རང་ཚོ་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པའི་ནང་དུ་ཆོས་ལུགས་འདྲ་མིན་མང་པོ་ཡོད་ཅིང༌། ཆོས་ལུགས་འདྲ་མིན་ཡོད་པའི་མི་དེ་དག་དང་ང་ཚོ་མཉམ་དུ་འཚོ་དགོས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་ཚང་མ་ཆོས་ལུགས་གཅིག་བཟོས་ཏེ་ཆོས་ལུགས་མི་འདྲ་བ་དེ་དག་ལས་ཁ་ཤས་ཟླ་བའི་གྲོང་ཁྱེར་དུ་འགྲོ་རོགས་གྱིས་ཞེས་བརྗོད་དེ་ཕར་གདན་འདྲེན་ཞུ་རྒྱུ་དང༌། འགའ་ཞིག་རིམ་བཞིན་གཟའ་མིག་དམར་ནང་འགྲོ་ཐུབ་ཚེ་གཟའ་མིག་དམར་གྱི་སྟེང་ལ་འགྲོ་རོགས་གྱིས་ཞེས་ང་ཚོས་བརྗོད་ཐུབ་རྒྱུ་མེད་ཅིང༌། ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་མཉམ་དུ་སྡོད་དགོས་པ་ཡིན། སྔར་སྐལ་བཟང་ལུགས་བཟང་གི་དུས་སྐབས་ལ་ཡིན་ན། ཤར་ཕྱོགས་པ་ཚོ་ཤར་ཕྱོགས་ལུང་པའི་ནང་དུ་བསྡད་པ་དང༌། ནུབ་ཕྱོགས་པ་ཚོ་ནུབ་ཕྱོགས་ལུང་པའི་ནང་ལ་བསྡད་ཅིང༌། བྱང་ཕྱོགས་པ་རྣམས་བྱང་ཕྱོགས་ལུང་པའི་ནང་ལ་བསྡད་པ་དང༌། ལྷོ་ཕྱོགས་པ་དེ་དག་ལྷོ་ཕྱོགས་ཀྱི་ལུང་པའི་ནང་ལ་བསྡད་ནས་སོ་སོ་རང་འཚོ་ལྟ་བུ་བྱས་ཏེ་དེ་ལྟར་སྡོད་ཀྱི་ཡོད་ལ། དེའི་སྐབས་སུ་རྙོག་དྲ་གང་ཡང་མེད། དེང་འཛམ་གླིང་འདི་དེ་ལྟ་བུའི་སྒང་ལ་འདུག་འདོད་ཡོད་ཀྱང་སྡོད་ཐུབ་ཐབས་མེད་ལ། འཛམ་གླིང་གི་ཁོར་ཡུག་དང་དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་ཤེས་ཡོན་གྱི་གནས་སྟངས་མང་པོ་ཞིག་གི་འོག་ནས་ང་ཚོ་ཚང་མ་གཅིག་གིས་གཅིག་ལ་འབྲེལ་ནས་བསྡད་ཡོད་པ་ལས། ཁེར་རྐྱང་བྱས་ཏེ་གཅིག་གིས་གཅིག་ལ་བསྟུན་མི་དགོས་པ་དང༌། ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་བྱེད་མི་དགོས་པར་སྡོད་ཐུབ་ཐབས་རྩ་བ་ནས་མེད། དེ་འདྲའི་དངོས་ཡོད་གནས་སྟངས་ཀྱི་འོག་ནས་ང་ཚོ་ཚང་མ་དུས་ནམ་ཡིན་ཡང་གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེ་འདྲའི་གནས་སྟངས་ཀྱི་འོག་ནས་ང་ཚོ་རིགས་རུས་དང༌། དཔེར་ན་མི་རིགས་དཀར་ནག་གི་དབྱེ་བ་ཕྱེ་བ་ལྟ་བུ་མི་རིགས་ཀྱི་ཚོས་གཞིའི་ཐོག་ནས་དབྱེ་བ་ཕྱེ་བ་དང་གཅིག རིགས་རུས་ཀྱི་ཐོག་ནས་དབྱེ་བ་ཕྱེ་བ་དང་གཅིག དེ་བཞིན་ཆོས་ལུགས་འདྲ་མིན་ཡོད་པ་རྒྱུ་མཚན་དུ་བྱས་ནས་དབྱེ་བ་ཕྱེ་བ་གཅིག དེ་བཞིན་དབུལ་ཕྱུག་གིས་དབྱེ་བ་ཕྱེ་བ་དང་གཅིག གྲལ་རིམ་གྱི་དབྱེ་བ་ཕྱེ་བ་སོགས་ཡོད་ཀྱང་དེ་དག་དུས་ཚོད་ཡོལ་བའི་སྐད་ཆ་རེད། ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་དུ་བསྡད་ཡོད་ཅིང༌། སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་དུ་འཚོ་བ་དང༌། མི་ཚེ་འདི་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་དགོས་པ་ཧ་ཅང་གསལ་པོ་ཆགས་ཡོད་སྟབས། རང་བཞིན་གྱིས་བསམ་བློའི་ནང་སྐྱིད་གཅིག་སྡུག་གཅིག་གི་བསམ་བློ་ཞིག་སླེབས་ཀྱི་ཡོད་ལ། འདི་ལྟར་ཆེ་ས་ནས་བསམ་བློ་བཏང་ན། འཛམ་གླིང་གི་ཤར་ནུབ་ལྷོ་བྱང་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་ལྟོས་པའི་དུས་ཚོད་ཅིག་ཆགས་ཡོང་བས། འཛམ་གླིང་སྤྱི་ཚོགས་འདིའི་ཐོག་ནས་སྐྱིད་གཅིག་སྡུག་གཅིག་གིས་སྐྱིད་ན་ཚང་མ་སྐྱིད་པོ་ཡོང་བ་ཞིག་དང༌། སྡུག་ན་ཚང་མར་དཀའ་ངལ་ཡོང་གི་རེད་བསམ་པ་དེ་ཤེས་པའི་ཐོག་ནས་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་འདུག ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ང་ཚོའི་ཆོས་དང་ཁོང་ཚོའི་ཆོས་ཞེས་དབྱེ་བ་ཕྱེ་བ་དེ་དུས་ཚོད་ཡོལ་བའི་སྐད་ཆ་རེད། ང་ཚོས་ཆོས་ལུགས་ཚང་མར་གུས་པ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། ནམ་རྒྱུན་འཛམ་གླིང་གང་སར་སླེབས་སྐབས་ངས་རྟག་པར་དེ་བཤད་ཀྱི་ཡོད་ལ་བསམ་པ་རྣམ་དག་ཡིན། དེར་བརྟེན་རིམ་པ་དང་པོར། དེ་རིང་ང་ཚོའི་དུས་ཚོད་འདིར་སྟོན་པ་བཅོམ་ལྡན་འདས་ད་ལྟ་བཞུགས་ཡོད་ན་འཛམ་གླིང་གི་ཆོས་ལུགས་ཚང་མར་བརྩི་བཀུར་གནང་གི་རེད། དེ་ཡིན་པའི་རྒྱུ་མཚན་གཅིག་ནི། བཅོམ་ལྡན་འདས་རང་ཉིད་ཀྱི་རྗེས་འཇུག་གི་གདུལ་བྱའི་ནང་ཁམས་དང་མོས་པ་མི་འདྲ་བ་ཡོད་པས་ན། བཅོམ་ལྡན་འདས་ཀྱིས་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་དེ་དག་ངོས་འཛིན་གནང་སྟེ། ཁམས་དང་མོས་པ་མི་འདྲ་བ་ཡོད་པ་དེ་དག་བཅོམ་ལྡན་འདས་རང་ཉིད་ལ་དད་པ་བྱེད་མཁན་གཅིག་གྱུར་ཡིན་པའི་ཆ་ནས། བྱེ་བྲག་སྨྲ་བའི་རིགས་ཅན་ལ་དེའི་བློ་དང་འཚམས་པའི་ལྟ་བ་གསུངས་པ་དང༌། དེ་བཞིན་མདོ་སྡེ་པའི་ལྟ་གྲུབ། གཞན་ཡང་སེམས་ཙམ་པའི་ལྟ་གྲུབ། དབུ་མ་བའི་ལྟ་གྲུབ་དེ་དག་བཅོམ་ལྡན་འདས་ཀྱིས་རང་གི་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་དེར་བསྟུན་ནས་ལྟ་བ་མི་འདྲ་བ་དེ་ལྟར་གསུངས་ཡོད་པ་ལས། ཁྱེད་རང་གི་ཁམས་དང་མོས་པར་རན་མིན་ཇི་ལྟར་ཡང་ཁྱོད་ལྟ་བ་འདི་ཁས་ལེན་དགོས་ཞེས་གསུངས་མེད། དེ་བཞིན་བསམ་པ་རྒྱ་ཆེ་ཆུང་ཡོད་པས་ན། ཉན་ཐོས་རིགས་ཅན་གྱི་གདུལ་བྱར་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་རིགས་ཅན་ལ་རང་རྒྱལ་གྱི་ཐེག་པ། བྱང་སེམས་ཀྱི་རིགས་ཅན་ལ་བྱང་ཆུབ་སེམས་དཔའི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པའི་ནང་ལའང་རྒྱུ་ཕ་རོལ་དུ་ཕྱིན་པའི་ལམ་ལ་གཙོ་བོར་མོས་པ་ཡོད་པ་དེ་དག་ལ་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང༌། ཐབས་ཤེས་ཀྱི་རྟོག་པ་བརྟན་པོའི་ཐོག་ནས་འདོད་ཡོན་ལམ་དུ་བྱེད་ཐུབ་མཁན་ལ་འདོད་ཡོན་ལམ་བྱེད་ཀྱི་གསང་སྔགས་ཀྱི་ཐེག་པ། དེ་ལའང་དབྱེ་ན་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་བཅས་བཞི་དང༌། ཡང་ན་ཀྲི་ཡ། ཨུ་པ། ཡོ་ག མ་ཧཱ། ཨ་ནུ། ཨ་ཏི་ཞེས་པ་དེ་ལྟ་བུའི་ཐོག་ནས་ཐེག་པའམ་རིམ་པ་མི་འདྲ་བ་གསུམ་གསུངས་པ་དེ་དག་བཅོམ་ལྡན་འདས་རང་ཉིད། ཞེ་ས་མ་ཞུས་ན་ཞལ་བདེ་པོ་བྱས་ཏེ་འདྲ་མིན་དེ་དག་གསུངས་པ་ཞིག་མིན། གང་གི་ཆེད་དུ་གསུངས་པ་ནི། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པས། གདུལ་བྱའི་ཁམས་དང་བསམ་པ་དང་འཚམས་པ་སྟེ། གང་ལ་གང་ཕན་དང་གང་ལ་གང་འདོད། གང་ལ་དེ་འཚམས་དེ་འདྲའི་ཐོག་ནས་ཆོས་གསུངས་ཀྱི་ཡོད། དེར་བརྟེན་དེ་རིང་བཅོམ་ལྡན་འདས་ཕེབས་པ་ཡིན་ན་འཛམ་གླིང་འདིའི་སྟེང་ཡེ་ཤུའི་ཆོས་པ་ཚོས་ཡེ་ཤུའི་ཆོས་ལ་བརྟེན་ནས་ཁོང་ཚོར་ཕན་གྱི་ཡོད་ལ། འཇིག་རྟེན་བཀོད་པ་པོའི་རྣམ་གཞག་བཤད་པའི་ཐོག་ནས་སེམས་ལ་ཕན་གྱི་ཡོད། དེ་ལྟར་ཕན་གྱི་ཡོད་པས་ན་བཅོམ་ལྡན་འདས་ཀྱིས་དེ་འགྲིགས་འདུག་གསུངས་པ་ལས་དེར་དགག་པ་སྐྱོན་གྱི་མ་རེད། དེས་ན་ང་ཚོ་འཛམ་བུ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མ་མཐུན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་ཞིང༌། དེ་མིན་ཆོས་ལུགས་ཀྱི་ཐོག་ནས་འཁྲུག་པ་བརྒྱབ་པ་དེ་དག་ཧ་ཅང་གི་སེམས་སྐྱོ་པོ་རེད། ལྷག་པར་ཆོས་ལུགས་གཅིག་གྱུར་ཞིག་གི་ནང་ནས། དཔེར་ན། ཡེ་ཤུ་གཅིག་གྱུར་ཞིག་གི་ནང་ཡེ་ཤུའི་རྣམ་དག་ཆོས་ལུགས་དང༌། ཡེ་ཤུའི་ཆོས་ལུགས་གསར་མ་ཞེས་པ་གཉིས་ཀྱི་བར་འཁྲུག་པ་བརྒྱབ་པ་ལྟ་བུ་དང༌། ཁ་ཆེའི་ནང་དུ་ཆ་བཞག་ནའང༌། སུ་ནེ་དང་ཤི་ཡ་ཞེས་པ་གཉིས་ཀྱི་བར་འཁྲུག་པ་བརྒྱབ་པ་ལྟ་བུ་དེ་དག་ཧ་ཅང་གི་བསམ་རྒྱ་དོག་དྲགས་པ་རེད། དེར་བརྟེན་ང་རང་ཚོ་མཐུན་པོ་བྱ་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་རེད། དེ་ཙམ་མ་ཟད་ཆོས་ལུགས་མེད་མཁན་གྱི་རིགས་ཏེ། ཆོས་ལ་དགག་པ་རྒྱག་མཁན་གྱི་མི་ཞིག་ཡིན་ཡང༌། ང་ཚོས་དེར་གུས་བརྩི་བྱེད་དགོས་ཤིང༌། ཁོ་རང་གི་ཁམས་དང་མོས་པའི་དབང་གིས་ཆོས་ལ་དད་པ་བྱེད་རྒྱུ་ཕར་བཞག་སྟེ། ཆོས་ལ་སྐྱོན་དུ་བལྟས་ཏེ་དགག་པ་རྒྱབ་ཀྱི་ཡོད། དེ་ཡང་རང་དབང་དུ་འཇོག་རྒྱུ་ལས་དེར་སྤྲང་པོ་ཁྱོད་ལོག་ལྟ་ཅན་རེད། ཁྱོད་ཕར་རྒྱུགས་ཤིག་ཅེས་བཤད་རྒྱུ་མིན་པར་མི་གཅིག་པ་རེད། འཛམ་གླིང་འདིའི་སྟེང་དུ་ཡོད་པའི་ང་ཚོ་ཁྱིམ་ཚང་གཅིག་གི་མི་རེད། མཐུན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་འདུག དེ་འདྲའི་ཆོས་བརྒྱུད་མི་འདྲ་བ་དུ་མ་ཡོད་པའི་ནང་ནས་བསྡོམས་བརྒྱབ་ཏེ་བཤད་ན། འཛམ་གླིང་འདིའི་སྟེང་གི་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་མི་འདྲ་བ་འདི་དག་གི་ནང་དུ་འཇིག་རྟེན་བཀོད་པ་པོ་རྟག་པ་རང་བྱུང་གི་སྐྱེས་བུར་འདོད་མཁན་གྱི་ཆོས་བརྒྱུད་གཅིག་དང༌། རྟག་པ་རང་བྱུང་གི་སྐྱེས་བུ་མི་འདོད་པར། རྒྱུ་དང་འབྲས་བུའམ་ལས་དང་འབྲས་བུའི་ཐོག་ནས་འགྱུར་བ་སྣ་ཚོགས་ཡོང་གི་ཡོད་པར་འདོད་མཁན་གཅིག་བཅས་བསྡོམས་ན་སྡེ་ཚན་མི་འདྲ་བ་གཉིས་ཡོད་པ་སྟེ། འཇིག་རྟེན་བཀོད་པ་པོ་འདོད་མཁན་གཅིག་དང༌། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གཅིག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དེའི་ནང་དུའང་རྟག་གཅིག་རང་དབང་བའི་བདག་འདོད་མཁན་གཅིག་དང༌། བདག་མི་འདོད་མཁན་གཅིག སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་ལ། རྟག་གཅིག་རང་དབང་བ་ཞེས་པའི་འགྱུར་བ་མེད་པའི་བདག་ཀྱང་མི་འདོད་པ་རེད། དེའི་རྒྱུ་མཚན་གཙོ་བོའམ་རྩ་བ་གང་ལ་ཐུག་གམ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་བ་དེ་རྟེན་འབྱུང་གི་ལྟ་བ་རེད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ནི་ནམ་རྒྱུན་ངས་བརྗོད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཚུར་བསྡུས་ན་ལྟ་བ་དང་སྤྱོད་པ་གཉིས་ཏེ། ལྟ་བ་རྟེན་འབྱུང་གི་ལྟ་བ་དང༌། སྤྱོད་པ་འཚེ་བ་མེད་པ་དེ་སངས་རྒྱས་ཀྱི་ཆོས་རེད། སྤྱོད་པ་འཚེ་བ་མེད་པ་ནི་ཆོས་ལུགས་གཞན་གྱི་ཐོག་ནས་དང༌། ལྷག་པར་འཇན་གྱི་ཆོས་ལུགས་ལྟ་བུར་ཆ་བཞག་ན། འཚེ་བ་མེད་པའི་ལྟ་སྤྱོད་ཧ་ལས་པ་ཞིག་ཡོད། དེར་བརྟེན་ཆོས་ལུགས་ཚང་མའི་ནང་དུ་བཟོད་པ་དང༌། ཆོག་ཤེས། དེ་བཞིན་རང་ཁྲིམས་རང་སྲུང་བྱ་རྒྱུ། བྱམས་པ་དང་སྙིང་རྗེ་བཅས་ཀྱི་ཉམས་ལེན་དེ་དག་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མའི་ནང་དུ་ཉམས་ལེན་དེ་དག་བཤད་ཀྱི་ཡོད།

ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཟབ་ཁྱད་སྐོར།

སངས་རྒྱས་ཀྱི་ཆོས་ནས་འཚེ་བ་མེད་པ་གསུངས་པའི་རྩ་བ་སྙིང་རྗེ་ཡིན་ལ། སྙིང་རྗེ་དེ་ཡང་རྒྱ་ཆུང་ཆུང་ཞིག་མིན་པར་སེམས་ལྡན་མཐའ་དག་སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེའི་བློ་སྦྱང་རྒྱུ་ཞིག་དང༌། སངས་རྒྱས་ཀྱི་ཆོས་ཀྱི་ཁྱད་ཆོས་ངོ་མ་དེ་བཤད་སྐབས། གཞན་སྡུག་བསྔལ་གྱིས་མནར་བར་མི་བཟོད་པའི་བློ་དེ་ཙམ་ཞིག་མིན་པར་གཞན་གྱི་སྡུག་བསྔལ་སེལ་རྒྱུའི་སྙིང་སྟོབས་འདྲེན་མཁན་གྱི་སྙིང་རྗེ་རྨད་དུ་བྱུང་བ་དེ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཆགས་ཀྱི་ཡོད། དེས་ན་སྤྱོད་པ་འཚེ་བ་མེད་པ་དེ་རྩ་བ་སྙིང་རྗེ་དང་འབྲེལ་ཏེ་སྙིང་རྗེའི་བསམ་པས་ལུས་ངག་གི་སྤྱོད་ལམ་ཐོན་པ་དེ་དག་འཚེ་བ་མེད་པའི་སྤྱོད་པ་རེད། བརྣབ་སེམས་དང༌། གནོད་སེམས། འཁོན་འཛིན། ཞེ་སྡང་ལྟ་བུའི་བསམ་པའི་ཐོག་ནས་ཐོན་པའི་ལུས་ངག་གི་སྤྱོད་པ་དེ་དག་འཚེ་བའི་སྤྱོད་པ་རེད། འཚེ་བ་མེད་པའི་སྤྱོད་པ་ཞེས་པའི་རྩ་བ་སྙིང་རྗེའི་བསམ་པ་ཉམས་ལེན་གཙོ་བོར་བྱས་ཏེ་དེར་ཉམས་ལེན་བྱེད་རྒྱུའི་ཉམས་ལེན་གྱི་མཐིལ་དུ་གཟུང་དགོས་པས་སྤྱོད་པ་འཚེ་བ་མེད་པ་དེ་རང་ཤུགས་ཀྱིས་ཡོང་བ་ཞིག་ཡིན། སྙིང་རྗེའི་ཉམས་ལེན་བྱེད་དགོས་པ་དེ་ཡང༌། རྟེན་འབྱུང་གི་ལྟ་བའི་ཐོག་ནས་འགྲེལ་བཤད་སླེབས་ཀྱི་ཡོད། མདོར་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་གསུངས་ཀྱི་ཡོད་པས་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་དེ་བདེ་པོ་མེད། དེ་བཞིན་བདེ་སྡུག་ལོངས་སྤྱོད་མཁན་གྱི་གང་ཟག་དང༌། སེམས་ཅན་སོ་སོར་ཆ་བཞག་ན་ཡང་འགྱུར་བ་མེད་པའི་རྟག་གཅིག་རང་དབང་བ་ཞིག་བཤད་ནའང་བདེ་པོ་མེད། རྟེན་འབྱུང་གི་ལྟ་བའི་ངོས་ནས་གཟིགས་སྐབས་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་དེ་དང༌། འགྱུར་བ་མེད་པ་རང་དབང་བའི་བདག་དེའི་རྣམ་གཞག་དེ་དག་འཇོག་ཐབས་མེད་པའི་གནས་ཚུལ་དེ་ཡིན། དེར་བརྟེན་སངས་རྒྱས་ཀྱི་ཆོས་ཞེས་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་དང་འབྲེལ་བའི་ཆོས་ཤིག་དང༌། མདོར་ན་རྟེན་འབྱུང་གི་ལྟ་བའི་རང་བཞིན་ཅན་གྱི་ཆོས་ལུགས་གཅིག་པུ་ནི་སངས་རྒྱས་ཀྱི་ཆོས་ལུགས་འདི་ཡིན་ཞིང༌། བཅོམ་ལྡན་འདས་རང་ཉིད་ལ་ཆ་བཞག་ན་ཡང་རྒྱུ་དང་རྐྱེན་ལ་བརྟེན་ནས་སངས་རྒྱས་པ་ཞིག་ཡིན་པ་ལས། རྒྱུ་རྐྱེན་ལ་ལྟོས་པ་མེད་པར་ཐོག་མ་ཉིད་ནས་སངས་རྒྱས་ཡིན་པ་ཞིག་གསུངས་ཀྱི་མེད། བཅོམ་ལྡན་འདས་རང་ཉིད་ཀྱང་ཐོག་མར་ང་རང་ཚོ་དང་མཚུངས་པར་ཐ་མལ་པའི་སེམས་ཅན་ཞིག་རིམ་བཞིན་ཞེ་ས་མ་ཞུས་ན་བཅོམ་ལྡན་འདས་སློབ་པ་ལམ་གྱི་གནས་སྐབས་ནས་ཐུགས་རྒྱུད་ལ་འགྱུར་བ་ཐེབས་ནས་རིམ་གྱིས་ཐུགས་རྒྱུད་ཀྱི་སྐྱོན་མཐའ་དག་བཅོམ་ཞིང་ཟད་པ་དང༌། སྐྱོན་བཅོམ་པའི་དབང་གིས་གཟིགས་པའམ་མཁྱེན་པ་བླ་ན་མེད་པ་ཞིག་རང་ཤུགས་ཀྱིས་ཡོང་བས་ན། དེ་ལྟ་བུའི་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཐུགས་ཤིག་རིམ་གྱིས་རྒྱུ་དང་རྐྱེན་ལ་ལྟོས་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ང་རང་ཚོ་དང༌། བཅོམ་ལྡན་འདས་རང་ཉིད་ཐེ་བའི་སྲོག་ཆགས་སེམས་ལྡན་དེ་དག་ཚང་མ་རྒྱུ་དང་རྐྱེན་གྱིས་འགྱུར་བའི་ཐོག་ནས་ཡོང་བ་ཞིག་དང༌། ཕྱི་སྣོད་ལ་ཆ་བཞག་ནའང་རྒྱུ་དང་རྐྱེན་གྱིས་འགྱུར་བའི་ཐོག་ནས་ཡོང་བ་དང༌། ནང་བཅུད་ཀྱི་སེམས་ཅན་ལ་ཆ་བཞག་ནའང༌། རྒྱུ་དང་རྐྱེན་གྱིས་འགྱུར་བའི་ཐོག་ནས་ཡོང་བ་ཞིག་ཆགས་ཀྱི་ཡོད། དེ་དག་རྒྱུ་དང་རྐྱེན་གྱིས་ཐོག་ནས་ཡོང་བ་ཞིག་ཡིན་པས་ཐོག་མ་འདིའོ་ཞེས་འཇོག་རྒྱུ་དཀའ་ཞིང༌། གནས་སྐབས་བྱེ་བྲག་པ་ཞིག་ལ་ཐོག་མ་ཡོང་གི་ཡོད་ཀྱང༌། རྩ་བའི་རྒྱུན་གྱི་ཐོག་ནས་བསམ་བློ་བཏང་ན་ཐོག་མ་འཇོག་རྒྱུ་དེ་དཀའ་བ་ཡིན། དེ་དག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་ཚུལ་དེའི་ཐོག་ནས་འགྲེལ་བཤད་དེ་སླེབས་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་ཀྱི་ཆོས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་ཡོད་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་གྱི་ཆོས་ཤིག་ཡིན་པ་དེ་ང་ཚོས་ངེས་པར་དུ་ཤེས་དགོས། ལྷག་པར་ང་རང་ཚོ་བོད་པར་ཆ་བཞག་ན་སངས་རྒྱས་པའི་ཆོས་ལ་དད་པ་ཧ་ལས་པ་ཞིག་ཡོད། འོན་ཀྱང་སངས་རྒྱས་ཀྱི་ཆོས་གང་འདྲ་ཞིག་རེད་དམ་ཞེ་ན། སྔོན་ལ་ལྟོས་ཨང༌། ངས་བསམ་བློ་ཞིག་གཏོང་གི་ཡིན་ཞེས་བརྗོད་ན་ལས། སངས་རྒྱས་ཀྱི་ཆོས་གང་འདྲ་ཞིག་ཡིན་པ་དེ་ལམ་སེང་བརྗོད་རྒྱུ་མེད་པ་ལྟ་བུ་འདུག་ཅིང༌། ཆོས་ཞེས་པ་དེ་གང་ཞིག་རེད་དམ་ཟེར་ན། ཆོས་ཆོས་རེད་ཅེས་བརྗོད་ན་ལས། གཞན་བཤད་རྒྱུ་མེད་པ་ལྟ་བུ་ཞིག་མི་འདུག་གམ། ཡང་སྒོས་ང་ཚོར་དཀོན་མཆོག་གསུམ་ཡོད་ཅེས་བརྗོད་ཀྱང་དེ་ཙམ་ངོ་མཚར་ཆེ་རྒྱུ་གང་ཡང་མེད། དཀོན་མཆོག་གསུམ་གང་འདྲ་ཞིག་ཡིན་མིན་དེར་བསམ་བློ་གཏོང་དགོས་པ་དང༌། དཀོན་མཆོག་གསུམ་གང་འདྲ་བྱས་ནས་བྱུང་མིན་དེར་ཡང་བསམ་བློ་ཞིག་གཏོང་དགོས། དཀོན་མཆོག་གསུམ་ཞེས་པ་དེ་ཡང་རྟེན་འབྱུང་གི་གཞི་རྩ་དེའི་ནང་ནས་ཡོང་གི་ཡོད། དེ་ཉིད་རྟེན་འབྱུང་གང་འདྲ་བྱས་ནས་རེད་དམ། བརྟེན་ནས་འབྱུང་སྟངས་གང་འདྲ་ཡིན་མིན། རྒྱུ་གང་ཞིག་ལ་བརྟེན་ནས་སངས་རྒྱས་མིན། རྒྱུ་གང་ཞིག་ལ་བརྟེན་ནས་ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་ཡོང་གི་ཡོད་པ་དེ་དག་ང་ཚོས་ཤེས་དགོས་པ་ཡིན། དེས་ན་ང་རང་ཚོ་ཆོས་ལ་དད་པ་ཡོད་པ་གཅིག་པུས་མི་འགྲིགས་པར། དད་པ་བྱེད་སའི་ཆོས་དེ་ལེགས་པོ་ཞིག་ཤེས་དགོས། དེར་བརྟེན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་རྩ་བ་ཤེས་རབ་ལས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། ། ཞེས་ཐུགས་བརྩེ་བ་ཆེན་པོའམ་ཐུགས་རྗེ་ཆེན་པོ་དེའི་དབང་གིས་གང་གི་དོན་དུ་སྔོན་ཐུགས་བསྐྱེད་ཅིང༌། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཐུགས་རྗེ་ཆེན་པོ་ཁོ་ནའི་དབང་གིས་དུས་དང་རྣམ་པ་ཀུན་ཏུ་གདུལ་བྱའི་དོན་འབའ་ཞིག་མཛད་མཁན་ཞིག་དང༌། བརྩེ་བ་དེའི་དབང་གིས་བསྐལ་པ་ནས་བསྐལ་པའི་རིང་བརྩེ་བ་སྙིང་རྗེ་ཆེན་པོ་ལ་གོམས་པར་མཛད་པའི་སྟོབས་ཀྱིས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཆགས་ཀྱི་ཡོད། སངས་རྒྱས་ནས་ཀྱང་བརྩེ་བ་ཐུགས་རྗེ་ཆེན་པོའི་གོང་བུ་ལྟ་བུ་ཞིག་ཆགས་ཀྱི་ཡོད། དེ་ལྟ་བུའི་ཐུགས་རྗེ་ཆེན་པོའི་གཞན་དབང་ངམ་གོང་བུར་གྱུར་མཁན་ཞིག་གིས་དུས་དང་རྣམ་པ་ཐམས་ཅད་དུ་གཞན་དོན་འབའ་ཞིག་མཛད་རྒྱུ་དེ་ཆོས་ཉིད་ཡིན། དཔེར་ན་ང་རང་ཚོ་རང་དང་རང་མཉམ་གྱི་མི་ལ་ཆ་བཞག་ནའང༌། མི་དངོས་གནས་དྲང་གནས་སེམས་པ་བཟང་པོ་སྤྱི་སེམས་བྱེད་མཁན་ཞིག་ཡིན་ན། རྨི་ལམ་ཚུན་ཆད་དུས་ནམ་དུ་ཡང་གཞན་ལ་ཕན་པ་བསྒྲུབ་རྒྱུའི་བསམ་བློ་འཁོར་བ་ཞིག་ཡོང་གི་རེད། དངོས་གནས་སྤྱི་སེམས་ཡོད་པ་དང༌། གཞན་ཕན་གྱི་བསམ་བློ་ཡོད་པའི་མི་ཞིག་ལ་སུས་རེ་བ་གང་ཞིག་བརྒྱབ་ཀྱང་འཕྲལ་དུ་དེར་རོགས་རམ་བྱེད་པ་ཞིག་ནམ་དུའང་ཡོང་གི་ཡོད། དེར་བརྟེན་བསྐལ་པ་ནས་བསྐལ་པའི་བར་དུ་གཞན་ལ་མཐའ་གཅིག་ཏུ་བརྩེ་བའི་བློ་དེར་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྒོ་ནས་གོམས་མཁན་ཞིག་ལ། གོམས་པ་མཐར་སོན་པའི་གནས་སྐབས་ལ་གཞན་དོན་བསྒྲུབ་པར་ཞེ་ས་མ་ཞུས་ན་རང་དབང་མེད་པ་ལྟ་བུ་ཞིག་སྟེ། ནམ་དུ་ཡང་གཞན་དོན་སྒྲུབ་པ་ཞིག་ང་ཚོའི་མི་ཚེ་གཅིག་གི་ནང་ལ་བལྟས་ཀྱང་གང་འཚམས་ཤེས་ཐུབ་པ་དང༌། ཚོད་དཔག་བྱེད་ཐུབ་པ་ཞིག་ཡོད། དེར་བརྟེན། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །
ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །
དམ་པའི་ཆོས་ནི་སྟོན་མཛད་པ། ། ཞེས་པ་ལྟར་གཞན་ཕན་སྒྲུབ་སྟངས་དེ་ཡང༌། བཅོམ་ལྡན་འདས་རྟག་པ་རང་བྱུང་གི་སྐྱེས་བུ་བྱས་ཏེ་འཇིག་རྟེན་བཀོད་པ་པོ་ཞིག་ཡིན་ན། ཁོ་རང་གིས་བདེ་སྐྱིད་ལྡན་པའི་འཇིག་རྟེན་ཞིག་བཀོད་ན་འགྲིགས་ཀྱང༌། དེ་ལྟར་མིན་པར་འཇིག་རྟེན་ཞེས་པ་དེ་རང་རང་གི་རྒྱུ་དང་རྐྱེན་ལ་ལྟོས་ནས་ཡོང་བ་ཞིག་ཡིན་པས། དེ་རྒྱུ་རྐྱེན་གང་གི་དབང་གིས་སྡུག་བསྔལ་ཡོང་བའི་རྒྱུ་རྐྱེན་དེ་སེལ་བའི་ཐོག་ནས་སྡུག་བསྔལ་ལས་གྲོལ་བ་མཛད་རྒྱུ་ལས་ཐབས་གཞན་མེད། སྡུག་བསྔལ་ཡོང་བའི་རྒྱུ་རྐྱེན་སེལ་རྒྱུ་དང༌། བདེ་བ་འཐོབ་པའི་རྒྱུ་རྐྱེན་བསྒྲུབ་རྒྱུ་དེ་མཐར་གཏུགས་ན་སེམས་དུལ་མ་དུལ་གྱི་ཐོག་ནས་ཡོང་གི་ཡོད། དཔེར་ན། ང་རང་ཚོ་འཛམ་གླིང་འདིའི་སྟེང་གི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་པའི་མཐུན་རྐྱེན་དེ་དག་ལ་ཆ་བཞག་ཀྱང༌། མི་ལ་སྡུག་པ་ཞིག་བྱེད་དགོས་བསམས་ཏེ་མཐུན་རྐྱེན་དེ་དག་བསྒྲུབས་པ་མིན། ཡང་མཐའ་གཅིག་ཏུ་མི་ལ་ཕན་བདེ་བསྒྲུབ་རྒྱུའི་དོན་དུ་མཐུན་རྐྱེན་སྒྲུབ་པ་ཡིན་མིན་མི་ཤེས་ཏེ་རང་རང་སོ་སོར་ཆ་བཞག་ན། དཔེར་ན། ལག་རྩལ་པའི་མི་ཞིག་ལ་ཆ་བཞག་ཀྱང༌། དེས་མཐའ་གཅིག་ཏུ་མི་ལ་ཕན་བདེ་བསྒྲུབ་བསམས་ནས་ལག་རྩལ་སྦྱངས་པ་མིན་ན་ཡང༌། རང་ཉིད་ཀྱི་འཚོ་བ་དང༌། རང་ཉིད་ཀྱི་མི་ཚེའི་དོན་དུ་ལས་ཀ་བྱས་པ་དང༌། ཚོང་ལ་ཆ་བཞག་ཀྱང་གཞན་ལ་སྐད་ཆ་སྙན་པོ་བཤད་པ་དང༌། བགད་མོ་བགད། ཁ་མཁས་བྱས་པ་ལྟ་བུའི་འོག་ནས་སོ་སོའི་དོན་དེ་འགྲུབ་པ་ཞིག་བྱེད་དགོས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་གི་དཔལ་འབྱོར་ཡར་རྒྱས་དང༌། འཕྲུལ་ཆས་ཡར་རྒྱས་ཀྱིས་མཚོན་པ་དེ་དག་ཚང་མ་མཐའ་གཅིག་ཏུ་མི་ལ་གནོད་པ་སྐྱེལ་འདོད་ཀྱི་བསམ་པའི་ཐོག་ནས་བྱས་པ་ཡིན་ན། ཕལ་ཆེར་དེ་ཙམ་ཡོང་གི་མ་རེད་བསམ་གྱི་འདུག ང་ཚོའི་མཐོང་ཆོས་སུ་ཡོད་པའི་མཐུན་རྐྱེན་དེ་དག་གནོད་པའི་བསམ་པས་བྱུང་བ་ཕལ་ཆེར་མིན། ཕན་པའི་བསམ་པས་ཡོང་བ་ཞིག་གསལ་པོ་རེད། མིའི་བྱ་སྤྱོད་ཀྱི་རྐྱེན་པས་དམག་འཁྲུག་དང༌། མུ་གེ ནད་ཡམས་ལྟ་བུ་མང་པོ་ཞིག་གནོད་པའི་བསམ་པའི་དབང་གིས་ཡོང་གི་ཡོད། དེ་ནས་ཡར་གཏུགས་ན་འཛམ་གླིང་འདིའི་སྟེང་གི་བཀྲ་མི་ཤིས་པ་དང༌། མི་འདོད་པའི་རྐྱེན་ངན་ཐམས་ཅད་དང་དུ་བླངས་ནས་བྱེད་མཁན་ཞིག་མེད་ཅིང༌། སུ་ཞིག་ཡིན་ཡང་ལེགས་པ་ཞིག་བྱུང་ན་བསམས་ནས་བྱེད་ཀྱི་ཡོད་པ་ལས། སྡུག་པ་ཞིག་བྱུང་ན་བསམས་ནས་བྱེད་མཁན་སུ་གཅིག་ཀྱང་མེད། འོན་ཀྱང་མི་འདོད་པའི་སྡུག་བསྔལ་ཆུ་ཡི་གཉེར་མ་ལྟར་འཛད་རྒྱུ་མེད་པ་དེ་དག་གང་ཞིག་བྱས་ཏེ་ཡོང་གི་ཡོད་དམ་ཞེ་ན། དེ་ནི་རྨོངས་པ་དང་འཁྲུལ་པའི་དབང་གིས་ཡོང་གི་ཡོད། སེལ་རྒྱུའི་སྡུག་བསྔལ་དེ་ཡང་རྨོངས་པའི་དབང་གིས་ཡོང་བ་དང༌། མ་རིག་པ་དང་མི་ཤེས་པའི་དབང་གིས་ཡོང་བས་ན། སྡུག་བསྔལ་སེལ་རྒྱུ་དེ་ཇི་ལྟར་བྱས་ཏེ་སེལ་དགོས་སམ་ཞེ་ན། མི་ཤེས་པ་སེལ་བའི་ཐོག་ནས་སྡུག་བསྔལ་སེལ་དགོས། དཔེར་ན། ང་རང་ཚོ་འཛམ་གླིང་འདིའི་སྟེང་གི་མཐོང་ཆོས་ལ༑ མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཤེས་བྱ་ཡོན་ཏན་དགོས་ཤིང༌། ཤེས་བྱ་ཡོན་ཏན་མེད་པའི་རྨོངས་པ་ཁྱུ་བསྒྲིགས་ནས་བསྡད་ན་ལྟོ་གོས་ཀྱི་དཀའ་ངལ་སེལ་མི་ཐུབ་ལ། ལུང་པ་ཡར་རྒྱས་དེ་བས་ཀྱང་གཏོང་མི་ཐུབ། དེར་བརྟེན་འཛམ་གླིང་གང་སར་རྨོངས་པས་ཕུང་གི་ཡོད་པས་ན། རྨོངས་པ་སེལ་རྒྱུའི་ཤེས་ཡོན་དགོས་ཞེས་འཛམ་གླིང་ཀུན་ལ་གྲགས་པའི་རྒྱུ་མཚན་དེ་ལྟར་རེད། སངས་རྒྱས་ཀྱི་ཆོས་འདི་ཡང་དེ་བཞིན་ཡིན། མ་རིག་པའམ་མི་ཤེས་པའི་དབང་གིས་སྡུག་བསྔལ་ཡོང་གི་ཡོད་པས་དེ་ལ་བརྟེན་ནས་མི་ཤེས་པ་སེལ་དགོས་ཞེས་གསུངས་ཡོད་ལ། མི་ཤེས་པ་ལ་རིགས་གཉིས་ཡོད། རྒྱུ་མཚན་ལྟར་སྣང་ཞིག་གིས་ངེས་པ་ཕྱིན་ཅི་ལོག་འདྲེན་མཁན་གྱི་མི་ཤེས་པའི་བློ་གཅིག་ཡོང་གི་ཡོད། དེ་ནི་ལོག་རྟོག་ཟེར་བ་དེ་ཡིན། ཡང་མི་ཤེས་པ་ཙམ་གྱི་མི་ཤེས་པ་གཅིག་ཡོང་གི་ཡོད། དེ་ནི་མ་རྟོགས་པའི་བློ་ཙམ་དང༌། མི་ཤེས་པ་ཙམ། རྨོངས་ཙམ་དེ་ཡིན། རྨོངས་ཙམ་ཞིག་དང་ཕྱིན་ཅི་ལོག་པའི་རྨོངས་པ་གཉིས་ཀྱི་ནང་ནས་སྡུག་པ་དེ་ཕྱིན་ཅི་ལོག་གི་རྨོངས་པ་དེ་ཆགས་ཀྱི་ཡོད། ངེས་པ་ལྟར་སྣང་དྲངས་ཏེ་དེར་རང་ཉིད་ཀྱིས་ཡིད་ཆེས་བྱས་ཤིང༌། མི་ཤེས་པའི་དབང་གིས་ནོར་འཁྲུལ་ཅུང་ཟད་ཤོར་ཡང་དེ་ཙམ་ཐལ་ཆ་གང་ཡང་མེད། བསམ་བློའི་ནང་དུ་འདི་འདྲ་ཞིག་བྱས་ན་ཡག་པོ་རེད་བསམ་པའི་རྒྱུ་མཚན་ལྟར་སྣང་ཞིག་ལ་བརྟེན་ནས་ངེས་པ་ལྟར་སྣང་འདྲེན་མཁན་གྱི་ལྟ་བ་ཞིག་སླེབས་སྐབས་མགོ་ལོག་ཆེན་པོ་རྩེད་ཡོང་གི་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །
ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ། ཞེས་གསུངས་པའི་ལྟ་བ་ཞེས་གསུངས་པ་ནི། མི་ཤེས་པའི་དབང་གིས་སྡུག་བསྔལ་ཡོང་གི་ཡོད་ཅིང༌། མི་ཤེས་པ་དེར་རྨོངས་ཙམ་ཞིག་དང༌། ཕྱིན་ཅི་ལོག་གི་རྨོངས་པ་ཞིག་སྟེ་གཉིས་ཡོད་པའི་ལོག་རྟོག་གི་རྨོངས་པ་དེར་ལྟ་བ་ཞེས་བཤད་ཀྱི་ཡོད། ཕྱིན་ཅི་ལོག་གི་ལྟ་བ་དེ་སེལ་རྒྱུའི་དོན་དུ་སངས་རྒྱས་ཀྱིས་ཆོས་བསྟན་པ་རེད་ཅེས་བཤད་ཀྱི་ཡོད། དེས་ན་ཕྱིན་ཅི་ལོག་གི་ལྟ་བ་གང་ཞིག་རེད་དམ་ཞེ་ན། ལྟ་བ་འདྲ་མིན་མང་དུ་ཡོད་ཀྱང༌། མཐར་གཏུགས་སྐབས་འཇིག་ལྟ་དང༌། མཐར་ལྟ༑ ལོག་ལྟ་ཞེས་པའི་ལྟ་བ་དེ་དག་དང༌། མདོར་ན་རྙོག་དྲ་བཟོ་མཁན་སྡུག་ཤོས་ལྟ་ངན་དེ་དག་ཆགས་ཀྱི་ཡོད། ལོག་ལྟའི་དབང་གིས་བདེ་བ་འདོད་ནས། རང་ཉིད་ལ་བདེ་སྐྱིད་ཡོང་བའི་དོན་དུ་འཕྲོག་བཅོམ་བྱས། སྐྱག་རྫུན་བཤད། མགོ་སྐོར་བཏང་བ་དེ་ལོག་ལྟ་ལྟ་བུ་ཞིག་ཆགས་ཀྱི་ཡོད། ཡང་དེ་ཡོང་བ་དེ་ཡང་མཐར་གཏུགས་སྐབས། ང་ཞེས་བརྗོད་ན་རང་གཅིག་པུ་དང༌། དེ་ཡང་ཆགས་སྡང་ཕན་གནོད་འདྲེན་སའི་ང་ཞེས་ཚུགས་ཐུབ་པ་ཞིག་ང་ཚོའི་བློར་ཤར་གྱི་ཡོད། ཤར་བ་ལྟར་དེ་ལྟ་བུའི་ང་དེ་བདེ་སྐྱིད་ཡོང་རྒྱུའི་དོན་དང༌། སྡུག་བསྔལ་མི་ཡོང་བའི་དོན་དུ་བསམ་བློ་དེ་རང་བཞིན་གྱིས་ཆགས་སྡང་གི་བློ་སྐྱེ་བ་དེ་དག་སླེབས་ཡོང་གི་འདུག་ཅིང༌། དེར་བརྟེན་འཇིག་ལྟ་ཞེས་གསུངས་པ་ལྟ་བུ་དེ་དག་གི་ཐོག་ནས་ཡོང་གི་ཡོད། དེ་བཞིན་མཐར་ལྟའི་དབང་གིས། དཔེར་ན་རྟག་པར་ལྟ་བ་ཞེས་པ་ལོ་བརྒྱ་ཕྲག་སྟོང་ཕྲག་སྡོད་རྒྱུའི་བསམ་བློ་ལྟ་བུ་བློར་མ་བརྟག་མ་དཔྱད་པའི་བློ་ལྷན་སྐྱེས་དེ་འདྲའི་ཐོག་ནས་མི་ལ་རྙོག་དྲ་བཟོ་བ་ཡང་ང་ཚོར་ཡོང་གི་ཡོད། མདོར་ན་ང་ཚོ་ཕོངས་འཇུག་གཙོ་བོ་ནི། ཕྱིན་ཅི་ལོག་གི་ལྟ་བ་འདི་ཚོའི་གྲས་ཀྱིས་ཐོག་ནས་ཡོང་གི་ཡོད། ཕྱིན་ཅི་ལོག་གི་ལྟ་བ་དང༌། དེའི་སྔོན་དུ་རྒྱུ་དང་འབྲས་བུ་དང༌། རྒྱུ་དང་འབྲས་བུ་ཞེས་པ་དེ་ཡང་རྟག་པའི་རྒྱུ་ལས་ཡོང་རྒྱུ་མེད་ལ། རྒྱུ་མེད་པ་ལས་ཡོང་རྒྱུ་མེད་ཅིང༌། རྒྱུ་འབྲས་རྟེན་འབྱུང་བཤད་སྐབས་རྒྱུ་མེད་པ་ལས་ཡོང་རྒྱུ་མེད། ངེས་པར་དུ་རྒྱུ་ལ་བརྟེན་ནས་ཡོང་དགོས་པ་རེད། རྒྱུ་དེ་ཡང་རྟག་པའི་རྒྱུ་ལ་བརྟེན་ནས་ཡོང་རྒྱུ་མེད་ཅིང༌། རྒྱུ་དེ་ཉིད་རྟག་པ་འགྱུར་བ་མེད་པ་ཞིག་ཡིན་ན་འབྲས་བུ་འགྱུར་བ་འགྲོ་བ་ཞིག་ཡོང་ཐབས་མེད། དེ་ནི་མི་རྟག་པའི་རྒྱུ་ལས་ཡོང་དགོས་ཤིང༌། མི་རྟག་པའི་རྒྱུ་ཙམ་གྱིས་ཀྱང་མི་ཡོང་བར་ནུས་པའི་རྐྱེན་ཞེས་གསུངས་པ་ལྟར་འབྲས་བུ་དང་རྣམ་པ་མཐུན་པའི་བྱེད་ལས་དང་མཚུངས་པ་ཞིག་གིས། རང་དང་རྗེས་སུ་མཐུན་པའི་རྒྱུ་དང་རྐྱེན་གྱི་དབང་གིས་འབྲས་བུའི་རྣམ་པ་མི་འདྲ་བ་ཡོང་བ་དེ་དངོས་པོའི་གཤིས་ལུགས་རེད། རྒྱུ་འབྲས་ལ་རྨོངས་པའི་ལོག་ལྟས་རྒྱུ་འབྲས་མི་མཐུན་པ་སྟེ། དཔེར་ན་འདོད་པ་བདེ་བ་འདོད་ཀྱང༌། བདེ་བའི་རྒྱུ་ལས་ལྡོག་པའི་སྡུག་བསྔལ་ཡོང་བའི་རྒྱུ་ལྷུར་བླངས་ན་དེའི་འབྲས་བུར་བདེ་བ་ཡོང་རྒྱུ་མེད་ཅིང་སྡུག་བསྔལ་ཡོང་གི་ཡོད། ཕྱིན་ཅི་ལོག་གི་ལྟ་བ་དེ་དག་གི་ཐོག་ནས་རྙོག་དྲ་དེ་ཡོང་གི་ཡོད། ལྟ་བ་དེ་སེལ་རྒྱུ་དེ་གང་ཞིག་རེད་དམ་ཞེ་ན། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཀྱི་དབུར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །
འགག་པ་མེད་པ་སྐྱེ་མེད་པ། ། ཞེས་སོགས་གསུངས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་གསུངས་པའི་སྟོན་པ་གང་གིས་རྟེན་འབྱུང་གི་རྣམ་གཞག་གསུངས་ཏེ། རྟེན་འབྱུང་གི་རྣམ་གཞག་དེ་ལ་བརྟེན་ནས་ཕྱིན་ཅི་ལོག་གི་ལྟ་བ་དེ་དག་སེལ་ཐབས་གནང་གི་ཡོད། ཕྱིན་ཅི་ལོག་པའི་ལྟ་བའམ་རྨོངས་ཙམ་གྱི་ལྟ་བ། སེམས་ལ་ཆ་བཞག་ན་ངན་པ་ལྟ་བུ་དེ་ཕྱིན་ཅི་ལོག་ངེས་པ་ལྟར་སྣང་འདྲེན་མཁན་གྱི་ལྟ་བ་ལོག་རྟོག་གམ། ལོག་རྟོག་རང་བཞིན་ཅན་གྱི་མི་ཤེས་པ་དེ་སེལ་རྒྱུའི་ཐབས་ཤེས་ཇི་འདྲ་ཞིག་བྱེད་དགོས་སམ་ཞེ་ན། བདེ་བ་དང་སྡུག་བསྔལ་ཞེས་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་བ་དང༌། རྒྱུ་དང་རྐྱེན་ཞེས་པ་འདི་བདེ་བ་ཡོང་རྒྱུའི་རྒྱུ་རྐྱེན་དང༌། སྡུག་བསྔལ་ཡོང་བའི་རྒྱུ་རྐྱེན་དེ་དག་ཤེས་པར་བྱས་ཏེ། དེའི་ཐོག་ནས་མི་འདོད་པའི་སྡུག་བསྔལ་གྱི་རྒྱུ་དེ་སྤངས་ཤིང༌། འདོད་པའི་བདེ་བའི་རྒྱུ་ཚུར་བསྒྲུབ་པ་བཅས་སྤང་བླང་དེ་ལྟར་བྱ་དགོས། དེར་བརྟེན་རྒྱུ་འབྲས་ཀྱི་རྟེན་འབྱུང་དེ་ཤེས་དགོས་ཤིང༌། དེས་ན་བཅོམ་ལྡན་འདས་ཀྱིས་རྟེན་འབྱུང་གི་ལྟ་བ་གསུངས་ཏེ་ཕྱིན་ཅི་ལོག་གི་ལྟ་བ་དེ་དག་སེལ་ཐབས་གནང་བ་རེད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་རིམ་པ་དང་པོར། རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པ་དེ་གསུངས་ཡོད། བཅོམ་ལྡན་འདས་ཀྱི་གསུང་དེ་ཧ་ལས་པའི་རྣམ་དཔྱོད་ཅན་གྱི་གསུང་དངོས་གནས་ཆགས་ཡོད། རྟེན་འབྱུང་གི་ལྟ་བ་ཞེས་པ་ང་ཚོར་ངོ་འཕྲོད་རྒྱུ་འདུག་ལ། མཐོང་ཆོས་ལ་མྱོང་རྒྱུ་དང༌། མཐོང་ཆོས་སུ་ར་འཕྲོད་རྒྱུ་ཡོད་ཅིང༌། མཐོང་ཆོས་ལ་ར་འཕྲོད་རྒྱུ་ཡོད་པའི་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དེ་གསུངས་སྐབས། དེ་ལྟོས་གྲུབ་ཡིན་པའི་བསམ་བློ་ཞིག་སླེབས་ཡོང་གི་ཡོད། དེ་ལྟོས་གྲུབ་ཡིན་པའི་བསམ་བློ་ཞིག་སླེབས་སྐབས་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་ཞིག་དེས་དྲངས་ཡོང་གི་འདུག་ལ། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་ཞིག་སླེབས་སྐབས་དེར་རང་དབང་བ་མེད་པའི་གོ་བ་ཞིག་ཀྱང་སླེབས་ཡོང་གི་ཡོད། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཆོས་གདུལ་བྱ་རིགས་ཅན་གསུམ་དང༌། དེ་བཞིན་གྲུབ་མཐའ་སྨྲ་བ་ཀུན་ལ་ཁྱབ་པ་དང༌། ཀུན་གྱི་མཐུན་སྣང་དུ་གྲུབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་དེ་གསུངས་པ་རེད། དེ་ནས་སྲིད་པའི་འཁོར་ལོ་ཆ་ལྔ་པ། བདེན་པ་བཞི་གསུངས་པ་དེ་རྒྱུ་འབྲས་ཀྱི་རྟེན་འབྱུང་དེ་གཞིར་བཞག་པའི་ཐོག་ནས་བདེ་སྡུག་གི་འགྲེལ་བཤད་བསྐྱོན་སྐབས་བདེན་པ་བཞི་གསུངས་པ་རེད། དེ་ཅུང་ཙམ་ཞིབ་ཚགས་སུ་བཏང་སྐབས། རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་གསུངས་ཀྱི་ཡོད། ལུགས་འབྱུང་ལྡོག་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་ནས་རྒྱུ་འབྲས་ཀྱི་འབྲེལ་བ་ཇི་ལྟར་བྱས་ཏེ་ཡོང་གི་ཡོད་མེད་དེ་གསུངས་ཡོད། དེར་བརྟེན་དེས་རྒྱུ་འབྲས་ཀྱི་རྟེན་འབྱུང་དེ་གསུངས་པས་དེར་གོ་བ་ལེགས་པོ་ཞིག་ཆགས་ན། དེ་ནས་བློ་ཅུང་ཟད་སྨིན་སྐབས་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་ཆགས་པ་ཞིག་ཡོང་གི་ཡོད། དེ་ལ་བརྟེན་ནས་མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྱུང་གི་ལྟ་བ་ཕྲ་མོ་དེ་སླེབས་ཡོང་གི་ཡོད། དེས་ན་ཕྱིན་ཅི་ལོག་གི་ལྟ་བ་སྔོན་ལ་རགས་པ་དེ་སེལ་བ་དང༌། དེ་ནས་རྒྱུ་འབྲས་ཀྱི་ངེས་པ་རྙེད་སྐབས་ལོག་ལྟ་དེ་སེལ་ཡོང་གི་རེད། དེ་ནས་ཡར་ཕྱིན་ནས་ད་དུང་ལྟ་བ་དེ་ཇེ་ཟབ་ཏུ་འགྲོ་སྐབས་ཕྱིན་ཅི་ལོག་གི་མཐར་ལྟ་དང་འཇིག་ལྟ་ཕྲ་རགས་དེ་དག་ལས། ཐོག་མར་རགས་པ་དེ་དག་སེལ་བ་དང༌། དེ་རྗེས་ཕྲ་བ་དེ་དག་སེལ་བ་ཞིག་གསུངས་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ། དངོས་གནས་སྲིད་པ་གསུམ་ན་དེ་ལས་སྙན་པའི་གཏམ་མེད་པ་ཞིག་ཡིན། དངོས་པོའི་གནས་ཚུལ་གཏན་ལ་ཕབ་པ་ལ་ལྟ་བ་དེ་ལས་ལྷག་པ་མེད། དཔེར་ན། དེང་སང་ང་ཚོ་འཛམ་གླིང་འདིའི་སྟེང་གི་ཆོས་ཀྱི་སྐད་ཆ་ཕར་ཞོག འཛམ་གླིང་འདིའི་སྟེང་གི་དཔལ་འབྱོར་གྱི་གནས་སྟངས་དང༌། དེ་བཞིན་ཁོར་ཡུག་གི་གནས་སྟངས། མིའི་སྤྱི་ཚོགས་ཀྱི་གནས་སྟངས། ད་ལྟ་དང་མ་འོངས་པའི་མི་རབས་ཀྱི་གནས་སྟངས་གང་གི་ཐོག་ཏུའང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བའི་ཐོག་ནས་བསམ་བློ་བཏང་ན། དངོས་ཡོད་གནས་ཚུལ་ཤེས་པ་ལ་ཧ་ཅང་གི་ཕན་ཐོགས་ཡོད། ང་ཚོ་མང་པོ་ཞིག་གིས་སྐབས་འཕྲལ་མིག་མདུན་གྱི་གནས་སྟངས་དེ་མཐོང་བ་ལས། དེའི་རྒྱུ་དང་རྐྱེན་ཕན་ཚུན་ལྟོས་པའི་འབྲེལ་བ་དེ་དག་སྣང་མེད་དུ་བཞག་པས་མ་མཐོང་ཞིང༌། དེ་མ་མཐོང་བའི་རྐྱེན་གྱིས་འཕྲལ་སེལ་གྱི་ཐད་ཀར་འབྲེལ་བ་ཡོད་པ་ཉུང་ཤས་ཤིག་མཐོང་བ་ལས། དེ་ཉིད་ལྟོས་ནས་གྲུབ་པ་དང༌། རྟེན་ཅིང་འབྲེལ་ནས་འབྱུང་བའི་ཚུལ་དེ་མ་མཐོང་བའི་སྐབས་སུ་དངོས་ཡོད་གནས་ཚུལ་ལ་རན་པའི་ཐབས་ཤེས་སྤྲད་ཐུབ་ཀྱི་མི་འདུག མགོ་ལོག་རྩེད་པ་མང་པོ་ཞིག་བསམ་རྒྱ་ཆུང་དྲགས་པ་དང༌། མིག་རྒྱང་ཐུང་དྲགས་པའི་ཐོག་ནས་མགོ་ལོག་རྩེད་ཀྱི་འདུག དེ་གང་གིས་ལན་པ་རེད་དམ་ཞེ་ན། རྒྱུ་འབྲས་ཀྱི་རྟེན་འབྱུང་མ་ཤེས་ཤིང༌། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་བསམ་བློ་དེ་མ་འཁོར། ལྟོས་གྲུབ་ཀྱི་རང་བཞིན་དུ་མ་མཐོང་བའི་ཆ་ནས་ཡོང་གི་ཡོད། ཕྱོགས་གཞན་ཞིག་དང༌། ཚིག་གཞན་ཞིག་གིས་ཐོག་ནས་བཤད་ན། མདོར་ན། དངོས་ཡོད་གནས་ཚུལ་གང་ཞིག་ཡོད་པ་དེ་ཉིད་རྟོགས་ཤིང་ཤེས་པའི་ཐོག་ནས་དངོས་ཡོད་གནས་ཚུལ་དེར་ཏག་ཏག་རན་པའི་བྱེད་ཐབས་ཤིག་བྱས་ན་འདོད་དོན་དེ་ཉིད་འགྲུབ་ཀྱི་ཡོད། དཔེར་ན། མི་ལ་སེམས་གནག་ཅིག་བྱེད་དགོས་བྱུང་ཡང༌། སེམས་གནག་བྱེད་སྟངས་དེ་དངོས་ཡོད་གནས་ཚུལ་རྟེན་འབྱུང་ལྟོས་གྲུབ་ཀྱི་རང་བཞིན་ཆ་ཚང་ཤེས་པའི་ཐོག་ནས་སེམས་གནག་གི་ལས་ཀ་ཞིག་བྱས་ན་དེ་ནུས་པ་ཐོན་པ་ཡོང་གི་རེད། ལེགས་པ་ཞིག་བྱེད་དགོས་བྱུང་ན་དེ་བས་ཀྱང་དངོས་ཡོད་གནས་ཚུལ་ཆ་ཚང་རྟོགས་པའི་ཐོག་ནས་བྱེད་ཐབས་ཤིག་སྤྱད་པ་ཡིན་ན། དེ་དངོས་ཡོད་གནས་ཚུལ་ལ་རན་པའི་བྱེད་ཐབས་ཤིག་ཆགས་པ་རེད། དངོས་ཡོད་གནས་ཚུལ་ལ་རན་པའི་བྱ་བ་དེའི་འབྲས་བུ་ཡང་འདོད་པ་ལྟར་ཡོང་བ་གསལ་པོ་རེད། དེས་ན་སངས་རྒྱས་ཀྱི་ཆོས་ཀྱི་ནང༌། ལོག་ལྟ་ཞེས་པ་དེར་སྒྲོ་འདོགས་ལོག་ལྟ་དང༌། སྐུར་འདེབས་ལོག་ལྟ་ཞེས་གཉིས་གསུངས་པ་དེ་གནད་འགག་ཆེན་པོ་རེད། སྒྲོ་འདོགས་ལོག་ལྟ་ཞེས་པ་དེ་གང་ཞིག་རེད་དམ་ཞེ་ན། དངོས་པོའི་གནས་ཚུལ་ལས་བརྒལ་བའི་རྣམ་རྟོག་གིས་སྒྲོ་བཏགས་ནས་བཟོས་པ་དེ་དངོས་པོའི་གནས་ཚུལ་མིན་ཞིང༌། དངོས་པོའི་གནས་ཚུལ་ལས་བརྒལ་བ་དེར་སྒྲོ་འདོགས་ལོག་ལྟ་ཞེས་བཤད་ལ། དེས་ཕུང་གི་ཡོད། དེར་རེ་བ་སྟོང་པ་སླེབས་པ་རེད། དཔེར་ན་ལེགས་ས་ནས་བཤད་ན་རེ་བ་སྟོང་པ་སླེབས་ཀྱི་རེད། རེ་སྟོང་གིས་ཡོང་རྒྱུ་གང་ཡང་མེད་ཅིང༌། དངོས་ཡོད་གནས་ཚུལ་ལས་ཚད་བརྒལ་བའི་ལྟ་སྟངས་ཤིག་གིས་བལྟས་ཡོང་སྐབས་དེ་ནི་སྒྲོ་འདོགས་ལོག་ལྟ་རེད། དེ་ཡང་ལོག་ལྟ་ཡིན། ལོག་ལྟ་གང་ཞིག་རེད་དམ་ཞེ་ན། སྒྲོ་བཏགས་ནས་དངོས་ཡོད་གནས་ཚུལ་ལས་བརྒལ་བའི་ལྟ་སྟངས་ཤིག་ཡིན་སྟབས་སྒྲོ་འདོགས་ལོག་ལྟ་རེད། སྐུར་འདེབས་ལོག་ལྟ་ཞེས་བརྗོད་སྐབས་དངོས་ཡོད་གནས་ཚུལ་ལས་ཆད་ནས། དངོས་ཡོད་གནས་ཚུལ་འདི་འདྲ་ཞིག་ཡོད་ཀྱང་རང་ཉིད་ཀྱི་བསམ་བློའི་ནང་དེ་འདྲ་ཞིག་མེད་བསམ་སྟེ་དྲན་པའི་ལོག་ལྟ་དེ་ནི་སྐུར་འདེབས་ལོག་ལྟ་རེད། དངོས་པོའི་གནས་ཚུལ་ལ་ཡོད་པ་ཞིག་མེད་ཅེས་སྐུར་བ་བཏབ་ན། དངོས་ཡོད་གནས་ཚུལ་ལས་བརྒལ་བ་རེད། སྒྲོ་འདོགས་ལོག་ལྟ་དང་སྐུར་འདེབས་ལོག་ལྟ་གཉིས་ཀ་ལོག་ལྟ་རེད། ལོག་ལྟས་འདོད་དོན་སྒྲུབ་མི་ཐུབ། མདོར་ན། ཚིག་དེས་གང་ཞིག་བཤད་ཀྱི་ཡོད་དམ་ཞེ་ན། དངོས་ཡོད་གནས་ཚུལ་མ་རྟོགས་པར། དངོས་ཡོད་གནས་ཚུལ་ལ་མ་རན་པ་ཞིག་བྱས་ན་འདོད་དོན་འགྲུབ་ཀྱི་མེད། ཆོས་སྲིད་ཀྱི་བྱ་བ་དང༌། དཔལ་འབྱོར་གྱི་བྱ་བ། ཚན་རིག་གི་བྱ་བ། འཕྲོད་བསྟེན་གྱི་བྱ་བ། ཁོར་ཡུག་གི་བྱ་བ་སོགས་གང་ཞིག་ཡིན་ཡང་དངོས་ཡོད་གནས་ཚུལ་རྟོགས་པའི་ཐོག་ནས་འགྲོ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། ཏིང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་ཞེས་པ་དེས་རྟེན་འབྱུང་གི་ལྟ་བ་ལྟ་བུ་ཞིག་བཤད་ཀྱི་ཡོད། དེ་ཏག་ཏག་འགྲོ་ཡི་ཡོད་མེད་མི་ཤེས་མོད། ཡིན་རྒྱུ་དེ་ལྟ་བུ་ཞིག་རེད། སངས་རྒྱས་པའི་ཆོས་འདི་དངོས་ཐོག་བདེན་འཚོལ་དངོས་གནས་རེད། དངོས་ཡོད་གནས་ཚུལ་དེ་ཤེས་པར་བྱས་ནས་མི་འདོད་པའི་སྡུག་བསྔལ་དེ་གང་ཞིག་ཡིན་པ་དང༌། དེའི་རྒྱུ་རྐྱེན་གང་ཞིག་ཡིན་པ། དེ་གང་ལ་ལྟོས་པ་དེ་དག་ཤེས་པའི་ཐོག་ནས་སྡུག་བསྔལ་སེལ་རྒྱུའི་རྒྱུ་ཕྱིན་ཅི་མ་ལོག་པ་དང༌། རྒྱུ་མ་ཚང་བ་མེད་པ་ཞིག་གྲུབ་ན་སྡུག་བསྔལ་དེ་སེལ་ཐུབ་ཀྱི་རེད། བསྒྲུབ་རྒྱུའི་བདེ་བ་དེ་ཡང་རྒྱུ་རྐྱེན་གང་ལ་བརྟེན་པ། ཕན་ཚུན་གང་ལ་ལྟོས་ཀྱི་ཡོད་པ་དེ་དག་ཤེས་པའི་ཐོག་ནས་ཐབས་ཤེས་ཆ་ཚང་ཞིག་བྱས་ན། འདོད་པའི་བདེ་བ་དེ་ཉིད་འགྲུབ་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་ཀྱི་ཆོས་ཞེས་པ་དེ་ལྟ་བུའི་ཐོག་ནས་བཤད་པ་ཡིན་ན་དངོས་ཡོད་གནས་ཚུལ་ཤོད་མཁན་ཞིག་ཆགས་ཡོད། དེས་ན་རྟེན་འབྱུང་གི་ལྟ་བ་ཞེས་པ་དེ་ཧ་ཅང་གི་ཁྱབ་ཆེན་པོ་དང༌། ཧ་ལས་པའི་གལ་ཆེན་པོ་ཞིག་རེད། དེའི་ཐོག་ནས་མ་དུལ་བའི་སེམས་འདིས་སྡུག་བསྔལ་ཡོང་གི་ཡོད་ཅིང༌། དུལ་བའི་སེམས་ཀྱིས་བདེ་སྐྱིད་ཡོང་གི་ཡོད་པ་ཕལ་ཆེར་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུའང་ཤེས་ཐུབ་པ་ཞིག་རེད། དཔེར་ན། ཉིན་ཞིག་རང་ཉིད་སེམས་སྐྱིད་པོ་ཞིག་ཡོད་ན། དེའི་སྐབས་སུ་མི་ཞིག་གིས་དེ་རིང་མགོ་ལོག་ཧ་ཅང་རྩེད་སོང༌། ཆག་སྒོ་བསླངས་འདུག་ཅེས་བརྗོད་ཀྱང༌། དེ་དག་ཧ་ཅང་ཐབས་སྡུག་རེད། འོན་ཀྱང་ཨའུ་ཙམ་རེད་ཅེས་བསམ་བློ་ཞིག་འཁོར་གྱི་རེད། ཡང་ཉིན་ཞིག་ཞོགས་པ་ནས་སེམས་མ་སྐྱིད་པ་ཞིག་ཡོད་ན། རང་ཉིད་ཀྱི་དགའ་ཉེ་ཞིག་གིས་བགད་མོ་བགད་ནས་རང་ཉིད་ཀྱི་འཁྲིས་སུ་ཡོང་ན་ཡང༌། ཅ་མ་སིང་བསམ་པ་ཞིག་སེམས་ལ་དྲན་གྱི་ཡོད། སེམས་སྐྱིད་མ་སྐྱིད་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་འགྲོ་ཡི་འདུག སེམས་སྐྱིད་པོ་དང་སེམས་བག་ཕེབས་པོ་ཞིག་ཡོད་ན་རྐྱེན་ངན་ཞིག་འཕྲད་ཀྱང༌། དེར་གདོང་ལེན་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བྱེད་ཐུབ་པ་དང༌། སེམས་འཁྲུགས་ཡོད་ན་དངོས་ཡོད་གནས་ཚུལ་གྱིས་གདོང་ལེན་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། སེམས་འཁྲུགས་པའི་དབང་གིས་དངོས་ཡོད་གནས་ཚུལ་ལས་བརྒལ་བ་ཞིག་གིས་སྒྲོ་འདོགས་དང༌། ཡང་ན་སྐུར་འདེབས་ལྟ་བུའི་ལྟ་སྟངས་ཀྱི་ཐོག་ནས་ཐབས་ཤེས་བྱས་ཡོང་སྐབས། འདོད་པའི་དོན་འགྲུབ་རྒྱུ་མེད། དེང་འཛམ་གླིང་འདིའི་སྟེང་དམག་འཁྲུག་གིས་མཚོན་པའི་ལས་ཀ་མང་པོ་ཞིག་ཡང་ན་སྒྲོ་འདོགས་ལོག་ལྟ་དང༌། ཡང་ན་སྐུར་འདེབས་ལོག་ལྟའི་དབང་གིས་དངོས་ཡོད་གནས་ཚུལ་ལ་མ་རན་པའི་ཐབས་ཤེས་ཤིག་བྱས་པའི་འབྲས་བུར། འདོད་དོན་གྱི་ཚབ་ལ་མགོ་ལོག་ལུང་པ་གང་སྐྱེལ་བ་ཞིག་ང་ཚོའི་མཐོང་ཆོས་སུ་ཡོད། དེས་ན་སངས་རྒྱས་ཆོས་ཀྱི་རྟེན་འབྱུང་ཞེས་པའི་ལྟ་གྲུབ་དེ་བཤད་ས་སངས་རྒྱས་ཀྱི་ཆོས་ནས་བཤད་ཀྱང༌། དེ་ལག་ལེན་གྱི་ཐོག་ཏུ་འཁྱེར་བ་ལ་འཛམ་གླིང་འདིའི་སྟེང་གི་བྱ་བ་གང་གི་ཐོག་ཏུའང་དེ་ལག་ལེན་གྱི་ཐོག་ནས་འཁྱེར་དགོས་པ་ཞིག་དང༌། འཁྱེར་ཐུབ་པ་ཞིག་དང༌། འཁྱེར་ན་དེས་ཕན་ཐོགས་ཡོད་པ་ཞིག་རེད། དངོས་ཡོད་གནས་ཚུལ་རྟོགས་དགོས་ཀྱི་ཡོད་པ་དང༌། དངོས་ཡོད་གནས་ཚུལ་གཏན་ལ་ཕབ་རྒྱུའི་ལྟ་བ་ཞིག་ཆགས་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་ཞེས་པ་འདི་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་སྙིང་རྗེ་རྩ་བར་གྱུར་བའི་འཚེ་བ་མེད་པའི་སྤྱོད་པ་ཞིག་ལ་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་ཀྱི་ཡོད། དེ་འདྲའི་སངས་རྒྱས་ཀྱི་ཆོས་ནི། སྟོན་པ་བཀའ་དྲིན་ཅན་དེས་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་པ་དེ་གདུལ་བྱ་ཐུན་མོང་བ་ལ་ཡོངས་བསྒྲགས་བྱས་ཏེ་གསུངས་པ་ཞིག་རེད། ཐེག་ཆེན་གྱི་མདོ་སྡེ་དེ་དག་གདུལ་བྱ་ལས་དག་རྣམས་ཀྱི་ངོར་གསུངས་པ་ཞིག་ཕལ་ཆེར་ཡིན་ས་རེད། བྱ་རྒོད་ཕུང་པོའི་རི་གཙོ་བོར་གྱུར་བའི་གནས་དེ་དག་ཏུ་གསུངས་པའི་ཤེར་ཕྱིན་གྱི་མདོ་གཙོ་བོར་གྱུར་བའི་མདོའི་རིགས་ཤིག་དང༌། ཡངས་པ་ཅན་ལ་སོགས་པའི་གནས་ངེས་མེད་དུ་གསུངས་པའི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དེ་བཞིན་མདོ་སྡེ་དགོངས་འགྲེལ་ལ་སོགས་པ་མདོ་སྡེ་སྐོར་གཅིག་བཅས་ཆོས་འཁོར་རིམ་པ་གསུམ་བྱས་ཏེ་ཐེག་ཆེན་གྱི་གཞུང་ནང་དེ་ལྟར་གསུངས་ཡོད། ཆོས་འཁོར་རིམ་པ་གསུམ་ལས་ཆོས་འཁོར་རིམ་པ་དང་པོའི་སྐབས་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དེ་གཙོ་བོར་གསུངས་ཏེ། དེ་ལ་བརྟེན་ནས་བདེན་བཞི་མི་རྟག་བཅུ་དྲུག་སོགས་ཀྱི་སྐོར་གསུངས་ཡོད། ཆོས་འཁོར་བར་པའི་སྐབས་སུ་བརྟེན་ནས་བཏགས་པའི་རྟེན་འབྱུང་དང༌། བཏགས་ཡོད་མིང་རྐྱང་ཙམ་གྱི་གདགས་གཞི་ལ་བརྟེན་པའམ། ཡང་ན་རྟོག་པས་བཏགས་ཙམ་གྱི་རྟེན་འབྱུང་ཕྲ་མོ་དེ་གསུངས་ཡོད་ཅིང༌། དེས་ཡུལ་གྱི་གནས་ལུགས་ཕྲ་ཤོས་དེའི་བར་དུ་གཏན་ལ་ཕབ་པ་རེད། དེ་ནས་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་སྐབས་སུ། ཡུལ་ཅན་ཤེས་པའི་ངོས་ནས་ཕྲ་རགས་ཀྱི་རྣམ་གཞག་གང་འཚམས་ཤིག་གསུངས་ཡོད་ས་རེད། ཕྱོགས་གཅིག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་འགྲོ་སྟངས་དེ་འཁོར་ལོ་བར་པའི་སྐབས་ནས་གསུངས་པའི་ཡུལ་སྟོང་པ་ཉིད་ཀྱི་རྣམ་གཞག་དེ་དཔྱིས་ཕྱིན་པ་ཤེས་པའི་ཐོག་ལ། ཡུལ་ཅན་གྱི་ངོས་ནས་གོང་ནས་གོང་དུ་ཁྱད་ཞུགས་པའི་ཉམས་ལེན་བྱེད་ཐབས་ཤིག་གསུངས་ཡོད། དེར་དཀྲི་རྒྱུའི་འབབ་སྟེགས་ཀྱི་རིམ་པ་གཅིག་ནི། འཁོར་ལོ་ཐ་མའི་སྐབས་ནས་འོད་གསལ་རགས་པའི་རྣམ་གཞག་དང༌། ཁམས་བདེ་གཤེགས་སྙིང་པོ་ཞེས་པ་དེ་དག་གསུངས་ཀྱི་ཡོད། འདི་ལྟར་བྱས་ཏེ་ཡུལ་ཅན་འོད་གསལ་གྱི་སྟེང་ནས་དཀྲི་སྟངས་ཤིག་གསུངས་ཡོང་གི་འདུག་ཅིང༌། དེ་ཕལ་ཆེར་སྔགས་གཞུང་གི་མཚམས་སྦྱོར་ལྟ་བུ་ཞིག་མིན་ནམ་སྙམ། དེ་ནས་ཡར་སྔགས་ཀྱི་གཞུང་དེ་དག་གསུངས་པ་རེད། སྔགས་གཞུང་དེ་དག་གདུལ་བྱ་ལས་དག་ཆེས་ཉུང་ཤས་ཤིག་གི་ངོར་གསུངས་པ་རེད། དེ་ཡང་བྱ་རྒྱུད་ལྟ་བུར་མཚོན་ན། བྱ་རྒྱུད་ཀྱི་རྒྱུད་སྡེ་འགའ་ཞིག་བཅོམ་ལྡན་འདས་ཆགས་བྲལ་དགེ་སློང་གི་རྣམ་པ་དེ་ཉིད་ཀྱི་ཐོག་ནས་གསུངས་ཡོད། དཔེར་ན། ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྣལ་འབྱོར་ལྟ་བུར་མཚོན་ན། དཀྱིལ་འཁོར་གྱི་གཙོ་བོར་རང་ཉིད་བདག་བསྐྱེད་སྒོམ་སྐབས་སྟོན་པ་ཐུབ་པའི་དབང་པོ་དགེ་སློང་གི་རྣམ་ཅན་དེ་ཉིད་གསལ་བཏབ་ནས་སྒོམ་པ་གསུངས་ཀྱི་ཡོད། དེ་ནས་ཡར་རིམ་བཞིན་ཐབས་ཤེས་ཀྱི་རྟོག་པ་མི་འདྲ་བ་ཞིག་ཡོད་སྟབས། དེ་ལྟའི་ཉམས་ལེན་བྱེད་པ་ལ་མཐུན་པའི་རྐྱེན་དེར་ཡང་ལྷ་ཡི་རྣམ་པ་དང༌། ལྷ་སྐུའི་རྣམ་པ། ལྷ་སྐུ་ཡབ་ཡུམ་གྱི་རྣམ་པ་གསལ་བཏབ་ནས་སྒོམ་རྒྱུའི་རིམ་པ་དེ་ལྟར་གསུངས་ཡོད། དེ་འདྲའི་སྒོ་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་འཁོར་ཞིག་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ངོར་ཐེག་པ་མི་འདྲ་བ་དེ་དག་གསུངས་པ་རེད། དེ་འདྲའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱལ་བའི་གསུང་དེ་དག་ཡོངས་སུ་རྫོགས་པ། ཡོངས་སུ་ཚང་བ། མ་ཚང་བ་མེད་པ་འདུས་པ་ཞིག་དཔལ་ནཱ་ལེདྲནའི་ཆོས་བརྒྱུད་ཀྱིས་འཛིན་པ་གནང་གི་ཡོད། ལྷག་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་ནས་འཁོར་ལོ་རིམ་པ་གསུམ་གྱི་བསྟན་དོན་གྱི་དགོངས་འགྲེལ་མཛད་ནས། ཐུན་མོང་མ་ཡིན་པའི་མཛད་འགན་དེ། ཤེར་ཕྱིན་གྱི་གཞུང་གི་རྟེན་འབྱུང་ཕྲ་མོའི་ལྟ་བ་གཏན་ལ་འབེབས་རྒྱུ་གཙོ་བོར་མཛད་ནས། ཁོང་གིས་རིགས་ཚོགས་ལ་སོགས་པ་དེ་དག་མཛད་པ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔལ་ནཱ་ལེདྲནའི་ཆོས་སྡེ་ཆེན་པོར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་བསྟན་པ་ཡོངས་སུ་རྫོགས་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་གནང་བ་རེད། དེ་ནས་དུས་རབས་བརྒྱ་ཕྲག་ཁ་ཤས་རིང་དཔལ་ནཱ་ལེདྲན་ནས་མཁས་པའི་དབང་པོ་ཟམ་མ་ཆད་ཅིང་བར་མ་ཆད་པར་རིམ་པར་ཐོན་ནས་དེ་དག་གིས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས། རིམ་པས་རྒྱ་ནག་དང༌། ཤྲི་རི་ལངྐ་སོགས་ཀྱི་ཡུལ་ཁག་ལ་སངས་རྒྱས་ཀྱི་ཆོས་དར་ཞིང༌། དེ་ནས་ནཱ་ལེདྲནའི་ཆོས་བརྒྱུད་དེ་ཕལ་ཆེར་རྒྱ་ནག་ལ་དར་བ་དང༌། དེ་རྗེས་བོད་ལ་དར་འཕེལ་དེ་ལྟར་བྱུང་བ་ཞིག་ཡིན་ནོ།།

ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་གལ་ཆེ་ཚུལ་སྐོར།

བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ནི། དཔལ་ནཱ་ལེདྲན་ནས་བརྒྱུད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་སངས་རྒྱས་ཀྱི་བསྟན་པ་ཞིག་ཡིན་པ་དེ་ཧ་ཅང་གསལ་པོ་རེད། ང་ཚོའི་སངས་རྒྱས་ཀྱི་ཆོས་དེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དཔལ་ནཱ་ལེདྲནའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཆགས་ཡོད། བོད་རང་ལ་དུས་སྔ་ཕྱི་དང༌། གནས་དུས་མི་འདྲ་བའི་ཁྱད་པར་ལས་སྔ་འགྱུར་རྙིང་མ་དང༌། གསར་མ་ལ་ཇོ་བོ་བཀའ་གདམས་པ། དེ་བཞིན་ཕྱག་རྒྱ་པའམ་བཀའ་རྒྱུད་པ། གཞན་ཡང་ས་སྐྱ་བ། དེ་ནས་རིམ་པས་བཀའ་གདམས་གསར་མ་རི་བོ་དགེ་ལྡན་པ་ཞེས་གཙོ་ཆེ་བ་དེ་དག་ཡིན། དེ་མིན་གྱི་བུ་ལུགས་དང༌། ཇོ་ལུགས་ཏེ་ཇོ་ནང་གི་ཆོས་བརྒྱུད་བཅས་དེ་དག་གིས་མཚོན་པས་ཆོས་བརྒྱུད་མང་པོ་ཞིག་བྱུང་ཡོད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་སོགས་པའི་ཆོས་བརྒྱུད་མང་པོ་ཞིག་བྱུང་ཡོད་པ་རེད། དེ་ཐམས་ཅད་ཀྱི་ཁུངས་གཏུགས་ས་དཔལ་ནཱ་ལེདྲན་ནས་བརྒྱུད་པ་གསལ་པོ་རེད། ང་རང་ཚོ་བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་ངོ་སྤྲོད་བྱས་པ་ཡིན་ན། སྤྱིར་སངས་རྒྱས་ཀྱི་ཆོས་དེ་ངོ་སྤྲད་པ་དང༌། བྱེ་བྲག་ཏུ་དཔལ་ནཱ་ལེདྲནའི་ཆོས་བརྒྱུད་དེ་ཡང་ངོ་ཤེས་པ་བྱས། དེ་ནས་བོད་ལ་མར་སླེབས་སྐབས་སྔ་འགྱུར་དང༌། གསར་མ། མདོར་ན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་དེ་དག་གི་འགྲོ་སྟངས་དེ་འདྲ་ཞིག་རེད། དེ་ནས་ཇོ་བོ་བཀའ་གདམས་པའི་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་པོ་དེའི། །
གདམས་པ་སྐྱེས་བུ་གསུམ་གྱིས་མཛད་པ་ཡི། །
བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི། །
འགྲོ་བ་གང་གིས་བགྲང་ཀྱང་དོན་ཡོད་འགྱུར། ། ཞེས་ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་པོ་དེའི། །གསུངས་པ་དེས། ང་རང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གིས་ཉམས་ལེན་བྱ་རྒྱུའི་གནད་མཐར་ཐུག་དེ་དག་སྡེ་སྣོད་གསུམ་ལ་གཏུགས་ཤིང༌། སྡེ་སྣོད་གསུམ་ནང་གསུངས་ཡོད་པ་རེད། རྒྱལ་བའི་བཀའ་སྡེ་སྣོད་གསུམ་ནས་ང་ཚོའི་འདོད་དོན་བསྒྲུབ་བྱ་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ངེས་ལེགས། ངེས་ལེགས་དེ་ལ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་དག་བསྒྲུབ་རྒྱུའི་ལམ་དང་ཐབས་ཤེས་ཡོངས་སུ་རྫོགས་པ་དེ་དག་ཞིབ་རྒྱས་མདོ་སྡེ་ནས་གསུངས་ཏེ། ང་རང་ཚོས་ནམ་རྒྱུན་བཀའ་འགྱུར་ཞེས་བོད་ལ་འགྱུར་བའི་བཀའ་འགྱུར་པུ་ཏི་བརྒྱ་ཙམ་ཞིག་ཡོད་པ་རེད། ང་ཚོས་ཉམས་ལེན་བྱ་རྒྱུའི་གནད་ཡོངས་སུ་རྫོགས་པ་རྒྱལ་བའི་བཀའ་འགྱུར་ནང་དུ་ཡོད་ཅིང༌། དེ་ཚུར་སྡེ་ཚན་གསུམ་དུ་བསྡུས་ན་འདུལ་བ་དང༌། མདོ་སྡེ། མངོན་པ་ཞེས་སྡེ་སྣོད་གསུམ་གྱི་ནང་སུ་འདུ་ཡི་ཡོད། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་པོ་དེའི། །
གདམས་པ་སྐྱེས་བུ་གསུམ་གྱིས་མཛད་པ་ཡི། ། ཞེས་སྡེ་སྣོད་གསུམ་ནང་གསུངས་པའི་གདམས་པ་དེ་དག་སྟན་ཐོག་གཅིག་ལ་གོ་རིམ་མ་འཆོལ་བར་ཉམས་ལེན་བྱ་རྒྱུའི་ལམ་སྟོན་ལྟ་བུ། བོད་གངས་ཅན་ལྗོངས་ཀྱི་གནས་སྟངས་དེ་མུ་སྟེགས་པའི་ལྟ་གྲུབ་འདྲ་མིན་མེད་ཅིང༌། སངས་རྒྱས་པའི་ཆོས་གཅིག་གིས་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པ། དཔེར་ན། བོན་དང་བཅས་པ་རིམ་པས་སངས་རྒྱས་ཀྱི་ཆོས་དང་ཕར་འབྲེལ་བ་ཞིག་ཆགས་སྟབས། དེ་འདྲའི་གནས་ཚུལ་དང་བསྟུན་ནས་སྟན་ཐོག་གཅིག་ལ་ལམ་འཇུག་པ་བདེ་པོའི་ཐོག་ནས་ཉམས་ལེན་བྱ་རྒྱུའི་རིམ་པ་ཞིག་ཇོ་བོ་རྗེ་ལྷ་གཅིག་དིའ་པཾ་ཀ་རས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་བསྟན་པ་རེད་ཅེས་གསུངས་ཀྱི་ཡོད། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི། །
འགྲོ་བ་གང་གིས་བགྲང་ཀྱང་དོན་ཡོད་འགྱུར། ། ཞེས་བཀའ་གདམས་གཞོན་ནུའི་ནོར་བུའི་ཕྲེང་བ་དང༌། བཀའ་གདམས་ཀྱི་གཞུང་དེ་དག་རིན་པོ་ཆེའི་ཕྲེང་བ་ལྟར་འགྲོ་བ་བློ་མཆོག་དམན་རབ་འབྲིང་ཐ་གསུམ་གང་གིས་ཉམས་ལེན་བྱས་ཀྱང༌། རང་རང་གི་ཐད་ཀའི་འདོད་དོན་སྒྲུབ་པའི་ལམ་ཆ་ཚང་ཞིང༌། གསལ་ལ་མ་ནོར་བ་བཀོད་པ་ཞིག་རེད་ཅེས་གསུངས་པ་རེད། བཀའ་འགྱུར་ཞེས་པ་ནི་ང་རང་ཚོའི་ཉམས་ལེན་གྱི་གནད་སྟོན་པའི་གཞུང་གཙོ་བོ་ནི་ཡིན། བཀའ་འགྱུར་གྱི་ནང་སྡེ་སྣོད་གསུམ་གྱི་རྣམ་གཞག་གསུངས་པ་དེ་དག་གོ་བདེ་པོའི་ཐོག་ནས་བསྟན་པའི་གཞུང་ནི་བསྟན་འགྱུར་ཡིན་ལ། དེ་ནི་ཀླུ་སྒྲུབ་ཡབ་སྲས་སོགས་པཎ་གྲུབ་བཅུ་བདུན་གྱིས་མཚོན་པའི་རྒྱ་གར་གྱི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་དང༌། དེ་བཞིན་གྲུབ་ཆེན་ས་རཱ་ཧ་ལ་སོགས་པ་དེ་དག་གིས་མཛད་པའི་གཞུང༌། གཞན་ཡང་རྒྱུད་འགྲེལ་འདྲ་མིན་བོད་ལ་བསྒྱུར་བ་དེ་དག་ང་ཚོའི་བསྟན་བཅོས་འགྱུར་རོ་ཅོག་བསྟན་འགྱུར་པུ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཞིག་ཡོད་པའི་གཞུང་དེ་དག་བཀའ་འགྱུར་གྱི་འགྲེལ་པ་ཆགས་ཡོད། ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་དང༌། ཧི་མ་ལ་ཡའི་རི་རྒྱུད་གང་དུ་ཡིན་ཡང་བཀའ་འགྱུར་བསྟན་འགྱུར་ཞེས་དགོན་པ་མང་པོའི་ནང་དུ་ཡོད་ལ། ཁྱིམ་ཚང་དེ་འདྲའི་ནང་དུའང་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཞེས་རྩ་ཆེན་པོ་བྱས་ཏེ་བདག་ཉར་བྱེད་ཀྱི་ཡོད། དེ་དག་ལ་ང་ཚོས་འདུ་ཤེས་འཇོག་སྟངས་དེ། དེ་དག་ང་ཚོའི་སློབ་དེབ་ཡིན་བསམས་པའི་འདུ་ཤེས་བཞག་དགོས། དེ་དག་ཕྱག་མཆོད་འབུལ་བྱེད་ས་ཡིན་ཞེས་ཐལ་བའི་དཀྱིལ་དུ་ཡར་བཞག་སྟེ། ལོ་གཅིག་གི་ནང་ལ་ཐེངས་རེ་ཙམ་རྡུལ་ཕྱིས་དང་རྡུལ་སྒྲུབ་ལྟ་བུ་ཞུས། ཞབས་བརྟན་བྱེད་མཁན་ཀློག་བདེ་པོ་ཞིག་རྙེད་ན་དེ་དག་གིས་བཀའ་འགྱུར་དང་བསྟན་འགྱུར་དག་སྒྲོག་གནང་བ་ལྟ་བུ་ལས། དེ་སློབ་དེབ་ཡིན་བསམས་པའི་འདུ་ཤེས་ང་ཚོར་ཡོང་གི་མི་འདུག་པས་དེ་ནི་ནོར་འཁྲུལ་རེད། བཀའ་འགྱུར་ཞེས་བརྗོད་སྐབས་དེ་ང་ཚོས་སློབ་སྦྱོང་བྱེད་སའི་སློབ་དེབ་དེ་ཡིན་བསམ་པ་ཞིག་དང༌། བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་དེ་དག་ཀྱང་སློབ་དེབ་ཁ་གསལ་ཞིང༌། གོ་བདེ་པོ་ཡོད་པ་དེ་དག་ཡིན་བསམ་པ་ཞིག་བྱ་དགོས། བོད་གངས་ཅན་གྱི་མཁས་པས་མཛད་པའི་གཞུང་དེ་དག་བཀའ་འགྱུར་བསྟན་འགྱུར་གྱི་འགྲེལ་བཤད་ཡིན་བསམ་པ་ཞིག་བྱས་ཏེ། མདོར་ན་རང་གི་བླ་མ་དང༌། རང་ཉིད་ཀྱི་དགོན་པའི་ཕྱག་དཔེ་ཡོད་པ་དེ་དག་མཐར་གཏུགས་སྐབས། དཔེ་ཆ་དེ་ཀློག་ནས་བསྟན་འགྱུར་དང༌། དེ་བརྒྱུད་ནས་བཀའ་འགྱུར་ལ་གོ་བ་ཆགས་པ་ཞིག་དགོས་པ་ལས། བཀའ་འགྱུར་བསྟན་འགྱུར་གྱི་གོ་བ་ཆགས་པ་ལ་གང་ཡང་མི་ཕན་པའི་དཔེ་ཆ་ཞིག་འདུག་ན། དེ་དཔེ་གོག་ཡིན་པས་ཧ་ལས་རྒྱུ་གང་ཡང་མེད། བཀའ་འགྱུར་བསྟན་འགྱུར་ལ་ཡར་གཏུགས་ན། དེའི་དོན་ཤེས་ཐུབ་མཁན་ཞིག་དང༌། དེའི་དོན་དག་རྡོག་དྲིལ་ནས་གསུངས་ཐུབ་པའི་དཔེ་ཆ་ཞིག་འདུག་ན་དཔེ་ཆ་དེ་ཚད་ལྡན་རེད། དེ་ཧ་ཅང་གི་གལ་ཆེན་པོ་འདུག་ཅིང༌། ང་རང་ཚོས་བཀའ་འགྱུར་བསྟན་འགྱུར་ཞེས་བརྗོད་སྐབས་ཕྱག་མཆོད་འབུལ་བྱེད་ས་ལྟ་བུ་ཞིག་ལ་བརྩི་བ་ལས། དེ་སློབ་སྦྱོང་བྱེད་ས་ཞིག་ལ་ཧ་ལམ་འདུ་ཤེས་མེད་པ་ལྟ་བུ་ཞིག་ང་ཚོར་ཆགས་ཀྱི་འདུག གྲྭ་ས་གྲྭྭ་ཚང་ཚོས་ཀྱང་རང་ཉིད་ཀྱི་ཐད་ཀའི་ཡིག་ཆའི་དཔེ་ཆ་ལྟ་བུ་ཀློག་ནས་བསྡད་པ་ལས། ཕར་བསྟན་འགྱུར་ལ་གཏུགས་ཤིང༌། དེ་ཡང་བཀའ་འགྱུར་ལ་ཞིབ་གཏུགས་བྱེད་མཁན་རེ་ཟུང་ཡོད་ན་ལས། དེ་ཙམ་ཡོང་གི་མི་འདུག་པས་དེ་དག་ང་ཚོའི་ནོར་འཁྲུལ་རེད་འདུག་ཅིང༌། མདོར་ན། གོང་དུ་ཞུས་པའི། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་པོ་དེ། ། ཞེས་གསུངས་པ་བཞིན་ངོ་མཚར་བའི་བཀའ་དེ་ཉིད་ངོ་མཚར་བའི་བཀའ་ཡིན་པ་བལྟས་ན་ཤེས་པ་ལས། ཡ་གིའི་མཆོད་གཤོམ་ནང་དུ་སྒྲིག་པ་དེས་ངོ་མཚར་བའི་བཀའ་ཡིན་པ་ཤེས་རྒྱུ་གང་ཡང་མེད། དེ་སངས་རྒྱས་ཀྱི་བཀའ་ཡིན་པས་རྩ་ཆེན་པོ་རེད་ཅེས་བརྗོད་ན་རྨོངས་དད་ལྟ་བུ་ཞིག་རེད། དེ་རྩ་ཆེན་པོ་ཡིན་པ་དེ་བལྟས་ནས་ཀློག་པ་དང༌། བསམ་བློ་བཏང་སྟེ་ངེས་པ་རྙེད་ནས་དེ་རྩ་ཆེན་ཡིན་པ་ཤེས་དགོས་པ་ལས། རྒྱུ་མཚན་གང་ཡང་མེད་པར་རྩ་ཆེན་ཡིན་ཤག་བྱས་ན་བྱབ་གང་ཡང་མེད། རྗེ་རིན་པོ་ཆེས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །
ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག ། ཅེས་གསུངས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་བསྟན་པ་རེ་རེའི་ཆེ་བ་དང༌། འཛམ་གླིང་འདིའི་ནང་གི་སྟོན་པ་ཡོངས་རྫོགས་ལ་ཆེ་བ་རྨད་དུ་བྱུང་བ་ཞིག་བརྗོད་རྒྱུ་འདུག་མོད། འོན་ཀྱང་སློབ་དཔོན་དབྱིག་གཉེན་གྱིས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །
འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ཏེ། ། ཞེས་དོན་བཞིན་སྟོན་པ་གསུངས་པ་ལྟར་དང༌། དེ་བཞིན་རྗེ་རིན་པོ་ཆེས་རྟེན་འབྲེལ་བསྟོད་པ་ལས་ཀྱང༌། ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །
རྒུད་པ་ཐམས་ཅད་རིང་དུ་གྱུར། །
ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། ། ཞེས་དང༌། དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཞེས་སྒྲོ་བཏགས་ཀྱང་མེད་ལ། ཆད་ལྟ་ཡང་མེད་པ། སྐུར་འདེབས་ཀྱང་མེད་པ། མདོར་ན་ཆད་ལྷག་གི་སྐྱོན་གཉིས་དང་བྲལ་བའི་དངོས་ཡོད་གནས་ཚུལ་ཇི་བཞིན་གཟིགས་ཤིང༌། ཁོང་དུ་ཆུད་ནས་སྟོན་པའི་སྟོན་པ་ཡིན་སྟབས་དོན་བཞིན་གཟིགས་ནས་ཞེས་དང༌། གསུང་པའི་སྐབས་སུའང་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པ། ཐབས་མཁས་པའི་ཐོག་ནས་བསྟན་གྱི་ཡོད་པས་ན། དོན་བཞིན་གཟིགས་ནས་ལེགས་པར་གསུངས་པ་རེད་འདུག་ཅིང༌། མ་རན་བཞིན་དུ་ཨུ་ཚུགས་བརྒྱབ་པ་དང༌། དེར་མི་ཚུད་བཞིན་དུ་དབང་ཡོད་བཙན་བཀའ་བཏང་བ་ལྟར་མིན། དེར་བརྟེན། དོན་བཞིན་གཟིགས་ནས་ལེགས་གསུངས་པ། །
ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །
རྒུད་པ་ཐམས་ཅད་རིང་དུ་གྱུར། །
ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །

ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །
ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །
ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །
བདག་ཏུ་ལྟ་བ་བརྟན་ཕྱིར་རོ། ། ཞེས་གསུངས་པ་ལྟར་ལགས་ན། ང་ཚོས་དཔེ་ཆར་བལྟ་རྒྱུ་དེ་འདྲའི་ཐོག་ནས་དང༌། བསྟན་པའི་ངང་ཚུལ་ཤེས་པའི་ཐོག་ནས་སྟོན་པ་ལ་དད་པ་སྐྱེ་བ་ཞིག་བྱུང་ན། ཤེས་ནས་དད་པ་ཐོབ་པ་ཞེས་པ་དེ་ཆགས་པ་རེད། དེ་མིན་ང་ཚོའི་སྤོ་ལགས་ཀྱིས་བརྗོད་ཀྱི་འདུག་ཅེས་དང༌། ཨ་མ་ལགས་ཀྱིས་ཟེར་གྱི་འདུག་ཅེས་དད་པ་བྱས་ན། དད་པ་དེ་ནི་རྨོངས་དད་ཀྱི་དད་པ་ལྟ་བུ་དང༌། བླུན་དད་ཞེས་པ་དེ་རེད། སངས་རྒྱས་ཀྱི་ཆོས་སྤྱི་དང༌། ལྷག་པར་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་པ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་པ་དེའི་ལུགས་ཀྱི་དད་པ་སྐྱེ་བ་ཞིག་དགོས་ཤིང༌། དེ་ལ་དད་པ་བྱེད་སའི་ཡུལ་དེར་དད་པ་བྱས་ན་དེ་ལ་ཁེ་དང་དགེ་མཚན་གང་ཞིག་འདུག་གམ། དད་པ་བྱེད་སའི་ཡུལ་དེས་གསུངས་པ་དེར་རིགས་པའི་གནོད་པ་ཡོད་མེད། མྱོང་བ་དང་འགལ་གྱི་འདུག་གམ་མི་འདུག་དེ་དག་ལ་བསམ་བློ་བཏང་ནས། དེ་མྱོང་བ་དང་མི་འགལ་བ་མ་ཟད་རིགས་པ་དང་འགལ་གྱི་མི་འདུག་ལ། དེར་བསམ་བློ་གཏོང་རྒྱུ་ཞིག་འདུག་བསམ་པའི་ངེས་པ་རྙེད་སྐབས། དེ་སྟོན་མཁན་གྱི་སྟོན་པ་དེར་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་རྒྱུ་ཡོད། དེས་ན། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །
ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །
རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །
སྟོན་པ་དེ་ལ་བདག་ཕྱག་འཚལ། ། ཞེས་གསུངས་པ་དེར་ཧ་ཅང་གི་གནད་འགག་འདུག་ཅིང༌། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཞེས་དོན་བཞིན་སྟོན་མཁན་གྱི་སྟོན་པ་ཞིག་ཡིན་པས་ན། སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བའི་སྟོན་པ་ཞིག་ཆགས་ཀྱི་ཡོད། དེ་མིན་གསུང་པ་པོའི་དགོངས་པ་གང་ཞིག་ཡིན་རུང༌། མར་གསུངས་སྐབས་གདུལ་བྱའི་ཁམས་དང་མོས་པ་དང༌། ཡུལ་དུས་གནས་སྐབས་དང་བསྟུན་ནས་གསུངས་པ་དེ་འདྲ་ཡང་ཡོང་གི་ཡོད། གང་ཟག་ཚད་ལྡན་ཡིན་ན་ཡང༌། དེས་གསུངས་པ་དེར་ཏག་ཏག་རན་དང་མ་རན་སྐབས་རེ་རིགས་པས་གནོད་པ་ཡོང་བ་དེ་འདྲ་ཡང་ཡོང་གི་རེད། བཅོམ་ལྡན་འདས་ནི་དོན་བཞིན་སྟོན་པ་ཞིག་ཡིན་སྟབས། ཨེ་མའོ་སྟོན་པ་ཞེས་སྨྲ་བ་ཟླ་མེད་པའི་སྟོན་པ། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཞེས་བླང་དོར་གྱི་གནས་ཕྲ་རགས་ཇི་བཞིན་མཁྱེན་ཅིང་གཟིགས་པའི་སྒོ་ནས་སྟོན་པ་ཞིག་ཡིན་པས་ན། སྐྱབས་བསླུ་བ་མེད་པ་རེད་ཡོང་བ་ཡིན། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །
ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། ། ཞེས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུང་མཁན་དེ་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་བརྒྱ་ཕྲག་ཡོད་པའི་ནང་ནས་བཅོམ་ལྡན་འདས་ཁོ་ན་ལས་མེད་ཅིང༌། དེས་ན་སྨྲ་བ་ཟླ་མེད་པ་རེད་འདུག དེ་བཞིན་རང་གཅེས་འཛིན་ཡལ་བར་དོར་ཞིང༌། གཞན་གཅེས་པར་འཛིན་དང་དུ་བླངས་ནས། རང་ལས་གཞན་གཙོ་ཆེ་བར་བྱེད་དགོས་ཞེས་པའི་བསླབ་བྱ་དེ་བཅོམ་ལྡན་འདས་ཀྱི་གསུང་གི་ནང་དུ་མ་གཏོགས་གཞན་དུ་མེད་པས་དེ་ཧ་ལས་པའི་རྩ་ཆེན་པོ་རེད། དེར་བརྟེན་ཨེ་མའོ་སྨྲ་མཆོག་ཅེས་གསུངས་སོ།། དེས་ན་རང་ཉིད་ཀྱི་འདི་དང་ཕྱི་མ་རྣམ་པ་གཏན་དུ་བློ་གཏད་བཅོལ་སའམ། ཡིད་གཏད་འཕེར་བའི་སྐྱབས་བླ་ན་མེད་པ་ཆགས་སྐབས། ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །ཞེས་གསུངས་སོ། །དེ་ལྟ་བུའི་རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་དེ་རྒྱུ་མཚན་དུ་བྱས་ཏེ་སྟོན་པ་བླ་ན་མེད་པ་ཡིན་པ་ཤེས་དགོས་པ་ཡིན། ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །
རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །
སྟོན་པ་དེ་ལ་བདག་ཕྱག་འཚལ། ། ཞེས་གསུངས་པ་དེར་གནད་འགག་འདུག དེ་འདྲའི་སྒོ་ནས་སངས་རྒྱས་ཀྱི་ཆོས་སྤྱི་དང༌། ལྷག་པར་ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་ཆོས་དེ་དག་ཤེས་པར་བྱས་ཏེ། དེའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་གྱི་ཆོས་པ་ཞིག་བྱ་དགོས་པ་རེད། ལག་པར་ཕྲེང་བ་བཟུང་བ་ཙམ་གྱིས་སངས་རྒྱས་ཀྱི་ཆོས་པར་འགྲོ་མིན་ཐེ་ཚོམ་རེད། ང་ཚོའི་ཁ་ཆེའི་ཆོས་གྲོགས་ཚོར་ཡང་ཕྲེང་བ་འཁྱེར་རྒྱུ་ཡོད་པ་མ་ཟད་ཕྲེང་རྡོག་དགུ་བཅུ་གོ་དགུ་ཡོད་ལ། དེ་དཀོན་མཆོག་གི་མཚན་མི་འདྲ་བ་དགུ་བཅུ་གོ་དགུ་ཡོད་པ་རེད་ཅེས་ཟེར། དེས་ན་ཁ་ཆེ་ཚོས་ཕྲེང་བ་བགྲང་རྒྱུ་ཡོང་གི་འདུག་ལ། དེ་བཞིན་མུ་སྟེགས་པ་ཚོས་ཀྱང་ཕྲེང་བ་བགྲང་རྒྱུ་ཡོང་གི་འདུག་པས་ཕྲེང་བ་འཛིན་པ་ཙམ་གྱིས་ནང་པའི་ཆོས་པ་ཡིན་པའི་ཁྱབ་པ་གང་ཡང་མེད། དད་པ་བྱེད་པ་ལ་ཆ་བཞག་ན་ཡང༌། ངས་ངོ་ཤེས་པའི་ཡེ་ཤུའི་ཆོས་པ་དེ་འདྲ་ཡོད་ཅིང༌། དཀོན་མཆོག་གི་ཡོན་ཏན་བསམ་སྐབས་དངོས་གནས་མིག་ཆུ་ཁྲུག་ཁྲུག་ཏུ་གཏོང་མཁན་དེ་འདྲ་ཡང་ཡོད། གཞན་དང་མི་འདྲ་བའི་དད་པ་བརྟན་པོ་རེད། དད་པ་རྩེ་གཅིག་པ་རེད། ཁ་ཆེའི་ནང་དུའང་དེ་བཞིན་ཨ་ལ་ཞེས་བརྗོད་སྐབས་ཧ་ཅང་དད་པ་བྱེད་མཁན་ཡོང་གི་ཡོད། དེར་བརྟེན་ང་རང་ཚོས་སངས་རྒྱས་ལ་དད་པ་ཆེན་པོ་བྱེད་པ་དེའི་དད་པ་ཙམ་ལ་ནང་པའི་དད་པ་ཆགས་ཐུབ་མིན་ཐེ་ཚོམ་རེད། ནང་པའི་དད་པ་གང་འདྲ་ཞིག་རེད་དམ་ཞེ་ན། ད་ལྟ་བརྗོད་པ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་དང༌། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་དེར་བསམ་བློ་ཞིག་བཏང་སྟེ། དེའི་ཐོག་ནས་དེ་གསུང་མཁན་དེ་སྟོན་པ་ཉག་གཅིག་ལས་གཞན་དུ་མེད་ཅིང༌། དེ་ལྟ་བུའི་ཐོག་ནས་སྟོན་པ་ལ་དད་པ་སྐྱེ་བ་ཞིག་བྱུང་ན། ཤེས་ནས་དད་པ་ཐོབ་པ་ཞེས་པ་དེ་ཆགས་ཀྱི་ཡོད། དེ་འདྲའི་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཡིན་པ་རེད། ང་ཚོར་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཡོང་བར་སློབ་སྦྱོང་བྱས་ཏེ་ཡོང་དགོས་པ་ལས། རང་དགར་མི་གཞན་གྱིས་དད་པ་བྱེད་ཀྱི་འདུག་ཅེས་ལད་ཟློས་ཀྱིས་དད་པ་བྱས་ན་ཡོང་ཐུབ་ཐབས་མེད། ང་ཚོས་སངས་རྒྱས་པའི་ཆོས་པ་ཞིག་བྱེད་ཀྱི་ཡིན་ན། སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ནུབ་ཕྱོགས་པ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་གྱི་ཆོས་གྲོགས་ཚོས། སློབ་སྦྱོང་བྱ་རྒྱུར་ཧ་ཅང་དོ་སྣང་ཡོད་ཅིང༌། ང་ཚོ་ཤར་ཕྱོགས་པ་བོད་པ་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི། དེ་མིན་རྒྱ་རིགས་ཚོ་བཅས་དད་པ་ཤུགས་ཆེན་པོ་ཡོད་ཀྱང༌། སློབ་སྦྱོང་བྱེད་རྒྱུར་དེ་ཙམ་དོ་སྣང་མི་འདུག དཔེར་ན། ང་རང་གི་ཉམས་མྱོང་ལ་ཆ་བཞག་ན། བོད་རིགས་དང༌། དེ་བཞིན་རྒྱ་རིགས་དེ་འདྲར་དབང་སྐུར་ཞེས་བརྗོད་ན་དགའ་པོ་དང༌། དྲུང་རིལ་རིལ་ལྟ་བུ་བྱས་ཤིང༌། ཆོས་ཀྱི་འགྲེལ་བཤད་བརྒྱབ་ན་ཉོབ་མདངས་བསྟན་པ་དང༌། ཨ་སྟོང་རྒྱབ་ཀྱི་ཡོད་པ། གཉིད་ལྕོག་རྒྱབ་ཀྱི་ཡོད་པ་ལྟ་བུ་སྟེ། དད་པ་བྱེད་མཁན་ཡོད་པ་ལས་དེ་མིན་འདི་ལྟར་བསྡད་ཀྱི་ཡོད། མགོ་སེར་ཆོས་གྲོགས་ཚོར་འགྲེལ་བཤད་བརྒྱབ་ན། སྒྲ་ཕབ་འཕྲུལ་འཁོར་ནང་དུ་བཅུག་ནས་ཨེ་དྲག ཟིན་བྲིས་བརྒྱབ་ནས་ཨེ་དྲག་ཁོང་ཚོར་དོ་སྣང་ཆེན་པོ་ཡོད། དེར་བརྟེན་ང་རང་ཚོས་སློབ་སྦྱོང་ལ་དོ་སྣང་བྱ་རྒྱུ་དེ་ཏན་ཏན་ཉུང་དྲགས་འདུག སློབ་སྦྱོང་བྱ་རྒྱུར་ངེས་པར་དོ་སྣང་བྱེད་དགོས། ཁྱེད་རང་ཚོ་བོད་ནས་ཡོང་མཁན་ཚོར་ཆ་བཞག་ཀྱང་དེ་དེ་བཞིན་རེད། ངེས་པར་དུ་དཔེ་ཆ་བལྟ་རྒྱུར་དོ་སྣང་དང༌། སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

བསྟན་པ་སྤྱིའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་སྐོར།

འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་ཞེས་པའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་པ་དེ་སངས་རྒྱས་པའི་ཆོས་སྤྱིའི་འགྲོ་སྟངས་ཤིག་ཆགས་ཀྱི་ཡོད། དེས་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་སྐད་ཅིག་མ་རེད་ཅེས་གསུངས་པ་དེར་བསམ་བློ་ངེས་པར་གཏོང་དགོས་པ་ཞིག་ཡིན། མི་རྟག་པ་རགས་པ་དེ་ཉིད་ཕལ་ཆེར་དུད་འགྲོས་ཀྱང་ཤེས་ཀྱི་རེད། མི་རྟག་པ་ཕྲ་མོ་དེ་བསམ་བློ་མ་བཏང་ན་ཤེས་ཐབས་མེད། དེ་རྒྱུན་གྱི་མི་རྟག་པའམ་རགས་པའི་མི་རྟག་པ། ང་ཚོའི་མཐོང་ཆོས་ལ་ཡོད་པ་དེ་རྒྱུ་མཚན་དུ་བྱས་ཏེ་འདི་ལྟར་བསམ་བློ་བཏང་ན། ཐ་མ་རྒྱུན་ཞིག་རྒྱུ་ཡོད་པའི་རགས་པའི་མི་རྟག་པ་དེ་འདྲ་ཞིག་ཡོང་རྒྱུ་ཡོད་པ་དེར་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་རྒྱུ་ཞིག་མེད་ན་དེ་ཡོང་ཤེས་ཐབས་མེད། འདི་ལྟར་བསམ་བློ་ཞིག་བཏང་ན། འགྱུར་བ་འགྲོ་བ་ཞེས་པ་དེ༑ ཉིན་རེ་བཞིན་འགྱུར་བ་ཞིག་ཐེབས་པ་ལས། ཉིན་གཅིག་ཉིན་གང་འགྱུར་བ་མི་འགྲོ་བར་འདི་ལྟར་སྡོད་རྒྱུ་ཞིག་ཡོང་ཤེས་ཀྱི་མ་རེད། དཔེར་ན་ལོ་གཅིག་གི་ནང་དུ་འགྱུར་བ་འགྲོ་བ་དེ་ང་ཚོས་མཐོང་གི་ཡོད། དཔེར་ན་ཤིང་དང༌། ང་རང་ཚོའི་ལུས་ལ་ཆ་བཞག་ཀྱང༌། ལོའི་ནང་ལ་འགྱུར་བ་འགྲོ་བ་དེ་ང་ཚོས་དངོས་སུ་མཐོང་གི་ཡོད། དེའི་འགྱུར་བ་འགྲོ་བ་དེ་ཟླ་རེའི་ནང་འགྱུར་བ་འགྲོ་ཡི་མེད་ན། ལོ་གཅིག་གི་ནང་འགྱུར་བ་འགྲོ་ཤེས་ཀྱི་མ་རེད། ཟླ་བ་བཅུ་གཅིག་གི་རིང་ལ་འགྱུར་བ་རྩ་བ་ནས་མ་ཕྱིན་པར། ཟླ་བ་བཅུ་གཉིས་ཕྱིན་པའི་མཇུག་དེར་གློ་བུར་དུ་འགྱུར་བ་འགྲོ་བ་ཞིག་ཡོང་ཤེས་ཀྱི་མེད། ཟླ་བ་བཅུ་གཉིས་པའི་ནང་གི་འགྱུར་བ་དེ། ཟླ་བ་བཅུ་གཅིག་པའི་འགྱུར་བའི་དབང་གིས་ཡོང་གི་ཡོད༑ དེ་བཅུ་པའི་ནང་གི་འགྱུར་བ་དང༌། དེ་དགུ་པའི་ནང་གི་འགྱུར་བ༑ དེ་བརྒྱད་པའི་ནང་གི་འགྱུར་བ་བྱས་ཏེ་འགྲོ་ཡི་ཡོད་པ་རེད། དེར་བརྟེན་ཟླ་བ་གཅིག་གི་འགྱུར་བ་དེ་བདུན་ཕྲག་བཞིའི་ནང་འགྱུར་བ་འགྲོ་ཡི་རེད། བདུན་ཕྲག་གཅིག་གི་ནང་གི་འགྱུར་བ་དེ་ཞག་མ་བདུན་གྱི་ནང་དུ་འགྱུར་བ་འགྲོ་ཡི་ཡོད། ཞག་མ་བདུན་གྱི་ནང་གི་འགྱུར་བ་དེ་ཉིན་མཚན་གཅིག་གི་ནང་ལ་འགྱུར་བ་འགྲོ་ཡི་ཡོད་པ་རེད། ཉིན་མཚན་གཅིག་དེ་ཆུ་ཚོད་གཅིག་གི་ནང་དང༌། ཆུ་ཚོད་གཅིག་དེ་སྐར་མ་གཅིག་གི་ནང་ལ། སྐར་མ་གཅིག་དེ་སྐར་ཆ་གཅིག་གི་ནང་ལ་འགྱུར་བ་འགྲོ་ཡི་ཡོད། དེ་ལྟར་རྟག་ཏུ་འགྱུར་བ་འགྲོ་བ་ཞིག་རེད། དེའི་ཐོག་ནས་འགྱུར་བ་རགས་པ་དེ་མཐོང་རྒྱུ་ཡོད་པ་ལས། སྐད་ཅིག་ཀྱང་མི་སྡོད་པར་འགྱུར་བ་འགྲོ་བའི་རང་བཞིན་ཅན་ཞིག་མེད་ན། ང་ཚོའི་མཐོང་ཆོས་ལ་ཡོད་པའི་འགྱུར་བ་དེ་ཡོང་ཤེས་ཐབས་མེད། དེར་བསམ་བློ་བཏང་ན། དེ་རེད། ཡིན་དང་ཡིན་བསམ་པ་ཞིག་བསམ་བློ་བཏང་ན་བློ་ལ་ཤར་གྱི་ཡོད། བསམ་བློ་མ་བཏང་ན་ཤེས་ཀྱི་མ་རེད། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་ནི། དེ་བས་ཀྱང་རྙོག་དྲ་ཚ་རུ་ཕྱིན་པ་རེད། མི་རྟག་པ་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་ཞིག་ཆགས་སྐབས། འགྱུར་རྒྱུ་དེ་སྤྱིར་བཏང་ང་རང་ཚོས་རགས་པའི་མི་རྟག་པ་བཤད་ན། མཐུན་རྐྱེན་ཟད་ཅིང་འགལ་རྐྱེན་འཕྲད་ན་རགས་པའི་མི་རྟག་པ་དེ་ཡོང་གི་ཡོད། འོན་ཀྱང་སྐད་ཅིག་སྐད་ཅིག་གིས་འཇིག་པའི་འགྱུར་བ་དེ། འགལ་རྐྱེན་འཕྲད་པའི་དབང་གིས་འཇིག་པ་རེད་དམ་ཞེ་ན་དེ་ལྟར་མིན། དེ་སྐད་ཅིག་སྐད་ཅིག་གིས་འཇིག་པ་དེ༑ རང་སྐྱེ་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་བྱས་པ་ལས། སྐྱེད་བྱེད་ཀྱི་རྒྱུ་དེས་མ་བྱས་པར་ཕྱིས་འབྱུང་གི་རྒྱུ་གཞན་ཞིག་གི་དབང་གིས་སྐད་ཅིག་གིས་འཇིག་པ་དེ་མ་རེད། དེས་ན་རྒྱུ་ཡི་གཞན་དབང་ཅན་ཡིན་ཞིང༌། རྒྱུ་ཡི་གཞན་དབང་ཅན་ཡིན་པས་བྱེ་བྲག་ཏུ་ཉེ་བར་ལེན་པའི་ཕུང་པོ་འདི་རྒྱུ་ཡི་གཞན་དབང་ཅན་རེད། རྒྱུ་གང་གི་གཞན་དབང་ཅན་རེད་དམ་ཞེ་ན། མ་རིག་པའི་གཞན་དབང་ཅན་ཡིན་པ་ཞིག་ཆགས་ཡོང་གི་ཡོད། མ་དག་པའི་འཇིག་རྟེན་ཕྱི་སྣོད་ཀྱི་བཀོད་པར་ཆ་བཞག་ཀྱང༌། མ་རིག་པའི་གཞན་དབང་ཅན་དང༌། ནང་བཅུད་ཀྱི་སེམས་ཅན་གྱི་ཕུང་པོར་ཆ་བཞག་ཀྱང༌། མ་རིག་པའི་གཞན་དབང་ཅན་ཡིན་པས་ན། དེ་བཀྲ་མི་ཤིས་པའི་གཞན་དབང་ཅན་ཡིན་པ་དེ་ཧ་ཅང་གསལ་པོ་རེད། མདོར་ན་ཉོན་མོངས་ཀྱི་གཞན་དབང་ཅན་དང༌། ཉོན་མོངས་པའི་གཞན་དབང་ཅན་ཡིན་ན། ཉོན་མོངས་ཞེས་ང་ཚོས་མཐོང་བ་དེ་རེད། ཉོན་མོངས་ཞེས་པ་དེ་སྐྱེས་སྐབས་རང་མ་སྐྱིད་པ་དང༌། གཞན་མ་སྐྱིད་པ། འཕྲལ་དུ་མ་སྐྱིད་པ། ཕུགས་ལ་གནོད་ཡོང་མཁན་དེ་འདྲ་ཞིག་ཡིན་ལ། དེ་འདྲའི་གཞན་དབང་ཅན་ཡིན་ན་བཀྲ་མི་ཤིས་པ་ཡིན་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་པ་དེར་བསམ་བློ་བཏང་ན། དེ་ཡིན་དང་ཡིན་བསམ་པ་ཞིག་གི་ངེས་པ་རྙེད་རྒྱུ་ཡོད་ཅིང༌། སྐྱབས་སུ་མཆི་ས་ཡིན་པ་རེད་ཅེས་བརྗོད་པ་ཙམ་མིན་པར། བསམ་བློ་བཏང་ན་དེ་དངོས་གནས་རེད། དེ་ལས་འགྲོ་ས་མི་འདུག་བསམ་པའི་ངེས་པ་རྙེད་རྒྱུ་ཡོད། དེས་ན་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་གོང་དུ་བརྗོད་པ་ལྟར་རེད། ང་ཚོས་མ་བརྟག་མ་དཔྱད་པའི་ངང་ནས་བརྗོད་སྐབས། ཐ་སྙད་འཇུག་སའི་དོན་འདི་དང་འདི་ཞེས་ཡུལ་སྟེང་ནས་ཡོད་ཡོད་འདྲ་བ་ཞིག་ལ༑ བརྟག་ཅིང་དཔྱད་ན་མེད་པ། དེ་ལ་བདག་མེད་ཕྲ་རགས་མང་པོ་ཞིག་ཡོད་ཅིང༌། དཔེར་ན་རགས་པའི་དབང་དུ་བྱས་ན་ང་རང་ཚོའི་བློར་ང་ཞེས་པ་ཞིག་ཤར་གྱི་ཡོད། ང་ཞེས་པ་འདི་བསམ་བློའི་ནང་ང་ཞེས་པ་ཞིག་གཞི་ལ་བཞག་སྟེ། དེ་ནས་ང་ཡི་ལུས་དང༌། ང་ཡི་སེམས། ང་ཡི་ཁང་པ། ང་ཡི་གཉེན་ཞེས་བཤད་ཀྱི་ཡོད། གཉེན་ཉེ་དུ། རྒྱུ་ནོར་ལོངས་སྤྱོད། ཕུང་པོ། མིག་རྣ་ལ་སོགས་པ་དེ་དག་སུ་ཡི་རེད་དམ་ཞེ་ན༑ ང་ཡི་རེད་ཅེས་བརྗོད་ཅིང༌། གཞན་གྱི་ལུས་དང༌། བདག་གི་ལུས་ཞེས་དབྱེ་བ་ཕྱེ་རྒྱུ་ཡོང་གི་རེད། དེས་ན་ལུས་དང་སེམས་ཞེས་པ་འདི་སུ་ཡི་ལུས་དང་སེམས་རེད་དམ་ཞེ་ན། ང་ཡི་རེད་ཅེས་བརྗོད་སྐབས་ང་དེ་དབང་སྒྱུར་མཁན་དང༌། ང་ཡིས་དབང་བསྒྱུར་བྱ་ལུས་དང་སེམས་ཤིག་ཡོད་པ་ང་ཚོའི་བློར་ཤར་གྱི་ཡོད་ཅིང༌། ང་སྐྱོབ་རྒྱུ་དང༌། ང་ཡི་ཚེ་སྐྱོབ་རྒྱུ། ང་ལ་ཕན་ཐོགས་རྒྱུའི་དོན་དུ་ལུས་གཏུབ་དགོས་ཀྱང་གཏུབ་ཀྱི་ཡོད་ལ། སྙིང་བརྗེ་པོ་སློག་དགོས་ཀྱང་སློག་གི་ཡོད། ད་ལྟ་ཀླད་པ་བརྗེ་པོ་སློག་རྒྱུ་མེད་པ་ལས་དེ་ཡང་བརྗེ་པོ་སློག་རྒྱུ་ཞིག་བྱུང་ན་དེ་ཡང་བརྗེ་པོ་སློག་རྒྱུའི་ཉེན་ཁ་ཡོད། གཅིག་བྱས་ན་ང་ཚོས་ཆོས་བྱེད་མི་དགོས་པར་ཀླད་པ་བརྗེ་པོ་སློག་སྟེ་ཉོན་མོངས་སྐྱེ་རྒྱུ་མེད་པ་ཞིག་བྱུང་ན་ཡག་ཤོས་ཡིན། མདོར་ན་ང་རང་ཚོས་ང་སྐྱོབ་རྒྱུ་དང༌། ང་ཡི་ཚེ་སྐྱོབ་རྒྱུ། ང་ཡི་བདེ་སྐྱིད་སྐྱོབ་རྒྱུ། ང་ལ་སྡུག་བསྔལ་མི་ཡོང་བ། ང་ཡི་ཚེ་བསྲིང་རྒྱུའི་དོན་དུ་ལུས་བློས་གཏོང་གི་ཡོད་ལ། རྐང་པ་གཏུབ་དགོས་ན་རྐང་པ་གཏུབ་པ་དང༌། ལག་པ་གཏུབ་དགོས་ན་ལག་པ་གཏུབ། མགོ་གཏུབ་དགོས་ཞེས་བརྗོད་ན་གང་ཞིག་བྱེད་གྲབས་ཡོད་དམ་མི་ཤེས། དེ་ད་ལྟ་ཁག་པོ་རེད། ང་ཡི་དོན་དུ་ལུས་བསྲེག་པ་དང་གཏུབ་པ་དེ་འདྲ་བྱས་ཆོག་གི་ཡོད་ལ་བྱེད་ཀྱིའང་ཡོད། དེ་བཞིན་ང་ཡི་སེམས་ཞེས་བཤད་སྐབས། ཕྱོགས་གཞན་དོན་དུ་གཉེར་ཕྱིར་དང༌། ། ཞེས་གསུངས་པ་ལྟར་མི་གཞན་གྱི་སེམས་ཤིག་དང༌། མི་རྣམ་དཔྱོད་བཀྲ་པོ་ཞིག་གི་རྣམ་དཔྱོད་རང་ལ་སྦྱིན་རྒྱུའི་གོ་སྐབས་ཤིག་ཡོད་ན། ལེན་ཕོད་པ་ལྟ་བུ་ཞིག་འདུག་ཅིང༌། རང་གི་རྨོངས་པའི་བློ་དེ་ཕར་སྤྲད་ཅིང༌། རྣམ་དཔྱོད་ཅན་གྱི་བློ་ཞིག་ཚུར་ལེན་རྒྱུ་བྱུང་ན། ང་ཡི་ཁེ་ཕན་གྱི་དོན་དུ་ང་ཡི་སེམས་གླེན་པ་དེ་ཕར་བཞག་སྟེ། རྣམ་དཔྱོད་ཅན་གྱི་སེམས་ཤིག་ཚུར་ལེན་རྒྱུ་ཡོད་ན་བློར་བརྗེ་ཕོད་པ་ལྟ་བུ་ཞིག་མི་འདུག་གམ། ངའམ་ང་ཡི་དོན་དུ་ལུས་བརྗེ་པོ་སློག་པ་དང༌། ང་ཡི་དོན་དུ་སེམས་བརྗེ་པོ་སློག་རྒྱུ་ཞིག་བློར་འཆར་གྲབས་བྱེད་ཀྱི་འདུག་ཅིང༌། དེའི་གཞི་རྩ་དེར། ང་ཞེས་པ་དེ་ལུས་སེམས་ལ་བརྟེན་ནས་བཏགས་ཙམ་ཞིག་ལ་མི་བྱ་བར། ང་ཞེས་པ་དེ་ལུས་སེམས་ལ་དབང་སྒྱུར་མཁན་གྱི་རྗེ་འཁོལ་ལྟ་བུ་སྟེ། ལུས་སེམས་དེ་འཁོལ་པོ་ལྟ་བུ་དང༌། ང་དེ་རྗེ་བོ་ལྟ་བུ་བྱས་སྟེ་རྗེ་བོ་དེ་འཁོལ་པོ་ལ་ཕར་མི་ལྟོས་ཤིང༌། འཁོལ་པོ་དེ་རྗེ་བོར་ཚུར་ལྟོས་ཀྱི་ཡོད། དེ་བཞིན་རྗེ་འཁོལ་ལྟར་རང་རྐྱ་བ་ལྟ་བུ་ཞིག་བློར་ཤར་མཁན་ཞིག་འདུག་ཅིང༌། དེ་འདྲའི་ང་དེ་རྩད་གཅོད་བྱས་ན་ལུས་ཀྱི་སྟེང་ནས་རྙེད་རྒྱུ་མེད་ལ། སེམས་ཀྱི་སྟེང་ནས་ཀྱང་རྙེད་རྒྱུ་མེད། གང་དུ་བསམ་བློ་བཏང་ཡང་ང་ཞེས་པ་དེ་རྩ་བ་ནས་རྙེད་རྒྱུ་མེད་པ་ཞིག་ཆགས་ཡོང་གི་ཡོད། ང་ཞེས་པ་ལྟོས་མེད་རང་དབང་བ་ལྟ་བུ་ཞིག་ཡོད་པ་བློར་ཤར་བ་དང༌། བློ་ལ་ཤར་བ་ལྟར་ཡོད་པ་རེད་བསམས་ནས་དྲན་གྱི་ཡོད་པས་ན། བཅོམ་ལྡན་འདས་ཀྱིས། བདག་ཅེས་བྱ་བ་བདུད་ཀྱི་སེམས། ། ཞེས་གསུངས་སོ། །བདག་མེད་པ་ལ་བདག་ཏུ་གྲུབ་པ་མེད་ཅེས་དང༌། འོ་ན་བདག་ཇི་འདྲ་རེད་དམ་ཞེ་ན། ཐ་སྙད་དུ་བདག་གཞན་ཡོད་པས་བདག་ཡོད་ཅེས་བརྗོད་ན། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །
བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །
དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །
ཀུན་རྫོབ་སེམས་ཅན་ཞེས་བྱའོ། ། གསུངས་པ་ལྟར་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་ཞིག་ཡིན་པ་ལས། མདོར་ན་དབང་བསྒྱུར་བྱའི་ཕུང་པོ་ལ་བརྟེན་ནས་དབང་སྒྱུར་བ་པོ་བདག་ཅེས་བཏགས་ཙམ་ཞིག་ཡིན་པ་རེད། དེ་ཁྱད་མཚར་ཞིག་ཆགས་སོང་ངམ། དངོས་ཡོད་གནས་ཚུལ་ལ་འཁོལ་པོ་དེ་ལ་བརྟེན་ནས་རྗེ་བོ་བཏགས་པ་ལྟ་བུ་ཞིག་ཡོད། བསམ་བློ་ཞིག་བཏང་ན། བློ་དེས་ཇི་ལྟར་བཟུང་བ་ལྟར་དོན་ལ་གནས་མེད་པ་དེ་ཤེས་ཀྱི་ཡོད། དེས་མཚོན་པའི་ཕུང་ཁམས་སྐྱེད་བྱེད་ཀྱི་ཆོས་གང་ཞིག་ཡིན་ཡང༌། འདི་དང་འདི་ཞེས་མཛུབ་མོ་བཙུགས་ས་ཞིག་ཕར་ངོས་ནས་ཡོད་པ་ཞིག་བློར་འཆར་གྱི་འདུག་ཀྱང༌། བསམ་བློ་བཏང་བ་ཡིན་ན་གཏན་ནས་མེད་པ་དེ་དག་གི་སྟེང་དུ་འགྲོ་ཡི་ཡོད། དེར་བརྟེན་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་ཞེས། དེ་ལྟ་བུའི་མ་དུལ་བའི་སེམས་ཀྱི་རྩ་བ་བྱེད་མཁན་མ་རིག་པ་བག་ཆགས་དང་བཅས་པ་སྦྱངས་ཟིན་པའམ་ཟད་སོང་ན། གཉེན་པོ་སྐྱེས་པའི་སྟོབས་ཀྱིས་བཅོམ་སོང་ན་གཏན་དུ་བདེ་བ་རེད་ཅེས་གསུངས་པ་དེ་ལྟར་རེད། དེ་ལྟ་བུའི་དོན་དེ་དག་ལ་བརྟག་དཔྱད་བཏང་སྟེ་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་དང༌། བརྟག་དཔྱད་བཏང་སྟེ་ཤེས་དགོས་པ་ཞིག་ཡོད་པ་དེ། སྤྱིར་ཆོས་སྤྱི་དང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་རེད། ཅེས་བཀའ་བསྩལ་ཏོ།།