གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ཞེས་བྱ་བ།
ཉ་དབོན་ཀུན་དགའ་དཔལ།
ལྟ་སྡོམ་སྤྱོད་འབྲས་གཞི་ལམ་འབྲས་བུ་གཞི་དབུ་མ་ལམ་དབུ་མ་འབྲས་བུ་དབུ་མ་ལས་བརྩམས་པའི། དྲིས་ལན་ཡིད་ཀྱི་མུན་པ་སེལ་བྱེད་བཀླག་པའི་དོན་གྲུབ་ཅེས་བྱ་བ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། ལྟ་ཡུལ་བདེན་གཉིས་གནས་ཚུལ་ལེགས་མཁྱེན་པའི།། ཡང་དག་ལྟ་དང་རྣམ་དག་ལེགས་པའི་ལམ། ། བསྒོམ་པའི་ལྷག་མཐོང་ཞི་གནས་མཐར་ཕྱིན་པའི།། ཐུབ་དབང་སྲས་དང་བཅས་ལ་ཕྱག་འཚལ་ལོ།།
རྒྱལ་བའི་བཀའ་དང་དྲི་མེད་བསྟན་བཅོས་ལས།། ཇི་ལྟར་གསུང་བཞིན་གཞི་ལམ་འབྲས་བུ་སོགས།། ལེགས་པར་འབྱེད་ཅིང་མཁས་པའི་བཞེད་ཚུལ་རྣམས།། བཀོད་དེ་འཐད་དང་མི་འཐད་དཔྱད་པའང་བྱ།། བཤེས་གཉེན་དམ་པའི་དྲི་བར། གཞི་ལམ་འབྲས་བུའི་རྣམ་བཞག་ངོས་འཛིན། ཇོ་ནང་པ་དང༌། ཞ་ལུ་པའི་ལུགས་ཐ་དད། ལྟ་སྒོམ་སྤྱོད་འབྲས་ཞེས་པའང་ཁྱད་པར་ཡོད་མེད། གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མ་རྣམས་དང་གཅིག་མི་གཅིག་རྣམས་ཡི་གེར་བྲིས་ནས་མཚན་ཉིད་ལུང་དང་བཅས་པ་བསྐུར་གསུང་པ་ལ།
འདི་ལ་བཞི། ཐོག་མར་གཞི་ལམ་འབྲས་བུ་སོགས་ངོས་བཟུང་པ། དེ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་འཁྲུལ་བ་དགག མཁས་པའི་བཞེད་ཚུལ་མདོ་ཙམ་སྨོས་ཏེ། རྒྱས་པར་གཞན་ལས་ཤེས་བྱར་བསྟན། བརྟགས་དཔྱད་བྱས་ནས་ཆོས་ལ་འཇུག་གི་ལྷག་དད་ཙམ་གྱིས་འཇུག་པ་མི་འཐད་པའི་ཚུལ་ལོ།།
༡༽གཞི་ལམ་འབྲས་གསུམ་ངོས་བཟུང་པ།
གཞི་ངོས་བཟུང་པ།
དང་པོ་ནི། སྤྱིར་གསུང་རབ་ལས། དོན་མང་པོ་ལ་གཞི་ཞེས་པའི་ཐ་སྙད་སྦྱར་ཏེ། མངོན་པ་མཛོད་དུ། དེ་དག་ཉིད་དུ་གཏམ་གཞི་དང༌། །ངེས་པར་འབྱུང་བཅས་གཞི་དང་བཅས།། ཞེས་དང༌། རྣམ་འགྲེལ་ངེས་སུ། ངེས་པར་འདི་ལ་གཞི་མི་འདོད།། ཅེས་པའི་སྐབས་སུ། འདུས་བྱས་ཀྱི་མིང་གི་རྣམ་གྲངས་སུ་བཤད་དེ། དོན་བྱེད་ནུས་པའི་རྫས་སུ་ཡོད་པའི་ཕྱིར་རོ།། ཡུམ་གྱི་མདོ་དང༌། མངོན་རྟོགས་རྒྱན་དུ། ཐམས་ཅད་ཤེས་པ་ཉིད་ཅེས་པ་འཕགས་སེང་སོགས་ཀྱིས་གཞི་ཐམས་ཅད་ཤེས་པ་སྟེ། །གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཅེས་འཆད་དེ། །མི་རྟག་སྟོང་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་ཡིན་པས་གཞི་ཞེས་དགོངས་སོ།། ཡང་མངོན་རྟོགས་རྒྱན་དུ། གཞི་ཤེས་པ་ཡི་བྱེ་བྲག་རྣམས།། ཞེས་པར་གཞི་ནི་དམིགས་པ་སྟེ། འཕགས་པའི་བདེན་པ་བཞི་ལ་སོགས་པའོ།། ཞེས་ཤཱནྟི་པ་སོགས་འཆད་དོ།། རྟོག་པས་རྟག་སོགས་སུ་སྒྲོ་འདོགས་པའི་གཞི། མི་རྟག་སོགས་སུ་ཤེས་པར་བྱ་བའི་གཞི། མི་རྟག་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་རྣམས་ཀྱི་རྟེན་ཡིན་པས་གཞི་ཞེས་བྱའོ།། རྒྱུད་བླ་མའི་འགྲེལ་བར། ཆོས་མངོན་པའི་མདོའི་ལུང་དྲངས་པར། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པ་ཡིན།། ཞེས་པའི་དོན། ཐོག་མ་མེད་པའི་དུས་ཅན་ཁམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་བཤད་ནས། གནས་ཞེས་པ་གཞི་དང་རྟེན་ལ་གསུངས་ཏེ། འགྲེལ་བར། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། འབྲེལ་བ་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ། འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། མ་འབྲེལ་པ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་ཅན་བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་སོ།། ཞེས་གསུངས་པས་སོ་ཞེས་དཔལ་ཕྲེང་གི་མདོའི་ལུང་དྲངས་སོ།། ལང་ཀར་གཤེགས་པར། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ།། ཞེས་བདེ་གཤེགས་སྙིང་པོ་ཀུན་གཞིར་གསུངས། ཡང་སྔར་གྱི་མདོ་ལུང་དེའི་དོན་ཐེག་བསྡུས་སུ། ཁམས་ཀྱི་དོན་རྒྱུའམ་རྟེན་དུ་མཛད་ནས། ཚོགས་བརྒྱད་ཀྱི་ཡ་གྱལ་མ་བསྒྲིབ་ལུང་མ་བསྟན་རྣམ་པར་སྨིན་པའི་རྣམ་ཤེས་ས་བོན་ཐམས་ཅད་པ་དེ་ལ་ཀུན་གཞིར་གསུངས་ཏེ། དེ་དགེ་མི་དགེའི་བག་ཆགས་བསྒོ་བའི་གཞི་ཡིན་པ་དང༌། ཉོན་མོངས་དང་རྣམ་བྱང་གི་ས་བོན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ།། རྣམ་འགྲེལ་དུ། བརྡའི་བྱེ་བྲག་རྟོགས་པ་ཡིའི། །འདོད་པའི་རྗེས་སུ་བྱེད་པའི་གཞི།། ཞེས་སྒྲའི་བརྗོད་བྱ་ལའང་གཞིར་བཤད་དེ། སྒྲ་འཇུག་པའི་རྟེན་ཡིན་པའི་ཕྱིར་དང༌། བརྡའ་ལ་བརྟེན་ནས་སྒྲས་གོ་བར་བྱེད་པའི་གནས་ཡིན་པས་སོ།། ཡང་གང་ལས་ཡན་ལག་རྣམས་གྱེས་ཤིང་འབྱུང་བའི་རྟེན་ནམ་རྩ་བ་ལྟ་བུ་ལ་ཡང་གཞི་ཞེས་བཤད་དེ། དབུས་མཐར་གནས་ཀྱི་གཞིའི་སྟོང་པ་ཉིད་ཅེས་ལག་པ་ལ་སོགས་པ་ཡན་ལག་གི་རྟེན་ཁོག་པ་ལ་གཞིར་བཤད་པ་དང༌། འདུལ་བ་འོད་ལྡན་ལས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ཞེས་པའི་དོན་འཆད་པའི་སྐབས་སུ་སྡེ་བ་གཞན་རྣམས་སྡེ་བ་དེ་ལས་གྱེས་པས་གཞི་ཞེས་བཤད་པ་ལྟར་དང༌། ཡང་བོད་དུ་འགྱུར་བའི་ལུང་སྡེ་བཞིར་གྲགས་པའི་འདུལ་བ་གཞི་ལྟ་བུ། དེའི་ནང་གི་གནས་སྐབས་ཀྱི་ཆོས་ཅི་རིགས་པ་གཏན་ལ་འབེབས་པ་རྣམ་འབྱེད་དང་ཕྲན་ཚེགས་ལྟ་བུ་དེ་ལས་འཕྲོས་པའི་ཡན་ལག་དང༌། དེ་འདུལ་བའི་གཞིའམ་མ་མོ་ཡིན་པས་འདུལ་བ་གཞི་ཞེས་བཤད་པ་ལྟ་བུའོ།། དེས་ན་གནས་དང་གཞི་དང་རྟེན་གྱི་མིང་གི་རྣམ་གྲངས་སུ་དཔལ་ཕྲེང་གི་མདོ་དང༌། ཐེག་བསྡུས་སོགས་སུ་བཤད་དོ།། གསང་བ་འདུས་པའི་རྒྱུད་སོགས་སུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །མི་འཕྲོག་པ་ཡི་རབ་དབྱེ་ལས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ།། ཞེས་རྒྱུའི་རྒྱུད་གཞིའམ་ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ་དུ་བཤད་དོ།། བླ་མའི་མན་ངག་ལ་ལྟོས་ཏེ་དང་པོ་གཉིས་གོ་ལོག་སྟེ་བསྟན་པའམ་སྒྲ་ཇི་བཞིན་པ་ལྟར་ན། ཐབས་སམ་ལམ་དེ་འབྲས་རྒྱུད་ཀྱི་རྒྱུ་བྱེད་པས་གཞིའི་རྒྱུད་ཅེས་བཤད་དུ་རུང་ངོ༌།། དེ་ལྟར་ན་སྔར་གཞི་ཞེས་བཤད་པ་ཐམས་ཅད་ཀྱིས་ཀྱང༌། ཐད་ཀ་ཐད་ཀར་གཞིའི་གོ་ཆོད་ལ་དབུ་མ་པའི་གྲུབ་མཐའི་སྐབས་སུ་བསྟན་པའི་མཐར་ཐུག་གི་གཞི་དང༌། རྒྱུད་དུ་གསུངས་པའི་རྒྱུའི་རྒྱུད་མཐར་ཐུག་པ་ནི། སེམས་ཀྱི་ཆོས་ཉིད་དྲི་བཅས་དེ་བཞིན་ཉིད་ལ་དགོངས་ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་བརྗོད་པར་བྱ།། ཞེས་ཏེ། འདིར་འཁོར་བ་མཚན་ཉིད་པ་མ་ཡིན་ཏེ། འཁོར་བའི་ཆོས་ཉིད་དྲི་བཅས་དེ་བཞིན་ཉིད་ལ་དགོངས་ཏེ་འདི་ལྟ་བུ་གསུངས་པ་གཞན་ཡང་ཡོད་དེ། མདོ་ལས། མ་རིག་པ་ནི་བྱང་ཆུབ་པོ་ཞེས་སོགས་གསུངས་པའི་དོན་མདོ་རྒྱན་དུ། མ་རིག་པའི་དེ་བཞིན་ཉིད་ནི་བྱང་ཆུབ་པོ་ཞེས་སོགས་སུ་དགོངས་པ་བླངས་ནས་གསུངས་པ་ལྟར་རོ།། དེ་ལྟར་ན་སེམས་གྱི་ཆོས་ཉིད་དྲི་བཅས་དེ་བཞིན་ཉིད་དེ་ཀུན་གཞི་ཡིན་ཏེ། ཁོ་རྒྱུའམ་རྟེན་དུ་ཡོད་པའི་སྟོབས་ཀྱིས་འདུས་བྱས་མ་བྱས་ཀྱི་ཟག་མེད་ཀྱི་ཡོན་ཏན་ཐོབ་ཅིང་འཐོབ་པའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པ་དང་མི་དགེ་བའི་བག་ཆགས་ཐམས་ཅད་ཀུན་གཞི་རྣམ་ཤེས་ལ་བསྒོས་ཤིང་གནས་ལ་ཀུན་གཞིའི་རྣམ་ཤེས་ཡང་དྲི་བཅས་དེ་བཞིན་ཉིད་ལ་བརྟེན་ཏེ། དེའི་དེ་བཞིན་ཉིད་དེ་ཡིན་པའི་ཕྱིར་དང༌། ཟག་བཅས་ཀྱི་ལས་ཉོན་ཐམས་ཅད་ཚུལ་མིན་ཡིད་བྱེད་ལ་བརྟེན། ཚུལ་མིན་ཡིད་བྱེད་དེ་དྲི་བཅས་དེ་བཞིན་ཉིད་ལ་བརྟེན་པའི་ཕྱིར་རོ།། རྒྱུད་བླ་ལས། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས།། ཞེས་སོ།། གནས་ཞེས་པའི་དོན་ནི་རྟེན་དུ་གྱུར་པས་དེ་མེད་ན་མི་འབྱུང་བའི་རྟེན་ཡིན་གྱི། སྔར་མེད་གསར་དུ་བསྐྱེད་པ་ལྟ་བུ་ནི་མ་ཡིན་ཏེ། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན།། ཞེས་སོགས་གསུངས་པ་ལྟར་རོ།། དེ་བཞིན་དུ་དྲི་བཅས་དེ་བཞིན་ཉིད་དེ་རྒྱུད་སྡེར་གསུངས་པའི་རྒྱུའི་རྒྱུད་ཀྱང་ཡང་ཡིན་ཏེ། རྣམ་པར་དག་པའི་ལམ་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་རྟེན་བྱེད་ཅིང༌། བྲལ་འབྲས་ཆོས་སྐུ་འཐོབ་པའི་རྒྱུ་ བྱེད་པས་རྒྱུ་ཡང་ཡིན། དུས་ནམ་ཡང་རྒྱུན་ཆད་མེད་པར་རང་བཞིན་འགྱུར་མེད་དུ་གནས་པའི་ཕྱིར་རྒྱུད་དེ། རྒྱུད་ཀྱི་དོན་ནི་རྒྱུན་ཆད་མེད་པར་འཇུག་པའི་དོན་ལ། རྒྱུད་དང་རྒྱ་འགྲེལ་དྲི་མེད་རྣམས་ལས་གསུངས་སོ།། དེ་ཉིད་རང་བཞིན་དུ་གནས་པའི་རིགས་ཀྱང་ཡིན་ཏེ། སྔར་བཤད་པ་ལྟར་གྱི་རྒྱུ་ཡིན་པས་རིགས་ཞེས་བྱ་སྟེ། རིགས་ཀྱི་སྒྲ་ནི་འདིར་རྒྱུའི་དོན་ལ་བཤད་དེ། མང་དོགས་པས་མདོར་བསྡུས་པའོ།། གཞིའི་སྐབས་སོ།། །།
ལམ་ངོས་བཟུང་པ།
ལམ་ལ་སྤྱིར་ཡང་དག་པ་ཉིད་དུ་ངེས་པའི་ལམ། ལོག་པ་ཉིད་དུ་ངེས་པའི་ལམ། མ་ངེས་པའི་ལམ་སོགས་དུ་མ་བཤད་ཀྱང༌། འདིར་བྱང་ཆུབ་གསུམ་ཀྱི་རྒྱུར་གྱུར་པའི་ལམ་རྣམ་དག་ངོས་བཟུང་ན། ཐེག་པ་གསུམ་ཀྱི་ཐར་བ་ཆ་མཐུན་གྱི་དགེ་བའི་ངོ་བོར་གྱུར་བའི་ཚོགས་ཀྱི་ལམ་ལ་སོགས་པ་ལྔ་དང༌། རྒྱུད་སྡེ་ཟབ་མོར་བསྟན་པའི་རིམ་གཉིས་ཀྱི་རྣལ་འབྱོར་ཡན་ལག་དང་བཅས་པ་རྣམས་ཏེ། འདིར་བྲི་བའི་སྤོབས་པ་ཡོད་མོད་ཀྱིས་གྲགས་ཆེ་བས་མ་བཀོད་དོ།། །།
འབྲས་བུ་ངོས་བཟུང་པ།
འབྲས་བུ་ལ་རྣམ་པར་དག་པའི་ལམ་བསྒོམ་པའི་གནས་སྐབས་ཀྱི་འབྲས་བུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སྤངས་རྟོགས་མཛད་པ་དང་བཅས་པ་རྣམས་ཏེ་གྲགས་ཆེ་བས་མ་བཀོད་དོ།།
གཞིའི་མཚན་ཉིད་བཤད་པ།
དེ་ལྟར་ན་གཞི་ལམ་འབྲས་བུའི་མཚན་ཉིད་ལུང་དང་བཅས་པ་དགོས་གསུངས་པ་ལ། གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་སུ་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་ཞེས་དང༌། རང་བཞིན་གྱི་མཚན་ཉིད་དང༌། རྣམ་པར་དབྱེ་བའི་མཚན་ཉིད་ཞེས་དང༌། རིགས་པའི་བསྟན་འཆོས་སུ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་བཤད། དེ་རྣམས་ནི་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་ཞིང༌། དེ་རྣམས་ཀྱིས་མཚོན་པའི་གཞིའི་མཚོན་པར་བྱ་བས་མཚོན་བྱའམ་མཚན་གཞི་ཞེས་སྐད་དོད་གཅིག་ལོ་ཙཱ་བས་གཉིས་སུ་བསྒྱུར་བར་སྣང་ནའང༌། བོད་སྔ་རབས་པ་མང་པོས་མཚོན་བྱ་དང་མཚན་གཞི་ལ་སྤྱི་བྱེ་བྲག་གི་ཁྱད་ཕྱེད། མཚན་ཉིད་ཅེས་པ་སྐྱོན་གསུམ་དང་བྲལ་བའམ་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་ཁོ་ན་ལ་བྱས། མཚན་མཚོན་གྱི་སྦྱོར་བ་ཞེས་པ་ཐལ་རང་གི་སྦྱོར་བ་ལས་མ་གཏོགས་པའི་གསུམ་པ་བཟོས། མཚོན་བྱ་ལ་ཐ་སྙད་དམ་ཐ་སྙད་བྱར་རུང་ངེས་པར་སྦྱོར་དགོས་ཞེས་པ་ལ་སོགས་ཀྱི་རྣམ་བཞག་མཛད་པས་དེང་སང་བར་དུ་ཡང་ཕལ་ཆེར་དེ་བཞིན་དུ་འདོད་མོད། མཚན་ཉིད་ཅེས་པ་དང༌། མཚོན་བྱེད་ཅེས་པ་དང༌། མཚོན་བྱ་མཚན་གཞི་ཐ་སྙད་ཅེས་དང༌། མཚོན་ཞེས་སོགས་ཀྱི་ཚིག་གི་དོན་ལ་བློ་རྩེ་གཏད་ས་ཅུང་ཟད་ཙམ་ཡང་མེད་པར་ཁྱི་སྐད་ལ་རྒྱུག་པ་འབའ་ཞིག་སྣང་སྟེ། མཚན་ཉིད་པར་ཁས་འཆེ་བ་ཕལ་ཆེར་གྱིས། མཚན་ཉིད་མི་ཤེས་པར་གྲགས་པ་འདི་ཨེ་མའོ།། དེ་བཞིན་དུ་མི་རྟག་བདག་མེད་སོགས་སྤྱི་མཚན་ཡིན་སྤྱིའི་མཚན་ཉིད་མ་ཡིན་ཞེས་དང༌། དོན་བྱེད་ནུས་ཤིང་རང་རྐྱ་ཐུབ་པའི་བུམ་པ་ལྟ་བུ་རང་མཚན་ཡིན་རང་གི་མཚན་ཉིད་མ་ཡིན་ཞེས་འདོད་པའང་བཞད་གད་ཀྱི་གནས་སོ།། དེས་ན་བདེན་པ་གཉིས་ཀྱི་དབང་དུ་བྱས་ཏེ། གཞི་དེ་ཇི་ལྟར་གནས་པ་ལྟར་གྱི་གནས་ལུགས་གཞི་དེའི་རང་བཞིན་ཡིན་པས་དེའི་མཚན་ཉིད་དེ། མི་རྟག་པ་འདུས་བྱས་སྤྱིའི་མཚན་ཉིད་དུ་བཤད་པ་ལྟ་བུ་རང་བཞིན་གྱི་མཚན་ཉིད་དོ།། བུམ་པ་ལྟ་བུའི་ཆོས་གཅིག་ཀ་བ་ལ་སོགས་པའི་བུམ་པ་མ་ཡིན་(པ)ཐམས་ཅད་ལས་ལྡོག་པའི་ལྡོག་པ་ཐ་དད་པ་དུ་མ་ལྟ་བུ། རྣམ་པར་དབྱེ་བའི་མཚན་ཉིད་དེ་སྒྲས་བརྗོད་ཚུལ་རྣམ་རྟོག་གི་ཞེན་ཚུལ་ལ་ལྟོས་ནས་བཞག་པ་ཡིན་པས་རྟོག་ངོར་ཤེས་བྱ་ཡིན་ནོ།། ཡང་བདག་མེད་སོགས་ཆོས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཏུ་ཡོད་པའི་ཆོས་ཡིན་པས་སྤྱིའི་མཚན་ཉིད་དམ་རང་བཞིན་ཏེ་ཆོས་ཅན་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་རང་བཞིན་གྱི་མཚན་ཉིད་ཡང་ཡིན་ནོ།། རླན་ཞིང་གཤེར་བ་ཆུ་ཁོ་ན་ལ་ཡོད་པས་ཆུའི་རང་གི་མཚན་ཉིད་དེ་སྔར་ལྟར་རང་བཞིན་གྱི་མཚན་ཉིད་ཀྱང་ཡིན་ནོ།། དེ་ཉིད་དེའི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་དམ་སྐྱོན་གསུམ་ལས་གྲོལ་བའི་མཚན་ཉིད་ཀྱང་ཡིན་ནོ།། དེ་བཞིན་དུ་མཚོན་པར་བྱེད་པས་མཚན་ཉིད་དེ། མཚོན་ཞེས་པ་གོ་བའམ་རྟོགས་སམ་ཤེས་ཟེར་བའི་དོན་ཡིན། དཔེར་ན་ཤེས་པར་བྱེད། གོ་བར་བྱེད། རྟོགས་པར་བྱེད་པས་མཚན་ཉིད་ཅེས་པའི་བརྡའ་བྱས་པ་ཡིན། གོ་བའམ་ཤེས་པར་བྱེད་ཚུལ་མང་བོ་ཡོད་པས་མཚན་ཉིད་ཅེས་པ་མང་བོ་ལ་བཤད་དེ། ཆོས་ཐ་དད་པ་མང་བོ་ཐུན་མོང་དུ་ཤེས་པར་བྱེད་པས་སྤྱིའི་མཚན་ཉིད། ཆོས་སོ་སོ་བ་རང་རང་ཐུན་མོང་མ་ཡིན་པར་གོ་བར་བྱེད་པ་རང་གི་མཚན་ཉིད། རང་རང་གནས་ཚུལ་ལྟར་གྱི་གནས་ལུགས་དེ་དང་དེར་ཤེས་པར་བྱེད་པ་རང་བཞིན་གྱི་མཚན་ཉིད། ཆོས་ཅན་རེ་རེའང་རིགས་མ་ཡིན་དུ་མ་ལས་ལོག་པའི་ཆོས་དུ་མར་ཤེས་པར་བྱེད་པ་རྣམ་པར་དབྱེ་བའི་མཚན་ཉིད་དོ།། ཆོས་ཅན་སྒྲ་ལྟ་བུ་གཅིག་མ་བྱས་པ་དང་རྟག་པ་དང་ཀ་བ་བུམ་པ་སོགས་སྒྲ་མ་ཡིན་(པ)མཐའ་ཡས་པ་ལས་ལོག་པའི་ལྡོག་པ་དུ་མའི་ཆོས་ཅན་སྒྲ་ལྟ་བུ་གཅིག་བྱས་མི་རྟག་བུམ་མིན་སོགས་སུ་ཤེས་པར་བྱེད་པ་བཞིན་ནོ།། རྒྱས་པར་ངག་ལས་ཤེས་དགོས་སོ།། འདིར་གཞི་ཙམ་གྱི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད། རང་གི་རྟེན་ཆོས་རྣམས་ཀྱི་རྟེན་དུ་གྱུར་བ། ཐེག་ཆེན་དབུ་མ་བའི་སྐབས་ཀྱི་གཞི་ལམ་འབྲས་གསུམ་གྱི་རང་ལུགས་མཐར་ཐུག་གི་གཞིའི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་ནི། གང་ལ་བརྟེན་ནས་རྣམ་དག་ལེགས་པའི་ལམ་བསྒོམས་པས་འབྲས་བུ་མི་གནས་པའི་མྱང་འདས་ཐོབ་ཅིང་འཐོབ་པར་འགྱུར་བའི་དེ་བཞིན་ཉིད་ཅེས་བྱ་སྟེ། ཐོག་མ་མེད་དུས་ཅན་གྱིས་ཁམས་ཞེས་སོགས་སྔར་དྲངས་པ་རྣམས་དྲན་པར་བྱའོ།།
ལམ་གྱི་མཚན་ཉིད་བཤད་པ།
ལམ་ཙམ་གྱི་རིགས་མི་མཐུན་སེལ་བའི་མཚན་ཉིད། གང་དུ་བགྲོད་པར་འགྱུར་བའི་སར་ཕྱིན་བྱེད་དམ་ཕྱིན་པ། དབུ་མ་བའི་གྲུབ་མཐའི་སྐབས་ཀྱི་རང་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་ལམ་རྣམ་དག་གི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་ནི། གང་རྒྱུད་ལ་བརྟེན་ཅིང་བསྒོམས་པ་གོམས་པར་བྱས་པས་སམ་གང་ལ་ཡང་དག་པའི་མཉམ་བཞག་གམ་རྗེས་ཐོབ་ཀྱིས་ལེགས་པར་བསླབས་པས་མི་གནས་པའི་མྱང་འདས་སུ་ཕྱིན་བྱེད་དོ།། ཡང་དག་ཉིད་ལ་ཡང་དག་བལྟའ། །ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་དང༌། སྡོང་པོ་བཀོད་པར། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། ཞེས་སོགས་དང༌། སྦྱོར་བ་བཞིའི་བདག་ཉིད་ཅེས་སོགས་དྲན་པར་བྱའོ།།
འབྲས་བུའི་མཚན་ཉིད་བཤད་པ།
དབུ་མ་བའི་གྲུབ་མཐའི་སྐབས་ཀྱི་གཞི་ལམ་འབྲས་གསུམ་གྱི་ཡ་གྱལ་མཐར་ཐུག་གི་འབྲས་བུའི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད། རྣམ་པར་དག་པའི་མཉམ་རྗེས་ཀྱི་ལམ་བསྒོམས་པའི་སྟོབས་ཀྱིས་ཐོབ་བྱ་མཐར་ཐུག་པ། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི་ཞེས་སོགས་དྲན་པར་བྱའོ།། ཡང་ལྟ་སྒོམ་སྤྱོད་འབྲས་ཞེས་པ་དང༌། གཞི་ལམ་འབྲས་གསུམ་ཁྱད་ཡོད་དམ་མེད་གསུངས་པ་ལ། སྤྱིར་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་འབྲས། གཞི་དབུ་མ། ལམ་དབུུ་མ། འབྲས་བུ་དབུ་མ་ཞེས་ཕྱོགས་གཅིག་ཏུ་བསྡུས་པའི་བརྡའ་ཆད་འདི་རྣམས་བོད་ཀྱི་སློབ་དཔོན་སྔ་མ་རྣམས་ཀྱིས་མཛད་སྣང༌། མཚན་ཉིད་ཐེག་པའི་གཞུང་ཁུངས་མ་ལས་བཤད་པ་མ་མཐོང༌། འདི་འདྲའི་བརྡའ་ཆད་མཛད་པའི་བོད་སྔ་མ་རྣམས་ཀྱི་ཐུགས་དགོངས་ལ་ནི། སྤྱོད་པ་ཞེས་པ་འདི་མ་གཏོགས་གཞན་གསུམ་ཚན་གསུམ་པོ་ཐད་ཀ་ཐད་ཀར་དོན་གཅིག་ཏུ་བཞེད་པར་མངོན་ཞིང༌། ལྟ་བ་ཞེས་པ་ཡུལ་སྟོང་ཉིད་དང་སྒོམ་པ་ཞེས་པ་མཉམ་བཞག་དང༌། སྤྱོད་པ་ཞེས་པ་རྗེས་ཐོབ་ཀྱི་ཉམས་ལེན་ལ་བཞེད་པ་དང༌། གཞན་ཡང་རྗེ་བཙུན་མི་ལ་རས་པ་ལ་སོགས་པའི་བོད་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་མང་དུ་བཀོད་པའང་སྣང་སྟེ། དེ་དང་དེ་དག་ཏུ་ཤེས་པར་བྱའོ།།
ལྟ་བ་སྤྱིར་བཤད་པ། འདིར་སྤྱིར་ལྟ་བ་ལ། ལོག་པའི་ལྟ་བ་དང༌། ཡང་དག་པའི་ལྟ་བ་གཉིས་ཡོད་ཅིང༌། དང་བོ་ནི། ཀུན་རྫོབ་བམ། དོན་དམ་གྱི་གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་འབྱེད་ཅིང༌། འཛིན་པའི་ལོག་པའི་ཤེས་རབ་གཙོ་བོར་གྱུར་བ་སྟེ། དེའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་ཡིད་ཤེས་དང༌། ཡུལ་གྱི་ངོ་བོ་ཙམ་འཛིན་པ་རྟོག་པ་དང༌། ཁྱད་པར་ལ་དཔྱོད་པའི་དཔྱོད་པ་གང་རུང་གྲོགས་སུ་ཡོད་པས་ཀྱང་དེ་ལྟར་འཛིན་ནོ།། དེ་ལ་དགེ་སྡིག་མེད་པར་ལྟ་བ་སོགས་ཆད་ལྟ་དང༌། གང་ཟག་གི་བདག་དང་དབང་ཕྱུག་སོགས་རྟག་པར་ལྟ་བ་དང༌། འདུས་བྱས་ཀྱི་སྒྲ་སོགས་རྟག་པར་ལྟ་བ་སོགས་དང༌། །མཐོ་རིས་ཀྱི་ཐབས་སུ་སྲོག་གིས་མཆོད་སྦྱིན་སྣ་ཚོགས་བྱེད་པའམ། སྲོག་བཅད་པས་འཁོར་བ་ལས་གྲོལ་བར་འདོད་པའི་ལྟ་བ་སོགས་དང༌། བོད་ཀྱི་གྲུབ་ཐོབ་ཏུ་རློམ་པའི་སློབ་དཔོན་མང་བོའི་འདྲེན་པར་བཀུར་བ་མང་བོ་དག ཁོང་གི་ཁྲིད་ཐོབ་དེ་ལུགས་ཀྱི་ངོ་སྤྲོད་ཐོབ་པའི་སློབ་མ་རྣམས་སངས་རྒྱས་ཐོབ་ཟིན། ལུས་རྒྱས་བཅིངས་པས་རྫུ་འཕྲུལ་སོགས་སྟོན་མ་ནུས་པ་ཡིན། ཤི་ནས་ལུས་འདི་དང་བྲལ་མ་ཐག་དཔལ་ཀུན་ཏུ་བཟང་བོ་ཉིད་དུ་འགྱུར་ཞིང་མགོ་ལ་ཐོད་པ་མི་འགེལ་བར་འདོད་པའི་ལྟ་བ་ཁམས་པོ་ཆེ་སོགས་མཐའ་ཡས་སོ།། དེ་ལྟར་ན་མཐོ་རིས་དང་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་ལྟ་བ་ངན་པ་སྤངས་ནས་ཡང་དག་པའི་ལྟ་བ་ལ་འཇུག་པར་བྱ་དགོས་ཏེ། བཤེས་སྤྲིང་དུ། གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན།། ཞེས་སོ།། ཡང་དག་པའི་ལྟ་བ་ལའང་གཉིས་ལས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ། དགེ་སྡིག་གི་ལས་དང༌། དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་འབྱུང་བར་ཡིད་ཆེས་ཤིང་དེ་ལྟར་འཛིན་ཅིང་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་བ་ཞིག་ནི་གཙོ་བོ་ཡིན་ལ། ཕ་མ་དང་རིགས་དང་ཡོན་ཏན་གྱི་རྒན་པ་བཀུར་བའི་འོས་སུ་ལྟ་བ་སོགས་འཇིག་རྟེན་ཡ་རབས་རྣམས་ཀྱི་སྤྱོད་ཚུལ་ཀུན་ནས་སློང་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཁྱད་པར་རྣམས་ཀྱང་ངོ༌།། ཇི་སྐད་དུ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་བ། །དེ་ནི་བསྐལ་བ་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བར་མི་འགྱུར་རོ།། ཞེས་དང༌། དབུ་མ་བཞི་བརྒྱ་བ་ལས། །འཇིག་རྟེན་ཚུལ་ལུགས་གང་དང་གང༌། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་པས་ཀྱང༌། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང༌།། ཞེས་དང༌། གནས་བརྟན་བྱང་བཟང་གིས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གུད་དུ་སོང་བས་རྒྱང་འཕེན་པ་ཞེས་བཤད་པ་ལྟར་རོ།། གྲུབ་མཐའི་ཡང་དག་པའི་ལྟ་བ་ལ། ཕྱི་རོལ་མུ་སྟེགས་བྱེད་རྣམས་ལའང་ཅི་རིགས་སུ་ཡོད་པ་ཤེས་པར་བྱ་ཞིང༌། ནང་བ་སངས་རྒྱས་པའི་ལྟ་བ་ལའང་གྲུབ་མཐའ་བཞིའི་སྒོ་ནས་ཅི་རིགས་སུ་ཡོད་ཅིང༌། ཁོ་བོས་གྲུབ་མཐའ་རྣམ་འབྱེད་དུ་ལུང་རིགས་ཀྱི་སྒོ་ནས་དཔྱིས་ཕྱིན་པར་བཀོད་ཡོད་པ་དེར་བལྟ་བར་བྱའོ།། །།
ཐེག་ཆེན་གྱི་ལྟ་སྒོམ་སོགས་བཤད་པ།
འདིར་སྐབས་སུ་བབ་པ་ཐེག་ཆེན་གྱི་ལྟ་སྒོམ་སོགས་བསྟན་ན། ལྟ་བའི་ཡུལ་དང་ལྟ་བ་གཉིས་སུ་དབྱེ་དགོས་ཏེ། ལྟ་བ་དངོས་ཤེས་རབ་གཙོ་བོར་གྱུར་བ་ཞིག་ཡིན་ཅིང༌། བདེན་པ་གཉིས་ཀུན་རྫོབ་བམ་དོན་དམ་དུ་ཇི་ལྟར་གནས་ཚུལ་ལྟར་གྱི་གནས་ལུགས་ནི་ལྟ་བའི་ཡུལ་ཡིན་པའི་ཕྱིར། དེ་ལྟ་བུའི་ཡུལ་དེ་བལྟ་བར་བྱ་བ་ཡིན་པས་ལྟ་བ་ཞེས་བཏགས་ཀྱི་ལྟ་བ་དངོས་མིན་ཏེ། ལྟ་བ། མཐོང་བ། རྟོགས་པ། ཤེས་པ། གོ་བ། དམིགས་པ་ཞེས་སོགས་བློའི་འཛིན་སྟངས་ཉིད་ལ་རྒྱ་གར་མཁས་མང་གིས་བཤད། ལྟ་བ་ཞེས་པ་ས་སྐྱ་པཎ་ཆེན་གྱིས་མཐོང་བ་ཞེས་པར་བསྒྱུར་རོ།། དེས་ན་ཡུལ་གཟུགས་སོགས་རྣམས་དམིགས་པར་བྱ་བ་ཡིན་པས་དམིགས་པ་ཞེས་བརྗོད་དེ། དམིགས་པ་བཏགས་པ་བ།མིག་ཤེས་སོགས་ནི་ཡུལ་དམིགས་པར་བྱེད་པ་ཡིན་པས་དམིགས་པ་ཞེས་བརྗོད་དེ། དམིགས་པ༼འི༽་མཚན་ཉིད་དཔལ་ཆོས་ཀྱི་གྲགས་པས་གཏན་ཚིགས་ཐིགས་པར་གསུངས་ཤིང༌། ལྷ་དབང་ཆོས་མཆོག་སོགས་ཀྱིས་བཤད་པ་ལྟར་རོ།། བརྗོད་པར་བྱ་བ་མང་ནའང་དབུ་མ་པའི་གྲུབ་མཐའི་སྐབས་གཞིར་བཞག་ནས་མདོར་བསྡུས་ཏེ་བརྗོད་ན། རྟག་ཆད་སོགས་སྤྲོས་པའི་མཐའ་དང་གྲོལ་བའི་སྟོང་ཉིད་དམ་ཆོས་ཉིད་དེ་ལྟ་བའི་ཡུལ་མཐར་ཐུག་པ་ཡིན་ཞིང༌། ཐེག་པ་ཆེན་པོའི་ལམ་ལྔའི་མངོན་པར་རྟོགས་པ་རྣམས་ཀྱིས་ཇི་ལྟར་རྟོགས་ཚུལ་གྱི་རྣམ་པའམ་ཆོས་རྣམས་ཀྱང་ལྟ་ཡུལ་མཚན་ཉིད་པ་ཡིན་ནོ།། ལུང་རིགས་རྣམ་དག་གིས་ཆོས་ཀུན་དེ་ཁོ་ན་ཉིད་དུ་སྤྲོས་བྲལ་དུ་སྤྱིའི་ཚུལ་གྱིས་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་བ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ཉིད་ལ་གསལ་སྣང་སྐྱེས་པའི་འཇིག་རྟེན་པའི་བསྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་བ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་༼ཉིད་མངོན་༽གསུམ་དུ་རྟོགས་པའི་འཕགས་པ་སློབ་པའི་ཤེས་རབ་གཙོ་བོར་གྱུར་བ་དེ་རྣམས་ཀྱང་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང༌། དེ་བཞིན་དུ། ཀུན་རྫོབ་བདེན་པས་བསྡུས་པའི་ཆོས་རྣམས་ཀུན་རྫོབ་ཏུ་ཇི་ལྟར་གནས་ཚུལ་ལྟར་ལུང་རིགས་ཀྱི་སྒོ་ནས་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་བ་སོགས་གསུམ་ཡང་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང༌། དེ་རྣམས་སྔར་བཤད་པ་ལྟར་དེ་དང་དེར་རྟོགས་པའི་རྫོགས་སངས་རྒྱས་ཀྱི་ཤེས་རབ་གཙོ་བོར་གྱུར་བ་རྣམས་ནི་མཐར་ཐུག་གི་ཡང་དག་པའི་ལྟ་བ་སྟེ་གཙོ་བོའོ།། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ།། ཞེས་རྒྱུད་བླ་དང༌། མངོན་རྟོགས་རྒྱན་དུ་གསུངས་ཤིང༌། ཡང་མངོན་རྟོགས་རྒྱན་དུ། ཟབ་མོ་སྟོང་བ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །བསྐུར་བའི་མཐའ་ལས་གྲོལ་བ་ཉིད།། ཅེས་སོ།། རྣམ་འགྲེལ་དུ། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར།། ཞེས་དང༌། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱིས། །བསྒོམས་པ་ལྷག་མ་དེ་དོན་ཡིན།། ཞེས་ཏེ། ཚིག་རྐང་འདི་གཉིས་ཇོ་བོ་རྗེས་ལམ་སྒྲོན་དུའང་བཀོད་དོ།། ཡང་རྣམ་འགྲེལ་དུ། དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་བསྒོམ་ཡང་དག་ལྟ་བ་ཡིན། །སྲིད་པ་རྗེས་འབྲང་བཅས་འཇོམས་བྱེད།། ཅེས་ཏེ། དེ་རྣམས་ཀྱིས་ལྟ་བ་དང་ལྟ་བའི་ཡུལ་་སོ་སོར་ཕྱེ་ནས་བསྟན་ཅིང༌། སྟོང་ཆེན་རབ་འཇོམས་སུ། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།། ཞེས་སོ།། དེས་མཚོན་ནས་ལུགས་གཞན་ཡང་ཤེས་པར་བྱའོ།། ཡང་ལྟ་བ་དང༌། གྲུབ་མཐའ་དང༌། གཞུང་ལུགས་དང༌། ཡིད་ཀྱི་དམ་བཅའ་ཞེས་པ་རྣམས་ཕལ་ཆེར་རྣམ་གྲངས་སུ་བཤད་པའང་སྣང་སྟེ། དུས་འཁོར་འགྲེལ་ཆེན་དུ། རང་གཞན་ལྟ་བ་དག་ལ་གཞུང༌། །ཅུང་ཟད་གསུང་པ་རྣམ་རྒྱས་བྱ།། ཞེས་གསུངས་ནས། གྲུབ་མཐའ་བཞི་སོགས་བསྟན་ཅིང༌། ཛེ་ཏ་རིས། བདེར་གཤེགས་གཞུང་གི་རབ་དབྱེ་ཞེས་བསྟན་བཅོས་ཀྱི་མིང་བཏགས་ནས་སངས་རྒྱས་པའི་ལྟ་བ་དང༌། གྲུབ་མཐའ་བཞི་གཏན་ལ་ཕབ་པའི་ཕྱིར་དང༌། ཚད་མ་རྒྱན་དུ། གྲུབ་མཐའ་དང༌། དམ་བཅའ་བ་ནི་རྣམ་གྲངས་ཙམ་ཡིན་པའི་ཕྱིར་རོ།། ཞེས་སོ།། གང་ལྟར་ཡང་ལྟ་བ་དང་གྲུབ་མཐའ་ནི་ཤེས་རབ་གཙོ་བོར་གྱུར་བ་ཡིན་པར་རྒྱ་བོད་ཀྱི་མཁས་པ་རྣམས་བཞེད་དོ།། ལྟ་བ་སོགས་བཞིར་ཕྱེ་བའི་སྒོམ་པ་ལ། སྤྱིར་དམིགས་པ་གང་དང་གང་ལ་སེམས་གཏོད་ཅིང་འཛིན་པའི་སེམས་རྩེ་གཅིག་པ་སྟེ། མཉམ་རྗེས་སམ་རིམ་གཉིས་ཀྱི་བསྒོམ་པ་སོགས་སྔར་མཚན་ཉིད་ལས་འབྱུང་བ་རྣམས་སོ།། འདིར་ཐེག་ཆེན་དབུ་མ་བའི་ལུགས་ཀྱི་རྣམ་པར་དག་པའི་སྒོམ་པ་མཐར་ཐུག་པ་ནི། ལྟ་བ་གཏན་ལ་ཕེབས་པའི་སྤྲོས་བྲལ་ཟབ་མོའི་ངང་དུ་མཉམ་པར་བཞག་པའི་གསལ་སྣང་ཁྱད་པར་ཅན་གྱི་སེམས་རྩེ་གཅིག་པ་ཡིན་ལ། འདིར་སྤྱོད་པ་ཡང༌། དེ་འདྲའི་མཉམ་བཞག་གིས་ཟིན་པའམ། དེ་དང་རྗེས་སུ་མཐུན་པའི་ཞེན་མེད་དང༌། སྒྱུ་མ་ལྟར་རང་བཞིན་མེད་པར་རྟོགས་པའི་ངང་ནས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཀྱང་ལྟ་སྒོམ་རྣམ་དག་འཕེལ་བའི་གྲོགས་སུ་འགྱུར་བའི་བྱ་བ་ཐམས་ཅད་དོ།། འབྲས་བུ་མདོར་བསྡུ་ན་སྔར་བཤད་པ་ལྟར་རོ།། །།
གཞི་ལམ་འབྲས་བུའི་དབུ་མ།
ཡང་གཞི་ལམ་འབྲས་བུའི་དབུ་མ་ཞེས་པ་དང༌། གཞི་ལམ་འབྲས་གསུམ། ལྟ་སྒོམ་འབྲས་གསུམ་དག་གཅིག་མི་གཅིག་གསུང་བ་ལ། སྔར་བཤད་ལྟར། གཞི་དབུ་མ་སོགས་གསུམ་གྱི་བརྡའ་ཆད་འདི་བོད་སྔ་རབས་མང་བོས་མཛད་ཅིང༌། ཁོང་རང་རྣམས་ཀྱི་ལུགས་བཀོད་པའི་བསྟན་བཅོས་མང་བོ་ཡོད་པས་དེར་བལྟ་བར་བྱ་ཞིང༌། ཁོ་བོ་ལྟར་ན། སྔར་བཤད་པའི་མཐར་ཐུག་གི་གཞི་དང༌། ལྟ་བའི་ཡུལ་མཐར་ཐུག་པ་དང༌། མཐར་ཐུག་གི་གཞི་དབུ་མ་མཚན་ཉིད་པ་དོན་གཅིག་སྟེ། གཞི་ཡིན་པའི་སྒྲུབ་བྱེད་སྔར་བཤད་པ་ལྟར་ཤེས་པར་བྱ་ཞིང༌། དབུ་མ་མཚན་ཉིད་པ་ཡིན་ཏེ། མཐའ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ།། ཡང་ལམ་དབུ་མ་རྗེས་མཐུན་པ་ནི། དབུ་མའི་གཞུང་ལུགས་སུ་གསུངས་པ་ལྟར་གྱི་བྱང་ཆེན་གྱི་རྒྱུར་འགྱུར་རུང་གི་རྟོག་བསྒོམ་དང་བསོད་ནམས་ཀྱི་ཚོགས་ཅི་རིགས་པ་རྣམས་ཀྱང་ཡིན་ལ། ལམ་དབུ་མ་མཐར་ཐུག་པ་ནི་སྔར་བཤད་པ་ལྟར་གྱི་གཞི་ལམ་འབྲས་གསུམ་གྱི་ལམ་མཐར་ཐུག་དང་ལྟ་སྒོམ་སྤྱོད་འབྲས་ཀྱི་སྒོམ་མཐར་ཐུག་ཏུ་བཤད་པ་དེ་རྣམས་དོན་གཅིག་སྟེ། ཅིར་ཡང་འཛིན་མེད་ཀྱི་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནི་ཡུམ་གྱི་མདོ་དང་སེམས་འགྲེལ་སྐོར་གསུམ། ནཱ་རོ་འགྲེལ་ཆེན་རྣམ་གཉིས་སུ་གསུངས་པའི་གསལ་སྣང་ཁྱད་པར་ཅན་དང་ལྡན་པའི་རྣལ་འབྱོར་ཞིག་དགོས་ཀྱི་དེ་ལས་གཞན་པའི་རྟོག་བསྒོམ་སོགས་དང༌། ཆད་བསྒོམ་སོགས་ཀྱི་ལམ་དབུ་མ་མཐར་ཐུག་གི་གོ་མི་ཆོད་དེ། དགག་སྒྲུབ་འོག་ཏུ་སྟོན་ཏོ།། ཡང་མཐར་ཐུག་གི་འབྲས་བུ་དབུ་མ་མཚན་ཉིད་པ་སློབ་ལམ་༼དུ་༽ཐོབ་པ་མེད་ལ། སངས་རྒྱས་པའི་རྟོགས་པ་འདུས་བྱས་ཀྱི་ཆ་རྣམས་འབྲས་བུ་དབུ་མ་རྗེས་མཐུན་པ་ཡིན་ཅྀིང༌། བྲལ་འབྲས་ཆོས་སྐུ་ནི་འབྲས་བུ་དབུ་མའི་གཙོ་བོར་ཞེས་ཤེས་པར་བྱ་སྟེ། དབུ་མ་མཚན་ཉིད་པ་ཡིན་ན་མཐའ་བྲལ་གྱི་ཆོས་ཉིད་ཡིན་དགོས་པའི་ཕྱིར་རོ།། ཆོས་ཅན་ཀུན་རྫོབ་པ་གང་ཡང་དབུ་མ་མཚན་ཉིད་པར་མི་རུང་ངོ༌།། དེས་ན་གཞི་ལམ་འབྲས་གསུམ་གྱི་འབྲས་བུ་མཚན་ཉིད་པ་༼དང་༽། ལྟ་སྒོམ་སྤྱོད་འབྲས་ཀྱི་འབྲས་བུ་མཚན་ཉིད་པ་དོན་གཅིག་ཅིང་ཁྱབ་ཆེ་ལ་འབྲས་བུ་དབུ་མ་མཚན་ཉིད་པ་དེ་གཉིས་ཀྱི་བྱེ་བྲག་གོ། རྒྱུ་མཚན་༼རྒྱས་པར་༽ངག་ལས་ཤེས་དགོས་ཤིང་མངས་དོགས་པས་མ་བྲིས་སོ།།
༢༽མ་རྟོགས་ལོག་རྟོག་གི་འཁྲུལ་བ་དགག་པ།
འཁྲུལ་བ་སྤྱིར་དགག་པ།
གཉིས་པ་ནི། འདིར་ཁ་ཅིག་ཇི་ལྟར་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་ཙམ་གྱི་སྣང་བ་འདི་གཞི་དབུ་མ་ཡིན་དེ། སྣང་བ་ཙམ་དུ་ཡོད་པས་ཆད་པ་མ་ཡིན། འགྱུར་བའི་ཆོས་ཅན་ཡིན་པས་རྟག་པའང་མ་ཡིན་ལ། འདིར་བཀག་ཀྱང་མི་དགོས་ཏེ། འདི་ལ་བདེན་ཞེན་མེད་ན་འཁོར་བའི་རྒྱུར་ཡང་མི་འགྱུར། འདི་བཀག་ན་ཆད་ལྟར་ལྟུང་སྟེ་མཐོ་རིས་དང་ཐར་བའི་རྒྱུ་འབྲས་ཐམས་ཅད་བཀག་པར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་ན། རྒྱུ་མཚན་བཀོད་པ་དེ་རྣམས་ཕལ་ཆེར་དེར་ལྟར་ཡིན་ན་ཡང་དེ་ཙམ་གྱི་གཞི་དབུ་མ་མཚན་ཉིད་པར་མི་འགྲུབ་སྟེ། གལ་ཏེ་འགྲུབ་ན་དབུ་མ་མིན་པའི་ཆོས་མི་སྲིད་པར་འགྱུར་རོ།། དེས་ན་ཇི་ལྟར་མཐོང་ཞིང་ཐོས་པ་ལ་སོགས་པའི་ད་ལྟའི་སྣང་བ་འདི་རྣམས་གཞི་དབུ་མ་མཚན་ཉིད་པ་མ་ཡིན་ཏེ། སྤྲོས་པར་གྱུར་བའི་མཐའ་ཡིན་པའི་ཕྱིར་ཏེ། ཕལ་ཆེར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་དང༌། སོ་སྐྱེས་རྣམས་ཀྱི་དངོས་སུ་ཡུལ་དུ་གྱུར་བའི་ཕྱིར་རོ།། དབུ་མ་མཚན་ཉིད་པ་ཡིན་ན་མཐའ་བྲལ་གྱི་དེ་བཞིན་ཉིད་ཡིན་དགོས་ཏེ། མདོ་རྒྱུད་དྲི་མེད་རྣམས་གཟུ་བོའི་བློས་བལྟས་པས་ཤེས་སོ།། ཁ་ཅིག་ན་རེ། ད་ལྟའི་སྣང་བ་ཟང་ཐལ་ལེ་བ་འདི་དག་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡིན་ཞེས་དང༌། ཡང་ཁ་ཅིག་ད་ལྟར་གྱི་རིག་རིག་པོའི་སེམས་རིག་ཅིང་གསལ་ཙམ་འདི་ཀ་སངས་རྒྱས་ཡིན། འདི་ལ་རྣམ་པར་རྟོག་པས་བཟོ་བཅོས་བྱས་ན། འཁོར་བ་ལས་མི་ཐར་ཡང༌། རྣམ་རྟོག་གི་བཟོ་བཅོས་མ་བྱས་ན་ཆོས་སྐུ་ཟང་ཐལ་རང་ཡིན་དེ། བརྟགས་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར།། ཞེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས།། ཞེས་སོགས་ཀྱི་དོན་ཡང་དེ་ཉིད་ཡིན་པར་འདོད་ཅིང༌། དེའི་ཕྱིར་ད་ལྟར་གྱི་རིག་རིག་པོའི་རིག་པ་གསལ་ཙམ་འདི་དང༌། སྣང་བ་འདི་དབྱེར་མེད་པས་ཡུལ་ཡུལ་ཅན་གཉིས་སུ་དབྱེ་བ་མེད་ཅིང༌། དེ་ལྟར་འབྱེད་པ་ནི་བསྒོམ་པའི་ཉམས་མྱོང་རྒྱུད་ལ་མ་སྐྱེས་པ་དང༌། མན་ངག་ཟབ་མོའི་གནད་མ་ཤེས་པར་ཚིག་སྐམ་ལ་ཞེན་པ་སྙིང་རྗེས་གནས་ཡིན་ཞེས་ཟེར་བའི་སྙིང་རྗེ་ཅན་གྱི་སྐྱེ་བོ་མང་བོ་ཡོད་གྲགས་སོ།། སྣང་བ་ཆོས་སྐུ་ཡིན་ན་བྱས་ཤིང་བསགས་པའི་དགེ་སྡིག་གི་ལས་མེད་པར་འགྱུར་ཞིང༌། འདོད་ན་མཐོ་རིས་དང་ངན་སོང་སོགས་ཀྱི་འཁོར་བ་དང༌། མྱང་འདས་ཐོབ་པ་མི་སྲིད་པར་འགྱུར་ཞིང༌། འདོད་ན་ལས་བྱས་པ་ཆུད་ཟོས་པར་འགྱུར་རོ།། འདོད་མི་ནུས་ཏེ། འདུལ་བ་ལུང་སོགས་སུ། ལས་རྣམས་བསྐལ་བ་བརྒྱར་ཡང་ནི།། ཆུད་མི་ཟ་ཞེས་སོགས་མདོ་བསྟན་བཅོས་མཐའ་ཡས་སོ།། གལ་ཏེ་སྣང་བ་འདི་ཆོས་སྐུ་ཡིན་ཡང་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ་ཡིན་པས་ལས་དགེ་སྡིག་མེད་པ་དང༌། འཁོར་འདས་མེད་པའི་སྐྱོན་དུ་མི་འགྱུར་སྙམ་ན། རྟོགས་མ་རྟོགས་ཀྱི་དོན་དེ་ཡང་ཅི་ཞིག་རྟོགས་མ་རྟོགས་ཡིན། སྣང་བ་འདི་ཉིད་ཆོས་སྐུར་རྗེན་ཆར་དུ་རྟོགས་མ་རྟོགས་སམ། སྣང་བ་འདི་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་མ་རྟོགས་སམ་ཡང་ན་སངས་རྒྱས་ཐོབ་མ་ཐོབ་ཀྱིས་འཇོག འདི་རྣམས་ལས་མི་འདའོ།། དང་པོ་ལྟར་ན་ད་ལྟའི་སྣང་བ་སྣ་ཚོགས་འདི་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུར་མི་འཐད་དེ། སོ་སྐྱེས་རྣམ་ཤེས་ཀྱི་དངོས་ཡུལ་ཡིན་པའི་ཕྱིར། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང༌།། ཞེས་དང༌། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད།། ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར་ཡང༌། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་བསྲེགས་པས། །སངས་རྒྱས་རྣམས་ནི་མེད་པར་བརྟགས། །དམན་དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་ལགས་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ།། ཞེས་སོགས་དང༌། རྒྱུད་བླའི་འགྲེལ་བར་མདོའི་ལུང་དྲངས་པར།སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌།། ཞེས་སོགས་ཏེ། བྱང་སེམས་ས་བཅུ་པས་ཀྱང་སངས་རྒྱས་ཀྱི་ཆོས་སྐུ་ཇི་བཞིན་དངོས་སུ་མི་མཐོང་བར་གསུངས་ན་སོ་སྐྱེ་ལྟ་སྨོས་ཀྱང་ཅི་དགོས། རྣམ་དག་གི་ལམ་མ་བསྒོམས་པའི་སོ་སྐྱེ་ཐམས་ཅད་ཀྱང་འཕགས་པའི་གང་ཟག་ཆེན་པོར་འགྱུར་ཏེ། སངས་རྒྱས་ཆོས་སྐུ་མངོན་སུམ་དུ་མཐོང་ཞིང་ཐོབ་པའི་ཕྱིར་ཏེ། ཇི་ལྟར་མཐོང་ཞིང་ཐོས་པ་ལ་སོགས་པ་འདི་དག་མངོན་སུམ་དུ་མཐོང་ཞིང་སྣང་སེམས་དབྱེར་མེད་གཅིག་ཏུ་ཁས་བླངས་པའི་ཕྱིར། ཁྱབ་པ་ཁས་བླངས་པ་དེ། དེ་ལྟའི་སྣང་བ་སྣ་ཚོགས་པ་འདི་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུར་ཁས་བླངས་པའི་ཕྱིར་རོ།།
འཁྲུལ་བ་སྣ་ཚོགས་བྱེ་བྲག་ཏུ་དགག་པ།
དེས་ན་ད་ལྟའི་སྣང་བ་འདི་ཆོས་སྐུར་རྟོགས་པའི་འཛིན་པའི་བློ་ཡིན་ན་ལོག་ཤེས་ཡིན་ཅིང༌། འཕགས་པ་རྣམས་ཀྱིས་དེ་ལྟར་རྟོགས་པ་མི་སྲིད་ཅིང༌། སོ་སྐྱེ་རྣམས་ལ་ཡང་དེ་ལྟར་རྟོགས་པའི་ཡང་དག་ཤེས་པ་མེད་དོ།། གལ་ཏེ་དྲི་བ་གཉིས་པ་དང་གསུམ་པ་ལྟར་འདོད་ན་ཡང་སྣང་བ་འདི་བདེན་པའི་རང་བཞིན་མེད་པར་རྟོགས་པའི་འདིའི་སྟོང་ཉིད་རྟོགས་པའམ། སངས་རྒྱས་ཐོབ་པ་སོགས་ཇི་ལྟར་གྱུར་ཡང་རུང་སྟེ། འཁོར་བ་པ་རྣམས་ཀྱིས་ད་ལྟའི་ཟང་ཐལ་ལེའི་སྣང་བ་འདི་ཉིད་སངས་རྒྱས་ཆོས་སྐུར་འགྱུར་མི་སྲིད་དེ། སྒྲིབ་གཉིས་མ་སྤངས་པའི་གང་ཟག་གི་རྣམ་ཤེས་ཀྱི་སྣང་བ་ཡིན་པའི་ཕྱིར། མཚན་བརྗོད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཞེས་དང༌། མི་མངོན་མི་སྣང་གསལ་བྱེད་མིན།། ཞེས་དང༌། རྒྱུད་བླར། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་སངས་རྒྱས་ཆོས་དང་སངས་རྒྱས་འཕྲིན་ལས་དེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན།། ཞེས་སོ།། གཞན་ཡང་སྣང་བ་འདི་ཆོས་སྐུ་ཡིན་ན། ཁ་ཅིག་གིས་འདོད་པ་ལྟར་སེམས་ཅན་འདི་རྣམས་ཀྱི་ཕུང་བོ་ལྔ་རྒྱལ་བ་རིགས་ལྔ། ཉོན་མོངས་ལྔ་ཡེ་ཤེས་ལྔ་ཡིན་པར་ཡང་འགྱུར་ཞིང༌། དེ་ལྟར་འདོད་ན། འཁོར་བའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཐོབ་ཟིན་པར་འགྱུར་ཏེ། རང་ཕུང་བོ་ལྔ་དང་ཉོན་མོངས་དུག་ལྔ་རང་རྒྱུད་ལ་སྐྱེས་ཤིང་ཐོབ་ཟིན་པའི་ཕྱིར། མདོར་ན་སྔར་སྨོས་པ་ལྟར་རང་ཉིད་ཞེ་༼ན་༽པས་འདོད་ཅིང་འཁོར་ཚོགས་རྒྱ་ཆེན་པོ་ལ་སྟོན། དེའི་སྒོ་ནས་མང་བོའི་བཀུར་ཞིང༌། སངས་རྒྱས་སུ་འཛིན་པའི་རྡོ་རྗེ་འཛིན་པར་རློམ་པའི་འུད་པོ་ཆེ་ཁྱེད་རྣམས་ཀྱང་རྫོགས་པའི་སངས་རྒྱས་ཐོབ་ཟིན་པར་འགྱུར་ཏེ། རང་རང་གི་ཕུང་བོ་ལྔ་རྫོགས་པར་ཐོབ་ཟིན་ཅིང༌། ཁྱེད་རང་རྣམས་ཀྱིས་ཇི་ལྟར་མཐོང་ཞིང་ཐོས་པ་ལ་སོགས་པའི་ཟང་ཐལ་ལེ་བའི་སེམས་ཀྱི་སྣང་བ་འདི་ཁྱེད་རང་རྣམས་ཀྱི་སེམས་ཡིན། དེ་ལྟར་སྣང་བའི་ཁྱེད་རང་རྣམས་ཀྱི་སེམས་རིག་ཅིང་གསལ་ཙམ་འདི། རང་རྒྱུད་ལ་སྐྱེས་ཤིང་ཐོབ་ཟིན་པའི་ཕྱིར་ཞེས་པའི་སྐྱོན་དུ་འགྱུར་ཏེ། ཁྱབ་པ་ཁས་བླངས་ཏེ། དེ་དག་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུར་ཁས་བླངས་པའི་ཕྱིར་རོ།། མི་དགེ་བ་སྣ་ཚོགས་སྤྱོད་པའི་སེམས་ཅན་འདི་རྣམས་ཀྱང་སངས་རྒྱས་ཐོབ་ཟིན་པའི་སྐྱོན་དུ་འགྱུར་ཏེ། རྒྱུ་མཚན་སྔར་ལྟར་རོ།། ཡང་ཚོགས་དྲུག་གི་སྣང་བ་སྣ་ཚོགས་འདི་བདེན་པའི་རང་བཞིན་མེད་པའི་སྟོང་པ་ཡིན་པས་ཆོས་སྐུ་ཡིན་དེ། སྣང་བ་བདེན་པའི་རང་བཞིན་མེད་པའི་སྟོང་བ་དེ་ཉིད་ཀ་ཆོས་སྐུ་ཡིན་གྱི་དེ་མ་ཡིན་པའི་ཆོས་སྐུ་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ་ཞེ་ན། རྣམ་ཤེས་ཚོགས་དྲུག་གི་མ་དག་པའི་སྣང་བ་འདི་ཆོས་སྐུ་ཡིན་ན། རྣམ་ཤེས་ཚོགས་དྲུག་ཡང་ཆོས་སྐུར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ།། དེ་ལྟར་འདོད་ན། སངས་རྒྱས་ཀྱི་ཆོས་སྐུ་མ་ཡིན་པའི་སེམས་ཅན་མི་སྲིད་པར་འགྱུར་ཏེ། དེ་ལྟར་འདོད་ན། ངན་སོང་དུ་སྐྱེ་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བ་མི་སྲིད་པར་འགྱུར་ཏེ། སངས་རྒྱས་ཆོས་སྐུ་ངན་སོང་དུ་སྐྱེ་བའམ་སྡུག་བསྔལ་མྱོང་བ་མི་སྲིད་པའི་ཕྱིར་རོ།། སྣང་བ་བདེན་པས་སྟོང་ཙམ་གྱི་སྟོང་བ་དེ་ཡང་སངས་རྒྱས་ཀྱི་ཆོས་སྐུ་མཚན་ཉིད་པ་མ་ཡིན་ཏེ། རྣམ་བཅད་ཙམ་དུ་ཤེས་པར་བྱ་བའི་མེད་དགག་ཡིན་པའི་ཕྱིར། དེ་སྟོང་པ་ཡིན་ཡང་སྙིང་བོ་མེད་པའི་སྟོང་པ་ཉིད་མཆོག་མ་ཡིན་པའི་ཡང་ཕྱིར། འཕགས་པ་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་བོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་ཇི་བཞིན་སྙིང་བོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན།། ཞེས་དང༌། དུས་འཁོར་འགྲེལ་ཆེན་དུ། འཁོར་བ་སྙིང་བོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་མེད། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན།། ཞེས་པས་སྙིང་བོ་མེད་པ་ཆོས་སྐུར་མི་འཐད་པས་ཆོས་སྐུ་མཐར་ཐུག་གི་སྙིང་བོར་བསྟན་ཏོ།། གཞན་ཡང་དབུ་མའི་གཙུག་ལག་ཏུ། ཆོས་ཀུན་བདེན་པའི་རང་བཞིན་མེད་ཙམ་དེ་བདེན་པའི་སྐྱེ་བ་མེད་པ་ཙམ་ལ་སོགས་པ་རྣམ་གྲངས་པའི་དོན་དམ་ཡིན་གྱི། དོན་དམ་བདེན་པ་མཚན་ཉིད་པ་མ་ཡིན་ནོ།། ཞེས་དབུ་མ་བདེན་གཉིས་རྩ་འགྲེལ་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་བྱའི་ཕྱིར། །དོན་དམ་ཡིན་པར་ཁོ་ཅག་འདོད།། ཞེས་དང༌། དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཞེས་དང༌། དེ་ནས་འདི་ནི་ཀུན་རྫོབ་སྟེ། ཡང་དག་པར་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པའོ།། ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི། བྱང་ཆུབ་སེམས་འགྲེལ་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་མེད་ཞེས་བྱར་སྟོང་པ་ཉིད། །བདག་ཉིད་དམན་པ་གང་བསྒོམ་པ། །དེ་དེ་བསྒོམ་པར་བྱེད་པ་མིན། །དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པའི་མཚན་ཉིད་ཅན། །སྟོང་ཉིད་སངས་རྒྱས་ཀྱིས་གསུངས་གཞན། །དེ་དག་སྟོང་པ་ཉིད་མི་བཞེད།། ཞེས་ཏེ། གཞན་དགེ་ཞེས་པ་ནི། སྐྱེ་མེད་དང་དགག་བྱ་བཀག་པའི་སྟོང་ཉིད་དང༌། བདག་མེད་སོགས་ལ་བཤད་པའི་ཕྱིར། དེ་རྣམས་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུར་མི་འཐད་དེ། སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུ་དེ་ནི་ཡང་དག་པའི་མཐའ་དང་དོན་དམ་བདེན་པ་མཚན་ཉིད་པ་ཡིན་པའི་ཕྱིར། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་མདོ་ལ་སོགས་པར་གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ། མ་རྨོངས་༼མ་སྤྲུལ་བ་ཞེས་པའང་ཡོད་༽པའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ།། ཞེས་དང༌། རིགས་པ་དྲུག་ཅུ་བར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་༼ཟླ་གྲགས་ཀྱི་འགྲེལ་བའི་ནང་འདི་བཞིན་བསྒྱུར་བར་སྣང་༽ མི་བྱེད།། ཅེས་གསུངས་ཏེ། འདིར་བཤད་མི་གནས་པའི་མྱང་འདས་དེ་དང༌། སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུ་དོན་གཅིག་པའི་ཕྱིར་རོ།། ཡང་༼ཕྱག་ཆེན་པ་༽ ཁ་ཅིག སྦྱོར་དྲུག་བསྒོམས་པའི་ཉམས་སྣང་གི་འོད་གསལ་རྣམས་དང་བོར་འབྱུང་བའི་ཉམས་སྣང་རྣམས་གློ་བུར་བ་ཆུ་ནང་གི་ཟླ་བ་ལྟ་བུ་ཀུན་རྫོབ་པ་གཅིག་ཡིན་གྱི་ཡང་དག་པའི་དོན་མ་ཡིན་ཞིང༌། ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་སྒོམ་རྣམ་དག་སྐྱེས་པ་ཡིན་ན། དེ་འདྲའི་ཉམས་སྣང་མེད་པ་གསལ་སྟོང་གི་ཏིང་ངེ་འཛིན་ནམ་མཁའ་དག་པ་ལྟ་བུ་གཅིག་འོང་ཟེར་བ་གྲགས་ཏེ། ལང་ཀར་གཤེགས་པའི་མདོ་དང༌། དུས་འཁོར། གསང་འདུས། རྡོ་རྗེ་གུར། སེམས་འགྲེལ་སྐོར་གསུམ། ནཱ་རོ་འགྲེལ་ཆེན་རྣམ་གཉིས་སོགས་སུ་གསུངས་པའི་ལམ་རྣམ་པར་དག་པ་བསྒོམས་པའི་ཉམས་སྣང་གི་འོད་གསལ་ཆུ་ཟླ་ལྟ་བུར་གློ་བུར་བ་ཀུན་རྫོབ་པར་འདོད་ཅིང་འཁོར་ཚོགས་རྒྱ་ཆེན་པོ་ལ་སྒྲོགས་པ་དང༌། འཁོར་བ་བའི་སེམས་ཅན་གྱི་སྣང་བ་དོན་དམ་ཆོས་སྐུར་འདོད་པའང་ངེས་དོན་གྱི་གསུང་རབ་ཀུན་དང་རྒྱབ་ལོག་འདི་འདྲའི་འགལ་བ་ཁས་ལེན་པ་ཡང་ལེགས་པར་མ་བརྟགས་པ་འབའ་ཞིག་ཏུ་ཟད་དོ།། དེས་ན་སྔར་བཤད་འོད་གསལ་གྱི་སྣང་བ་འདི་ཇི་ལྟར་ཡིན་པའི་ཚུལ་རྣམས་དབང་མདོར་བསྟན་གྱི་འགྲེལ་བ་རྗེ་ནཱ་རོ་པཎ་ཆེན་གྱིས་མཛད་པར་ལྟོས་ཤིག་དང༌། ཉམས་སྣང་འདི་དགག་དགོས་མི་དགོས་དང༌། ཀླུ་སྒྲུབ་ཡབ་སྲས་བྲམ་ཟེ་ཆེན་པོ། རྒྱལ་བོ་ཨིནྡྲ་བྷོ་ཏི། ཞི་བ་ལྷ། ལྭ་བ་པ། ནག་པོ་སྤྱོད་པ་སོགས་ཀྱི་ཐུགས་ཉམས་སུ་གང་བཞེས་དང་ཉམས་སྣང་འདི་བཀག་མ་བཀག་གསལ་བར་འགྱུར་ཞིང༌། ཁོ་བོས་ཀྱང་འོད་གསལ་རྒྱན་དུ་བཀོད་ཟིན་ཏོ།། ལང་ཀར་གཤེགས་པའི་མདོར་མཚན་མ་སྣ་ཚོགས་རྣལ་འབྱོར་བའི་ཉམས་སྣང་ལ་འབྱུང་བར་གསུངས་པ་ལ་ཁྱོད་ལྟར་ལོག་པར་རྟོག་པའི་ཚུལ་གྱིས་དགག་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ཞལ་སྔ་ནས། འགྲེལ་ཆེན་གྱི་མདོར་བསྡུས་དང་པོའི་རྣམ་བཤད་དུ་གསུངས་པ་ལྟ་བར་བྱའོ།།
ཆོས་སྐུ་མིང་ཙམ་དུ་འདོད་པ་དགག་པ།
སངས་རྒྱས་ཆོས་སྐུ་ཡང་མིང་ཙམ་ཡིན་ནོ་ཟེར་བའང་ཤིན་ཏུ་ནོར་ཏེ་སངས་རྒྱས་ཐོབ་པའི་སྐབས་ཀྱི་སངས་རྒྱས་ཀྱི་ཆོས་སྐུའམ། ངོ་བོ་ཉིད་ཀྱི་སྐུ་དེ་སངས་རྒྱས་ཀྱི་རང་དོན་ཕུན་ཚོགས་མཐར་ཐུག་དང༌། སྟོབས་སོགས་བྲལ་བའི་ཡོན་ཏན་སུམ་བཅུ་རྩ་གཉིས་འབྲལ་མི་རུང་དུ་ལྡན་པ་ཅན་དང༌། བྱང་ཆུབ་ཕྱོགས་མཐུན་ལ་སོགས་པའི་ཟག་མེད་ཀྱི་ཆོས་སྡེ་(ཚན)་ཉི་ཤུ་རྩ་གཅིག་གི་ཡན་ལག་ཅན་དུ་གསུངས་པ་རྣམས་མི་འཐད་པར་འགྱུར་དེ། མིང་སྟོང་ཙམ་ཡིན་གྱི་གང་དུའང་མི་གནས་ཤིང་ཅིར་ཡང་གྲུབ་པ་མིན་པའི་ཕྱིར་རོ།། འདོད་མུ་ནུས་ཏེ། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་བཅུ་བཞི་འདི་དག །བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན།། ཞེས་དང༌། མངོན་རྟོགས་རྒྱན་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། ཞེས་སོགས་དང༌། རྒྱུད་བླར། གཞལ་མེད་གངྒཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་གཏན་སྤངས་པ།། ཞེས་སོགས་མཐའ་ཡས་སོ།། ཡང་ཁ་ཅིག སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱང་མིང་ཙམ་དུ་ཟད་དེ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྗེས་ལ་ཡེ་ཤེས་ནི་དངོས་སུ་མེད་ཅིང༌། དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་འགྱུར་རོ།། ཞེས་པནྚི་ཏ་ཁ་ཅིག་ཟེར་བར་ཆོས་བཤེས་ཀྱི་འགྲེལ་བར་བཀོད་པ་ལྟར། སངས་རྒྱས་ལ་ཡེ་ཤེས་མེད་ཅིང་སྐུ་དང་ཡེ་ཤེས་སོགས་གཞན་སྐྲག་པ་སྤངས་པའི་ཕྱིར་བསྟན་པ་ཙམ་དུ་ཟད་དོ་ཞེས་རྒྱ་བོད་ཀྱི་བླུན་པོ་མང་བོས་འདོད་དེ། བསྐལ་བ་དུ་མར་ཕ་རོལ་ཏུ་ཕྱིན་པ་བཅུས་བསྡུས་པའི་ཚོགས་གཉིས་བསགས་པའི་ལས་བྱས་པ་ཆུད་ཟོས་པར་འགྱུར་ཏེ། དེ་ཙམ་དུ་འབད་པའི་འབྲས་བུ་གཏན་མེད་པའི་ཕྱིར་རོ།། བྱེ་མ་བཙིར་བས་མར་ཁུ་མི་འབྱུང་བ་བཞིན་ནོ།། འདོད་མི་ནུས་ཏེ། མངོན་རྟོགས་རྒྱན་དུ། ལས་རྣམས་ནི། ཆུད་མི་ཟ་དང༌། ཞེས་སོགས། གཞན་ཡང་ས་བཅུ་བའི་སེམས་དཔའ་ཆེན་པོ་དེ་རྣམས་ཀྱང༌། མཛངས་པ། མཁས་པ། ཡིད་གསལ་བ་ལ་སོགས་པའི་ཡོན་ཏན་ཅན་གྱི་སྐྱེས་བུ་མ་ཡིན་པར་འགྱུར་ཏེ། འབྲས་མེད་ཀྱི་ལས་ལ་བསྐལ་བ་དུ་མར་འབད་པ་བྱེད་པའི་ཕྱིར་རོ།། འདོད་ན། ཡུམ་འབུམ་པ་ལ་སོགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཞི་ཞིང་ཕྲ་བ། མཁས་པ། མཛངས་པ། ཡིད་གསལ་བས་འཚལ་བར་བགྱིའོ།། ཞེས་མཐོང་ལམ་སྟོན་པའི་མདོའི་སྐབས་སུ་བཤད་པ་དང་འགལ་ལོ།། གལ་ཏེ་འབྲས་མེད་མ་ཡིན་ཏེ། གློ་བུར་དྲི་མ་ཐམས་ཅད་སྤངས་པའི་དེ་བཞིན་ཉིད་དག་པ་ཙམ་དེ་འབྲས་བུའོ་ཞེ་ན། དེ་འདྲའི་དེ་བཞིན་ཉིད་དེ་གང༌། ལམ་བསྒོམས་པས་གློ་བུར་དྲི་མ་དང་བྲལ་ཙམ་གྱི་ཅིར་ཡང་གྲུབ་པ་མེད་པ་དེ་འདྲ་ཞིག་ཡིན་ནམ། སྟོབས་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་མེད་འབྲལ་མི་ཤེས་སུ་ལྡན་པའི་དེ་བཞིན་ཉིད་གཅིག་ཡིན། དེ་གཉིས་གང་གཅིག་ལས་མི་འདའོ།། གཉིས་པ་ལྟར་ན། སངས་རྒྱས་ཀྱི་ས་ན་སྐུ་དང་ཡེ་ཤེས་སོགས་མེད་པ་འགལ་ལོ།། དང་པོ་ལྟར་ན། ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོབ་བྱའི་མྱང་འདས་མཐར་ཐུག་དེ། ཐེག་དམན་པའི་ལྷག་མེད་ཀྱི་མྱང་འདས་དང་ཁྱད་པར་མེད་པར་འགྱུར་ཏེ། དེ་ཡང་འདོད་ན། ས་བཅུའི་སེམས་དཔའ་སངས་རྒྱས་ཐོབ་པའི་ཚེ་སྤང་བྱ་སྒྲིབ་པ་དང་བྲལ་ཙམ་དུ་འགྱུར་གྱི། མར་མེ་ཤི་བ་ལྟར་རྟོགས་པ་ཡེ་ཤེས་གཏན་ནས་མེད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་ཐར་ལམ་དང་ཐེག་དམན་གྱི་ཐར་ལམ་ལ་མཆོག་དང་དམན་པའི་ཁྱད་པར་མེད་པར་འགྱུར་རོ།། དེ་ཡང་འདོད་ན། ས་བཅུའི་སེམས་དཔའ་ཆེན་པོ་རྣམས་དང༌། ཐེག་དམན་གྱི་འཕགས་པའི་གང་ཟག་རྣམས་ལའང་མཆོག་དམན་གྱི་ཁྱད་པར་མེད་པར་འགྱུར་རོ།། དེ་འདོད་ན། ས་བཅུའི་མདོར། སེངྒེའི་ཕྲུག་གུ་ཆུང་ངུས་ཀྱང་གཅན་ཟན་རྒན་པོ་ཟིལ་གྱིས་གནོན་པ་སོགས་དཔེར་མཛད་ནས། སེམས་དང་བོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་ལྷག་པའི་བསམ་པ་ཆེ་བའི་མཐུས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་གནོན་ཅེས་སོགས་རྒྱས་པར་བཀའ་བསྩལ་ཞིང༌། མངོན་རྟོགས་རྒྱན་དུ། དམིགས་པ་དང་ནི་རྣམ་པ་དང༌།། ཞེས་སོགས་ནས། ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས།། ཞེས་སོགས་མཐའ་ཡས་སོ།། གཞན་ཡང༌། མངོན་རྟོགས་རྒྱན་དུ་བཤད་པའི་ཆོས་སྐུའི་འཕྲིན་ལས་ཉི་ཤུ་རྩ་བདུན་ཡང་སངས་རྒྱས་ཀྱི་འཕྲིན་ལས་སུ་མི་འགྱུར་དེ། སངས་རྒྱས་པའི་ཚེ་སྒྲིབ་པ་ཐམས་ཅད་དང་བྲལ་ཙམ་གྱི་དེ་བཞིན་ཉིད་ཙམ་ལ་གནས་ཤིང་ཡེ་ཤེས་མེད་པའི་ཕྱིར་རོ།། འདོད་ན། ཆོས་ཀྱི་སྐུའི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད།། ཞེས་དང༌། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི།། ཞེས་པ་དང་འགལ། ཡང་རྫོགས་པའི་སངས་རྒྱས་ལ་ལྷུན་གྲུབ་རྒྱུན་མི་འཆད་ཀྱི་འཕྲིན་ལས་ཀྱང་མེད་པར་འགྱུར་ཏེ། རྒྱུ་མཚན་སྔར་ལྟར་རོ།། འདོད་ན། མངོན་རྟོགས་རྒྱན་དུ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད།། ཅེས་དང༌། རྒྱུད་བླར། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང༌། དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་འགྲུབ་པར་འཇུག། ཅེས་སོགས་མཐའ་ཡས་སོ།། གལ་ཏེ་ས་བཅུ་རྒྱུན་གྱི་ཐ་མའི་ཚེ། ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་ནས་མཚན་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ།། སྐུ་དང་ཡེ་ཤེས་དང་རང་རིག་པ་ལ་སོགས་གཞན་སྐྲག་པར་སྤང་བའི་ཕྱིར་བསྟན་པ་ཁོ་ནའོ།། ཞེས་ཇོ་བོ་རྗེའི་སློབ་མ་དབུ་མ་སེངྒེས་བཤད་པ་ལྟར་སངས་རྒྱས་པའི་ཚེ་ཡེ་ཤེས་མེད་ཀྱང་ལོངས་སྤྱོད་རྫོགས་སྐུ་འབྱུང་བས་དེ་ལས་འཕྲིན་ལས་རྣམས་འབྱུང་ངོ་ཞེ་ན། སངས་རྒྱས་ཀྱི་ལོངས་སྐུ་དེ། ས་རྡོ་སོགས་ལྟར་སེམས་མེད་བེམ་པོ་འབའ་ཞིག་པར་ཐལ་བར་འགྱུར་ཏེ། རང་རྒྱུད་ལ་རིག་པ་མེད་པའི་གཟུགས་སྐུ་ཡིན་པའི་ཕྱིར་༼དང་༽། ཡེ་ཤེས་གཏན་མེད་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་པའི་ཕྱིར་རོ།། སྔ་མ་འདོད་ན། གནས་འོག་མིན་ཆེན་པོར་ཐེག་ཆེན་གྱི་ས་བཅུ་བའམ་ས་བཅུའི་བྱང་ཆུབ་སེམས་དཔེའི་འཁོར་དང་ཐབས་གཅིག་ཏུ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་མིན་པར་ཐལ་བར་འགྱུར་རོ།། འདོད་མི་ནུས་ཏེ། མངོན་རྟོགས་རྒྱན་དུ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར།། ཞེས་སོགས་དང༌། ཟླ་གྲགས་ཀྱི་སྐྱབས་གསུམ་བདུན་བཅུ་བར། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད།། ཅེས་སོགས་མཐའ་ཡས་༼ཐུབ་དགོངས་སུ་དྲངས་༽སོ།།
གཞན་ཡང་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ལུང་གི་ཆོས་མེད་པར་ཐལ་བར་འགྱུར་ཏེ། གསུང་བ་པོ་རྫོགས་པའི་སངས་རྒྱས་མེད་པའི་ཕྱིར་ཏེ། སངས་རྒྱས་ལ་ཡེ་ཤེས་མེད་ཅིང་ཐུགས་རྒྱུད་ལ་ཡེ་ཤེས་མེད་པའི་སངས་རྒྱས་མི་སྲིད་པའི་ཕྱིར། འདོད་ན་སྟོན་པ་སངས་རྒྱས་ཀྱི་བཀའ་བཞིན་ཉམས་སུ་བླངས་པས་རིག་གྲོལ་གྱི་ཡོན་ཏན་གྱི་དགེ་འདུན་དཀོན་མཆོག་མེད་པར་འགྱུར། འདོད་ན་དཀོན་མཆོག་གསུམ་མེད་པར་ཁས་ལེན་པའི་ཐེག་ཆེན་པ་ཁྱེད་ལྟ་བུ་སྔོན་མེད་པའི་ཐེག་ཆེན་པ་ཞིག་འཇིག་རྟེན་གྱི་འདྲེན་པར་བྱོན་པ་ངོ་མཚར་ཆེ། ཡང་སངས་རྒྱས་པའི་མདོ་ནས། ཆོས་ལྔས་སངས་རྒྱས་ཀྱིས་ས་བསྡུས་ཏེ། །དེ་བཞིན་ཉིད་རྣམ་པར་དག་པ་དང༌། །མེ་ལོང་ལྟ་བུའི་ཡེ་ཤེས་དང༌། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། །སོ་སོར་རྟོགས་པའི་ཡེ་ཤེས་དང༌། །བྱ་བ་གྲུབ་པའི་ཡེ་ཤེས་སོ།། ཞེས་སོགས། ཤིན་ཏུ་རྒྱས་པར་བཀའ་བསྩལ་བ་དང༌། ཡུམ་གྱི་མདོ་རྣམས་སུ། བྱང་ཕྱོགས་སོ་བདུན། ཚད་མེད་རྣམ་ཐར་མཐར་གནས་ཟིལ་གནོན་སོགས། སྟོབས་བཅུ་སོགས། མངོན་ཤེས་དྲུག་རྣམ་མཁྱེན་སོགས་མཐའ་ཡས་པ་སངས་རྒྱས་ཀྱི་ས་ན་ཡོད་པར་གསུངས། མངོན་རྟོགས་རྒྱན་མདོ་སྡེ་རྒྱན་རྒྱུད་བླ་སོགས་དྲི་མ་མེད་པའི་བཀའ་བསྟན་ཆོས་མཐའ་ཡས་པར། སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ་སྐུ་གསུངས་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་ནོར་བ་ཁོ་ན(ར)་འགྱུར་ཏེ། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པའི་ཕྱིར་རོ།། གལ་ཏེ་དབུ་མ་འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །སྲེག་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། དེ་ཚེ་སྐྱེ་བ་མེད་པ་འགག་མེད་པ། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད།། ཅེས་སོགས་རྩ་འགྲེལ་གྱིས་ཡེ་ཤེས་མེད་པར་བཤད་ཅིང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡིས་མདུན་ན་མི་གནས་པ་དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི།། ཞེས་དང༌། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌།། ཞེས་སོགས། ནམ་མཁའ་ལྡིང་གི་མཆོད་སྡོང་དང༌། ནོར་བུ་དང་དཔག་བསམ་གྱི་ཤིང་སོགས་སེམས་མེད་ཀྱང་དགོས་འདོད་འབྱུང་བ་བཞིན་དུ། སངས་རྒྱས་ལའང་ཡེ་ཤེས་མེད་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་ལས་འཕྲིན་ལས་འབྱུང་བས་སངས་རྒྱས་ལ་ཡེ་ཤེས་མེད་པ། ཟླ་གྲགས། ཞི་བ་ལྷ། ཇོ་བོ་རྗེ་ལ་སོགས་པའི་བཞེད་པ་ཡིན་ནོ་ཞེ་ན། སློབ་དཔོན་ཟླ་གྲགས་ཀྱིས་སངས་རྒྱས་ལ་ཡེ་ཤེས་མེད་པར་མི་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་སྐྱབས་གསུམ་བདུན་ཅུ་པར། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད།། ཞེས་དང༌། ཡེ་ཤེས་བླ་ན་མེད་པ་ཡིས། །ཡང་ན་དེ་ཉིད་ཐུགས་ཆུད་པའམ། །ཞི་བ་ཉིད་ཀྱིས་རྟོགས་སངས་རྒྱས། །དེ་ཕྱིར་སངས་རྒྱས་སངས་རྒྱས་བརྗོད། །སངས་རྒྱས་རྣམས་ཀྱི་སྟོབས་སོགས་ཀྱིས། །ཡེ་ཤེས་དེ་ནི་རྣམ་པར་བརྒྱན།། ཞེས་དང༌། དབུ་མ་འཇུག་པར། སངས་རྒྱས་ཀྱི་ས་ནི་སྟོབས་བཅུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། དེ་རྣམ་པར་དབྱེ་བ་ཆ་ཙམ་ཞིག་བསྟན་པར་བྱ་བའི་ཕྱིར་བཤད་ཅེས་པ་ནས་བརྩམས་ཏེ་སྟོབས་བཅུའི་གྲངས་མདོར་བསྟན་པ་དང༌། རེ་རེ་ནས་མང་བོ་དང་སྦྱར་ཏེ་རྒྱས་པར་བཤད་དེ། འདིར་མང་དོགས་པས་མ་བྲིས་ཤིང་ཁྱི་སྐད་ལ་རྒྱུག་གི་ཚུལ་སྤོངས་ལ་དེ་ཉིད་དུ་ལྟོས་དང་གསལ་བར་འགྱུར་ཞིང་རྒྱས་པར་བསྟན་པའི་མཇུག་ཏུ། དེ་ལྟར་གང་དག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཉིད་ལས། དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་དག་ལས། གཞན་པའི་དུས་ཡོན་ཏན་མཐའ་ཡས་པ་དག་དང་ལྡན་པ་ཆོས་ཀྱི་སྐུ་དང་ཐ་མི་དད་པར་བཞུགས་པ། ཡོན་ཏན་རྒྱས་པ་རེ་རེ་ཞིང་དཔེས་ནམ་མཁའ་གཅིག་པུས་ཉེ་བར་བཞག་པ་རྣམས་ཞེས་སོགས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་བ་སྤུའི་བུ་ག་རེ་རེ་དང༌། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་དང༌། སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་རྟོགས་ཟེར་བ་ནི་སངས་རྒྱས་ཁོ་ནས་སྤྱོད་ལ། གལ་ཏེ་གསུང་ན་ནི་རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་བས། བསྐལ་བ་གྲངས་མེད་པར་བསམ་གྱིས་མི་ཁྱབ་པར་སྐུ་ཚེའི་ཚད་བྱིན་གྱིས་རླབས་ཤིང་འཕྲིན་ལས་གཞན་མི་མངའ་བར། སྐྱེན་པ་སྐྱེན་པར་གསུངས་པ་དེ་ལྟར་ན་ཡང་ཡོན་ཏན་དག་ཡོངས་སུ་རྫོགས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པར་ཤེས་པའི་བརྗོད་པར་ནུས་པར་འགྱུར་བ་ལྟ་ཅི་སྨོས་ཀྱང་ཅི་དགོས་ཞེས་དང༌། མཁྱེན་བཟང་ཁྱེད་ཀྱི་སྐད་ཅིག་གིས་ནི་ཤེས་བྱ་མ་ལུས་ཁྱབ། ཞེས་སོགས་མཁྱེན་བརྩེ་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་རྒྱ་ཆེར་བཤད་དོ།། དེ་ལྟར་ན། སངས་རྒྱས་ལ་ཡེ་ཤེས་མེད་པ་ཟླ་བ་གྲགས་པའི་དགོངས་པ་གཏན་མ་ཡིན་ནོ།། ཡེ་ཤེས་མེད་པ་འཕགས་པ་ཞི་བ་ལྟའི་ཡང་དགོངས་པ་གཏན་མ་ཡིན་ཏེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་དུ་ཐོགས་མེད་གཟིགས་པར་ལྡན།། ཞེས་དང༌། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།། ཞེས་དང༌། བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ།། ཞེས་དང༌། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབས་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས།། ཞེས་སོགས་དང༌། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ།། ཞེས་སོགས་མང་ངོ༌།། ཡང་ཇོ་བོ་རྗེའི་དབུ་མའི་མན་ངག་ཆེ་བར། སངས་རྒྱས་ལ་ཡེ་ཤེས་མེད་པར་བཤད་པ་ལྟ་བུ་གཅིག་སྣང་ཞིང་བོད་ནའང་སངས་རྒྱས་ལ་ཡེ་ཤེས་མེད་པར་ཇོ་བོ་རྗེས་བཞེད་ཅེས་གྲགས་སྣང་སྟེ། དོན་དམ་པར་ཡེ་ཤེས་མེད་པར་བཞེད་ཀྱི་ཀུན་རྫོབ་ཏུ་མེད་པར་མི་བཞེད་པར་མངོན་ཏེ། དབུ་མའི་མན་ངག་ཆུང་བར། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་རྗེས་ལས་ཐོབ་པ་མི་མངའ་སྟེ། དུས་ཐམས་ཅད་དུ་མཉམ་པར་བཞག་པའོ།། དེ་ལྟ་མ་ཡིན་ན། བྱང་ཆུབ་སེམས་དཔའ་དང་ཁྱད་པར་ཅི་ཡོད་ཅེས་དང༌། དབུ་མའི་མན་ངག་ཆེ་བར། འདིར་སློབ་དཔོན་འདི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞེད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་ཡང་མི་བཞེད་དོ།། ས་གསུམ་པ་འོད་བྱེད་པ་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ།། ཞེས་སོགས་བཤད་པའི་ཕྱིར་རོ།། འདིར་སློབ་དཔོན་ཞེས་པ་ནི་འཕགས་པ་ཐོགས་མེད་དོ།། སློབ་དཔོན་དབུ་མ་སེངྒེའི་ཀྱང་ཡེ་ཤེས་མེད་པར་བཞེད་པ་ཡིན་མིན་དཔྱད་དགོས་པར་སྣང་སྟེ། ཁོ་རང་གིས་མཛད་པའི་ལྟ་བའི་རིམ་པ་ཕྱེ་བར། ས་བཅུའི་དབང་ཕྱུག་ཏུ་གྱུར་པ་རྒྱལ་བའི་ཐུགས་ཀྱི་སྲས་ཞེས་སོགས་བཤད་པས་དཔྱད་དགོས་སོ།། དེས་ན་སློབ་དཔོན་ཆོས་བཤེས་ཀྱིས་སངས་རྒྱས་ལ་ཡེ་ཤེས་མེད་པ་དགག་པའི་སྐབས་སུ། དེའི་ཕྱིར་བདག་དང་གཞན་ཕུང་བའི་ཐབས་སུ་གྱུར་བ་ལྟ་བ་ངན་པའི་དགོན་པ་ཆེན་པོ་འདི་ལྟ་བུ་ནི། མཁས་པ་རྣམས་ཀྱིས་མཉན་པའི་ཡུལ་དུའང་མི་འོས་པར་སྤོངས་ཞེས་བཤད་པ་ཡང་མད་ལ། གངས་ཅན་གྱི་མཁས་པའི་དབང་བོ་བཅོམ་ལྡན་རལ་གྲིས་ཀྱང༌། སངས་རྒྱས་ལ་ཡེ་ཤེས་མེད་པར་སྨྲ་བའི་སྐྱེ་བོ་དེ་དང་ལྷན་ཅིག་ཏུ་འདུག་པ་ལྟ་ཅི་སྨོས་ཏེ་ལུང་པ་གཅིག་གི་ཆུའང་མི་བཏུང་སྟེ། ལྷ་དང་བཅས་པའི་བླ་མ་ལ་སྐུར་བ་བཏབ་པའི་ཕྱིར་རོ།། གསུང་བའང་ཤིན་ཏུ་མད་པར་སྣང་ཞིང༌། གནས་བརྟན་བྱང་བཟང་གིས། ལྟ་བ་རྣམས་ཀྱི་ཐ་ཆད། ཆད་པར་ལྟ་བ་གསུམ་བཤད་པའི་ཀུན་རྫོབ་ཏུའང་སངས་རྒྱས་ལ་ཡེ་ཤེས་མེད་པར་ལྟ་བ་ནི་ཆད་ལྟ་མི་བཟད་པར་ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་ཀྱི་འགྲེལ་བར་བཤད་དོ།། དེས་ན་ལྟ་ངན་འདི་ལྟ་བུའི་རྗེས་སུ་འབྲང་བ་ལྟ་ཅི་སྨོས་ཏེ་ཚིག་ཙམ་ལའང་རྣ་བ་གབ་པོ།། འཕགས་པ་ཞི་བ་ལྷ་སོགས་ཀྱི་ནོར་བུ་དང་དཔག་བསམ་གྱི་ཤིང་སོགས་དཔེར་བྱས་ནས། སངས་རྒྱས་ལ་ཡེ་ཤེས་མེད་ཅེས་དཔེ་དོན་སྦྱོར་བའང་དགོངས་པ་གཏན་མ་ཡིན་ཏེ། འདི་དང་འདི་ལ་ཕན་པ་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་རྟོག་དང་འབད་རྩོལ་མེད་བཞིན་དུ་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའི་དཔེ་དོན་སྦྱོར་བ་མིན་ཏེ། དབུ་མ་འཇུག་པར། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་དག་དེ་ལྟར་རྣམ་པར་རྟོག་པ་མི་མངའ་ཞིང་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར་ཇི་ལྟར་འཚམ་པའི་སེམས་ཅན་གྱི་དོན་བསྒྲུབ་པ་ལྟ་བུར་མཛད་ཅིང༌། ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་བསྐྱོད་ལ་སེམས་ཅན་འདུལ་བའི་དུས་ལས་ཀྱང་མི་འདའ་བ་བཞིན་དུ་བདག་ཀྱང་གྱུར་ཅིག་ཅེས་བྱང་ཆུབ་སེམས་དཔའ་སྔར་སྨོན་ལམ་གང་བཏབ་པའི་སྨོན་ལམ་དེའི་ཤུགས་དང་ཞེས་སོགས་བཤད་པ་ལྟར་ཤེས་པར་བྱའོ།། རྣམ་རྟོག་དང་བཅས་པ་མེད་བཞིན་དུ་ཆོས་བསྟན་པའི་འཕྲིན་ལས་འབྱུང་བར་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། རྒྱུད་བླ་སོགས་མཐའ་ཡས་པར་བཤད་དོ།།
སྐུ་དང་ཡེ་ཤེས་གཞན་སྣང་འབའ་ཞིག་ཏུ་འདོད་པ་དགག་པ།
ཁ་ཅིག་ན་རེ། སངས་རྒྱས་ལ་ཡེ་ཤེས་ཡོད་མོད་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་དེ། སྐུ་དང་ཡེ་ཤེས་སོགས་གཞན་སྣང་འབའ་ཞིག་ཡིན་ནོ་ཟེར་བ་ནི། མི་དབུལ་བོ་ཞིག་ན་རེ། ང་ཕྱུག་པོ་ཡིན་ང་རང་ལ་ནོར་ཅི་ཡང་མེད། གསེར་དང་འབྲུ་ལ་སོགས་པའི་ནོར་རྣམས་ནི་རྒྱལ་བོ་དང་བློན་པོ་ལ་སོགས་པ་རྣམས་ཀྱི་ཡིན་ནོ་ཟེར་བ་དང་འདྲ་བར་ཟད་དེ། ཞིབ་ཞིབ་འདྲ་བའི་ཐ་སྙད་རྨོངས་པ་མགོ་བསྐོར་བར་བྱེད་པའི་རྣམ་འགྱུར་འདི་ལ་རྟོགས་ལྡན་སུ་ཞིག་ཡིད་ཆེས་པར་བྱེད། ཡང་ཁ་ཅིག སངས་རྒྱས་ལ་ཡེ་ཤེས་མེད་པར་མ་ཟད་འཕགས་པའི་མཉམ་བཞག་ནའང་བློ་མེད་འཕགས་པའི་རྗེས་ཐོབ་དང་ཞི་གནས་ལ་སོགས་པའང་ལམ་མ་ཡིན་ཞེས་འདོད་པ་ནི་ཆེས་རྣམ་པར་འཁྱམས་ཏེ། ས་བཅུ་ལ་སོགས་པའི་མདོ་དུ་མ་དང༌། དབུས་མཐའ་རྣམ་འབྱེད་དང༌། དབུ་མ་འཇུག་པ་ལ་སོགས་པར་རབ་དགའ་ལ་སོགས་པའི་ས་བཅུ་ལ་རིམ་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུ་སྦྱར་ནས་བཤད་པ་དང་འགལ་ཏེ། བློ་མེད་ན་ཤེས་རབ་གཏན་ནས་མི་སྲིད་པའི་ཕྱིར་རོ།། སྔོན་མ་མཐོང་བའི་ཆོས་ཉིད་མཐོང་བའི་རྟོགས་པ་སྐྱེས་པས་ས་རབ་ཏུ་དགའ་བ་ཞེས་བཤད་པ་དང་ཡང་འགལ་ཏེ། དབུ་མ་རིན་ཆེན་འཕྲེང་བར། ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །ས་འོད་བྱེད་པ་ཞེས་སོགས་དང༌།། མདོ་རྒྱན་དུ། སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། ཞེས་སོགས་དང༌། མངོན་རྟོགས་རྒྱན་དེ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་བ་ཡིན་པར་ཤེས་པར་བྱ།། ཞེས་དང༌། ས་བདུན་པའི་ཡོངས་སྦྱོང་དུ། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། ཞེས་དང༌། ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་གཟོད་ཤེས་དང༌།། ཞེས་སོགས་དང༌། ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌།། ཞེས་སོགས་ཤིན་ཏུ་མང་བོ་དང་ཆེས་འགལ་ཞིང༌། ས་བཅུའི་མཉམ་བཞག་ན་བློ་མེད་ཅིང༌། འཕགས་པའི་ཞི་གནས་རྗེས་ཐོབ་ལམ་མིན་ན་ཡུམ་གྱི་མདོ་དང་མངོན་རྟོགས་རྒྱན་རྩ་འགྲེལ་སོགས་མང་པོར་ས་བཅུའི་ཡོངས་སྦྱོང་གི་ཆོས་རྒྱས་པར་བཤད་པ་རྣམས་དོན་མེད་པར་འགྱུར་ཞིང༌། བྱང་སེམས་ཀྱི་མཐོང་ལམ་སྐབས་བཅུ་དྲུག་གི་དམིགས་རྣམ་དུ་མ་བཤད་པ་དང༌། མདོ་རྒྱན་དུ། ས་རྣམས་ཀུན་ལ་རྣམ་ཀུན་དུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་བོའི་བདག་ཉིད་དག་དུ་འདོད།། ཞེས་ས་བཅུ་བོ་རེ་རེ་ལ་ཞི་ལྷག་གཉིས་གཉིས་དང་དེ་གཉིས་ཀྱི་ཡོན་ཏན་ལྔ་ལྔ་བཤད་པའང་མི་འཐད་པར་འགྱུར་རོ།། ཡང་མཉམ་བཞག་ན་བློ་མེད་ཅིང་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་རྗེས་ཐོབ་མེད་ན། ཡུམ་གྱི་མདོ་སོགས་ཐེག་ཆེན་གྱི་མདོ་མང་བོ་དང༌། རྒྱན་གཉིས་ལ་སོགས་པར་ཐེག་ཆེན་གྱི་སེམས་བསྐྱེད་ཉི་ཤུ་རྩ་གཉིས་གྲོགས་ཕྱིན་དྲུག་བྱང་ཕྱོགས་སོ་བདུན། མངོན་ཤེས་ཚད་མེད། ཞི་ལྷག་གཟུང་སྤོབས་ལ་སོགས་མཚུངས་ལྡན་དུ་བཤད་ཅིང༌། དེ་རྣམས་ཀྱིས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་བསྡུས་པ་སོགས་བཤད་པ་ཐམས་ཅད་ནོར་བ་ཁོ་ནར་འགྱུར་བའི་སྐྱོན་ལ་སོགས་པ་མཐའ་ཡས་པས་དེ་འདྲའི་གྲུབ་མཐའི་རྗེས་སུ་མ་འབྲང་ཅིག་འཕུང་བར་འགྱུར་རོ།།
རྣམ་རྟོག་ཆོས་སྐུར་འདོད་པ་སོགས་དགག་པ།
ཡང་ཁ་ཅིག(ཕྱག་ཆེན་པ)། ཟབ་མོའི་རྣལ་འབྱོར་བསྒོམ་པའི་ཚེ་ན། རྣམ་རྟོག་འདི་འགོག་པ་མི་འཐད་དེ། འདི་བཀག་ན་ལྷག་མཐོང་མེད་པར་འགྱུར་ཏེ་འདི་ཉིད་ཀ་སྒོམ་གྱི་གསལ་ཆ་ཡིན་པས་རྣམ་རྟོག་སྤྲོས་ཤིག་གསུངས་ཏེ། རྟོག་པ་ཁ་ཆོམ་གྱི་ཞི་གནས་ལྟེངས་པོར་སོང་ནས་གསལ་ཆ་མེད་པའི་བྱིང་རྨུགས་སུ་ཤོར་བ་སེལ་བའི་སྐབས་འགའ་རེར་རྣམ་རྟོག་འཕྲོ་རུ་བཅུག་ནས། སྒོམ་གྱི་གེགས་བྱིང་རྨུགས་སེལ་བའི་ཐབས་སུ་རེས་འགའ་འགྱུར་སྲིད་པ་ཙམ་ལ་དགོངས་པ། ཡིན་ན་ནི་དགོས་པ་དེ་ལ་ལྟོས་ནས་རུང་ཙམ་དུ་མངོན་༼མོད༽། དོན་ལ་དེ་ལྟར་མི་འཐད་དེ། ནང་སེམས་ཅན་དང་ཕྱི་རོལ་ཡོ་བྱད་སོགས་ལ་ཆགས་པ་དང་སྡང་བ་དང་བདག་ཏུ་རྨོངས་པ་ལ་སོགས་པའི་རྣམ་རྟོག་འདི་རྣམས་ནི་ཉོན་མོངས་ཅན་གཏི་མུག་ཡིན་པས། འཁོར་བ་དང་ངན་སོང་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པས་རྗེས་ཐོབ་ཀྱི་གནས་སྐབས་སུའང་སྤང་དགོས་ན་མཉམ་བཞག་ཟབ་མོའི་སྐབས་སུ་ལྟ་སྨོས་ཀྱང་ཅི་དགོས། སམ་བྷུ་ཊིར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན།། ཞེས་དང༌། ཕྱོགས་ཀྱི་གླང་བོའི་འཇམ་དབྱངས་ལ་བསྟོད་པར། །རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད།། ཅེས་དང༌། མདོ་སྡེ་དུ་མར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་ཞེས་པ་ནས་སྡུག་བསྔལ་གྱི་ཕུང་བོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ།། ཞེས་ཡང་ཡང་གསུངས་ཤིང་གཞན་ཡང་ལུང་རྣམ་དག་དུ་མ་ཡོད་དོ།། ཡང་ནཱ་རོ་བས། ས་ར་ཧ་ལ་སོགས་པའི་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས། རྡོ་རྗེའི་གླུ་དྲངས་པར། རྟོགས་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌།། ཞེས་ཏེ། བློ་ངན་ཞེས་པ་ཤེས་རབ་དམན་པའི་གང་ཟག་འབའ་ཞིག་ལ་ཟེར་ཞིང་དེ་རྣམས་ན་རེ། རྣམ་རྟོག་ཉམས་ན་བློ་ཉམས་པའམ། །བློའི་གསལ་ཆ་ཉམས་པར་རྣམ་རྟོག་གཅིག་རྗེས་སུ་གཅིག་རྟོག་ཅིང་སྤྲོས་ཤིག་ཅེས་ཟེར་ལོ་ཞེས་པ་སྟེ། ལོ་ཞེས་པའི་ཚིག་ནི་རྣམ་རྟོག་བཀག་ན་སྐྱོན་ཡོད་པས། རྣམ་རྟོག་སྤྲོས་དགོས་ཞེས་པ་འདི་བློ་ངན་གྱི་སྐྱེ་བོའི་ལུགས་ཡིན་པར་སྟོན་པའི་དེ་སྐད་སྨྲ་བ་ལ་མ་རངས་པའི་ཚིག་གོ། འདི་ཉིད་ལས་ཞེས་པ་ནི་རྣམ་རྟོག་ཉམས་ཏེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་གྱུར་བ་ལས་ལྷག་ཅེས་པ་ཉམས་རྟོགས་ཁྱད་པར་ཅན་མཐའ་ཡས་པ་འབྱུང་ཞེས་པའི་དོན་ཏོ།། ཐེག་ཆེན་ཐུན་མོང་མ་ཡིན་པའི་མཉམ་བཞག་ཟབ་མོ་ཁྱད་པར་ཅན་བསྒོམ་པའི་སྐབས་སུ་ན་གང་ཟག་ཏུ་རྟོག་པ་འགོག་པ་ལྟ་ཅི་སྨོས་ཏེ། གཞི་ལམ་འབྲས་བུ་སོགས་ཆོས་སུ་འཛིན་པའི་མངོན་ཞེན་ཐམས་ཅད་ཀྱང་སྤང་དགོས་པར་གསུངས་ཏེ། ཡུམ་གྱི་མདོར། ཡིད་ལ་བྱེད་པ་ནི་མི་དགེ་བའོ། །ཡིད་ལ་མི་བྱེད་པ་ནི་དགེ་བའོ།། ཡིད་ལ་བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་འགྱུར་གྱི། ཡིད་ལ་མི་བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་མི་འགྱུར་རོ།། ཞེས་དང༌། གཟུགས་སོ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་དོ།། གཟུགས་སྟོང་བའོ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་དོ།། ཞེས་སོགས་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། ཞེས་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་སོགས་རྒྱ་ཆེར་བཀའ་བསྩལ་ཞིང༌། མངོན་རྟོགས་རྒྱན་དུ། གཟུགས་སོགས་ཕུང་བོ་སྟོང་ཉིད་དང༌། །དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས།། ཞེས་སོགས་མཚན་འཛིན་དང་མངོན་ཞེན་ཐམས་ཅད་ཡུམ་བསྒོམ་པའི་མཉམ་བཞག་ཟབ་མོའི་སྐབས་སུ་ངེས་པར་སྤང་དགོས་པར་ཡང་ཡང་གསུངས་སོ།། ཡང་སམ་བྷུ་ཊིར། སྟོང་པ་བསྒོམ་པར་མི་བྱ་ཞིང༌། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་བས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་མི་སྟོང་ཡོངས་བཟུང་ལས། །རྟོག་པ་ཉུང་༼གཉུག་དམན་ཞེས་པ་ཡང་སྣང༌།༽ མིན་སྐྱེ་བར་འགྱུར། །ཡོངས་སུ་བཟུང་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤངས།། ཞེས་དང༌། གྲུབ་ཆེན་ས་ར་ཧས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད།། ཅེས་གསུངས་ཏེ། འཇུར་བུའི་ཞེས་པ་ནི་སྣ་ཚོགས་སུ་ཕྲོ་བའི་རྣམ་རྟོག་ལ་བཞེད་དེ། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཀྱང༌། དམ་ཆོས་འདི་ལ་རྒྱལ་བའི་སྲས། རྣམ་པར་མི་རྟོག་བསམ་གྱུར་ནས། །རྣམ་རྟོག་བགྲོད་དཀའ་ལས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །དེ་ལས་རབ་ཞི་མི་གཡོ་མཆོག །དབང་བྱེད་མཉམ་ལ་མི་མཉམ་པ། །རྣམ་པར་མི་རྟོག་བདེ་བ་ནི། །བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར།། ཞེས་སོ།། ཡང་ཕྱི་ནང་གི་དངོས་པོ་བདེན་པར་འཛིན་པའི་རྣམ་རྟོག་གི་གཉེན་པོར་དེ་རྣམས་ཕྱི་ནང་གི་དངོས་པོ་གང་ཅི་ཞིག་ཏུ་བདེན་ཞེས་བརྟགས་ཤིང་དཔྱད་ནས། བདེན་མེད་དུ་རྟོགས་ནས་གཏན་ལ་འབེབས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་གཏན་ལ་ཕེབས་པ་བཞིན། སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་ཅིང་བསྒོམས་པས་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ། དེ་བྱུང་མ་ཐག་ཏུ་སྔར་གྱི་སོ་སོར་རྟོགས་པའི་ཤེས་རབ་དེ་ཡང་སྤང་ངོ་ཞེས་དཀོན་བརྩེགས་འོད་སྲུང་གི་ལེའུར། འོད་སྲུངས་ཤིང་གཉིས་རླུང་གིས་དྲུད་པ་ལས་མེ་འབྱུང་སྟེ། དེ་བྱུང་མ་ཐག་ཏུ་ཤིང་དེ་ཚིག་པར་བྱེད་དོ།། འོད་སྲུངས་དེ་བཞིན་དུ་འཇིག་རྟེན་པའི་སོ་སོར་རྟོག་པའི་ཤེས་རབ་ལས་འཕགས་པའི་ཡེ་ཤེས་ཤེས་རབ་ཀྱི་དབང་བོར་སྐྱེ་སྟེ། དེ་སྐྱེས་མ་ཐག་ཏུ་འཇིག་རྟེན་པའི་སོ་སོར་རྟོག་པའི་ཤེས་རབ་དེ་གཉིས་འགག་པར་འགྱུར་རོ།། ཞེས་སོགས་དང༌། དུས་འཁོར་འགྲེལ་ཆེན་དུ། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དོ། །དེ་ཉིད་ཀྱིས་ནི་བསྒྲུབ་ཐབས་གཞན་ཡོད་མིན།། ཞེས་སོགས་མཉམ་བཞག་ཟབ་མོ་མཐར་ཐུག་གི་སྐབས་སུ་རྟོགས་པ་ཐམས་ཅད་སྤང་དགོས་པར་ཡང་ཡང་གསུངས་ཤིང༌། མདོ་སྡེ་རྒྱན་ལས། བློ་ངན་པ་ཡི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡི། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད།། ཅེས་དང༌། རྣམ་འགྲེལ་དུ། རྣལ་འབྱོར་མངོན་སུམ་སྟོན་པའི་སྐབས་སུ། །རྟོག་བས་དྲ་བ་རྣམ་བསལ་བས། །བསལ་བ་ཉིད་དུ་སྣང་བ་ཡིན།། ཞེས་དང༌། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན།། ཞེས་རྣམ་རྟོག་ཡིན་ན་ཡུལ་གསལ་སྣང་ཅན་དུ་འགལ་བར་བཤད་པས་རྣམ་རྟོག་ཡང་དག་པའི་སྒོམ་ལྷག་མཐོང་གི་གསལ་ཆ་དང་དྭངས་ཆར་འདོད་པ་ཤིན་ཏུ་ནོར་རོ།། ཡང་ཁ་ཅིག (ད)ལྟར་གྱི་རྣམ་རྟོག་འདི་ཀ་སངས་རྒྱས་ཀྱི་ཆོས་སྐུ་ཡིན་ཞེས་སྨྲ་བ་ནི་སྔར་སྣང་བ་ཆོས་སྐུ་ཡིན་པ་དང་རྣམ་རྟོག་ཡང་དག་པའི་སྒོམ་ལྷག་མཐོང་གི་གསལ་ཆར་འདོད་པ་དང་ཕུག་གནད་གཅིག་ཅིང༌། དེ་རྣམས་བཀག་པའི་ལུང་རིགས་རྣམས་ཀྱིས་གནོད་དེ། གཞན་ཡང་སྣ་ཚོགས་སུ་སྣང་བའི་ད་ལྟར་གྱི་རྣམ་རྟོག་འདི་འཁོར་བ་བའི་སེམས་ཅན་རྣམས་འཁོར་བར་འཆིང་བྱེད་མ་ཡིན་པར་འགྱུར། སངས་རྒྱས་ཀྱི་ཆོས་སྐུ་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་སྐུའམ་ངོ་བོ་ཉིད་༼སྐུ་༽འཐོབ་པ་ལ་སྣ་ཚོགས་ཀྱི་རྣམ་རྟོག་འདི་སྤང་དགོས་པ་མ་ཡིན་པར་འགྱུར་ཏེ། རྣམ་རྟོག་འདི་སངས་རྒྱས་ཀྱི་ཆོས་སྐུ་ཉིད་ཡིན་པའི་ཕྱིར་རོ།། འདོད་པར་མི་ནུས་ཏེ། ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་དུ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌།། ཞེས་དེ་རྣམ་རྟོག་ཉིད་སེམས་ཅན་འཁོར་བར་བཆིངས་བྱེད་ཡིན་པས་རྟོག་པའི་དྲ་བ་ཞེས་དང༌། རྟོག་པའི་དྲ་བ་བསལ་བ་ངོ་བོ་ཉིད་ཀྱི་སྐུ་ཞེས་རྒྱ་གར་མཁས་པས་བཤད་ཅིང༌། དབུ་མ་བདེན་གཉིས་སུ་སློབ་དཔོན་ཡེ་ཤེས་སྙིང་པོས། སེམས་དང་སེམས་འབྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །དེ་དག་འཆིང་བའི་རྒྱུད་ཉིད་དུ། །ཇི་ལྟར་གཟིགས་པས་དེ་བཞིན་གསུངས།། ཞེས་སོ།། རྒྱུད་བླར། ཉོན་མོངས་ཤེས་བྱ་སྙོམ་འཇུག་གི། བསྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ།། ཞེས་སོགས་མང་ངོ༌།། ཡང་སྔར་བཤད་ལྟར་གྱི་རྣམ་རྟོག་འདི། འདུས་བྱས་མ་ཡིན་པར་འགྱུར་དེ། སངས་རྒྱས་ཀྱི་དོན་དམ་ཆོས་སྐུའམ་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར་རོ།། རྒྱུད་བླར། སངས་རྒྱས་ཆོས་སྐུའམ་ངོ་བོ་ཉིད་སྐུ་ངོས་འཛིན་པའི་སྐབས་སུ། འདུས་མ་བྱས་ཤིང་ཞེས་དང༌། །ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས།། ཞེས་སོགས་ཀྱིས་སྐྱེ་འཇིག་གནས་གསུམ་གྱིས་སྟོང་བར་བཤད་དོ།། འདོད་མི་ནུས་དེ། རྣམ་རྟོག་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བར་གང་ཟག་རང་རང་གི་མྱོང་བས་གྲུབ་ཅིང༌། ཚད་མ་རྣམ་ངེས་སུ། སྐྱེ་བ་དང་འགག་པར་རིག་པའི་རྣམ་པར་རྟོག་པ་འདི་ཞེས་དང༌། ལང་ཀར་གཤེགས་པ་སོགས་བཀའ་བསྟན་བཅོས་དུ་མར་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་སེམས་སེམས་བྱུང་ཐམས་ཅད་སྐྱེ་འཇིག་ཅན་དུ་རྒྱ་ཆེར་བཤད་དོ།།
ཡང་སྔར་བཤད་ལྟར་གྱི་རྣམ་རྟོག་འདི་ཁམས་གསུམ་གྱིས་བསྡུས་པའི་རྣམ་ཤེས་མིན་པར་འགྱུར། རྟགས་སྔར་དང་འདྲ། མཚན་བརྗོད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཞེས་དང༌། ཕྱོགས་ཀྱི་གླང་བོས། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས།། ཞེས་སོགས་མང་ངོ༌།། འདོད་མི་ནུས་ཏེ། དབུས་མཐའ་རྣམ་འབྱེད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་འབྱུང་ཁམས་གསུམ་པ།། ཞེས་དང༌། དབུ་མ་བདེན་གཉིས་སུ། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན།། ཞེས་སོགས་ནས་མང་ངོ༌།། ཡང་དེ་འདྲའི་རྣམ་རྟོག་དེ་ཟག་མེད་དུ་ཡང་ཐལ་བར་འགྱུར་ཏེ། རྟགས་སྔར་དང་འདྲ། མངོན་རྟོགས་རྒྱན་དུ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་འགྱུར་རྣམ་ཀུན་རྣམ་དག་པ།། ཞེས་དང༌། མངོན་པ་གོང་འོག་ཏུ། སོ་སོར་བརྟགས་འགོག་དང་དེ་བཞིན་ཉིད་ཟག་མེད་དུ་བཤད་པ་སོགས་མང་ངོ༌།། འདོད་ན་དེ་འདྲའི་རྣམ་རྟོག་འདི་སྤང་བྱ་མ་ཡིན་པར་ཐལ་བར་འགྱུར་ཏེ། མངོན་པ་ཀུན་ལས་བཏུས་སུ། ཟག་པ་མེད་པ་ནི་སྤང་བར་བྱ་བ་མ་ཡིན་པར་བལྟ་བར་བྱའོ།། ཞེས་སོ།། འདོད་མི་ནུས་ཏེ། སྤངས་དགོས་པར་སྔར་བཤད་རྒྱས་པར་བཤད་ཟིན་ཏོ།། གཞན་ཡང་འདི་ཟག་མེད་ཡིན་ན། ཟག་བཅས་མི་སྲིད་པ་ལ་སོགས་པའི་སྐྱོན་དུ་མར་འགྱུར་ཞིང༌། འཕགས་སེང་སོགས་ཀྱིས་གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་ཟག་བཅས་སུ་བཤད་དོ།། ཡང་སྔར་བཤད་ལྟར་གྱི་རྣམ་རྟོག་འདི་རང་བཞིན་གྱི་འོད་གསལ་བའི་ཆོས་དབྱིངས་ཡིན་པར་འགྱུར་ཏེ། རྟགས་སྔར་དང་འདྲ། རྒྱུད་བླར་ཆོས་སྐུའམ་ངོ་བོ་ཉིད་སྐུ་ངོས་འཛིན་པར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ།། ཞེས་དང༌། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌།། ཞེས་སོགས་མང་ངོ༌།། འདོད་མི་ནུས་ཏེ། ཚད་མ་རྣམ་འགྲེལ་དུ། སེམས་འདིའི་རང་བཞིན་འོད་གསལ་དེ། །དྲི་མ་རྣམས་ནི་གློ་བུར་བ།། ཞེས་སོགས་བཀའ་བསྟན་བཅོས་ཀྱི་ལུང་མང་ཞིང༌། དེ་འདྲའི་རྣམ་རྟོག་འདི་ཡང་དག་པའི་དོན་བལྟ་བ་ལ་དམུས་ལོང་ལྟ་བུ་དང༌། མ་རིག་པ་དང་འགྱུར་བའི་ཆོས་ཅན་དུ་བཤད་པས། རིང་བཞིན་གྱི་འོད་གསལ་བའི་ཆོས་ཉིད་མ་ཡིན་པར་གྲུབ་པོ།། ཡང་དེ་ལྟའི་རྣམ་རྟོག་འདི་བསྐལ་བ་དུ་མར་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་འཐོབ་དགོས་པར་ཐལ་བར་འགྱུར་ཏེ། རྟགས་སྔར་དང་འདྲའོ།། དབུ་མ་རིན་ཆེན་ཕྲེང་བར། ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས།། ཞེས་དང༌། རིགས་པ་དྲུག་ཅུ་བའི་བསྔོ་བར། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག ཅེས་སོ།། འདོད་ན་འཁོར་བ་བའི་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སྐྱེས་བུར་ཐལ་བར་འགྱུར་ཏེ། སྔར་བཤད་ལྟར་གྱི་རྣམ་རྟོག་འདི་རྒྱུད་ལ་སྐྱེས་ཤིང་ཐོབ་པའི་ཕྱིར་རོ།།
དེ་ལྟར་ན་རྣམ་རྟོག་འདི་ཆོས་སྐུ་ཡིན་པ་ལ་གནོད་བྱེད་ཀྱི་ལུང་རིགས་ཤིན་ཏུ་མང་བར་ཡོད་ནའང་མང་བས་འཇིགས་ནས་མ་བྲིས་སོ།། ཁ་ཅིག་ན་རེ། གལ་ཏེ་རྣམ་རྟོག་འདི་ཆོས་སྐུར་མི་སྨྲ་བའི་འདིའི་ངོ་བོ་ཆོས་སྐུ་ཡིན་ནོ་ཞེ་ན། འདིའི་ངོ་བོ་གང་འདིའི་ངོ་བོ་སྣ་ཚོགས་སུ་འཕྲོ་ཞིང་རྟོག་པའི་རིག་རིག་པོ་འདིའམ་འདི་དཔྱད་ན་བདེན་པའི་རང་བཞིན་མེད་ཙམ་གྱི་སྟོང་བ་དེའམ། འདི་བདེན་པའི་རང་བཞིན་མེད་པར་འགྱུར་བའི་ཆོས་ཉིད་དེ་བཞིན་ཉིད་དེ་ཡིན། དང་པོ་ལྟར་ན། རྣམ་རྟོག་འདི་ཀ་ཆོས་སྐུར་ཐལ་བར་འགྱུར་ཏེ། ད་ལྟའི་རིག་རིག་པོ་དེ་ཉིད་ཀྱང་རྣམ་རྟོག་འདི་ཀ་ཡིན། རྣམ་རྟོག་འདི་ཀ་དེ་ཡིན་པས་དེ་གཉིས་དོན་གཅིག་པའི་ཕྱིར་རོ།། གཉིས་པ་ལྟར་ན། རྣམ་རྟོག་གི་ངོ་བོར་རིགས་པས་དཔྱད་ན་བདེན་པའི་རང་བཞིན་མེད་ཙམ་གྱི་སྟོང་བ་དེ་ཆོས་སྐུ་མ་ཡིན་པར་ཐལ་བར་འགྱུར་ཏེ། རྣམ་རྟོག་བདེན་པའི་རང་བཞིན་མེད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་སོགས་སྔར་བཤད་ཟིན་ཅིང༌། གསུམ་པ་ལྟར་ན། དེ་འདྲའི་དེ་བཞིན་ཉིད་དེ་དོན་དམ་ཆོས་སྐུ་ཡིན་པ་འཐད་མོད། དེང་ཕྱིན་ཆད་དེ་སྐད་ངག་ཏུ་ཐོན་པ་སྨྲོས་ལ་རྣམ་རྟོག་གི་ངོ་བོ་ཆོས་སྐུ་ཡིཞེསན་་དམིགས་ཀྱིས་མ་ཕྱེ་བའི་ཚིག་དང༌། རྣམ་རྟོག་ཆོས་སྐུ་ཡིན། སྣང་བ་ཆོས་སྐུ་ཡིན། རྣམ་རྟོག་བསྒོམ་ལྷག་མཐོང་གི་གསལ་ཆའམ་དྭངས་ཆ་ཡིན་ཞེས་སོགས་མུན་སྤྲུལ་དུ་མ་སྨྲ་ཨང༌། ཡང་ཁ་ཅིག་(ཕྱག་ཆེན)ན་རེ། རྣམ་རྟོག་འདི་རང་ངོ་ཤེས་ན་ཆོས་སྐུ་ཡིན། རང་ངོ་མ་ཤེས་ན་ཆོས་སྐུ་མིན་ཞེ་ན། སྔགས་དཔྱད་པ་ལྟར་རང་ངོ་ཤེས་པའི་དོན་ཅི། སྣ་ཚོགས་སུ་འཕྲོ་ཞིང་རྟོག་པའི་རིག་རིག་པོར་ཤེས་པའམ། བརྟགས་ན་རྣམ་རྟོག་འདི་བདེན་པའི་རང་བཞིན་མེད་ཙམ་གྱི་སྟོང་བར་ཤེས་པའམ། དེ་བདེན་མེད་ཀྱི་དེ་བཞིན་ཉིད་ཤེས་པ་ལ་འདོད། དང་བོ་ལྟར་ན། དེ་ལྟར་ཤེས་པའི་རྣམ་རྟོག་ཅན་གྱི་སྐྱེས་བུ་དེའི་བློ་དེ་སངས་རྒྱས་གྱི་ཆོས་སྐུ་མ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ལྟའི་རྣམ་རྟོག་དེའི་རྗེས་སུ་སྐྱེས་པའི་རྣམ་རྟོག་ཕྱི་མ་ཞིག་ཡིན་པའི་ཕྱིར་དང༌། འདུས་བྱས་ཡིན་པའི་ཕྱིར་རོ།། གཉིས་པ་ལྟར་ན། ཡིད་ཆེས་པའི་ལུང་ལ་བརྟེན་ནས་དེ་ལྟའི་རྣམ་རྟོག་བདེན་པའི་རང་བཞིན་མེད་པར་ཤེས་པའི་རྣམ་རྟོག་དེ་ཅན་གྱི། སྐྱེས་བུའི་རྒྱུད་ཀྱི་བློ་དེའམ། དེ་ལྟའི་རྣམ་རྟོག་དེ་འགྱུས་མ་ཐག་ཏུ་སྐྱེས་བུ་དེས་རྣམ་རྟོག་དེའི་ངོ་བོ་ལ་གཅེར་གྱིས་བལྟས་པས། རྣམ་རྟོག་དེའི་ངོ་བོ་ཅི་ཡང་མ་རྙེད་པས་རྣམ་རྟོག་དེ་བདེན་པའི་རང་བཞིན་མེད་པ་ཞིག་གོ་སྙམ་པའི་བློ་དེའམ། ཡང་དེ་ལྟར་བལྟས་པས་རྣམ་རྟོག་དེ་ངོས་བཟུང་ཅི་ཡང་མ་རྙེད་པར་འདི་མིན་འདི་བསམ་ཙམ་མེད་པའི་ངང་དུ་སེམས་ཞི་མལ་གྱིས་གནས་པ་ཙམ་དེ་ཡིན་ནམ། ཡང་དེ་ལྟར་བལྟས་པས་རྣམ་རྟོག་དེའི་ངོས་བཟུང་ཅི་ཡང་མ་རྙེད་པར་ཅིར་ཡང་འཛིན་མེད་ཀྱི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཉམས་སྣང་ཁྱད་པར་ཅན་དང་བཅས་པའི་བློ་ཞིག་ཡིན་བརྟགས་གྲགས། དང་བོ་ལྟར་ན། དེ་ཡང་ཆོས་སྐུ་མ་ཡིན་པར་ཐལ་བར་འགྱུར་ཏེ། ཡིད་ཆེས་པའི་རྗེས་དཔག་ཞེས་དཔག་ཞེས་པའི་རྣམ་རྟོག་ཡིན་པའི་ཕྱིར་དང༌། འདུས་བྱས་ཡིན་པའི་ཕྱིར་རོ།། གཉིས་པ་ལྟར་ན། དེ་ཡང་ཆོས་སྐུར་མི་འཐད་དེ། དགག་པའི་རྣམ་པ་ཅན་གྱི་རྣམ་རྟོག་ཕྱི་མ་ཞིག་ཡིན་པའི་ཕྱིར་རོ།། གསུམ་པ་ལྟར་ན། དེ་ཡང་ཆོས་སྐུར་མི་འཐད་དེ། རྣམ་རྟོག་རགས་པ་ཅུང་ཟད་ཙམ་འགགས་པའི་གནས་སྐབས་རྟོག་པ་ཁ་འཆོམ་པའི་ཞི་གནས་ལྟེངས་པོ་ཞིག་ཡིན་པའི་ཕྱིར་རོ།། བོད་དུ་བྱོན་པའི་སྒོམ་ཆེན་པ་མང་བོ་ཞིག དེ་འདྲའི་ཉམས་མྱོང་ཞིག་རྒྱུད་ལ་སྐྱེས་པ་ན་རང་ཉིད་ཀྱིས་མདོ་རྒྱུད་དྲི་མ་མེད་པ་དང་ལུང་རིགས་རྣམ་དག་ལ་ཐོས་བསམ་མ་བྱས། དེ་ལྟར་ཐོས་བསམ་བྱས་ཤིང་གསུང་རབ་ཀྱི་ཟབ་དོན་གྱི་གནད་ཤེས་ནས་སྟོན་པའི་བླ་མ་ཡང་མེད། སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་ཅིང༌། ཟབ་ཟབ་པོར་གྲགས་པའི་གདམས་ངག་བསྒོམ་བརྟན་ཡུན་རིང་པོར་བྱས་པའི་སྟོབས་ཀྱིས་གོང་དུ་སྨོས་པའི་སྟོང་ཉམས་ཅན་གྱི་ཞི་གནས་ལྡེངས་པོ་རྒྱུད་ལ་སྐྱེས་པ་ན། ཆོས་སྐུའམ་དེ་ཉིད་དེ་ཀ་རུ་འདུག་གམ་སྙམ་ནས་རང་ཡང་དེ་ལ་བློ་གདེང་འཆའ། གཞན་ལ་ཡང་སྟོན་ངོ་སྤྲོད་གླུ་ལེན། རྗེས་འཇུག་རྣམས་ཀྱང་གླུ་དེ་སྒྱུར་སྤྲང་ལ་འགྲོ་བའི་ལག་ཆར་ཁྱེར་རོ།། ཕ་བླ་མ་བཀའ་དྲིན་ཅན་ཟེར་གྱིན་བྲོ་བརྡུངས་ཡང་འགའ་ཞིག་ཕུང་བོ་སྙེད་པ་དང་བཀུར་སྟི་ལ་བརྐམ་པས། མ་ཐོབ་པར་ཐོབ་པོ།། མ་རྟོགས་པར་རྟོགས་སོ།། མ་མཐོང་བར་མཐོང་ངོ་ཞེས་མི་ཆོས་བླ་མའི་བརྫུན་སྨྲ་ཞིང་ཟབ་མོའི་ཆོས་ཀྱི་སྐལ་བ་མེད་པའི་བླུན་པོ་འཇིགས་སྐྱོབ་དང༌། ལེགས་སྨོན་ཙམ་དོན་དུ་གཉེར་བ་རྣམས་ཀྱིས་བླ་མར་བཀུར་ཞིང་ཆོས་སྐྱོང་ཡེ་ཤེས་པའི་ཕྱིར་འབྲངས་པའི་ཕོ་ཉ་གཏུམ་པོའི་དཀོར་བདག་གཏུམ་པོ་རྣམས་མཆོད་ཅིང་བརྟེན་པའི་སྟོབས་ཀྱིས། དེ་དག་གིས་གྲོགས་བྱས་པས་གནས་སྐབས་སུ་ཕན་པ་ཅུང་ཟད་འབྱུང་བ་ལ་བརྟེན་ནས། བླུན་པོ་རྣམས་ཀྱིས་འདི་ནི་གྲུབ་ཐོབ་པོ་བྱིན་རླབས་ཅན་ནོ་ཞེས་ཟེར་ཞིང་བཀུར་སྟི་ཆེར་བྱས་ཏེ། ཟས་ནོར་ཆར་ལྟར་ཕབ། ཟང་ཟིང་ནོར་གྱིས་འབྱོར་བའི་རྒྱུ་མཚན་གྱིས་ཕོངས་པ་ཟས་ཚོལ་གྱི་སློབ་བུ་མང་བོའང་འདུ། ཁོང་རང་ཡང་གྲུབ་ཐོབ་བྱིན་རླབས་ཅན་ཁྲོ་བོ་ཆེན་པོའི་རྣལ་འབྱོར་པ་ཡིན་ཟེར་ཞིང༌། གསུང་རབ་ཀྱི་དྲང་དོན་དང་ངེས་དོན་གཏན་ལ་འབེབས་པའི་ཚེ་ལུང་བསྟན་བསྟན་བཅོས། སྟོང་སྐད་དང་མི་ཆོས་ཕོ་པོའི་ནམ་ལངས། མདོ་རྒྱུད་རྣམ་དག་ནས་བཤད་པའི་དབང་རབ་གནས་དང་གཤིན་ཆོག་ལེགས་པ་རྣམས་བོར། གང་ནས་བཤད་ཆ་མེད་པའི་བོན་ཆོག་དང་ཁྱད་མེད་པའི་དབང་བྱིན་རླབས་གཤིན་ཆོག་ལ་སོགས་བྱེད་ཅིང༌། བཟང་ལ་མང་བའི་ལན་དོན་དུ་གཉེར་བའི་སྦྱིན་གཏོང་དང་ཐབ་ཁ་ལ་སོགས་པའི་རྣམ་གཡེང་རྐྱངས་པས་དུས་འདའ་བའི། ཆུ་ནང་གི་ཟླ་བ་ལྟ་བུའི་བླ་མ་ཆེན་པོར་རློམ་པ་མང་པོས་དབུས་གཙང་འདི་ཁེངས་པ་ལྟ་བུར་འགྱུར་ཞིང༌། མདོ་རྒྱུད་མན་ངག་གི་ཚིག་དང་དོན་གྱི་གནད་ཤེས། རྒྱུད་སྡེ་རྣམ་དག་ནས་འབྱུང་བ་བཞིན་དུ་ཆོ་ག་རྣམ་དག་ཀྱང་བྱེད། ཡང་དག་པའི་རྟོགས་པ་ནང་ནས་མ་ཤར་བཞིན་བླུན་པོ་མང་བོའི་ནང་དུ་ཉམས་རྟོགས་ཀྱི་སྟོང་འུད་ཀྱང་མི་སྒྲོགས། གཞན་མགོ་བསྐོར་བའི་མི་ཆོས་དང་ཁ་གསག་མི་མཁས། བསྟན་པ་རིན་པོ་ཆེ་ལ་ཕན་པའི་ཐོས་བསམ་སྒོམ་པ་ཅི་ནུས་བྱེད་པའི་སྐྱེ་བོ་ནི་ཤིན་ཏུ་ཉུང་ངུར་གྱུར། འགའ་ཞིག་ཡོད་ཀྱང་ཉིན་མོའི་སྐར་མ་ལྟར་མི་མཐོང༌། ཐོས་བསམ་སྒོམ་གསུམ་ལ་ཞུགས་པར་རློམ་པའི་རྟོགས་ལྡན་དུ་རློམ་པ་དག་ཀྱང་ཕྱོགས་ཆ་དང་གཟུ་ལུམ་དང༌། སྐྱོ་མ་སྔ་བཙན་༼གྱི༽ཁྱི་སྐད་ལ་རྒྱུག་གམ་རི་བོང་ཅལ་གྱི་རྣམ་ཐར་ལ་སྤྱོད་པ་མང་སྟེ། ཀྱེ་མ་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་བསྟན་པ་རིན་པོ་ཆེ་མེ་ཤི་བའི་དུད་པ་ལྟར་རིང་དུ་མི་གནས་ཤིང་གཟུགས་བརྙན་ཙམ་དུ་གྱུར་ཏོ།། ཀྱེ་ཧུད། ཡང་བཞི་པ་ལྟར་ན་དེ་འདྲའི་གསལ་ལ་དྭངས་བའི་བློ་དེ་ཡང་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུ་མ་ཡིན་ཏེ། བསྒོམས་པས་སྟོབས་ལས་སྐྱེས་པའི་ལམ་འདུ་བྱས་ཞིག་ཡིན་པའི་ཕྱིར་རོ།། དེས་ན་དེ་འདྲའི་བློ་དེ་གཞི་ལམ་འབྲས་གསུམ་མམ། ལྟ་སྒོམ་སྤྱོད་འབྲས་ཟེར་བའི་ལུགས་ཀྱི་ལམ་མམ་སྒོམ་ཕུན་སུམ་ཚོགས་པ་ཞིག་ཡིན་གྱི། དེ་རྣམས་ཀྱི་ནང་ཚན་ཀྱི་གཞི་དེ་བཞིན་ཉིད་མ་ཡིན་དེ། སྐྱེ་འགག་བྱེད་པའི་ཕྱིར་རོ།། དེ་རྣམས་ཀྱི་ནང་ཚན་གྱི་ལམ་བསྒོམ་པས་བྱུང་བའི་འབྲས་བུ་མཐར་ཐུག་མ་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པ་དེས་སངས་རྒྱས་ཐོབ་ཟིན་པའི་ངེས་པ་མེད་པའི་ཕྱིར་རོ།།
ཡང་ཁ་ཅིག་ན་རེ། དེ་འདྲའི་གསལ་ལ་དྭངས་པའི་བློ་དེ་ཀ་གཞི་ཆོས་ཉིད་དང་འབྲས་བུ་ཆོས་སྐུ་ཡང་ཡིན། དེ་ཉིད་ཡུལ་ཡང་ཡིན་ཡུལ་ཅན་ཡང་ཡིན་གྱི་ཡུལ་ཡུལ་ཅན་གཉིས་མེད། དེའི་ཚེ་ཡུལ་ཡུལ་ཅན་གཉིས་སུ་འབྱེད་པ་ནི་རྟོག་གེ་སྐམ་པོའི་ཆོས་སྐད་དོ་ཞེ་ན། འོ་ན་ས་དང་བོ་རབ་ཏུ་དགའ་བ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱི་བསྒོམས་པའི་སྟོབས་ཀྱིས་བྱུང་བའི་བློ་ཐམས་ཅད་གཞི་དེ་བཞིན་ཉིད་དང་འབྲས་བུ་ཆོས་ཉིད་ཀྱི་སྐུ་ཡིན་པར་ཐལ་བར་འགྱུར་ཏེ། རྣམ་རྟོག་སྣ་ཚོགས་འབྱུང་བའི་སྒོམ་ཆེན་པ་དེས་རྣམ་རྟོག་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རྣམ་རྟོག་དེའི་ངོས་བཟུང་ཅིར་ཡང་མ་རྙེད་པར། ཅིར་ཡང་འཛིན་མེད་ཀྱི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཉམས་སྣང་ཁྱད་པར་ཅན་དང་བཅས་པའི་གསལ་ལ་དྭངས་བའི་བློ་དེ། གཞི་དེ་བཞིན་ཉིད་དང་འབྲས་བུ་ཆོས་ཉིད་ཀྱི་སྐུ་ཡིན་པར་ཁྱེད་འདོད་ཅིང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ།། འདོད་ན་རྒྱུ་སྐྱེན་གྱིས་བྱས་པའི་འཕགས་པའི་ས་དང་ལམ་དང་འབྲས་བུ་གཏན་མི་སྲིད་པར་ཐལ་བར་འགྱུར་ཏེ། གལ་ཏེ་འདོད་དེ། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ་ས་ལམ་རྩི་བའི་རྨོངས་པ་འཁྲུལ། ཞེས་བླ་མ་ཞང་གིས་གསུངས་པ་ལྟར་ཡིན་ནོ་ཞེ་ན། མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པའི་ལུང་ལ་ཡིད་ཆེས་བྱེད་པར་རིགས་ཀྱི། བླ་མ་ཞང་ལྟ་བུ་གང་ཟག་ཕུན་སུམ་ཚོགས་པ་ཡིན་མཆིས་མོད། དེ་དང་དེའི་རིགས་ཅན་གྱི་ལུང་ཚད་མར་བཞག་དཀའ་སྟེ། ཆོས་བཅུ་བའི་མདོར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ།། ཞེས་ལུང་དེའི་དོན་ལ་གནོད་པ་མེད་ཅིང༌།། ལུང་དོན་སོ་སྐྱེའི་འཕགས་པའི་ཚད་མས་གྲུབ་པའི་ལུང་ཞིག་ལུང་ཚད་མར་ཁས་བླངས་བར་བྱའོ།། མ་བརྟགས་པར་གུས་པ་ཙམ་གྱིས་ལུང་ལ་འཇུག་པར་བྱ་བ་མ་ཡིན་པར་གསུངས་ཏེ། དེ་ལྟར་ཞུགས་ན་ལྟ་སྒོམ་སྤྱོད་འབྲས་ཕྱིན་ཅི་ལོག་ཏུ་འགྱུར་སྲིད་པའི་ཕྱིར་ཞེས་དགོངས་སོ།། བཀའ་མདོ་རྒྱུད་རྣམ་པར་དག་པ་དུ་མར། ས་ལམ་གྱི་རྣམ་བཞག་མངོན་པར་རྟོགས་པའི་རིམ་པ་དུ་མ་བསྟན་པའང་ཡིད་ཆེས་པར་བྱ་དགོས་སོ།། ས་སྐྱ་པཎ་ཆེན་གྱི་སྡོམ་གསུམ་རབ་དབྱེར། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་རྩི་བའི་རྨོངས་པ་འཁྲུལ། །དེ་སྐད་ཟེར་བ་བསྟན་པ་ཡིན། །བདུད་ཚིག་ཡིན་པས་རྣ་བ་དགབ།། ཞེས་གསུངས་པ་ལྟར་དཔྱད་དགོས་སོ།། དེས་ན་ལམ་བགྲོད་པ་མྱུར་བུལ་གྱི་ཁྱད་མ་གཏོགས། ས་ལམ་རིམ་གྱིས་བགྲོད་དགོས་པ་མདོ་རྒྱུད་མང་པོར་གསུངས་ཤིང༌། འཕགས་པ་ཀླུ་སྒྲུབ་ཀྱི། དབུ་མ་རིན་ཆེན་ཕྲེང་བ་སོགས་དང༌། ཟླ་གྲགས་སོགས་ཀྱི་དབུ་མ་འཇུག་པ་ལ་སོགས་དབུ་མའི་བསྟན་བཅོས་མང་བོ་དང༌། བྱམས་ཆོས་ལྔ་ལ་སོགས་པའི་ཆོས་སྡེ་ཉི་ཤུ་སོགས་དང༌། གསང་འདུས་རིམ་ལྔ། སེམས་འགྲེལ་སྐོར་གསུམ། ལམ་འབྲས་ལ་སོགས་པའི་མན་ངག་དུ་མར་ས་ལམ་རིམ་གྱིས་བགྲོད་དགོས་པར་བཤད་དོ།། ཡང་དེ་འདྲའི་གནས་སྐབས་སུ་ཡུལ་ཡུལ་ཅན་གཉིས་མེད་ཟེར་བའང་མི་འཐད་དེ། དེ་འདྲའི་རྣལ་འབྱོར་དེའི་རྒྱུད་ལ་དེའི་དུས་ན་ཡུལ་ཡུལ་ཅན་གཉིས་སུ་འཛིན་པའི་རྣམ་རྟོག་མངོན་འགྱུར་བ་མེད་པར་ཟད་ཀྱིས་ཡུལ་ཡུལ་ཅན་གཉིས་མེད་པ་མ་ཡིན་ཏེ། དེའི་ཡུལ་དེ་བཞིན་ཉིད་ཡིན་པར་ཁྱོད་འདོད་ཅིང་རྒྱུད་བླར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་པས། དེ་བཞིན་ཉིད་ནི་སྔར་ནས་ཡོད། །དེ་འདྲའི་གསལ་ལ་དྭངས་པའི་བློ་དེ་རྣམ་པར་མི་རྟོག་པའི་བསྒོམ་ཏིང་ངེ་འཛིན་ཡིན་པར་ཁྱེད་ཀྱང་འདོད་ཅིང་དོན་ལའང་དེ་ལྟར་ཡིན་པས་གསར་བྱུང་ཡིན་པའི་ཕྱིར་རོ།། ཡང་དེའི་ཚེ་ཡུལ་ཡུལ་ཅན་གཉིས་སུ་མེད་ན། ས་བཅུ་ལམ་ལྔའི་གནས་སྐབས་ཐམས་ཅད་དུ་ཡུལ་ཡུལ་ཅན་གཉིས་སུ་མེད་པར་འགྱུར་རོ།། འདོད་ན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་རྣམ་དབྱེ་མེད་པར་འགྱུར། སངས་རྒྱས་སའི་མདོར། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་ཏེ། དེ་བཞིན་ཉིད་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཞེས་སོགས་ཀྱི་རྣམ་དབྱེ་མཛད་པའང་མི་འཐད་པར་འགྱུར། མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་བར། ཡེ་ཤེས་ཀྱི་ཡུལ་ནི་རྣམ་པ་གཉིས་ཏེ། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ་ཞེས་སོགས་ལུང་རིགས་མཐའ་ཡས་པས་གནོད་དེ། དེས་ན་དེ་སྐད་སྨྲ་བའི་སློབ་དཔོན་དེ་དག་གིས། གཉིས་འཛིན་གྱི་རྣམ་རྟོག་མེད་པ་དང༌། གཉིས་མེད་ཀྱི་ཁྱད་མ་ཕྱེ། ཡུལ་དེ་བཞིན་ཉིད་དང༌། ཡུལ་ཅན་ཡང་དག་པའི་བསྒོམ་བྱུང་གི་ཡེ་ཤེས་རྣལ་འབྱོར་བའི་རྒྱུད་ལ་རིམ་བཞིན་འབྱུང་བར་མདོ་རྒྱུད་བསྟན་བཅོས་དུ་མ་ལས་བཤད་པ་མ་མཐོང་ཞིང༌། ཅུང་ཟད་མཐོང་ཡང་རང་རིགས་རྒན་པོའི་ཚིག་རྒྱུན་ལ་ཡིད་ཆེས་བྱེད་ཀྱི། མདོ་རྒྱུད་བསྟན་བཅོས་ཀུན་བཤད་པ་ཚིག་སྐམ་ཙམ་ཡིན་ཟེར་རས་སུ་བོར་རོ།། །།
བདེན་པ་གཉིས་ལ་བདེན་ལུགས་སྣང་ལུགས་འཁྱུལ་ལུགས་ཀྱི་ཁྱད་མ་ཕྱེད་རང་བཞིན་དང་བཅོས་མ། གཉུག་མ་དང་གློ་བུར་བ། མཉམ་བཞག་དང་རྗེས་ཐོབ། ཆོས་ཅན་དང་ཆོས་ཉིད། རྟོག་པ་དང་རྟོག་མེད། འདུས་བྱས་དང་འདུས་མ་བྱས། རྟག་མི་རྟག རྣམ་ཤེས་དང་ཡེ་ཤེས། དྲང་དོན་དང་ངེས་དོན་ལ་སོགས་གསུངས་རབས་ཀྱི་དོན་ལ་བློ་ཁ་མི་ཕྱོགས་པའི་བླུན་གཏམ་དུ་ཟད་དོ།། རྣམ་རྟོག་རང་ངོ་ཤེས་པའི་ཆོས་སྐུར་འདོད་པའི་དྲི་བ་གཉིས་བཀག་ནས། གསུམ་པ་དེ་བདེན་མེད་ཀྱི་དེ་བཞིན་ཉིད་ཤེས་པ་ལ་འདོད་ན། ཡིད་ཆེས་པའི་ལུང་ལ་བསྟེན་ནས་རྣམ་རྟོག་བདེན་མེད་ཀྱི་དེ་བཞིན་ཉིད་དོན་སྤྱིའི་ཚུལ་གྱིས་ཤེས་པའི་བློའམ། དེ་འདྲའི་དེ་བཞིན་ཉིད་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ལ་འདོད། དང་བོ་ལྟར་ན་དེ་འདྲའི་བློ་དེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མ་ཡིན་པར་ཐལ་བར་འགྱུར་ཏེ། རྣམ་རྟོག་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ།། གཉིས་པ་ལྟར་ན་དེ་ལྟར་ཤེས་པའི་འདུས་བྱས་ཀྱི་ཡེ་ཤེས་ཞིག་(ཡིན་ནམ་)འདུས་མ་བྱས་ཀྱི་ཡེ་ཤེས་ཞིག་ཡིན། དང་བོ་ལྟར་ན་དེ་ཡང་ཆོས་ཉིད་ཀྱི་སྐུ་མིན་པར་ཐལ་བར་འགྱུར་ཏེ། འདུས་བྱས་ཡིན་པའི་ཕྱིར། མདོ་རྒྱན་དུ། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད།། ཅེས་ཆོས་ཉིད་ཀྱི་སྐུ་རང་བཞིན་གྱིས་རྟག་པར་བཤད་དོ།། གང་ལྟར་ཡང་དོན་དམ་ཆོས་སྐུ་འདུས་བྱས་མིན་པར་བཀའ་བསྟན་བཅོས་དྲི་མ་མེད་པ་དུ་མ་ལས་བཤད་དོ།། གལ་ཏེ་དེ་འདྲའི་འདུས་བྱས་ཀྱི་ཡེ་ཤེས་དེ་སངས་རྒྱས་ཀྱི་ཆོས་སྐུ་དངོས་ཡིན་ན། དེ་འདྲའི་སྒོམ་ཆེན་པ་དེ་སངས་རྒྱས་ཐོབ་ཟིན་པར་མཐའ་གཅིག་ཏུ་ཁས་བླངས་དགོས་སོ།། དེ་ལྟར་ཡིན་ནོ་ཞེ་ན། འོ་ན་སྟོབས་བཅུ་མི་འཇིགས་པ་བཞི། མངོན་ཤེས་དྲུག་སོགས་ཀྱི་མཐར་ཕྱིན་པར་ཐོབ་པར་འགྱུར་ཞིང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པར་འགྱུར་རོ།། དེ་ལྟར་ཡིན་ནོ་ཞེ་ན་ཤིན་ཏུ་ལེགས་ཏེ། མངོན་པའི་ང་རྒྱལ་ལམ་སྟོང་འུད་དུ་མ་གྱུར་ཅིག དུས་འཁོར་འགྲེལ་ཆེན་དུ། དེའི་ཕྱིར་སྒྲིབ་པ་མེད་པའི་ཆོས་མངོན་སུམ་དུ་བྱས་པར་གྱུར་ན་རྣལ་འབྱོར་བའི་ཐམས་ཅད་མཁྱེན་པར་འགྱུར་ཏེ་ཞེས་སོ།། གལ་ཏེ་རྟག་པ་གཉིས་པ་ལྟར་ན། དེ་འདྲ་དེ་དེ་ལྟར་ཤེས་པའི་འདུས་མ་བྱས་ཀྱི་ཡེ་ཤེས་ཡིན་ན། སངས་རྒྱས་ཀྱི་ཆོས་སྐུ་ཡིན་པར་འགྲུབ་མོད། དེ་འདྲའི་ཡེ་ཤེས་དེ་བསྒོམ་པའི་སྟོབས་ཀྱིས་བྱུང་བའི་ཡེ་ཤེས་མ་ཡིན་པར་ཐལ་བར་འགྱུར་༼ཏེ༽། འདུས་བྱས་ཡིན་པའི་ཕྱིར། འདོད་ན་རབ་དགའ་ལ་སོགས་པའི་ས་བཅུ་དང༌། ལམ་ལྔའི་མངོན་རྟོགས་ཐམས་ཅད་ཀྱང་བསྒོམ་པའི་སྟོབས་ཀྱིས་སྐྱེ་བ་མ་ཡིན་པར་འགྱུར་བ་སོགས་ཀྱི་སྐྱོན་གོང་དུ་བརྗོད་ཟིན་ཏོ།། གཞན་ཡང་དེ་འདྲའི་ཡེ་ཤེས་དེ་འདུས་བྱས་མ་ཡིན་ན། འདུས་བྱས་ཡིན་པ་གཏན་མི་སྲིད་པར་ཐལ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ།། མདོར་ན་སྣང་བ་ཆོས་སྐུ་ཞེའམ། རྣམ་རྟོག་ཆོས་སྐུ་ཞེས་པའམ། རྣམ་རྟོག་གི་ངོ་བོ་ཆོས་སྐུ་ཞེས་འདོད་པ་རྣམས་ཕུགས་གནད་གཅིག་པས་གཅིག་ལ་གནོད་བྱེད་བཀོད་པའི་ལུང་རིགས་རྣམས་གཞན་ལའང་ཅི་རིགས་པར་སྦྱར་རོ།། ཡང་ཁ་ཅིག་སེམས་ཅན་གྱི་ཕུང་བོ་ལྔ་རྒྱལ་བ་རིགས་ལྔ་ཡིན། ཉོན་མོངས་ལྔ་ཡེ་ཤེས་ལྔ་ཡིན་ཏེ། རྒྱུད་སྡེ་དུ་མར། གཟུགས་རྣམ་སྣང༌། ཚོར་བ་རིན་འབྱུང༌། ཞེས་སོགས་ལན་དུ་མར་འགྱུར་ཞིང༌། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སོགས་མང་དུ་གསུངས་པའི་ཕྱིར་ཞེ་ན། སེམས་ཅན་གྱི་ཕུང་བོ་ལྔ་དང༌། ཉོན་མོངས་པ་ལྔ་མོས་པ་ཡིད་བྱེད་ཀྱིས་བསྐྱེད་པའི་རིམ་པ་དང༌། དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་རྫོགས་པའི་རིམ་པའི་རྣལ་འབྱོར་རྣམས་ཀྱིས་རིམ་གྱིས་སྦྱངས་ཤིང་སྤངས་པ་ལས་རྒྱལ་བ་རིགས་ལྔ་དང༌། ཡེ་ཤེས་ལྔ་མངོན་དུ་འགྱུར་བ་ལ་དགོངས་པས། གསུངས་དེ་དག་དྲང་དོན་དགོངས་པ་ཅན་ཡིན་གྱི། སྒྲ་ཅི་བཞིན་པའི་ངེས་པའི་དོན་མ་ཡིན་དེ། དགོངས་གཞི་ཕུང་བོ་ལྔའི་དེ་བཞིན་ཉིད། རྒྱལ་བ་རིགས་ལྔའི་དེ་བཞིན་ཉིད། ཉོན་མོངས་ལྔའི་དེ་བཞིན་ཉིད་ཡེ་ཤེས་ལྔའི་དེ་བཞིན་ཉིད་ཡིན་པ་ལ་དགོངས་པའམ། སེམས་ཅན་གྱི་ཕུང་བོ་ལྔ་དང་ཉོན་མོངས་ལྔ་པོ་རིམ་པ་བཞིན། རྒྱལ་བ་རིགས་ལྔ་དང༌། ཡེ་ཤེས་རྣམ་པ་ལྔ་མངོན་དུ་བྱེད་པའི་སྦྱང་བྱའི་དྲི་མ་ཡིན་པ་ལ་དགོངས། དགོས་པ་ནི་སེམས་ཅན་ཕུང་བོ་ལྔ་དང་ཉོན་མོངས་ལྔའི་དེ་བཞིན་ཉིད་རྒྱལ་བ་རིགས་ལྔའི་དེ་བཞིན་ཉིད་ཡིན་པས་རང་གི་ངོ་བོ་ལ་གོས་པའི་དྲི་མ་སྔར་མེད། བསལ་བྱ་མེད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཟབ་མོའོ་ཞེས་རྟོགས་པའི་ཆེད་ཡིན། དངོས་ལ་གནོད་བྱེད་ནི་སེམས་ཅན་འདི་ཐམས་ཅད་ཀྱིས་མི་གནས་པའི་མྱང་འདས་ཐོབ་ཟིན་པར་ཐལ་བ་དང༌། རྫོགས་པའི་སངས་རྒྱས་ཐོབ་པའི་དོན་དུ་ཚོགས་གཉིས་བསགས་མི་དགོས་པར་ཐལ་བ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དང༌། ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་དང༌། བྱང་ཕྱོགས་སོ་བདུན་རིམ་གཉིས་ཀྱི་རྣལ་འབྱོར་སོགས་ལ་ནན་ཏན་བྱ་མི་དགོས་པ་སོགས་སྐྱོན་མཐའ་ཡས་སོ།། དེའི་ཕྱིར་ངེས་དོན་གྱི་ལུང་རྣམ་དག་དང་ཡང་ཤིན་ཏུ་འགལ་ཏེ། མཚན་བརྗོད་དུ། ཉོན་མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་སྤང་བའི་ཕྱིར།། ཞེས་དང༌། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ།། ཞེས་དུ་མ་དང༌། དུས་འཁོར་བསྡུས་རྒྱུད་དུ། གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་མཉམ་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་མཉམ་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་མཉམ་པ་ཉིད་དུ་གྱུར་བ་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་མཉམ་པ་ཉིད་དུ་གྱུར་བ་དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ།། ཞེས་སོགས་དང༌། གཏི་མུག་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་སྤྱན་མ་ཡིན་ཏེ་དེ་ནི་འཛིན་མ་ལའོ། །གང་དུ་ང་རྒྱལ་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་མ་མཱ་ཀི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་གོས་དཀར་མོ་སྟེ་དེ་ནི་མེ་ཉིད་དོ། །གང་དུ་ཕྲག་དོག་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་དེ་ནི་སྒྲོལ་མ་ཡིན་དེ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་མཉམ་པ་ཉིད་དུ་གྱུར་བ་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ།། ཞེས་དང༌། འགྲེལ་ཆེན་དུ། འདིར་ཐ་མལ་བའི་ཞེ་སྡང་ཟད་པའི་ཞེ་སྡང་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སྣ་ཚོགས་ཡུམ་ཞེས་པ་དང༌། དེ་བཞིན་གཏི་མུག་ཟད་པའི་གཏི་མུག་ཆེན་པོ་ལས་སྤྱན་ནའོ།། མཆོག་གི་སྙིང་རྗེ་མ་མཱ་ཀི་ནི་ང་རྒྱལ་ཟད་པའི་ང་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བར་གྱུར་ཏོ།། ཆགས་པ་ཟད་པའི་ཆགས་པ་ཆེན་པོ་ལས་དེ་ནི་གོས་དཀར་མོའོ།། ཕྲག་དོག་ཟད་པའི་ཕྲག་དོག་ཆེན་པོ་ལས་དེ་ནི་མཐའ་དག་ཡོན་ཏན་གཏེར་སྒྲོལ་མར་བྱུང་བར་གྱུར་ཏོ།། ཞེས་དང༌། ཡང་འདིར་ཀུན་རྫོབ་ཀྱི་ཆོས་འགག་པར་གྱུར་བ་ན་འདུ་བྱེད་གཞན་ལ་སོགས་པ་དེ་རྣམས་སོ།། དེས་ན་རྣམ་པར་དག་པའི་འདུ་བྱེད་ནི་དོན་ཡོད་གྲུབ་པ་སྟེ་འདུ་བྱེད་ཀྱི་སྒྲིབ་པ་ཟད་པས་སོ།། ཞེས་ནས་སླར་ཡང་མི་བསྐྱོད་པ་ལ་སོགས་པ་འདི་རྣམས་ནི་རི་བོང་ཅན་ཞེས་པ་ཁུ་བ་དང༌། སྟོབས་ཞེས་པ་ཤ་དང་ཁྲག་དང་གཅི་བ་དང་བཤང་བ་སྟེ། འདི་རྣམས་རྣམ་པར་དག་ཅིང་སྒྲིབ་པ་མེད་པས་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་བོ་ལྔ་རྣམ་པར་དག་པར་འགྱུར་རོ་ཞེས་དང༌། དེ་བཞིན་དུ་ཉོན་མོངས་པ་བཞི་ཟད་པས་ཞབས་གཡོན་པའི་འོག་ཏུ་དྲག་པོ་དག་པའོ།། བདུད་ཀྱི་ཚོགས་ཟད་པས་ཞབས་གཡས་པས་འོག་ཏུ་བདུད་དག་པའོ།། ལུས་གྱི་སྒྲིབ་པ་ཟད་པས་དུང་དག་པའོ།། ངག་གི་སྒྲུབ་པ་ཟད་པས་གནྚི་དག་པའོ།། སེམས་ཀྱི་སྒྲིབ་པ་ཟད་པས་ནོར་བུ་དག་པའོ།། ཡེ་ཤེས་ཀྱི་སྒྲིབ་པ་ཟད་པས་དཔག་བསམ་གྱི་ཤིང་དག་པ་སྟེ་སྐུའི་རྡོ་རྗེ་ལ་སོགས་ཀྱིས་སོགས་ཞེས་དང༌། ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་ནི་རྒྱུ་དང་འབྲས་བུ་སའི་བདག་ཉིད་དེ། དེ་ལ་ལྔ་ནི་རྒྱུའི་ཆོས་སོ།། བདུན་ནི་འབྲས་བུའི་ཆོས་སོ།། རྒྱུའི་ཆོས་ནི། ཉོན་མོངས་པ་དང༌། ལས་ཀྱི་བདག་ཉིད་དོ།། འབྲས་བུའི་ཆོས་ནི་སྡུག་བསྔལ་གྱི་བདག་ཉིད་དེ། འཇིག་རྟེན་ཁམས་ཀྱི་ལེའུར་གསུངས་སོ།། རྒྱུ་དང་འབྲས་བུ་ཆོས་དེ་རྣམས་ཀྱི་དག་པ་ནི། དུས་ཀྱི་དག་པ་སྟེ་རྒྱུ་དང་འབྲས་བུ་འགགས་པའི་དག་པའི་རྡོ་རྗེ་ཅན་ཏེ། དལ་གྱི་དབང་བོ་དུས་ཀྱི་འཁོར་ལོ་རྣམ་པར་དག་པའོ།། ཞེས་སོགས་དང༌། འདིར་རྨོངས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་ལུས་ནི་སངས་རྒྱས་ཀྱི་སྤྲུལ་བའི་སྐུའོ་ཞེས་བརྗོད་པར་བྱ་བ་གང་ཡིན་པ། གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིགས་པ་འདི་ནི་དེ་བཞིན་གཤེགས་པའི་གསུངས་མ་ཡིན་ནོ།། གལ་ཏེ་དོན་དམ་པའི་བདེན་པར་སེམས་ཅན་རྣམས་ཀྱི་ལུས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་ན་དེའི་ཚེ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་སྔོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པར་འགྱུར་ཏེ། སྔོན་དུ་རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཀྱི་སླད་དུ་ཐོས་པ་དང་བསམ་པ་དང་སྒོམ་པ་དང་སྦྱིན་པ་ལ་སོགས་པའི་བྱ་བ་དོན་མེད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་ལས་ཉོན་གྱི་དབང་གིས། སྐྱེ་བ་དང་འགག་པ་༼སྟེ་འཆི་བ།༽ མེད་པར་འགྱུར་རོ།། འཁོར་བ་བདེ་བ་དང་སྡུག་བསྔལ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་གནོད་པ་མེད་པར་འགྱུར་རོ།། མངོན་པར་ཤེས་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱོར་བ་རྣམས་དང་ལྡན་པར་འགྱུར་རོ།། འདི་ནི་མཐོང་བ་དང་ཐོས་པ་དང་རྗེས་སུ་དཔག་པ་དང་དེ་བཞིན་གཤེགས་པ་ལུང་བསྟན་པ་ཡང་མེད་དོ།། དེའི་ཕྱིར་སེམས་ཅན་རྣམས་ནི་སངས་རྒྱས་སུ་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང༌། འཁོར་བར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ།། ཞེས་སོགས་དུ་མ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ།། ཞེས་སོགས་མཐའ་ཡས་པ་གསུངས་སོ།། གལ་ཏེ་བསྒོམ་པའི་སྟོབས་ཀྱིས་ཕུང་བོ་ལྔ་རིགས་ལྔར་འགྱུར་ཏེ། དང་བོར་མངོན་བྱང་ལྔ་ལ་སོགས་པའི་སྒོ་ནས་ལྷའི་སྐུ་ཡོངས་སུ་རྫོགས་པར་བསྒོམས་ཤིང༌། དེ་ཉིད་ཤིན་ཏུ་གོམས་པར་བྱས་པའི་དབང་གིས་བསྒོམ་པ་པོའི་ལུས་འདི་ཉིད་རྣམ་སྣང་ལ་སོགས་པའི་སྐུར་འགྱུར་ཏེ། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བྱེད་པ་བཞིན་ཞེས་པ་རྡོ་རྗེ་ཐེག་པའི་དགོངས་པ་ཡིན་ཞིང༌། སྤྱོད་འཇུག་ལས་ཀྱང༌། གསེར་འགྱུར་རྩིའི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན།། ཞེས་པ་ལྟར་རོ།། ཞེ་ན་འོ་ན་མངོན་བྱང་ལྔ་ལ་སོགས་པའི་སྒོ་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་བསྐྱེད་རིམ་རྣམ་པར་རྟོག་པའི་བསྒོམ་པ་ཙམ་ཉིད་ཀྱིས་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པའི་བསྐྱེད་རིམ་རྣམ་པར་རྟོག་པའི་བསྒོམ་པ་གོམས་པ་ཙམ་ནི་བསོད་ནམས་ཀྱི་ཚོགས་ཡིན་གྱི་ཡེ་ཤེས་ཀྱི་ཚོགས་མ་ཡིན་པས་འཇིག་རྟེན་པའི་དངོས་གྲུབ་ཀྱི་རྒྱུ་ཙམ་ཡིན་གྱི། དེ་ཙམ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོས་ཅིང་མཆོག་གི་དངོས་གྲུབ་འཐོབ་པ་ལ་ཡེ་ཤེས་ཀྱི་ཚོགས་རྫོགས་རིམ་ཟབ་མོ་དགོས་སོ།། ཞེས་དུས་འཁོར་བསྡུས་རྒྱུད་དུ། ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ།། ཞེས་དང༌། མངོན་སུམ་མིན་ན་རྗེས་སུ་དཔག་པའི་ཤི་པའི་ལུས་བཞིན་དེ་བཞིན་མིན་པ་ཡིས་ནི་བརྟག་པ་གང༌།། ཞེས་སོགས་ཏེ། འདིར་རྗེས་སུ་དཔག་པའི་བསྒོམ་པ་ཞེས་བསྐྱེད་རིམས་རྟོག་བསྒོམ་ལ་བཤད་དོ།། འགྲེལ་ཆེན་དུ། མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གོམས་པས་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ།། ཞེས་དང༌། གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གོམས་པར་གྱུར་བས་ནི། གྲུབ་པ་འཇིག་རྟེན་པ་རྣམས་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག། ཅེས་དང༌། བསྐྱེད་པའི་རིམས་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་བསྒྲུབ་ཐབས་གཞན་ཡོད་མིན།། ཞེས་དང༌། ཨ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད།། ཅེས་དང༌། དཔའ་བོའི་རིམ་པ་བདག་བྱིན་རླབས་པ་ཡི། །རིམ་པ་དག་ཅིང་ཐར་བའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་བའི་དོན་དུ་སངས་རྒྱས་རྣམས་ཀྱིས་གསུངས།། ཞེས་དང༌། འོན་ཏེ་བསྒོམ་པ་གོམས་པའི་དབང་གིས་ཕུང་བོ་དང་ཁམས་སྐྱེ་མཆེད་མང་བོ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་༼འདིར་རྣམ་པ་ཞེས་པ་ནི་ངོ་བོའམ་དངོས་པོ་ཉིད་ལ་ཟེར༽། འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།།
འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་གོམས་པའི་དབང་གིས་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་༼ཏེ་དངོས་པོར༽འགྱུར་ལ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བས་གསུངས་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་པའི་ཕྱིར་རོ།། འདིར་གལ་ཏེ་རྣལ་འབྱོར་བ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་གཏོགས་པར་བསྒོམ་པ་གོམས་པའི་དབང་གིས། ཕུང་བོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཞིང་རྣམ་པར་རྟོག་པའི་བསྒོམ་པའི་དབང་གིས་སངས་རྒྱས་ཉིད་དུ་ཡང་འགྱུར་ན། དེའི་ཚེ་བསོད་ནམས་དམན་པ་གཞན་ཞིག་ང་ནི་རྒྱལ་བོ་ཞེས་སེམས་པར་བྱེད་པ་དེ་ཡང་གོམས་པ་ལས་བསོད་ནམས་ཀྱི་ཚོགས་མ་གཏོགས་པར་རྒྱལ་བོར་འགྱུར་ཏེ། འདི་ནི་མཐོང་བ་ཡང་མེད་དོ།། ཇི་ལྟར་ལོག་པའི་རྣམ་པར་རྟོག་པས་བསོད་ནམས་ཀྱི་ཚོགས་དང་བྲལ་བ་རྣམ་པར་རྟོག་པའི་རང་བཞིན་བསྒོམ་པ་གོམས་པའི་དབང་གིས། རྒྱལ་བོར་མི་འགྱུར་བ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པའི་རྣལ་འབྱོར་བ་རྣམ་པར་རྟོག་པ་གོམས་པའི་དབང་གིས། བསྐལ་བ་དུ་མ་རྣམས་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། བསོད་ནམས་དང་ཡེ་ཤེས་མེད་པའི་ཕྱིར་རོ།། ཞེས་སོགས་དང༌། དེ་ཕྱིར་རུལ་བའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་མི་ནུས་ཏེ། སྙིང་བོ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་སོགས་མང་ངོ༌།། དེ་ལྟ་བུའང་སེམས་ཅན་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟགས་ནས་ཡོངས་སུ་མི་འཛིན་ཅིང་སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡང་ཡོངས་སུ་བརྟགས་ནས་མི་བསྟེན་ཏེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་བ་སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་བའི་ལུས་སངས་རྒྱས་ཀྱི་སྐུར་འགྱུར་རོ།། ཞེས་པའི་བསམ་པ་བརྐམ་ཆགས་ཅན་རྣམས་ཞེས་སོགས་མང་ངོ༌།།
གཞན་ཡང་བསྐྱེད་རིམ་རྣམ་རྟོག་གི་བསྒོམ་པ་གོམས་པ་ཙམ་གྱིས་ཅིག་ཆར་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྣང་བ་ཡང་མེད་ཅིང༌། འཇིག་རྟེན་པའི་དངོས་གྲུབ་ཉི་ཚེ་བ་ཙམ་གྱི་རྒྱུ་ཡིན་ཞེས་གསུངས་ཏེ། གཞན་ཡང་རྣམ་པར་རྟོག་པའི་སེམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་གནས་པ་མེད་དེ་གང་གི་ཕྱིར། སྐྱེ་བ་དང་འགག་པའི་ཆོས་ཉིད་ཀྱི་ཕྱིར་རོ།། འདིར་སྐད་ཅིག་གང་ལ་རྣལ་འབྱོར་བས་གཙོ་པོ་བསྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་ཤར་ལ་སོགས་པའི་ལྷ་རྣམས་མེད་ཅིང༌། སྐད་ཅིག་གང་ལ་ཤར་གྱི་ལྷ་བསྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་གཙོ་བོ་ལ་སོགས་པ་མེད་དེ། དེ་ལྟར་རིམ་པས་ལྷ་རྣམས་ཐམས་ཅད་མེད་དོ།། གང་གི་ཚེ་སྔོན་པོའི་ཞལ་བསྒོམ་པར་བྱེད་པ་དེའི་ཚེ་དམར་བོ་ལ་སོགས་པའི་ཞལ་རྣམས་མེད་ཅིང༌། གང་གི་ཚེ་དམར་བོའི་ཞལ་བསྒོམ་པར་བྱེད་པ་དེའི་ཚེ་སྔོན་པོ་ལ་སོགས་པ་རྣམས་མེད་དོ།། དེ་ལྟར་རིམ་པས་ཞལ་ཐམས་ཅད་མེད་དོ།། གང་གི་དུས་ན་རྡོ་རྗེའི་མཚན་མ་བསྒོམ་པར་བྱེད་པ་དེའི་དུས་ན་རལ་གྲི་ལ་སོགས་པའི་མཚན་མ་རྣམས་མེད་ཅིང༌། གང་གི་ཚེ་རལ་གྲིའི་མཚན་མ་བསྒོམ་པར་བྱེད་པ་དེའི་ཚེ་རྡོ་རྗེ་ལ་སོགས་པའི་མཚན་༼མ༽རྣམས་མེད་དོ།། དེ་ལྟར་རིམ་པས་མཚན་མ་ཐམས་ཅད་མེད་པར་འགྱུར་བའི་ཕྱིར་ཅི་ལྟར་ཡོད། བུམ་པའི་ཤེས་པ་འགགས་པར་གྱུར་བ་ན་རྣམ་བུའི་ཤེས་པ་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། དཀྱིལ་འཁོར་གྱི་གཙོ་བོའི་ཤེས་པ་འགགས་པ་ན་ཤར་གྱི་ལྷའི་ཤེས་པ་སྐྱེ་བར་འགྱུར་ན། དེ་ལྟར་སྐྱེས་པ་རྣམས་ནི་སྐྱེས་པ་འགགས་པའི་ཕྱིར་མེད་ཅིང༌། མ་སྐྱེས་པ་རྣམས་ནི་མ་སྐྱེས་པའི་ཕྱིར་མེད་དོ།། སྐྱེས་པ་དང་མ་སྐྱེས་པ་དག་མེད་པའི་ཕྱིར་ཐམས་ཅད་མེད་དོ།། དེའི་ཕྱིར་རྣལ་འབྱོར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་རྟོག་པའི་བསྒོམ་པ་མི་བྱའོ།། ཞེས་དེ། འདི་དག་གིས་རྣམ་རྟོག་ཆོས་སྐུ་ཡིན་པ་དང་རྣམ་རྟོག་བསྒོམ་ལྷག་མཐོང་གི་གསལ་ཆ་ཡིན་པ་དང༌། རྣམ་རྟོག་གི་སྣང་བ་ཆོས་སྐུ་ཡིན་པ་ལ་སོགས་པའི་ངན་རྟོག་རྣམས་ཀྱང་རྨེག་མེད་པར་བྱས་སོ།། འོ་ན་རྫོགས་པའི་བྱང་ཆུབ་ཀྱི་ལམ་གཏན་ལ་འབེབ་པར་བསྐྱེད་རིམས་གསུངས་པ་དོན་མེད་དོ་ཞེ་ན། རྣལ་འབྱོར་བ་འགའ་ཞིག་མི་གཙང་བའི་ལུས་ཀྱིས་དྲེགས་ཤིང་ང་རྒྱལ། ཕུང་བོ་བདག་མེད་ཡིན་པ་ལ་བདག་གམ་བདག་གི་ལ་སོགས་པར་ཆགས་ཤིང་འཛིན་པའི་ངན་རྟོགས་རྣམས་སྤངས་བའི་དོན་དུ། མངོན་བྱང་ལྔ་ལ་སོགས་པའི་སྒོ་ནས་ལྷའི་སྐུ་རྫོགས་པར་བསྐྱེད་པའི་བསྐྱེད་རིམས་དཀྱིལ་འཁོར་གྱི་འཁོར་ལོ་ཁྱད་པར་ཅན་གྱི་ལྷ་བསྒོམ་པ་དང་སྔགས་བཟླས་པ་ལ་སོགས་པ། ཐབས་ཁྱད་པར་ཅན་གྱིས་སྒོ་གསུམ་གྱི་དྲི་མ་ཅི་རིགས་པ་སྦྱོང་ཞིང་དེའི་ངང་ནས་མི་འགྱུར་བའི་བདེ་བ་ལམ་དུ་བྱེད་པའི་རྣལ་འབྱོར་དང༌། སྦྲོས་མེད་ཀྱི་རྫོགས་རིམས་བསྒོམ་པས་འཚང་རྒྱ་བའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་ཁྱད་པར་ཅན་བསྒོམ་པའི་བསྐྱེད་རིམ་ཡང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཙམ་དུ་འགྱུར་དེ། འགྲེལ་ཆེན་དུ། འདིར་སེམས་ཅན་ཐམས་ཅད་ཤི་བའི་མཐར་ཤི་བའི་མཐའི་ཕུང་བོ་རྣམས་སྟོང་པ་ཉིད་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། རྣལ་འབྱོར་བ་རྣམས་ཀྱིས་མིའི་ཕུང་བོའི་ང་རྒྱལ་ཡོངས་སུ་སྤང་བའི་དོན་དང༌། ལྷའི་ཕུང་བོ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཞེས་པ་ནས། འདིར་ཉེ་བར་བསྐྱེད་པའི་ཆ་ཤས་ཅན་གྱི་ཕུང་བོ་ལྔས། མངལ་དུ་བྱིས་པའི་ལུས་རྫོགས་པ་ཇི་ལྟ་བ་དེ་བཞིན་དུ། དཀྱིལ་འཁོར་ལ་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པ་ལྔས་ལྷའི་སྐུ་ཡོངས་སུ་རྫོགས་པའོ།། ཞེས་དང༌། ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམས་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདངས་བུ་ལྟ་བུར་གསུངས།། ཞེས་དང༌། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས།། ཞེས་དང༌། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་གྱུར་བའི། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ།། ཞེས་སོ།། གལ་ཏེ་དེ་འདྲའི་བསྐྱེད་རིམ་ལྷའི་སྐུར་བསྒོམ་པ་གོམས་པས་གསེར་འགྱུར་གྱི་རྩིའི་སྟོབས་ཀྱིས་ལྕགས་གསེར་དུ་གྱུར་༼པ་༽བཞིན་དུ། ཐ་མལ་གྱི་ལུས་འདི་ཉིད་རྣམ་སྣང་ལ་སོགས་པའི་ལྷའི་སྐུར་གྱུར་བས་ལྷ་ཁྱད་པར་ཅན་བསྐྱེད་རིམ་བསྒོམ་པ་ཡང་འཚང་རྒྱ་བའི་ལམ་དུ་འདོད་པ་ཡིན་ནོ་ཞེ་ན། འབྱུང་བའི་ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ཅན་དུ་མདོ་ལས་གསུངས་པ་ལྟར་གྱི་ཁམས་དྲུག་ལྡན་པའི་ལུས་ཅན་གྱི་རྣལ་འབྱོར་བ་འགའ་ཞིག་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཐོབ་པའི་དབང་དུ་བྱས་ན། གོང་དུ་སྨོས་པ་ལྟར་མི་གཙང་བའི་ཕུང་བོའི་ང་རྒྱལ་གཞོམ་པ་དང༌། རྣམ་སྣང་ལ་སོགས་པ་ལྷའི་ཕུང་བོ་རྫོགས་པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཁྱད་པར་ཅན་གྱི་བསྐྱེད་རིམས་དང་བསྒོམ་པ་གོམས་པར་བྱས་པས་མི་གཙང་བའི་ཕུང་བོས་ང་རྒྱལ་ཞིང་ཆགས་པའི་ངན་རྟོག་ཅི་རིགས་པ་འགོག དེ་འདྲའི་བསྐྱེད་རིམས་ལ་གནས་ནས་བསྐྱེད་རིམ་གྱི་ཡན་ལག་ཏུ་འགའ་ཞིག་བཞེད་པའི་ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་བསྒོམ་ཞིང༌། གཙོ་བོར་རྫོགས་རིམས་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་བསྒོམ་པ་མཐར་ཐུག་པར་བྱས་པས། མི་གཙང་བའི་ལུས་ཤིན་ཏུ་ལྕི་ཞིང་རྣག་ཁྲག་ཤ་ཁྲག་ཤ་རུས་བརྡོས་བཅས་མ་དག་པའི་འཆི་རྫས་རྣམས་འགགས། རིམ་གཉིས་ཀྱི་རྣལ་འབྱོར་ཁྱད་པར་ཅན་བསྒོམས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་ཡང་ཞིང་དྭངས་ལ་ཐོགས་པ་མེད་ཅིང༌། ལུས་ཤིན་ཏུ་སྦྱངས་བའི་བདེ་བ་དང་ལྡན་པའི་ལུས་ཁྱད་པར་ཅན་ཞིག་གྲུབ་ཅིང་ཕྱིའི་དབྱིབས་སམ་ཤ་ཚུགས་སྔར་ཀྱི་ལུས་དེ་ལྟ་བུར་མངོན་པའི་སངས་རྒྱས་ཞིག་གི། དེ་ལྟའི་རིམ་གཉིས་ཀྱི་རྣལ་འབྱོར་ཤིན་ཏུ་བསྒོམ་སྟོབས་ཀྱིས་རིམས་ཀྱིས་མ་དག་པའི་རྣམ་རྟོག་འགག་ཅིང་མཐར་མ་དག་པའི་རྣམ་རྟོག་ཐམས་ཅད་ཟད་པར་འགྱུར་ལ། མི་གཙང་བའི་ལུས་འདི་ཡང་མ་དག་པའི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་དེ་ལས་མ་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་ཕྱིའི་དོན་བདེན་པར་གྲུབ་པ་མེད་པས་མཐར་སྔགས་ཀྱི་རྣལ་འབྱོར་བ་དེའི་མ་དག་པའི་ལུས་སེམས་ཐམས་ཅད་འགགས་ནས་འོག་མིན་དུ་ལོང་སྤྱོད་རྫོགས་པའི་སྐུ་རུུ་སངས་རྒྱས་པ་སྟེ།དེ་ཙམ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འཐོབ་པ་ཞེས་བཞེད་པར་མངོན་གྱི། མི་གཙང་བའི་ལུས་ཀྱི་རྫས་མ་སྤངས་བཞིན་དུ་ལུས་འདི་ཉིད་རྣམ་སྣང་ལ་སོགས་པའི་སྐུར་དངོས་སུ་འགྱུར་མི་སྲིད་ཅིང༌། སྤྱོད་འཇུག་གི་ལུང་དོན་ཡང༌། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུད་ལ་མ་སྐྱེས་ན། འཁོར་བར་མི་གཙང་བའི་ལུས་བརྒྱུད་མར་ལེན་ཅིང་སྡུག་བསྔལ་རྒྱུན་མི་འཆད་ལ། སེམས་རིན་པོ་ཆེ་དེ་རྒྱུད་ལ་ལན་ཅིག་ཙམ་སྐྱེས་ནའང༌། འཁོར་བ་ལས་མྱུར་པོར་ཐར་བར་འགྱུར་ན་རྒྱུན་དུ་གོམས་པར་བྱེད་ན་ལྟ་ཅི་སྨོས་དེས་ན་མི་གཙང་བའི་ལུས་འདིའི་རྟེན་ལ་དེ་འདྲའི་སེམས་རིན་པོ་ཆེ་འདི་བསྐྱེད་ཅིང་གོམས་པར་བྱས་ན། དགོས་འདོད་འབྱུང་བའི་སངས་རྒྱས་ཀྱི་སྐུ་ཐོབ་པ་ལ་དགོངས་ཀྱི། སེམས་འདི་སྐྱེས་མ་ཐག་ནས་མི་གཙང་བའི་ལུས་འདི་སངས་རྒྱས་ཀྱི་སྐུར་དངོས་སུ་གྱུར་བར་དགོངས་པ་མིན་ནོ།། གསེར་འགྱུར་རྩིས་ལྕགས་གསེར་དུ་བསྒྱུར་ནས་ད་ལྕགས་སུ་གཏན་མི་འདོགས་པའི་དབང་དུ་བྱས་ན། གསེར་འགྱུར་རྩིའི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ལྕགས་ཀྱི་རྫས་ཀྱི་གནས་སྐབས་འགགས་ནས། གསེར་གྱི་རྫས་ཀྱི་གནས་སྐབས་སྐྱེས་པ་ཡིན་གྱི། དེ་མ་འགགས་བཞིན་དུ་དེར་གྱུར་བ་མ་ཡིན་ནོ།། གལ་ཏེ་བསྐྱེད་རིམ་བསྒོམ་པས་མི་གཙང་བའི་ལུས་འདི་ཉིད་ཀ་སངས་རྒྱས་ཀྱི་སྐུར་འགྱུར་བ་དང༌། རྣམ་རྟོག་ཆོས་སྐུ་དང༌། སྣང་བ་ཆོས་སྐུར་འདོད་པ་དང༌། ལྕགས་ཀྱི་རྫས་ཀྱི་གནས་སྐབས་མ་འགག་བཞིན་དུ། གསེར་འགྱུར་གྱི་རྩིའི་སྟོབས་ཀྱིས་ལྕགས་གསེར་དུ་གྱུར་བར་འདོད་པ་རྣམས་ཀྱིས་ནི། ཡུམ་གྱི་མདོར། འཇིག་ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ཞེས་བྱའོ།། ཞེས་སོགས་དང༌། མདོ་གཞན་ལ(ས)་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཞེས་སོགས་གསུངས་པའི་དོན་ཡང་མ་གོ་ཞིང༌། བཀའ་བསྟན་བཅོས་དུ་མར་འདུས་བྱས་སྐད་ཅིག་མ་རྒྱུན་གྱིས་མི་རྟག་པར་བཤད་པའི་དོན་གཏན་ནས་མ་གོ་བར་ཟད་དོ།།
དེ་ལྟར་ན་སངས་རྒྱས་ཐོབ་པ་ལ་སྔར་གྱི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འགག་དགོས་ཏེ། དབུས་མཐའ་རྣམ་འབྱེད་དུ། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེ་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད།། ཅེས་སོགས་སྔར་རྒྱས་པར་ལུང་གིས་བསྒྲུབས་ཟིན་ཏོ།། ཁ་ཅིག་༼དུས་འཁོར་བ།༽ན་རེ། ལྷ་ཁྱད་པར་ཅན་གྱི་བསྐྱེད་རིམས་བསྒོམ་པ་འཚང་རྒྱ་བའི་ལམ་ཡིན་ན། སེམས་འགྲེལ་སྐོར་གསུམ་ལ་སོགས་པའི་སྔགས་ཀྱི་གཞུང་མང་བོར་བསྐྱེད་རིམ་ཀྱི་ཐུན་མོང་གི་དངོས་གྲུབ་ཀྱི་མཆོག་མི་འཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་གསུངས་པ་ཐམས་ཅད་ཀྱང་རྫོགས་རིམས་ཟབ་མོ་ཡེ་ཤེས་ཀྱི་ཚོགས་ཀྱིས་ཟིན་པའི་བསྐྱེད་རིམས་ཙམ་ཁོ་ནས་སངས་རྒྱས་མི་འཐོབ་པ་ལ་དགོངས་པ་དང༌། ལུང་ལ་ལར་བསྐྱེད་རིམས་ཙམ་གྱིས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་མི་འཐོབ་པ་ལ་དགོངས་ཀྱི། ཐེག་དམན་རང་རྒྱུད་པའི་ལམ་ལྟར་གཏན་ནས་སངས་རྒྱས་ཀྱི་ལམ་དུ་འགྱུར་མི་སྲིད་པ་ལ་དགོངས་པ་མ་ཡིན་ནོ།། དེས་ན་རྒྱུད་འགྲེལ་དེ་དག་དུ་བསྐྱེད་རིམས་སངས་རྒྱས་ཀྱི་ལམ་ཡིན་པ་དགག་པའི་གཞུང་གི་སྐབས་རྣམས་སུ་བསྐྱེད་རིམས་ཙམ་ཞེས་ཚིག་གཅིག་དགོངས་པ་ལ་ངེས་པར་གནས་ཏེ། དཔལ་ཆོས་ཀྱི་གྲགས་པས། དེར་སྦྱོར་༼ཁོ་ན་ཞེས་བའི་ཚིག༽མོད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར།། ཞེས་དང༌། བློ་དོན་འགའ་ལས་རྣམ་བཟློག་ནས། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་བཟུང་ཕྱིར་རོ།། ཞེས་བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་འོང་བ་ཁོ་ན་ཞེས་དངོས་སུ་མ་བརྗོད་ཀྱང་དེ་ལྟར་བརྗོད་པར་འདོད་ནས་བུམ་པར་ཆུ་འོང་ཅིག་ཞེས་སྨྲས་པས་བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་འོང་བ་ཁོ་ནར་སྟོན་ཅིང་གོ་ཞེས་སོགས་བཤད་པ་ལྟར་རོ།། དངོས་སུ་མ་སྦྱར་ཡང༌། ཚིག་ཀུན་ངེས་བཟུང་སྙིང་བོ་ཅན་ཡིན་པས་རྩོམ་པ་པོའི་འཆད་ལུགས་ཀྱི་སྐབས་ཀྱི་སྟོབས་ཀྱིས་སོ།། གཞན་དུ་ན་ནང་འགལ་དང་ལུང་རྣམ་དག་གི་གནོད་པ་དུ་མ་བྱུང་བའི་ཕྱིར་རོ།། ཇི་ལྟར་ཞེ་ན། གལ་ཏེ་སྒྲ་ཇི་བཞིན་དུ་རྣམ་པར་དག་པའི་རྒྱུད་དང་དྲི་མ་མེད་པའི་འགྲེལ་བ་རྣམས་ལས་གསུངས་པའི་ཁྱད་པར་ཅན་གྱི་དཀྱིལ་འཁོར་ཀྱི་འཁོར་ལོའི་བསྐྱེད་རིམ་བསྒོམ་པ་རྫོགས་པའི་སངས་རྒྱས་ཀྱི་རྒྱུའམ་ཐབས་གཏད་ནས་མིན་ན། དྲི་མ་མེད་པའི་རྒྱུད་དང་འབྲེལ་བ་མན་ངག་སོགས་ལས་གསུང་བའི་རྫོགས་རིམས་ཀྱི་རྣལ་འབྱོར་ཁྱད་པར་ཅན་དང༌། ཟུང་དུ་འཇུག་པའི་བསྐྱེད་རིམ་ཀྱི་སྒོམ་པ་སངས་རྒྱ་ཀྱི་ལམ་མ་ཡིན་པར་འགྱུར། གལ་ཏེ་དེ་འདྲ་དེ་བསྐྱེད་རིམ་ཡིན་ཡང་རྫོགས་རིམས་ཟབ་མོ་དེས་ཟིན་པས་སངས་རྒྱས་ཀྱི་ལམ་མོ་ཞེ་ན། དེ་ལྟར་ཡིན་མོད་དེའི་ཕྱིར་བསྐྱེད་རིམ་ཙམ་ཁོ་ནས་ཞེས་པ་དགོངས་པ་ཡིན་པར་འགྲུབ་པོ།། དེས་ན་རྒྱུད་འགའ་ཞིག་དང་སེམས་འགྲེལ་སྐོར་གསུམ་སོགས་སུ་བསྐྱེད་རིམ་གྱི་བསྒོམ་པ་མཆོག་གི་དངོས་གྲུབ་ཀྱི་ལམ་ཡིན་ཞེས་པའི་སྒྲུབ་བྱེད་མཐར་ཐུག་པ་དེ་རྣམ་རྟོག་གི་བསྒོམ་པ་ཡིན་པ་ཙམ་གསུངས་ཤིང༌། དེ་སྐད་གསུངས་པས་ཀྱང་བསྐྱེད་རིམ་ཙམ་ཁོ་ན་སངས་རྒྱ་བའི་ལམ་མིན་པའམ། བསྐྱེད་རིམ་ཀྱི་བསྒོམ་པ་སངས་རྒྱ་བའི་ལམ་གྱི་གཙོ་བོ་མ་ཡིན་པར་བསྟན་ཏེ། དེ་ལས་གཞན་དུ་རྣམ་རྟོག་གི་བསྒོམ་པ་ཡིན་པས་སངས་རྒྱས་ཀྱི་ལམ་དུ་གཏན་མི་འགྱུར་ན། སོ་སྐྱེ་རྣལ་འབྱོར་པ་རྣམས་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡང་འཚང་རྒྱ་བའི་ལམ་མ་ཡིན་པར་འགྱུར་ཏེ། རྟོག་བསྒོམ་ཡིན་པའི་ཕྱིར་རོ།། འདོད་མི་ནུས་༼ཏེ༽། འཕགས་པ་ཀླུས། སེམས་ཅན་སྡུག་བསྔལ་བདག་སྨིན་ཞིང༌། །བདག་བདེ་མ་ལུས་དེར་སྨིན་ཤོག། ཅེས་བརྗོད་ཅིང་བསྒོམ་པ་ལ་བསོད་ནམས་ཚད་མེད་ཅིང་སངས་རྒྱས་ཀྱི་རྒྱུ་རུ་གསུངས་པ་དང༌། ཡུམ་གྱི་མདོ་དང་མངོན་རྟོགས་རྒྱན་དུ། གཞན་གྱི་རྟེན་ཅན་སྦྱིན་སོགས་དང་ཞེས་རྣམ་སྨིན་གྱི་འབྲས་བུ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྨིན་པར་བསྔོས་པའི། སྦྱིན་སོགས་ལ་སྤྱོད་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གི་རྟག་སུ་བསྒྲུབས་ཤིང༌། སྤྱོད་འཇུག་ཏུ། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་(ར)མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད།། ཞེས་སོགས་དང་འགལ་ལོ།། གཞན་ཡང་བྱང་སེམས་སོ་སྐྱེ་རྣམས་ཀྱིས་ཚད་མེད་བཞིའི་བསྒོམ་པ་ཕལ་ཆེ་བ་དང༌། སྨོན་འཇུག་གི་སེམས་བསྐྱེད་ཕལ་ཆེ་བའང་འཚང་རྒྱ་བའི་ལམ་མ་ཡིན་པར་ཐལ་བར་འགྱུར་ཏེ། གཙོ་ཆེར་རྣམ་རྟོག་གི་བསྒོམ་པའམ་སྤྱོད་པའི་བྱ་བ་ལས་མ་འདས་པའི་ཕྱིར་རོ།། འདོད་མི་ནུས་ཏེ། ཚད་མ་ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་རང་འགྲེལ་དུ། རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་ལས་ཚད་མར་གྱུར་བ་སྟེ། རྒྱུ་ནི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ།། འབྲས་བུ་ནི་རང་གི་དོན་བདེ་གཤེགས་དང༌། གཞན་དོན་སྐྱོབ་པ་ལ་བཤད་ཅིང༌། བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ་ཞེས་པའི་དོན། དཔལ་ཆོས་ཀྱི་གྲགས་པས། སྒྲུབ་བྱེད་༼ཚད་མའི་སྐྱེས་བུ༽། ཐུགས་རྗེ་༼སྟེ་སྙིང་རྗེ་སྐྱེ་བ་དུ་མར།༽ གོམས་ལས་དེ་༼ཐུགས་རྗེ་འབྱུང་ངོ༌།།༽ཞེས་ཕན་བཞེད་པ་ཞེས་པ་ཐུགས་རྗེ་ལ་བཤད་ཅིང༌། ལྷ་དབང་བློ་གྲོས་སོགས་ཀྱིས། སེམས་ཅན་ཐམས་ཅད་ལ་མཉམ་པར་སྙོམ་པར་ཤིན་ཏུ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཞེ་སྡང་མེད་པའི་དགེ་བ་སྟེ། དེ་སངས་རྒྱས་ཀྱི་རྒྱུར་བཤད་ཅིང༌། བཤེས་སྤྲིངས་སུ། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང༌། །བཏང་སྙོམས་ཡང་དག་རྟག་ཏུ་སྒོམས་མཛོད་ཅིག །གོང་མ་བསྙེས་པ་མ་གྱུར་དེ་ལྟ་ནའང༌། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར།། ཞེས་པའི་འགྲེལ་བར་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམ་པས་ནི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ།། འོ་ན་དེ་ཅི་ཞིག་ལྟར་མྱ་ངན་ལས་འདས་པ་མ་ཐོབ་ན། འོན་ཀྱང་ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར་ཞེས་དང༌། སྡོང་བོ་བཀོད་པར། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། ཉེས་པ་ཐམས་ཅད་བསྲེག་པས་བསྐལ་བའི་མེ་ལྟ་བུའོ་ཞེས་སོགས་མཐའ་ཡས་པ་དང༌། སྤྱོད་འཇུག་བསླབ་བཏུས་མདོ་ཀུན་བཏུས་སོགས་བསྟན་བཅོས་དུ་མ་དང༌། མདོ་རྒྱུད་ཀྱི་ལུང་དུ་མ་ཡོད་པས་མང་བས་འཇིགས་པས་མ་བྲིས་སོ།། ཡང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་མང་བོར་གསུངས་པའི་བྱིས་པ་འཇུག་པའི་དབང་བདུན་དང༌། རྒྱ་གར་གྱི་པནྚི་ཏ་ཕལ་ཆེ་བའི་བསྡུས་པའི་རྒྱུད་ལ་བརྟེན་ནས་མཛད་པའི་དབང་གི་ཆོ་ག་དང༌། འཕགས་པའི་ས་མ་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་གདུལ་བྱ་སོ་སྐྱེ་སློབ་མ་ལ་བླ་མེད་ཀྱི་དབང་བཞི་ལ་སོགས་པ་དབང་སྐུར་བའི་ཆོ་ག་དང༌། ཆོས་སྤྱོད་བཅུའི་ཉམས་ལེན་ལ་སོགས་པ་ཕལ་ཆེ་བའང་འཚང་རྒྱ་བའི་ལམ་མ་ཡིན་པར་འགྱུར་ཏེ། གཙོ་ཆེར་རྣམ་རྟོག་གི་བྱ་བ་ལས་མ་འདས་པའི་ཕྱིར་དང༌། བདེ་དགྱེས་ལ་སོགས་པའི་བསྐྱེད་རིམ་བསྒོམ་པའི་སྔོན་དུ། བྱིས་པ་འཇུག་པའི་དབང་བདུན་ནམ་རིག་པའི་དབང་ལྔ་སོགས་བུམ་དབང་སྔོན་དུ་ངེས་པར་འགྲོ་དགོས་པར་གསུངས་ཤིང༌། ལྷ་ཁྱད་པར་ཅན་གྱི་བསྐྱེད་རིམ་གྱི་བསྒོམ་པ་སངས་རྒྱ་བའི་ལམ་གཏན་ནས་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ།། དེ་བས་ན་དུས་འཁོར་འགྲེལ་ཆེན་དུ། བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པ་ནི་རྣམ་པར་རྟོག་པའི་གཟུགས་བསྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་རོ།། འདིར་གལ་ཏེ་རྣལ་འབྱོར་བ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་གཏོགས་པར། བསྒོམ་པ་གོམས་པའི་དབང་གིས་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཞིང་རྣམ་པར་རྟོག་པའི་བསྒོམ་པའི་དབང་གིས་སངས་རྒྱས་ཉིད་དུ་ཡང་འགྱུར་ན། དེའི་ཚེ་བསོད་ནམས་དམན་པ་གཞན་ཞིག་ང་ནི་རྒྱལ་བོ་ཞེས་སེམས་པར་བྱེད་པ་དེ་ཡང་བསོད་ནམས་ཀྱི་ཚོགས་མ་གཏོགས་པར་ཡང་རྒྱལ་བོར་འགྱུར་ཏེ་འདི་ནི་མཐོང་བ་ཡང་མེད་དོ།། ཇི་ལྟར་ལོག་པའི་རྣམ་པར་རྟོག་པའི་བསོད་ནམས་ཀྱི་ཚོགས་དང་བྲལ་བར་རྣམ་པར་རྟོག་པའི་རང་བཞིན་བསྒོམ་པ་གོམས་པའི་དབང་གིས་རྒྱལ་བོར་མི་འགྱུར་བ་དེ་བཞིན་དུ། བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པའི་རྣལ་འབྱོར་བ་རྣམ་པར་རྟོག་པ་གོམས་པའི་དབང་གིས་བསྐལ་བ་དུ་མ་རྣམས་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་དེ། བསོད་ནམས་དང་ཡེ་ཤེས་མེད་པའི་ཕྱིར་རོ་ཞེས་ཚོགས་གཉིས་མ་གཏོགས་པར་ཞེས་དང༌། ཚོགས་གཉིས་ཀྱིས་དམན་ཞེས་སོགས་དམིགས་བསལ་གྱི་ཚིག་ཡང་ཡང་གསུངས་པ་འདིའི་བསྐྱེད་རིམ་སོགས་རྣམ་རྟོག་གི་བསྒོམ་པ་ཙམ་ཁོ་ནའམ། དེ་རྐྱང་བས་སངས་རྒྱས་མི་འཐོབ་ཅེས་དགོངས་པར་ངེས་སོ།། དེས་ན་སེམས་དཔའི་འགྲེལ་བ་སྐོར་གསུམ་ལ་ནི་ནོར་བ་ཅུང་ཟད་ཙམ་ཡང་མི་སྲིད་པས། དགོངས་པ་ཟབ་མོའི་དོན་ལ་ཀུ་ཤའི་རྩེ་མོ་ལྟར་ཕྲ་བའི་བློ་གྲོས་རྣམ་དག་གིས་དཔྱད་པར་བྱའོ།།
སྣང་བ་ཆོས་ཉིད་དུ་འདོད་པ་སོགས་དགག་པ།
ཡང་ཁ་ཅིག་༼རྫོགས་ཆེན་པ་༽སྣང་བ་འདི་ཀ་གཞི་མ་བཅོས་པའི་ཆོས་ཉིད་ཡིན་སེམས་ཅན་གྱིས་ངན་པར་བཏང་དུ་མེད། སངས་རྒྱས་ཀྱིས་བཟང་བོར་བསྒྱུར་དུ་མེད་ཞེས་པ་ལས་བརྩམས་ནས་པཎ་ཆེན་བྷི་མ་ལ་དང༌། ལོ་ཙྪ་བ་བེ་རོ་ཙ་ན་ལ་སོགས་པའི་ཐུགས་ཀྱི་ཉིང་ཁུ་ཡིན་ཟེར་བའི་ཁྲིད་ཟབ་ཟབ་པོར་འདོད་པ་རང་ཡང་བསྒོམ་ཞིང་ངོ་སྤྲོད་གཞན་ཡང་བསྒོམ་དུ་བཅུག་ནས་ངོ་སྤྲོད། དེ་འདྲའི་སྒོམ་རྒྱུད་ལ་སྐྱེས་ཤིང་ངོ་འཕྲོད་པའི་རྣལ་འབྱོར་བ་དེ་ཀུན་ཏུ་བཟང་བོར་སངས་རྒྱས་ཟིན་ཅིང༌། རྫུ་འཕྲུལ་རླབས་པོ་ཆེ་སྟོབས་ལ་སོགས་པའི་ནུས་པ་མེད་པ་ནི་ལུས་རྒྱས་བཅིངས་པ་ཡིན་ཏེ། ཁྱུང་སྒོ་ངའི་ནང་དུ་གཤོག་སྒྲོ་རྒྱས་ཡོད་ཀྱང་སྒོང་རྒྱས་བཅིངས་པས་འཕུར་མ་ནུས་པ་བཞིན་ནོ་ཞེས་ཟེར་རོ།། ཚོགས་གཉིས་ཡོངས་སུ་མ་རྫོགས་པར་སྐྱེས་བུ་སུས་ཀྱང་རྫོགས་པའི་སངས་རྒྱས་འཐོབ་མི་སྲིད་ཅིང༌། དེ་ཐོབ་ཟིན་པའི་སྐྱེས་བུ་ཡིན་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སྤྲུལ་བ་མཐའ་ཡས་པ་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟོན་པར་ནུས། བ་སྤུའི་ཁུང་བུ་རེ་རེ་ཡང་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་བཀོད་པ་སྟོན། སྐད་ཅིག་རེ་རེ་ལའང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྲངས་མེད་པ་ལ་སྙོམ་པར་འཇུག ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་ཤིང་ཐོག་བཞག་པ་ལྟར་མངོན་སུམ་དུ་མཁྱེན། རྡུལ་ཤིན་ཏུ་ཕྲ་བ་གཅིག་གི་ནང་དུ་ཡང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འཛུད་པར་ནུས་ལ། རྡུལ་ཕྲན་ཆེར་མ་སོང་སྟོང་གསུམ་ཆུང་ངུ༼ར༽་མ་སོང་བ་ལ་སོགས་པ་དང༌། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་གཅིག་ཆར་དུ་གཡོ་བར་བྱེད་ཅིང་འོད་ཀྱིས་སྣང་བར་ཡང་བྱེད་པ་སོགས་དང༌། བསྐལ་བའི་མེ་དབུགས་གཅིག་གིས་ཞི་བར་ནུས་པ་དང༌། རྣམ་པར་འཐོར་རླུང་སེན་མོ་གཅིག་གིས་ཁེབ་པར་ནུས་པ་ལ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་ནུས། རིའི་རྒྱལ་བོ་རི་རབ་ཀྱང་རྡུལ་ཕྲན་ཙམ་དུ་ཕྱེ་མར་གཏོང་ནུས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང༌། བརྗོད་དུ་མེད་པའི་ཡོན་ཏན་འཐོབ་པར་མདོ་རྒྱུད་རྣམ་དག་དུ་མ་ལས་གསུངས་པའི་ཕྱིར། རྫོགས་པའི་སངས་རྒྱལ་ཀུན་ཏུ་བཟང་བོ་ཡེ་ཤེས་ལྔའི་བདག་ཉིད་ཐོབ་པའི་གང་ཟག་མི་གཙང་བའི་ལུས་རྒྱ་འདིས་བཅིངས་ནས་རི་དྭགས་རྒྱར་འཐུམས་པ་བཞིན་ཕྱིར་འཐོན་པའི་ནུས་པ་ཉམས་སྟེ། བློས་མི་ལོངས་བཞིན་དུ་མི་གཙང་བའི་ལུས་ཀྱི་ནང་དུ་སྡོད་དགོས་པའི་བསྒོམ་བྱུང་གིས་སངས་རྒྱས་དེ་བསྙུན་མི་མངའ་བའམ། གནོད་པ་མ་མཆིས་སམ། ཟོ་མདོག་བདེའམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ། རྗེ་བཙུན་སྤྱན་རིས་གཟིགས་ཀྱིས་ཀྱང༌། འདིར་གལ་ཏེ་གདུག་པ་ཆེན་པོ་ཕ་རོལ་བསླུ་བར་བྱེད་པ་ཐམས་ཅད་མཁྱེན་པའི་བསྟན་པ་ལ་ཅོ་འདྲི་བར་བྱེད་པ། དམ་ཚིག་ཆེན་པོ་འདྲལ་བར་བྱེད་པ་མནར་མེད་པའི་དམྱལ་བར་འགྲོ་བ། མ་དག་པའི་སེམས་དང་ལྡན་པ་རྣམས་ཀྱི་སེམས་རྣམ་པར་དག་པ་ཡིན་ན་དེའི་ཚེ་དེ་རྣམས་རྣལ་འབྱོར་པའི་བྱ་བ་ཅིའི་ཕྱིར་མི་བྱེད་ཅེས་གསུངས་ཏེ། རྣལ་འབྱོར་བའི་བྱ་བ་མེར་ཞུགས་ཀྱང་མི་ཚུགས་པ་སོགས་ལ་བཤད་དོ།། དེས་ན་དེ་འདྲའི་སྒོམ་དང་ངོ་སྤྲོད་ལ་གཏིང་ཚུགས་པའི་ཡིད་ཆེས་བྱེད་པ་ཀྱེ་མ་འཇིག་རྟེན་མུན་པར་གྱུར་ཏོ།། ཡང་དེས་དེ་ཡང་ནོར་ཏེ། གཤོག་སྒྲོ་ཡོངས་སུ་རྒྱས་པའི་ནམ་མཁའ་ལྡང་གི་ལུས་སྟོབས་ལ་ལྷ་ཆེན་པོ་ཁྱབ་འཇུག་གིས་འགྲན་མ་ནུས་པར་གྲགས་པ་དང༌། ཁོ་གཤོག་པ་བརྡབ་པའི་རླུང་གི་ནུས་པས་རི་བོ་གངས་ཅན་གྱི་རྩེའི་ཁ་བའི་ཚོགས་བརྙིལ་པར་ནུས་པ་དང༌། རི་དྭགས་ཀྱི་རྒྱལ་བོ་སེངྒེ་ཡང་འཇོམས་པར་བྱེད་ནུས་པ་ལ་སོགས་པའི་ལུས་སྟོབས་ཅན་གཤོག་སྒྲོ་ལེགས་པར་རྒྱས་པར་དེ་ཕྱི་ཤིན་ཏུ་གྱུར་བའི་སྒོང་ངའི་སྦུབས་ཅུང་ཟད་ཙམ་དེས་དགག་པར་ག་ལ་ནུས། དེའི་ཕྱིར་ཁྱུང་སྒོང་ངའི་ནང་དུ་གཤོག་སྒྲོ་རྫོགས་པར་རྒྱས་པར་འདོད་པ་མི་བདེན་དེ་བྱ་གཞན་རྣམས་དང་ལུས་རྫོགས་ཚུལ་འདྲ་བས་སོ།། སྐྱེས་རབས་སུ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་བོར་གྱུར་བའི་སྐབས་སུ། ཤལ་མ་ལའི་ཤིང་ལ་བྱ་ཚང་དག་བཅས་པའི་ནང་དུ་བྱ་ཕྲུག་འཕུར་མ་ཚར་བ་འཁོད་པ་འདི་དག་ཤིང་རྟའི་གཉའ་ཤིང་གིས། ཕོག་ནས་མི་ལྟུང་བར་ནི་ཤིང་རྟ་དྲངས་སོ།། མ་ཏི་ལིས་སྨྲས་པ། འཕགས་པ་ལྷ་མ་ཡིན་གྱི་འདི་དག་ད་དུང་ཡང་སླར་མི་ལྡོག་གོ། བརྒྱ་བྱིན་གྱིས་སྨྲས་པ། འོ་ན་ཅི་ཉེས་ནམ་མཁའ་ལྡིང་གི་ཚང་འདི་ལས་ལེགས་པར་ཟུར་ཅིག མ་ཏི་ལིས་སྨྲས་པ། ཤིང་རྟ་འདི་ནི་སླད་དུ་བཟློག་ན་གདོད། །བྱ་རྣམས་ལ་ནི་རབ་ཏུ་ཕན་གྱུར་ན།། ཞེས་སོགས་དང༌། སེམས་ཅན་འཇིགས་པས་ཉེན་པ་འདི་བསད་ཕྱིར། །སྨོད་པའི་གཏམ་ངན་ཕོག་ཅིང་གསོན་པ་བས། །ལྷ་མིན་མཚོན་གྱིས་ཕོག་སྟེ་ཤི་ཡང་སླའི། །དེ་བས་ཤིང་རྟ་སླད་དུ་བཟློག་པར་བྱོས།། ཞེས་ནམ་མཁའ་ལྡིང་གི་བྱ་ཕྲུག་སྒོང་ངའི་ནང་ནས་འཐོན་ཡང་འདབ་གཤོག་མ་རྫོགས་པར་ཡོད་པར་བཤད་དོ།།
དེ་བཞིན་དུ་སྟོང་ཉིད་རྟོགས་པའི་སྦད་ཁམ་ཆེན་པོ་བྱེད་ཅིང༌། འདི་ཐམས་ཅད་ཁྱབ་ལ་ཕྱལ་ཡུག་རང་བྱུང་ལྷན་ཅིག་སྐྱེས་པའི་ཀུན་བཟང་ཡབ་ཡུམ་ཀྱི་རྣལ་འབྱོར་བ་ཡིན་ཞེས་ཟེར་ཞིང༌། ཆད་སྒོམ་ཕོག་ཅིང་ཉམས་སུ་ལེན་པ་པོ་རྣམས་ཀྱང་བླ་མའི་བཀའ་དྲིན་གྱིས་གྲོལ་ལོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་གཙང་མི་གཙང་ལ་སོགས་མེད་ཟེར་ནས་མི་གཙང་བ་ཟ་བ་ལ་སོགས་པ་དང༌། གཅེར་རྒྱུག་བྱེད་པ་སོགས་རྣམས་ཀྱང་ལྟ་ལོག་ལ་བརྟེན་པའི་སྤྱོད་ལོག་ཡིན་པས་སྤངས་དགོས་ཏེ། རྗེ་བཙུན་སྤྱན་རིས་གཟིགས་ཀྱི་དུས་འཁོར་འགྲེལ་ཆེན་དུ། དེ་ལྟར་ནའང་སེམས་ཅན་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་༼བ༽རྟགས་ནས་མི་འཛིན་ཅིང༌། སངས་རྒྱས་ཉིད་ཀྱི་སླད་དུ། བླ་མ་ཡང་ཡོངས་སུ་བརྟགས་ནས་མི་བསྟེན་དེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་བ་སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་བའི་ལུས་སངས་རྒྱས་ཉིད་ཀྱི་སྐུར་འགྱུར་རོ།། ཞེས་པའི་བསམ་པ་བརྐམ་ཆགས་ཅན་རྣམས་མི་དགེ་བའི་བཤེས་གཉེན་དང་འཕྲད་པ་དང༌། བླ་མ་དམ་པ་མ་ཡིན་པའི་ནམ་ངག་ལས་འདིར་རྣམ་པར་སྣང་མཛད་ལ་སོགས་པའི་བདུད་རྩི་ལྔ་དང་གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་ནི་བཟའ་བ་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་གསུངས་པས་ཏེ། འདི་རྣམས་ཟོས་པས་རྒས་པ་དང་འཆི་བ་མེད་པའི་ལུས་སུ་འགྱུར་ཞིང་རྡོ་རྗེ་སེམས་དཔའ་ཡང་མཆོག་སྦྱིན་པར་འགྱུར་རོ།། ཞེས་པ་དང༌། གཞན་ཡང་རྡོ་རྗེའི་རིགས་ལ་ཁྲོ་བོའི་རྒྱལ་བོའི་ཏིང་ངེ་འཛིན་གྱིས་སྲོག་ཆགས་རྣམས་བསད་པར་བྱའོ་ཞེས་སོགས་ནས། དེ་ལྟར་གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བཅུའི་ལས་ཀྱི་ལམ་རྣམ་པར་བྱེད་དོ།། སྦྱང་བ་མ་བྱས་པ་དང༌། རྒྱས་པ་མ་བྱས་པ་དང༌། སྦར་བར་མ་བྱས་པ་དང༌། བདུད་རྩིར་མ་བྱས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཟ་བར་བྱེད་དོ།། བདུད་རྩི་ལྔ་བོ་དེ་རྣམས་ནི་ཟ་བ་བོ་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་སྟེར་བར་བྱེད་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་གསུང་མ་རྟོགས་པའི་ཕྱིར་རོ།། འོ་ན་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་བདུད་རྩི་ལྔ་རྣམས་རྣལ་འབྱོར་བས་བཟའ་བར་བྱ་བར་གསུངས་པ་མ་ཡིན་ནམ། འདིར་ཇི་ལྟར་འདི་རྣམས་བཀག་ཅེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་བརྗོད་པར་བྱའོ།། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་བདུད་རྩི་ལྔ་བོ་ལ་སོགས་པ་རྣམས་བཟའ་བར་གསུངས་པ་ནི་བདེན་ཏེ། འོན་ཀྱང་རྣལ་འབྱོར་བ་རྣམས་ཀྱི་ཡིན་གྱི་ཐ་མལ་བའི་སེམས་ཅན་རྣམས་ཀྱིས་ནི་མ་ཡིན་ནོ།། གང་དག་གི་སྔགས་ཀྱི་སྟོབས་སམ་བསམ་གཏན་གྱི་སྟོབས་ཀྱིས་སྦྱངས་བ་བྱས་པ་དང་རབ་ཏུ་འབར་བ་བྱས་པ་དང༌། བདུད་རྩིར་བྱས་པའི་དུག་རྣམས་ནུ་དུག་མེད་པར་འགྱུར་བ་དང་ཆང་རྣམས་ནི་འོ་མར་འགྱུར་བ་དང༌། དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་བ་དང༌། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང༌། སོ་རྣམས་ནི་མུ་ཏིག་གི་བརྡོག་པར་འགྱུར་བ་དང༌། ཐོད་པ་ནི་པད་མར་འགྱུར་བ་དང༌། ཤ་ནི་པུ་དྲ་ཀེ་ཤར་འགྱུར་བ་དང༌། ཁྲག་ནི་སི་ཧླ་ཀར་འགྱུར་བ་དང༌། གཅི་བ་ནི་གླ་རྩིར་འགྱུར་བ་དང༌། ཁུ་བ་ནི་ག་པུར་དུ་འགྱུར་བ་དང༌། བཤང་བ་ནི་བཞི་མཉམ་དུ་འགྱུར་བ་དང༌། བ་སྤུ་རྣམས་ནི་གུར་ཀུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལ་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་དོར་བའི་ཕྱིར། སྦྱང་བ་བྱས་པ་དང༌། རྒྱས་པར་བྱས་པ་དང༌། འབར་བ་བྱས་པ་དང༌། བདུད་རྩིར་བྱས་པ་རྣམས་དག་པའི་རང་བཞིན་དུ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་བཤད་པ་དེ་ནི་བདེན་ནོ།། དུག་ལ་སོགས་པ་དག་པའི་རང་བཞིན་ཅན་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་བ་རྣམས་ཀྱིས་ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱས་པར་འགྱུར་རོ།། བཤང་བ་ལ་སོགས་པ་དག་པའི་རང་བཞིན་རྣམས་ལུས་ལ་བྱུགས་པས་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་དོ།། དེའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པ་རྣམས་ནི་རྣལ་འབྱོར་བ་རྣམས་ཀྱིས་ཡིན་ནོ།། གཞན་ལྷ་དང་སྔགས་མ་འགྲུབ་པའི་ཀླག་པའི་རྨོངས་པ་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ཆུ་སྐྱར་གྱི་རྒྱུ་འཛིན་པ། ཚོགས་ཁང་དང་གཙུག་ལག་གི་རྫས་ལ་མངོན་པར་ཆགས་པ་དང་ལྡན་པ། ཡི་དྭགས་དང་དམྱལ་བའི་སྐྱེ་བ་འབྱུང་བ་ངེས་པར་བཅིངས་པ། རང་གི་དོན་དང་གཞན་གྱི་དོན་ཉམས་པ་རྒྱུད་ལས་གསུངས་པའི་དོན་ལས་ཕྱིན་ཅི་ལོགགི་དོན་སྟོན་པ་པོ།། ཡོངས་སུ་བརྟགས་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིས་ཆེན་པོ་རྣམས་ཀྱིས་བཟའ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་སུ་མི་འགྱུར་རོ།། གདུག་པའི་སེམས་དང་ལྡན་པ་དེ་རྣམས་ཀྱིས་དུག་ལ་སོགས་པ་གདུག་པའི་རྫས་རྣམས་དང་བདུད་རྩི་ལྔ་བོ་དེ་རྣམས་སྦྱང་བ་བྱས་པ་དང༌། རྒྱས་པར་བྱས་པ་དང༌། འབར་བ་བྱས་པ་དང༌། བདུད་རྩིར་བྱས་ཀྱང་བསྐལ་བ་དུ་མར་རྣམས་ཀྱིས་ཀྱང་གདུག་པའི་རང་བཞིན་ཡོངས་སུ་འདོར་བར་མི་འགྱུར་ཞིང༌། གདུག་པའི་རང་བཞིན་ཡོངས་སུ་མ་དོར་བའི་ཕྱིར་དག་པའི་རང་བཞིན་དུ་མི་འགྱུར་རོ་ཞེས་སོགས་དང༌། དེའི་ཕྱིར་ལས་དང་བོ་བས་རྣལ་འབྱོར་བའི་བྱ་བ་མི་བྱའོ།། རྣལ་འབྱོར་བས་གྲུབ་པས་བྱ་བ་མི་བྱའོ།། གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ་ཞེས་སོགས་དང༌། དེ་ལྟར་ན་བཻ་རོ་ཙ་ནས་རྒྱ་གར་དུ་ཕྱིན་ཏེ་དེ་འདྲའི་ཟབ་ཆོས་དེ་བླངས་ནས་བོད་དུ་འོངས་པའི་ཚེ་རྒྱ་གར་གྱི་པནྚི་ཏ་རྣམས་ཀྱི་རྨི་ལམ་དུ་རྒྱ་གར་གྱི་ཉི་མ་བོད་ལ་ཤར་བ་ལ་སོགས་པ་རྨིས་ཤིང༌། རྒྱ་གར་གྱི་ལྗོན་ཤིང་རྣམས་ཀྱི་མགོ་བོད་ལ་བལྟས་པ་ལ་སོགས་པ་བྱུང་ནས། གཤེད་མ་བཀྱེ་བས་མ་ཟིན་ནས་ཞེས་སོགས་དང༌། བཱཻ་རོ་ཙ་ནས་རྒྱལ་བོ་ཁྲི་སྲོང་སྡེ་བཙན་ལ་ཆོས་དེ་བསྟན་པ་ལ་བློན་པོ་རྣམས་ཀྱིས་ཕྲག་དོག་བྱས་ནས། ཁོང་རྒྱལ་མོ་ཚ་བ་རོང་ལ་བཅུང་༼སྤྱུག་༽ཞེས་ཏེ་རྒྱལ་མོ་རོང་ནི་འཇང་ཡུལ་དང་ཉེ་ཞིང་དམན་བརྩེ་ལ་ཐག་ཉེ་བ་ན་ཡོད། ཚ་བ་རོང་ནི་མདོ་ཁམས་ཀྱི་ལྷོ་སྟོད་ན་ཡོད་པས་བར་ན་ཐག་ཤིན་ཏུ་རིང་བར་ཡོད་པའི་ཁྱད་ཡང་མ་ཕྱེད་༼པར་༽སྣང་ན་ལེགས་བཤད་ཉེས་བཤད་ཀྱི་ཁྱད་ཕྱེད་པ་ལྟ་ཅི་སྨོས། གལ་ཏེ་དེ་ལྟ་ན་མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་པདྨ་འབྱུང་གནས་མཁས་མཆོག་ཀཱ་མ་ལ་ཤི་ལ། པཎ་ཆེན་བི་མ་ལ་མི་ཏྲ་ལ་སོགས་པ་བོད་དུ་བསྟན་པ་གཞི་ནས་འཛུགས་ཤིང༌། གསུང་རབ་རྒྱ་མཚོའི་ཚོགས་ཁྱེར་ནས་བྱོན་པ་རྣམས་ལའང་ལྟས་སྣ་ཚོགས་དེ་དག་བྱུང་ནས་གཤེད་མ་བཀྱེའམ། ཇོ་བོ་ཆེན་པོ་རྗེ་གྲུབ་ཆེན་མི་དྲ་ཛོ་ཀི་པཎ་ཆེན་ཤཱཀྱ་ཤྲི་ལ་སོགས་པ་པནྚི་ཏ་མང་བོ་དང༌། ལོ་ཆེན་རིན་ཆེན་བཟང་བོ། རྔོག་བློ་ལྡན་ཤེས་རབ། འབྲོག་མི་ཤཱཀྱ་ཡེ་ཤེས། མར་བ་ཆོས་ཀྱི་བློ་གྲོས་ལ་སོགས་པའི་ལོ་ཙཱ་བ་མང་བོས་ཟབ་ཅིང་རྒྱ་ཆེ་བར་རང་བཟོ་ཅན་༼གྱི་༽སྐྱེ་བོས་བསྲེ་བསླད་མ་བྱས་པའི་གསུང་རབ་འདི་ཙམ་ཅིག་ཁྱེར། མདོ་རྒྱུད་མན་ངག་འདི་ཙམ་ཞིག་བསྣམས་ནས་བྱོན་པ་ལའང་ལྟས་སོགས་དེ་དག་བྱུང་ནས་གཤེད་མ་བཀྱེའམ། དེའི་ཕྱིར་རྫུན་ལ་རྫུན་བརྟེན་གྱི་གཏམ་རྒྱུད་མང་བོ་བསྒྲིགས་ནས་རྒྱལ་བ་སྲས་དང་བཅས་པའི་དགོངས་པ་ཡིན་མིན་ཐེ་ཚོམ་ཟ་ཞིང་དྲི་མ་མེད་པའི་མདོ་རྒྱུད་དང༌། རྒྱ་གར་མཁས་མང་གི་བསྟན་བཅོས་ཆེས་མང་འདི་ཙམ་ཞིག་གི་ནང་ན་མིང་ཙམ་ཡང་མི་སྣང་བའི་མདོ་རྒྱུད་མན་ངག་ལ་མཁས་པ་སུ་ཞིག་ཡིད་ཆེས་བྱེད། གཞན་ཡང་དྭགས་པོ་ལྷ་རྗེ་ལ་སོགས་པའི་གྲུབ་ཐོབ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པ་ཉུང་ལ་དྲིལ་བ་ཟབ་ལ་གོ་སླ་བའི། སངས་རྒྱས་ལག་བཅངས་སུ་གཏོད་པའི་གདམས་པ་ཞིག་རེ་ཞིག་སྐལ་བ་དང་ལྡན་པ་མེད་པ་དང༌། ནཱ་རོ་ཆོས་དྲུག་གི་བསྟན་པ་ལ་གནོད་པར་མཐོང་ནས་དྭགས་པོའི་སློབ་མ་ཆེན་པོ་ཞིག་གིས་གཏེར་དུ་སྦས། དུས་ཕྱིས་ཁོང་རང་སྦེད་མཁན་ཉིད་ཀྱིས་སྐལ་ལྡན་གྱི་སློབ་མ་མང་བོ་མཐོང་ནས་གཏེར་ནས་བཏོན་ཏེ། སྐལ་ལྡན་རྣམས་ལ་ཕོག་ནས་རིམ་པར་བརྒྱུད་པའི་གདམས་ངག་༼སེམས་ཉིད་ཡིད་བཞིན་ནོར་བུ་ཟེར།༽ ཡོད་པར་གྲགས་ཏེ། དེ་དེ་ཙམ་དུ་ཟབ་ཅིང་སངས་རྒྱས་ལག་བཅངས་སུ་གཏོད་པ་ཡིན་ན། དེ་འབོགས་པར་རིགས་ཀྱི་ཚོགས་ཆེན་པོ་ནས་བསྒྲུབ་དགོས་པའི་ནཱ་རོ་ཆོས་དྲུག་གིས་ཅི་བྱེད། དྭགས་པོ་ལྷ་རྗེའི་ཀརྨ་བ་དུས་གསུམ་མཁྱེན་པ་དང༌། རྣལ་འབྱོར་ཆོས་གཡུང་ལ་སོགས་པ་དང༌། ཁམས་པ་རྡོར་རྒྱལ། དེའི་བུ་ཆེ་བཞི་ཆུང་བརྒྱད། རྩང་པ་རྒྱ། རྒོད་ཚང་པ། ཡང་དགོན་པ་ལ་སོགས་པ་རྣམས་སྐལ་བ་དམན་ལ། མདོ་ཤེས་རབ་སྙིང་བོ་ཙམ༼རྙིང་མ་བ་གི་རུ་བ།༽ ཡང་དག་པར་མི་ཤེས་པའི་བཙུན་པའི་གཟུགས་ཅན་གྱི་སྐྱེ་བོ་དང༌། ཡུལ་མིའི་ཚོགས་བླུན་པོ་རྣམས་སྐལ་བ་མཆོག་ཏུ་བཟང་བའི་བླུན་པོ་འགའ་ཞིག་འཇུག་ཡུལ་དུ་གྱུར་བའི་ཁྲིད་ཟབ་མོ་དེ་ངོ་མཚར་ཆེ།
སངས་རྒྱས་ལས་ལྷག་པའི་སྐྱེས་བུ་ཡོད་པར་འདོད་པ་དགག་པ།
ཡང་ཁ་ཅིག བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བས་སློབ་དཔོན་པདྨ་ཁྱད་པར་མང་བོའི་སྒོ་ནས་ཆེས་ལྷག་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངལ་སྐྱེས་ཡིན། དགུང་ལོ་བརྒྱད་ཅུ་ལས་མ་ཐུབ་བོད་སྲིན་པོ་གདོང་དམར་གྱི་མི་དང་མི་མ་ཡིན་མ་ཐུལ། སློབ་དཔོན་རྫུས་སྐྱེས་ཡིན་ཅིང་སྐུ་ཚེ་ཉི་ཟླ་དང་མཉམ་བོད་སྲིན་པོ་གདོང་དམར་གྱི་མི་དང་མི་མ་ཡིན་རྣམས་ཐུལ་ཞེས་སོགས་སྨྲ་ཞིང༌། རྔ་ཡབ་སྲིན་པོའི་གླིང་དུ་སློབ་དཔོན་པདྨ་ཉིད་ཀྱི་ཕོ་བྲང་དུ་ཕྱིན་ཏེ་སློབ་དཔོན་དེ་ཉིད་ཀྱིས་གནང་ནས་ཁྱེར་འོངས་ཟེར་བའི་དཀྱིལ་འཁོར་མང་བོའི་ཆོ་ག་དང་མན་ངག་དང༌། ཟླ་བ་བྱུང་ངོ༌ཅོག་གི་ཚེས་བཅུ་ལ་སློབ་དཔོན་པདྨ་བོད་དུ་འབྱོན་པ་ཡིན་པས། མཆོད་པ་འབུལ་ཟེར་ནས་བླུན་པོ་མང་པོ་འཚོགས་ཏེ་གར་མཁན་གྱི་སྤྱོད་ཚུལ་ལྟ་བུ་བྱེད་པ་མང་བོ་སྣང་ངོ༌།། གལ་ཏེ་སངས་རྒྱས་ཀྱི་བཀའ་ལས་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་འབྱུང་བ་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་གསུངས་ཏེ། ཞིང་ཁམས་འདི་ལྟ་བུ་ཞིག་ཏུ་རྒྱུད་ཐ་དད་པའི་སངས་རྒྱས་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་བསྟན་པ་སངས་རྒྱ་བའི་སངས་རྒྱས་མཉམ་པོ་གཉིས་ཡང་གཅིག་ཆར་མི་འབྱུང་བར་བཤད་པ་ལ། བསྟན་པ་འདིའི་བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས་ཤིང་སངས་རྒྱས་པའི་ཡུལ་དེའམ། དེ་དང་ཉེ་བའི་ཡུལ་ཕྱོགས་སུ་བསྟན་པའི་བདག་པོ་དེ་ལས་ལྷག་པའི་སྟོན་པ་འབྱུང་བར་འདོད་པ་ནི་བླུན་པོ་སྟེ། དམྱལ་བ་༼བ་༽ཐམས་ཅད་དང་ཡི་དྭགས་ཕལ་ཆེ་བའང་རྫུས་སྐྱེས་དང་ཚེ་ཤིན་ཏུ་རིང་བོར་ཐུབ་པའི་ཕྱིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བས་ཁྱད་པར་དུ་འཕགས་པར་འགྱུར་ལ། སློབ་དཔོན་པདྨས་བོད་ཡུལ་གྱི་མི་དང༌། མི་མ་ཡིན་མ་རུང་པ་ཐུལ་བ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་བྱིན་ཀྱིས་བརླབས་པའི་འཕྲིན་ལས་ཁོ་ན་སྟེ། དཔལ་ཆོས་ཀྱི་གྲགས་པས། གང་ཡང་རྒྱུད་རིག་འགའ་ཞིག་གིས། གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །དེ་དག་གིས་དེ་གཙོ་བོའི་མཐུ། །ངེས་བཤད་རིགས་པ་འཇུག་ཕྱིར་རོ།། ཞེས་དང༌། མཐུ་དང་ལྡན་པས་བྱིན་གྱིས་རླབས་པའི་ཕྱིར་ཞེས་བཤད་པ་ལྟར་རོ།། ལག་ཏེ་བཅོམ་ལྡན་འདས་ཀྱིས་བོད་ཡུལ་གྱི་མི་དང་མི་མ་ཡིན་ཐུལ་ན་ཡུལ་འདིར་དངོས་སུ་བྱོན་ཏེ་ཅིའི་ཕྱིར་ཆོས་མི་གསུངས། དེ་ལྟར་མཛད་པའི་ཕྱིར་སློབ་དཔོན་པདྨ་ལྷག་པར་བསྒྲུབ་པོ་ཞེ་ན། འོ་ན་དེ་སྐད་སྨྲ་བའི་སྐྱེས་བུ་དེ་ཡང་སློབ་དཔོན་པདྨ་བས་ཡང་ལྷག་པར་འགྱུར་དེ། སློབ་དཔོན་པདྨ་དངོས་སུ་བྱོན་ནས་མ་བཏུལ་ཞིང་དངོས་སུ་ཆོས་མ་གསུངས་པའི་སྐྱེ་བོ་མང་བོ་ཁྱོད་ཀྱིས་བཏུལ་ཞིང་ཟབ་ཆོས་བསྟན་པར་ཁས་ལེན་པའི་ཕྱིར་རོ།། དེས་ན་དེ་སྐད་སྨྲ་བའི་སྐྱེས་བུ་དེས་རྔ་ཡབ་གླིང་ནས་ཁྱེར་འོངས་ཟེར་བའི་རྒྱུད་དང་དཀྱིལ་འཁོར་མང་བོའི་ཆོ་ག་དང༌། མན་ངག་༼སྒྲུབ་པ་བཀའ་བརྒྱད་སོགས་༽དེ་རྣམས་འཛམ་བུའི་གླིང་ན་མེད་པར་མཐོང་ནས་གླིང་ཕྲན་རྔ་ཡབ་ནས་བླང་ཞེས་རྫུན་སྒྲོགས་པ་མ་ཡིན་པར་གྱུར་ཅིག ཡང་ཚེས་བཅུའི་མཆོད་པ་ཞེས་པ་བདེ་མཆོག་དང༌། རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ཁུངས་མ་ལས་བཤད་པ་ནི་ཡོད་ལ། སློབ་དཔོན་པདྨ་ཕྱག་རྒྱ་ཆེན་པོའི་གྲུབ་པ་བརྙེས་ཤིང་བོད་ཁ་བ་ཅན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་ཕྱིར། དེ་ལ་མཆོད་པ་འབུལ་བ་འཐད་ནའང་ཚེས་བཅུ་ཁོ་ན་ལ་འབྱོན་ཞེས་པ་ལ་སྒྲུབ་བྱེད་ཡང་དག་མེད་དེ། གདུལ་བྱ་འདུལ་བའི་དབང་གིས་ངེས་པ་མེད་པའི་ཕྱིར་རོ།། དེ་དུས་འབྱོན་པ་ཁོང་རང་ཉིད་ཀྱིས་ཞལ་གྱིས་བཞེས་སོ་ཞེ་ན་རྫུན་སྨྲ་བ་མ་ཡིན་པར་གྱུར་ཅིག ཡང་མ་ཎིའི་ཆོས་སྐོར་མང་བོ་གཏེར་ནས་ཐོན་པ་ཡིན་ཟེར་བ་སྣང་སྟེ། མདོ་ཟ་མ་ཏོག་བཀོད་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་འགྱུར་ཞིང་དེ་གཏེར་དུ་སྦས་པ་མེད་ལ། དེ་བས་གཏེར་ནས་ཐོན་པར་རློམས་པ་དེ་རྣམས་མི་ལྷག་པའི་ཕྱིར་གཏེར་དུ་སྦས་བ་མི་བདེན་ཞིང་སཾ་སྐྲི་ཏིའི་སྐད་ཀྱི་ཡི་གེ་རྣམས་འཕྲལ་ཏེ། བོད་སྐད་ཀྱི་འབྲུ་ནོན་བྱས་པ་ལ་སོགས་པ་ནོར་བ་མང་བོ་སྣང་བའི་ཕྱིར་གཏེར་འདོན་མཁན་དུ་རློམ་པ་དེ་ཉིད་ཀྱིས་བྱས་པ་ཡིན་མཆི་མོད། དེ་ལྟ་ནའང་ཆོས་ཟབ་མོ་འདི་དར་བར་བྱས་པའི་ཆ་ནས་རྗེས་སུ་ཡི་རང་༼ཞིང་༽། གཞན་ཡང་སངས་རྒྱས་ཞག་བདུན་མ་ཟེར་བའི་ཆོས་ཟབ་ཏུ་རློམ་པ་གྲག་སྟཻ། དོན་ལ་ཆོས་ཟབ་མོ་ཁྱད་པར་ཅན་གཅིག་ཡིན་ཅིང༌། དེས་སྐྱེ་བོ་མང་བོ་ལ་ཕན་ཐོགས་ན་ཅི་མ་རུང་སྙམ་ནས་གཞན་སྤྲོ་བ་བསྐྱེད་པའི་ཕྱིར་དེ་ལྟའི་མིང་འདོག་ཆེན་པོ་བྱས་པ་ཡིན་ན་ལེགས་ཀྱི། གཞན་དུ་ན་ས་བཅུ་ཐོབ་པ་རྣམས་ལ་སྟོན་མཛོད། དེ་འབོགས་མཁན་ཁྱེད་རང་ཉིད་སངས་རྒྱས་ལགས་སམ་བླུན་པོ་མགོ་བོ་མ་སྐོར་མཛོད། གཞན་ཡང་གཏུམ་མོ་ཞག་བདུན་མ་ཞེས་བ་བསྒོམས་པས་ཞག་བདུན་ལ་དྲོད་ཆེན་པོ་སྐྱེ་ཞིང་རས་རྐྱང་ཐུབ་པའི་སངས་རྒྱས་ཀྱི་ཉེ་ལམ་ཁྱད་པར་ཅན་དུ་རློམ་པ་གྲག་སྟེ། དྲི་མ་མེད་པའི་རྒྱུད་སྡེ་དང་མན་ངག་ཅན་ནས་གསུངས་པའི་གཏུམ་མོའི་ལམ་ཞེས་པ་ནི་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམ་དག་དུ་གསུངས་པ་བཞིན། རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་རླུང་གི་རྣལ་འབྱོར་ཁྱད་པར་ཅན་དང་དམིགས་པ་ཁྱད་པར་ཅན་ནམ། འཛིན་མེད་ཀྱི་ལམ་བསྒོམས་པས་གཏུམ་མོའི་མེ་འབར་ཏེ་སྤྱི་བོའི་ཧཾ་ཡིག་ཞུ་བའི་བདེ་དྲོད་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་རས་རྐྱང་ཐུབ་པ་ཡིན་ན་སངས་རྒྱས་ཀྱི་རྒྱུར་འགྱུར་བའི་གཏུམ་མོའི་ལམ་ཡིན་མོད།དེ་ལས་གཞན་པའི་རླུང་སྦྱོར་དང་དམིགས་པ་ཕྲན་ཚེགས་རྣོན་པོ་འགའ་རེས་དྲོད་འཕྲལ་དུ་སྐྱེ་བ་ཕྱི་རོལ་མུ་སྟེགས་ཅན་ལའང་ཡོད་པའི་ཕྱིར། བདེ་དྲོད་དང་བདེ་སྟོང་གི་ཉམས་ཀྱིས་མ་བརྒྱན་པའི་རེ་ཞིག་རས་རྐྱང་ཐུབ་པ་ཙམ་ལ་སྙིང་བོ་མེད་དོ།། དེས་ན་ཅི་འདྲ་ཡིན་མི་ཤེས་པའི་ཉམས་ལེན་དེ་འདྲ་བོར་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ལན་དྷ་ར་བའི་མན་ངག་ལ་བརྟེན་ནས། བརྟུལ་ཞུགས་སྤྱོད་པ་ནག་པོ་བའི་གཏུམ་མོའི་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལམ་བསྒོམས་ན་ཁེ་ཅེའོ།། གཞན་ཡང་ནང་བ་སངས་རྒྱས་པའི་ཐེག་པ་ལ་ཐེག་པ་རིམ་པ་དགུར་བྱས་ནས། དུས་འཁོར་བདེ་དགྱེས་ལ་སོགས་པ་ཐེག་པ་འོག་མར་བྱས་ཏེ་དེ་བས་གོང་ནས་གོང་དུ་ཆེས་ཁྱད་པར་དུ་འཕགས་པའི་ཐེག་པ། ཨ་ནུ་ཡོ་ཀ་ཨ་ཏི་ཡོ་ཀ་མཧཱ་ཡོ་ཀ་ཞེས་པ་ཡོད་པར་འདོད་ཅིང༌། ཀུན་བྱེད་རིག་པའི་རྒྱལ་བོ་རྫོགས་པ་ཆེན་པོའི་དོན་མ་བསྟན་པས་བདེ་དགྱེས་སོགས་ཐེག་པ་དམའ་འོ་ཟེར་ཏེ། སྤྱིར་བོད་ཡུལ་འདི་ན་གསང་སྔགས་ལ་གསར་རྙིང་གཉིས་ཞེས་གྲགས་ཤིང༌། གསང་སྔགས་རྙིང་མ་ཞེས་སློབ་དཔོན་པདྨ་དང་པནྚི་ཏ་བི་མ་ལ་མི་ཏྲ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་ཏེ་ལོ་ཙཱ་བ་བཻ་རོ་ཙ་ན་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སོགས་པའི་བསྒྱུར་ཟེར་བ་དང༌། ལ་ལ་འབྲུ་ཤའི་ཡུལ་དུ་བསྒྱུར་ཟེར་བ་དང༌། རིག་འཛིན་དགའ་རབ་རྡོ་རྗེ་མཁས་པ་ཤྲཱི་སིང་ཧ་ལ་སོགས་པ་ལ་བརྟེན་ནས་བསྒྱུར་ཟེར་བའི་རྒྱུད་དང༌། རྒྱ་གར་གྱི་མཁས་པ་སྒེག་པ་རྡོ་རྗེ་ལ་སོགས་པས་བྱས་ཟེར་བའི་འགྲེལ་བ་མང་བོ་སྣང་ངོ༌།། སྔོན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛུག་པའི་དུས་སུ། དམ་པའི་ཆོས་འདུལ་བ་བསྟན་བའི་གཞི་མ་ཡིན་པས། མཁན་པོ་བྷོ་ཏི་ས་ཏྭ་སྤྱན་དྲངས་ཏེ། བོད་ལ་བཙུན་པ་འོང་མི་འོང་སད་དེ་ཞེས་སད་མི་༼མི་༽བདུན་རབ་ཏུ་བྱུང་སྟེ། རིམ་གྱིས་པནྚི་ཏ་དང་ལོ་ཙཱ་བ་མང་བོས་སྡེ་སྣོད་གསུམ་བསྒྱུར། སྔགས་ཀྱི་ཡང་རྣལ་འབྱོར་རྒྱུད་མན་ཆད་ཅི་རིགས་སུ་བསྒྱུར་ལ། བླ་མེད་ཀྱི་རྒྱུད་ནི་དབང་བོ་དམན་པ་རྣམས་ལ་གསང་དགོས་པས་ཐབས་དང་ཤེས་རབ་ཟབ་མོའི་ལམ་དགོངས་པའི་སྐད་ཀྱིས་གསུངས་པ་མང་ཞིང༌། དེར་བཤད་པའི་སྲོག་ཆགས་གསོད་པ་དང༌། བུད་མེད་བསྟེན་པ་ལ་སོགས་པ་སྒྲ་ཇི་བཞིན་པར་བཟུང་སྟཻ་རབ་བྱུང་གི་བསྟན་པ་ཉམས་ཀྱིས་དོགས་ནས། བླ་མེད་ཀྱི་རྒྱུད་གཏན་ནས་མ་བསྒྱུར་ཅིག་ཅེས་བཀས་བཅད་ཅེས་བཀས་བཅད་ཁུངས་མ་ལས་བྱུང་ཞིང༌། སྤྱིར་བཀའ་ཆེམས་དང་བཀས་བཅད་རྣམས་ལ་ཡང་སྐྱེ་བོ་རང་བཟོ་ཅན་མང་པོས་བསྲེ་བསླད་བྱས་པའི་སྟོབས་ཀྱིས་མི་མཐུན་༼པ་༽སྣ་ཚོགས་སྣང་སྟེ། དཔེ་ལ་ལར་རྒྱུད་སྡེ་འོག་མ་གསུམ་བསྒྱུར་ཞིང་བླ་མེད་མ་བསྒྱུར་ཅིག་ཅེས་བཀས་བཅད་པར་བཤད་ལ། ལ་ལར་བྱ་སྤྱོད་བསྒྱུར་ཞིང་གོང་མ་གཉིས་མ་བསྒྱུར་ཞེས་པ་དང༌། ལ་ལར་བྱ་རྒྱུད་དང་ཤེས་རབ་ཀྱི་རྒྱུད་མ་བསྒྱུར་ཞིང་ཐབས་རྒྱུད་བསྒྱུར་ཟེར་ཏེ། ལོ་ཙཱ་བ་མགོས་ཁུག་པའི་སྔགས་ལོག་སུན་འབྱིན་དུ། རྒྱལ་བོ་ཁྲི་སྲུང་ལྡེ་བཙན་གྱི་དུས་སུ་རྒྱུད་སྡེ་འོག་མ་གསུམ་བསྒྱུར་བླ་མེད་མ་བསྒྱུར། དེ་ནས་མི་རབས་གཅིག་ན་ལོ་ཙྪ་བ་སྐ་བ་དཔལ་བརྩེགས་དང༌། ལྕེ་བཀྲ་ཤིས་ཀྱི་གསང་འདུས་ཟླ་གསང་ཐིག་ལེ་སངས་རྒྱས་མཉམ་སྦྱོར་སྒྱུ་འཕྲུལ་དྲྭ་བ་རྣམས་བསྒྱུར་ཞེས་འབྱུར་ཞིང༌། བདག་ཉིད་ཆེན་པོ་རིན་ཆེན་བཟང་བོའི་སྔགས་ལོག་སུན་འབྱིན་ལས། རྒྱུད་སྡེ་འོག་མ་གསུམ་བསྒྱུར་བ་བཀག་པའི་གསལ་ཀ་མ་མཛད་ཅིང༌། བླ་མེད་བསྒྱུར་བ་དང་སྤྱོད་པའང་གཏན་ནས་བཀག་ཅེས་གསུངས། མངའ་བདག་ཁྲི་རལ་གྱིས་བཀས་བཅད་དུ་གསང་སྔགས་གཏན་ནས་མ་བསྒྱུར་ཅིག་ཅེས་བཤད་དོ།། གསང་སྔགས་སྔ་འགྱུར་དུ་གྲགས་པའི་རྒྱུད་དང་མན་ངག་དང་་སྒྲུབ་ཐབས་ལ་སོགས་པ་ཕལ་ཆེར་ནི་བླ་མེད་ཀྱི་ལུགས་འབའ་ཞིག་ལ་བརྟེན་པར་སྣང་ཞིང༌། རྒྱལ་བོ་ཁྲོ་སྲུང་ལྡེ་བཙན་གྱི་དུས་སུ་རྒྱ་གར་དང་རྒྱ་ནག་ནས་བསྒྱུར་བའི་མདོ་རྒྱུད་བསྟན་བཅོས་འགྱུར་རོ་ཚལ་དཀར་ཆག་དུ་བཏབ་པའི་དཀར་ཆག་ཆེན་མོ་ལྷན་དཀར་མ་དང༌། འཆིམས་ཕུ་མ་དང༌། འཕང་ཐང་མ་དང༌། མངའ་བདག་ཁྲི་རལ་གྱིས་བཀའ་བརྩལ་ཏེ། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏི་སོགས་དང་ལོ་ཆེན་ཡེ་ཤེས་སྡེ་ལ་སོགས་པས་སྔར་བསྒྱུར་བ་དང༌། ཞུ་ཆེན་བྱས་པ་ཐམས་ཅད་དཀར་ཆག་ཏུ་བྲིས་ཤིག་ཅེས་གསུངས་བ་བཞིན་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་གང་ན་ཡང་རྙིང་མའི་རྒྱུད་དང་འགྲེལ་བ་ལ་སོགས་པའི་མིང་མི་སྣང་ཞིང༌། ལོ་ཙཱ་བ་རིན་ཆེན་བཟང་བོས་མཛད་པའི་སྔགས་ལོག་སུན་འབྱིན་ལས། དེ་ལྟར་གསང་སྔགས་ཀྱི་སྒོ་བཞི་གསུངས་པ་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ནི་སྟོན་པས་ཀྱང་དུས་ཐམས་ཅད་ལ་སྟོན་པར་མ་མཛད་ཤིན་ཏུ་གསང་བ་ཉིད་དུ་གསུངས་པ། ཤེས་རབ་ཤིན་ཏུ་ཆེ་བ་དང་ལྡན་པའི་སྤྱོད་ཡུལ་དུ་གསུངས་ཤིང༌། གསང་པའི་དོན་སྦས་ཏེ་བཀའ་བསྩལ་བས་དགོངས་པས་གསུངས་པ་ཡང་ཤིན་ཏུ་མང་བའི་ཕྱིར་ཀུན་གྱི་ཐུན་མོང་མ་ཡིན་ཞིང༌། རྟོགས་པར་དཀའ་ལ་དགོངས་པའི་དོན་མ་ཤེས་ཏེ་སྒྲ་ཇི་བཞིན་པའི་རྗེས་སུ་འབྲང་ནས་འཕགས་པའི་ལམ་དང་གོལ་ཞིང་ལོག་པར་སྤྱོད་པར་འགྱུར་བའི་ཉེས་པ་ཡང་ཆེན་པོ་ཡོད་པས། དམ་པའི་ཆོས་བོད་དུ་བསྒྱུར་བའི་དུས་སྐབས་སུ་ཡང༌། རྣལ་འབྱོར་ཆེན་པོའི་རྒྱུད་བསྒྱུར་བ་དང་སྤྱོད་པ་ཡང་གཏན་བཀག་པ་ལས་ཕྱིའི་བསྟན་པ་གནས་པའི་ཆ་ཉམས་ཤིང་ལྷ་དང་མིའི་གཞིང་ལུགས་བཟང་བོ་ཕལ་ཆེར་ནུབ་པའི་སྐབས་སུ་ཡང་སྔར་གསུངས་ཏེ། རྒྱུད་ཀྱི་རྩ་བ་འགའ་ཙམ་བསྒྱུར་ནས་སྦས་པ་འཕེལ་བ་ལ་ལུང་དང་མན་ངག་མེད་པར་སྒྲ་ཇི་བཞིན་དུ་བཟུང་བ་དང༌། ལོག་པར་སྤྱོད་པའི་གང་ཟག་གཞན་གྱིས་རང་བཟོར་བརྩམས་པ་དུ་མས་ཀྱང་བསླད་པར་གྱུར་བའི༌། གསང་སྔགས་ཀྱི་སྤྱོད་པ་སྐྱོན་མེད་པ་ལམ་གྱི་དམ་པར་གྱུར་བ་དེ་ཚུལ་མ་ཡིན་པར་སྤྱད་པའི་རྒྱུས་འགྲོ་བ་མང་པོ་ཆུད་ཟ་ཞིང་གསང་སྔགས་ལའང་ལོག་པར་སྤྱོད་པར་འགྱུར་བ་དང༌། ཁ་ཅིག་ནི་ཚིག་གི་ཚུལ་འདིའི་ནི། འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བསྐུར་བ་འདེབས་པའི་གཞིར་གྱུར་བ་ཡིན་ལ། དེ་དག་ཀྱང་དགོངས་པའི་དོན་མ་ཤེས་ཤིང་སྒྲ་ཇི་བཞིན་དུ་བཟུང་བ་ཁོ་ན་ལས་གྱུར་བ་ཡིན་ནོ།། དེ་བས་ན་ཉེས་པ་དེ་དག་བསལ་བའི་ཕྱིར་ཐེག་པའི་ཁྱད་པར་ལེགས་པར་རྟོགས་ཤིང་ལུང་དང་མན་ངག་ཕྱིན་ཅི་མ་ལོག་པར་ཐོབ་པའི་མཁས་པས་འབད་པར་བྱ་བ་ཡིན་པས། བདག་ཅག་གི་བླ་མ་དམ་པའི་ཞལ་སྔ་ནས་ཀྱི་ལུང་དང་རིགས་པའི་གཙུག་ལག་ལ་བརྟེན་ནས་མདོ་ནས་ཙམ་དུ་མཛད་ཅེས་སོགས་གསུངས་ཏེ། བླ་མ་དམ་པ་ཞེས་པ་ནི་ལྷ་བླ་མ་ཡེ་ཤེས་འོད་དེ། དེ་ལ་སྔར་གསང་སྟེ་རྒྱུད་ཀྱི་རྩ་བ་འགའ་བསྒྱུར་ནས་སྤས་པ་འཕེལ་བ་ལ་ཕྱིས་རང་བཟོར་བརྩམས་པ་དུ་མས་སླད་པར་གྱུར་བ་ཤེས་པར་བྱ་བའི་ཕྱིར། ལོ་ཆེན་དེ་ཉིད་ཀྱིས་སློབ་མ་བུ་རངས་ཀྱི་རྒྱལ་བོ་ལོ་ཙཱ་བ་ལྷ་བླ་མ་ཞི་བ་འོད་ཀྱིས་རྙིང་མར་གྲགས་པའི་རྒྱུད་འགྲེལ་སྒྲུབ་ཐབས་སོགས་འདི་དང་འདི་དག བོད་ཀྱིས་རང་བཟོར་བརྩམས་ཞེས་པའི་སྔགས་ལོག་སུན་འབྱིན་མཛད། ལོ་ཙཱ་བ་ཆེན་པོ་མགོས་ཁུག་པ་ལྷས་བཙས་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་མཛད། ཆོས་རྗེ་ས་སྐྱ་པནྚི་ཏས་ཀྱང༌། གོང་དུ་སྨོས་པའི་ལོ་ཆེན་སོགས་བཞི་བོ་དེས་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་མཛད་པའི་སྟོབས་ཀྱིས། ས་སྐྱ་བ་ཆེན་བོ་ཡན་ཆད་དུ་ཆོས་ལོག་སྤྱོད་པ་ཅུང་ཟད་ཉུང་ཞེས་གསུངས། དེ་ལྟར་ན་གསུང་རབ་རྒྱ་མཚོ་ལྟ་བུ་ལ་སྦྱངས་ཤིང་མཁས་པའི་གོ་འཕང་ཐོབ་པའི་བོད་ཀྱི་མཁས་པ་ཕལ་ཆེར་རྙིང་མ་ཞེས་པའི་རྒྱུད་འདི་རྣམས་རྒྱུད་རྣམ་དག་མ་ཡིན་ཞིང༌། དེ་ལ་བརྟེན་པའི་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོགས་ཕལ་ཆེ་བའང་རྫུན་ལ་རྫུན་བརྟེན་ཡིན་ཏེ། སློབ་དཔོན་པདྨ་དང་པཎ་ཆེན་བི་མ་ལ་མི་ཏྲ་སོགས་ཀྱིས་པནྚི་ཏ་བྱས་ནས་བསྒྱུར་བའི་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོགས་ཡིན་ན། མངའ་བདག་ཁྲི་རལ་བ་ཡན་ཆད་ཀྱི་དཀར་ཆག་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་ཚལ་གྱི་མཚན་སྨོས་པའི་ནང་དུའང་འོང་བར་རིགས་ལ། གལ་ཏེ་རྒྱལ་པོས་བཀས་བཅད་དེ་བསྒྱུར་དུ་མ་གནང་བས་དེ་དུས་མ་བསྒྱུར་ཞིང༌། པཎ་ཆེན་དེ་དག་གི་ཕྱག་ན་རྙིང་མར་གྲགས་པ་འདི་རྣམས་ཀྱི་རྒྱ་དཔེ་ཡོད་དོ་ཞེ་ན། འོ་ན་བསམ་ཡས་སོགས་སུ་ཡོད་དགོས་ཤིང་སྐྱེ་བོ་གཞན་གྱིས་ཀྱང་མཐོང་སྲིད་པ་ལས། བོད་ཀྱི་རྒྱལ་ཁམས་སུ་གང་ནའང་རྙིང་མར་གྲགས་པའི་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོགས་༼མང་པོ་༽འདིའི་རྒྱ་དཔེ་སུས་ཀྱང་མཐོང་བ་ནི་མི་སྣང་ངོ༌།། དེ་ལྟར་ན་འདི་རྣམས་མངའ་བདག་ཁྲི་རལ་ཡན་ཆད་ཀྱི་དུས་སུ་མེད་ཅིང༌། གླང་དར་མས་བསྟན་པ་བསྣུབས་དུས་བསྒྱུར་བར་ནི་ཁྱེད་རང་ཡང་ཁས་མི་ལེན་ཏེ། ཕྱིས་ལོ་སྟོན་ལ་སོགས་པས་དབུས་གཙང་དུ་བསྟན་པ་བཙུག་པའི་དུས་མན་ཆད་དུ་ནི། རྙིང་མའི་སྒྱུར་བྱེད་དུ་འདོད་པའི་ལོ་པཎ་དེ་རྣམས་མི་བཞུགས་པ་ལ་སོགས་པ་རྒྱུ་མཚན་མང་བོ་ཡོད་པའི་ཕྱིར་རོ།། འདི་དག་བོད་རྒད་པོ་རྡོ་རྗེ་འཛིན་པ་ཆེན་པོར་རློམ་པ་འགའ་ཞིག་གིས། རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་རྣམ་པར་དག་པ་འགའ་ཞིག་ལ་བརྟེན་ནས་རང་བཟོར་བརྩམས་པའོ་ཞེས་གསུངས་སོ།། བཅོམ་ལྡན་རལ་གྲིས་ཐོག་མར་རྙིང་མ་ཆོས་ནོར་བ་ཡིན་ཞེས་གསུང་ཞིང་ཕྱིས་བསམ་ཡས་ནས་གསར་རྙིང་གི་རྒྱ་དཔེ་རྙེད་པས་ཡང་དག་ཡིན་པར་འདུག་ཅེས་གསུངས་ལ། མཁན་ཆེན་ཐར་བ་ལོ་ཙཱ་བའི་གསུང་གི་ཕུར་བ་རྩ་དུམ་གྱི་རྒྱ་དཔེ་བལ་བོར་སྣང་བས་རྙིང་མའི་རྒྱུད་ཡང་དག་ཡིན་པར་འདུག་ཅེས་གསུང་བ་ལ་མཁས་པ་དག་ན་རེ། རྙིང་མའི་རྒྱུད་འགྲེལ་རྣམས་བཀའ་རྣམ་དག་མིན་ཟེར་བ་མ་བཟོད་ནས་རྙིང་མའི་ཕྱོགས་འཛིན་ཅན་གཅིག་གིས་རྒྱ་བལ་དུ་ཕྱིན་ཏེ། གསར་རྙིང་རྒྱ་དཔེར་བྲིས་ཏེ་བསམ་ཡས་སུ་བཞག་པ་ཡིན་ཅིང་ཕུར་བ་རྩ་དུམ་ཡང་རྒྱ་དཔེར་བྲིས་ཏེ། བལ་བོར་བཞག་པ་ཡིན་ནོ་ཞེས་གསུངས་ཤིང་མའི་མིང་དོན་རྟོག་དང་བཅས་པ་གསུང་ཞིང༌། བཅོམ་རལ་ཡང་ཐུགས་ཆུང་རྩིང་ཞིང་ཞིབ་དུ་མ་བརྟགས་པར་ཁ་ཚོན་གཅོད་སྔ་མཛད་པ་ཞིག་ཡོད་པར་འདུག་སྟེ། སྔར་དུས་འཁོར་ཡང་ཆོས་མིན་ཞེས་རེ་ཞིག་བསྐུར་བ་བཏབ་གདའ། མཁན་ཆེན་ཐར་ལོ་པ་ཡང་རེ་འགའ་སྐད་དོད་ཐད་གཟིགས་པ་གཅིག་ཐུགས་ལ་མ་ཤར་བ་དང་མང་པོའི་བརྟགས་དཔྱད་མི་མཛད་པའང་སྲིད་ཀྱིན་ཡོད་པར་སྣང་སྟེ། ཁོང་དང་དཔང་ལོ་ཙཱ་བ་བལ་བོར་དུས་མཉམ་དུ་བཞུགས་དུས་ངས་བོད་དུ་སྔར་མ་འགྱུར་བའི་རྒྱུད་གཅིག་རྙེད་གསུང་ཟེར། དཔང་ལོ་ཙཱ་བས་མིང་ཅི་འདྲ་ཞིག་གདའ་གསུངས་བ་རྡོ་རྗེའི་གནས་བཞི་བ་ཟེར་བ་གཅིག་འདུག་གསུངས། རྡོ་རྗེ་གདན་མིན་པར་གདའ་འམ་གསུངས་པས། ག་རེ་གནས་དང་གདན་འདོན་བལྟ་དགོས་གསུང་ནས་བཞུད་སོང༌། ནང་པར་རྡོ་རྗེ་གདན་བཞི་ཡིན་པར་འདུག་ཞེས་མཁས་པའི་དབང་བོ་དཔང་ལོ་ཙཱ་བ་གསུང་ཞེས་བླ་མ་དག་གསུང་ངོ༌།། གལ་ཏེ་རྒྱ་དཔེ་དེ་གཉིས་རྣམ་དག་ཡིན་དུ་ཆུག་ནའང་གཞན་རྙིང་མའི་རྒྱུད་མང་བོ་འདི་རྣམས་དང༌། རྒྱ་བལ་གྱི་མཁས་པའི་བྱས་པར་འདོད་པའི་འགྲེལ་བ་སྒྲུབ་ཐབས་ལ་སོགས་པའི་རྒྱ་དཔེ་རེ་རེ་ཙམ་ཡང་རྒྱ་བལ་དུ་འོང་བར་རིགས་ཏེ། རྒྱལ་བོའི་བློན་པོ་གང་ཡང་རུང་བའི་རྙིང་མའི་ཆོས་འདི་རྣམས་དགོས་སུ་བསྲེགས་ཤིང་ཉམས་པར་བྱས་པ་ལ་སོགས་པའི་གཏམ་ནི་མི་སྣང་ངོ༌།། དེ་ལྟར་ན་རྙིང་མའི་རྒྱུད་སོགས་མང་བོ་འདི་ཙམ་ཞིག་སྔར་བསྒྱུར་ངེས་ཡིན་ན་མངའ་བདག་ཁྲི་རལ་གྱི་དུས་ཡན་ཆད་དུ་འགྱུར་དགོས་ཏེ། ཁྲི་རལ་གཤེགས་མ་ཐག་གླང་དར་མས་བོད་དུ་བསྟན་པ་བསྣུབས་ཅིང༌། དེ་རྗེས་སུ་ལོ་སྟོན་ལ་སོགས་པའི་འདིར་བསྟན་པ་བཙུགས་པ་མན་ཆད་ནི་བསྟན་པ་ཕྱི་དར་ཡིན་པའི་སྔ་འགྱུར་གྱི་དོན་མེད་པའི་ཕྱིར་རོ།། དེས་ན་སྔར་བཤད་པ་ལྟར་སློབ་དཔོན་པདྨ་སོགས་གདན་དྲངས་ནས་ཆོས་བཙུགས་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་ཆོས་རྒྱལ་ཁྲི་ལར་གྱི་བར་དུ་རྒྱ་གར་དང༌། རྒྱ་ནག་ནས་བསྒྱུར་བས་དམ་པའི་ཆོས་འགྱུར་རོ་ཅོག་དཀར་ཆག་ཏུ་བྲིས་པ་རྣམས་ནའང་མིང་ཙམ་ཡང་མི་སྣང༌། བསྟན་པའི་གཞི་བསམ་ཡས་སོགས་བོད་ཡུལ་གང་ནའང་རྩོད་མེད་ཀྱི་རྒྱ་དཔེ་ཡོད་པར་མི་གྲགས་ཤིང༌། འགོས་ལོ་ཙཱ་བས་ལན་གསུམ་རྒྱ་གར་དུ་ཕྱིན་ཏེ། ངེད་བོད་ན་རྙིང་མ་ཟེར་བའི་རྒྱུད་འགྲེལ་སོགས་འདི་འདྲ་ཡོད་རྒྱ་གར་ན་ཨེ་ཡོད། རྒྱུད་རྣམ་དག་ཨེ་ཡིན་དྲིས་པས་རྒྱ་གར་ནའང་མེད་རྒྱུད་རྣམ་དག་མིན་གསུང་ཟེར། རྒྱ་གར་ན་རྙིང་མའི་རྒྱུད་འགྲེལ་སྒྲུབ་ཐབས་སོགས་མང་བོ་འདིའི་རྒྱ་དཔེ་ཡོད་ན། བོད་ནས་སྔ་ཕྱི་རྒྱ་བལ་དུ་བྱོན་པའི་ལོ་ཙཱ་བ་མང་བོ་དེ་སྙེད་ཀྱིས་རེ་རེ་ཙམ་ཅིའི་ཕྱིར་མི་སྙེད། དེས་ན་རྒྱ་གར་བས་བསྟན་བཅོས་བརྩམ། རྒྱ་ནག་པ་མདོ་བརྩམ། བོད་ཀྱི་རྒྱུད་རྩོམ་ཞེས་པ་ལྟར་བོད་རྒན་རྣམས་ཀྱིས་བྱས་པ་ཡིན་ནོ་ཞེས་གསུང་ངོ༌།། དེ་ལྟར་ན་མཁས་པ་དག་གསུང་བའི་རྒྱུ་མཚན་དེ་རྣམས་ཀྱང༌། རྒྱུ་མཚན་ཤིན་ཏུ་རླིང་པོ་སྣང་ཞིང་གཞན་ཡང་དཔྱད་པ་འདི་ཡང་ཡོད་དོ།། རྒྱ་བལ་དང་རྒྱ་ནག་ནས་ལོ་པན་གྱིས་བསྒྱུར་ངེས་པའི་མདོ་རྒྱུད་འགྲེལ་བ་འགྲེལ་བཤད་མང་བོ་མཐའ་ཡས་པ་འདི་ཙམ་གཅིག་གི་ནང་ན། རྙིང་མར་གྲགས་པའི་རྒྱུད་འགྲེལ་སོགས་ཀྱི་མིང་ཙམ་ཡང་མི་སྣང་བ་འདི་མཚང་ཆེ་ཤོས་སུ་འདུག་སྙམ་སྟེ་དཔྱད་པར་བྱའོ།། གང་ལྟར་ཡང་ཐེག་པ་རིམ་དགུའི་རྣམ་བཞག་བྱས་ནས་ཐེག་པ་རིམ་པ་དགུའི་དབང་བསྐུར་བའི་ཆོ་ག་དང༌། དུས་འཁོར་བདེ་དགྱེས་སོགས་ཀྱི་ཆོ་ག་དང༌། རིམ་གཉིས་ཀྱི་ཉམས་ལེན་སོགས་དམན་ཞིང༌། དེ་བས་ཨ་ཏི་ཡོ་ཀ་སོགས་རྒྱུད་སྡེ་གོང་མ་མང་བོའི་རྣམ་བཞག་བྱས་པ་སོགས་ཤིན་ཏུ་ནོར་དེ། ཁྱེད་དང་ངེད་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་བརྟག་གཉིས་སོགས་རྒྱུད་སྡེ་རྣམ་དག་ཏུ། དང་བོ་གསོ་སྦྱོངས་ནས་བརྩམས་པས་རྣལ་འབྱོར་ཆེན་པོའི་རྒྱུད་གཞན་ཐམས་ཅད་ཤེས་པར་བྱས་ནས་དེ་རྗེས་ཀྱེ་རྡོ་རྗེ་བསྟན་ཞེས་དང༌། རྡོ་རྗེ་སྙིང་འགྲེལ་དུ་ཡང་དེ་བཞིན་དུ་གསུངས་ཤིང༌། རིགས་གསུམ་མགོན་པོ་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་གྲུབ་ཆེན་བརྒྱད། རྣལ་འབྱོར་དབང་ཕྱུག་བིརྺ་པ། སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པའི་རྒྱ་གར་གྱི་མཁས་གྲུབ་ཆེས་མང་གིས་དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་ལས་ལྷག་པའི་རྒྱུད་སྡེ་མ་རྙིད་པར། དེ་རྣམས་ཀྱི་འགྲེལ་བ་སྒྲུབ་ཐབས་མན་ངག་ལ་སོགས་ཐུགས་ཉམས་སུ་བཞེས་ཤིང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དོ།། རྒྱ་ནག་དང་བོད་ཀྱི་མཁས་གྲུབ་དུ་མས་ཀྱང་དེ་ལྟར་མཛད་པའི་ཕྱིར་དང༌། ཐེག་པ་རིམ་དགུའི་དབང་བྱེད་དུས་ཆོས་གོས་གཉིས་གདེང་བ་ཆུ་ཚག་ལྷུང་བཟེད་གཏད་ནས་དགེ་ཚུལ་དུ་སྒྲུབ་པར་བྱེད། ཆོས་གོས་རྣམ་གསུམ་མཁར་བསིལ་སོགས་གཏད་ནས་དགེ་སློང་དུ་སྒྲུབ་པར་བྱེད་པའི་དབང་བསྐུར་བྱེད་པར་གྲགས་ཏེ། དགེ་བསྙེན་གྱི་སྡོམ་པ་ཙམ་ཡང་མི་འཛིན་པའི་ཁྱིམ་པའི་གོས་དཀར་ཅན་གྱི་སློབ་མ་དགེ་ཚུལ་དང་དགེ་སློང་དུ་སྒྲུབ་པའི་ཆོ་ག་དང༌། འདུལ་བའི་སྡེ་སྣོད་དང་རྒྱབ་ལོག་པས་བསྟན་པའི་ཆོམ་རྐུན་དུ་མངོན་ནོ།། གཞན་ཡང་རིག་འཛིན་གྱི་སྡོམ་ལྡན་སྔགས་པ་རྡོ་རྗེ་སློབ་དཔོན་གྱིས། རྡོ་རྗེ་སློབ་མ་ལ་ཐེག་ཆེན་གསང་སྔགས་ཀྱི་དབང་བསྐུར་བའི་ཚུལ་བཤད་པའི་དྲི་མ་མེད་པའི་རྒྱུད་འགྲེལ་སྒྲུབ་ཐབས་གང་ན་ཡང་ཐེག་པ་རིམ་དགུའི་དབང་བྱ་བ་བཤད་པ་མི་སྣང་ཞིང༌། ཁྱོད་ཀྱི་ལུགས་ལྟར་ན། རིགས་གསུམ་མགོན་པོ་སོགས་དང་གྲུབ་ཆེན་བརྒྱད་སོགས་རྒྱ་བོད་ཀྱི་མཁས་གྲུབ་ཆེས་མང་དེ་རྣམས་ཀྱིས་གསང་སྔགས་ཀྱི་དབང་ཡོངས་སུ་རྫོགས་པ་མ་ཐོབ་པར་འགྱུར་ཏེ། ཐེག་པ་རིམ་དགུའི་དབང་ཁྱེད་རྣམས་ཀྱི་བསྐུར་ཚུལ་ལྟར་འདི་ཐོབ་པའི་སྒྲུབ་བྱེད་མེད་པའི་ཕྱིར་ཏེ། མདོ་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་དྲི་མ་མེད་པ་གང་དུ་ཡང་ཐེག་པ་རིམ་དགུ་ཞེས་པའི་མིང་ཙམ་ཡང་མི་སྣང་བའི་ཕྱིར་རོ།། གཞན་ཡང་ཐེག་པ་རིམ་དགུའི་རྣམ་བཞག་འདི་རྣམས་ཀྱི་ཚིག་དང་དོན་གྱི་ཆ་ལ་རྒྱལ་བའི་བཀའ་དང་དྲི་མ་མེད་པའི་བསྟན་བཅོས་དང་འགལ་བ་དུ་མར་སྣང་ཞིང༌། རྙིང་མ༼ར་༽གྲགས་པའི་རྒྱུད་འགྲེལ་སྒྲུབ་ཐབས་སོགས་རྣམས་ལ་ཡང་ངོ༌།། དེ་ལྟར་ན་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་དུས་སུ་མཁན་པོ་བྷོཏི་ས་ཏྭའི་ཞལ་ནས་རྒྱལ་བོ་ཁྱོད་ཀྱི་རྒྱལ་ཁམས་འདིར་ཐུབ་པའི་བསྟན་པ་དང་བོན་གྱི་བསྟན་པ་གཉིས་མི་འཐད་པའི་དེ་གཉིས་ཤགས་བཀྱེ་ནས་རྒྱུ་མཚན་གང་བཟང་བའི་བསྟན་པ་ཚུགས་ཞེས་གསོལ་དེ་ཤགས་བཀྱེ་བས་སློབ་དཔོན་ཤགས་རྒྱལ་ཏེ། སྣང་གཤིན་ཟེར་བའི་རིམ་གྲོ་མཁན་འདི་མ་གཏོགས་བོན་ཐམས་ཅད་བསྣུབ་པར་བཤད་པའི་བོན་པོ་རྣམས་ཀྱིས་སྙིང་གནད་བྱས་ཏེ། ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིར་བསྡུས་ནས་ལྟ་བསྒོམ་སྤྱོད་འབྲས་རྣམ་པར་དག་པའི་བསྟན་པ་ལ་གནོད་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་པར་རློམ་པའི་སྔགས་པ་འགའ་ལ་སུན་བྱིན་ཏེ། སངས་རྒྱས་པའི་སྔགས་ཀྱི་ཐེག་པར་ཐེག་པ་རིམ་པ་དགུ་དང༌། དེའི་རིམ་པ་ལྟ་བུ་དབང་བསྐུར་མན་ངག་སོགས་འབྲི་བ་དང༌། ཁོང་གི་གྲུབ་མཐའ་མཆོག་ཏུ་འདོད་པའི་དབུ་མ་དང༌། རྒྱུད་སྡེ་མཆོག་ཏུ་འདོད་པའི་བདེ་དགྱེས་གསང་འདུས་དུས་འཁོར་སོགས་ལས་ཆེས་ལྷག་པའི་རྒྱུད་བརྩོམས་ཞེས་བསྐུལ་བ་ཡིན་ནམ། ཡང་ན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་ཞེས་པ་འབྱུང་སྟེ། ཕར་ཕྱིན་བཅུ་ལ་སོགས་པ་ཆོས་སྤྱོད་རྣམ་པ་བཅུའི་སྒོ་ནས་བསྒྲུབ་ཅིང༌། ས་ལམ་རིམ་གྱིས་བགྲོད་ནས་སངས་རྒྱས་ཐོབ་པར་འདོད་པའི་ལམ་འདི་ལམ་རྣམ་དག་མ་ཡིན་ཏེ། སྤྲིན་དཀར་ནག་༼གང་༽གིས་ཀྱང་ཉི་མ་སྒྲིབ་པ་ལྟར་སངས་རྒྱས་པ་ལ་གེགས་ཡིན། དེས་ན་ཆོས་སྤྱོད་བཅུ་ལ་སོགས་པའི་ཆོས་བྱ་མི་དགོས་གང་ཡང་ཡིད་ལ་མི་བྱེད་པས་ཆོས་འདི་ལ་གནས་ན་ཉལ་ནས་སྡོད་པ་གཅིག་འཚང་རྒྱ་སྟེ། འདི་ནི་ཁྱུང་ནམ་མཁའ་ནས་འབབ་པ་དང་འདྲ་བར་ཅིག་ཆར་དུ་འཇུག་པའོ་ཞེས་ཟེར། དེའི་རྗེས་སུ་བཙུན་མོ་བློན་པོ་འབངས་ཕལ་ཆེ་བ་ཞུགས། མཁན་པོ་བྷོ་ཏི་ས་ཏྭའི་བཞེད་པ་ཆོས་སྤྱོད་བཅུ་སོགས་དགེ་བའི་ཆོས་བསྒྲུབ་ཅིང༌། ས་ལམ་རིམ་གྱིས་བགྲོད་ནས་འཚང་རྒྱ་བའི་ལུགས་ཀྱི་རྗེས་སུ་འབྲང་བ་རྒྱལ་བློན་དང་ལོ་ཙཱ་བ་ཉུང་ཤས་གཅིག་ལས་མ་བྱུང་སྟེ། རྒྱལ་བོས་མཁན་པོ་བྷོ་ཏི་ས་ཏྭའི་ཆོས་ལུགས་སྤྱོད་གསུང་ཡང་ཉན་དུ་མ་འདོད་ཅིང༌། ཅིག་ཆར་བ་རྣམས་ཀྱིས་རིམ་གྱིས་པ་ལ་རིལ་གསོད་པ་ཡིན་ཟེར། དེའི་སྐབས་སུ་རྒྱ་གར་ནས་མཁས་མཆོག་ཀ་མ་ལ་ཤཱིལ་སྤྱན་དྲངས་ཏེ། རྒྱལ་བོའི་ཞལ་ནས་ཅིག་ཅར་བ་དང་རིམ་གྱིས་པའི་ལྟ་སྒོམ་སྤྱོད་འབྲས་མ་མཐུན་པ་འདི་ལ། རྒྱའི་མཁན་པོ་དང་ཁྱེད་གཉིས་རྩོད་པ་གྱིས་ལ་གང་ཕམ་པ་དེས་རྒྱལ་བ་དེ་ལ་མེ་ཏོག་ཕུལ། གང་ཕམ་པ་དེའི་ངའི་ཡུལ་དུ་མ་འདུག་ཅིང་དེའི་ཆོས་ལུགས་ཡང་ངའི་ཡུལ་དུ་སྤྱད་དུ་མེད་དོ་ཞེས་བཀས་བཅད། དེར་རྩོད་པ་བྱས་པས་ཧྭ་ཤང་ཕམ་སྟེ་ཧྭ་ཤང་རྒྱ་ཡུལ་དུ་བརྫངས་ཁོའི་ཆོས་ལུགས་རྣམས་བསྣུབས་ཏེ། རྒྱལ་བོའི་ཞལ་ནས་ཧྭ་ཤང་གི་ཆོས་ཅིག་ཆར་འཇུག་མཆི་བ་དེས་ཆོས་སྤྱོད་བཅུ་ལ་སྐྱོན་བཀལ་སེམས་ནི་བྱིང༌། ཚོགས་ནི་མི་བསོགས་གཞན་གྱི་བློར་སྦྱོང་འཕྲོ་བཅད་པས་ཆོས་ཀྱང་ནུབ་པར་གྱུར་བས་འཕྲོ་ཆོད་ལ་དེང་སླན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་སུ་བཟུང༌། སྤྱོད་པ་ཕར་ཕྱིན་བཅུ་ལ་ཆོས་སྤྱོད་བཅུས་ཉམས་སུ་ལོངས། བསྒོམ་པ་ཤེས་རབ་རྣམ་གསུམ་གྱིས་བློ་སྦྱོངས་ལ་ཐབས་ཤེས་རབ་ཟུང་དུ་འབྲེལ་བར་སྒོམས། ད་སླན་ཆད་ངའི་བོད་འབང་རྗེ་བློན་གང་གིས་ཀྱང་ཧྭ་ཤང་གི་ཆོས་ལུགས་སྤྱོད་པར་མི་དབང་ངོ༌།། ངའི་བོད་ཁམས་འདི་མཐའ་འཁོབ་ཏུ་གྱུར་བ་དང༌། རིག་པ་བླུན་ཞིང་རང་དགའ་མང་སྟེ། ཆོས་བརྟགས་པར་དཀའ་ཞིང་ཟབ་པར་གྱུར་བས་རྒྱ་གར་གྱི་མཁས་པ་རབ་ཏུ་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ། ལོ་ཙཱ་བ་མཁས་པའི་གཏན་ལ་ཕབ་པ་དེ་ལ་འཇུག་པར་བྱའོ།། རྒྱལ་བོས་ཡོན་བདག་མ་བྱས་ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་གང་ལ་ཡང་འཇུག་པར་མི་བྱ་བར་བཀའ་ནན་དྲག་ཏུ་སྩལ་ཞེས་བཤད་དོ།། དེ་ལ་ཧཱ་ཤང་གི་རྗེས་འཇུག་ཤིན་ཏུ་མང་བོ་རྣམས་ཀྱིས། རྡོ་རྗེ་འཛིན་པར་རློམ་པའི་སྔགས་པ་གྲགས་པ་ཅན་འགའ་ཞིག་ལ་ཁ་ལོག་བཅུག་སྟེ། ཕར་ཕྱིན་བཅུ་སོགས་ལ་ཆོས་སྤྱོད་བཅུའི་སྒོ་ནས་སློབ་ཅིང༌། ཞི་ལྷག་རིམ་གཉིས་ཀྱི་རྣལ་འབྱོར་གྱི་སྒོ་ནས་ས་ལམ་རིམ་གྱིས་བགྲོད་པའི་གྲུབ་མཐའ་སུན་དབྱུང་བའི་ཕྱིར། དེ་ལྟར་སྟོན་པའི་མདོ་རྒྱུད་ཐེག་པ་དམའ་མོར་ཞོག་ལ། བྱ་རྩོལ་དང་བྲལ་བའི་སྤྱོད་ལམ་གྱིས་བྱར་མེད་ཀྱི་ངང་དུ་ཞོག དེ་ལྟར་བྱས་ན་ཁྱུང་ནམ་མཁའ་ནས་བབས་པ་དང་འདྲ་བར་སྐད་ཅིག་གིས་སངས་རྒྱའོ་ཞེས་དང༌། ཡང་དེ་ལྟའི་ལམ་དེ་བསྒོམ་ཤིང་ངོ་འཕྲོད་ན་རྣལ་འབྱོར་བ་ཀུན་ཏུ་བཟང་བོར་སངས་རྒྱས་ཟིན་ཡང་ཁྱུང་རྒོང་རྒྱས་བཅིངས་པ་ལྟར་ལུས་རྒྱས་བཅིངས་པར་ཟད་ཅེས་སྟོན་ལ། དེའི་ལུགས་ཀྱི་རྒྱུད་དང་མན་ངག་སོགས་ཀྱིས་ལ་དར་བར་གྱིས་ཤིག་ཅེས་བསྐུལ་བ་བཞིན་བྱས་ཏེ། ལམ་རིམ་གྱིས་བར་སྟོན་པའི་མདོ་རྒྱུད་རྣམས་ཐེག་པ་དམའ་ཞིང༌། བྱ་རྩོལ་དང་བྲལ་བའི་སྤྱོད་ལམ་གྱིས་བྱར་མེད་ཀྱི་ངང་དུ་འཇོག་པར་སྟོན་པའི་རྒྱུད་དང་མན་ངག་རྒྱ་ཆེར་སྤེལ་བ་མ་ཡིན་ནམ་སྙམ་སྟེ། བདག་བདེ་ལེགས་སུ་འདོད་པ་དག་དེ་ལ་མ་ཞུགས་ན་འཐད་དོ།།
རྨི་ལམ་དང་སད་པའི་གནས་སྐབས་ཁྱད་མེད་དུ་འདོད་པ་དགག་པ།
ཡང་ཁ་ཅིག་མདོ་རྒྱུད་ལ་༼ཕྱག་ཆེན་བ་འགའ་དང་དབུ་མ་པར་རློམ་བ་འགས།༽ ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ཡང་ཡང་བཤད་ཅིང་བསྟན་བཅོས་དུ་མར་ཡང་བཤད་ལ། ཁྱད་པར་དུ་བྱང་ཆུབ་སེམས་འགྲེལ་ལས། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད།། ཅེས་སོགས་གསུངས་པའི་ཕྱིར། རྨི་ལམ་དང་སད་པའི་གནས་སྐབས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་མཐའ་གཅིག་ཏུ་སྨྲའོ།། འོ་ན་དགེ་སློང་ཞིག་གིས་རྨི་ལམ་དུ་ཞེ་སྡང་དྲག་པོས་མི་བསད་པ་རྨིས་ན་ངས་བསད་དོ།། ལེགས་པར་སོད་དོ་ཞེས་དགའ་བ་ཆེན་པོ་དང་བཅས་པ་རྨིས་པས་དགེ་སློང་གི་སྡོམ་པ་གཏོང་བར་འགྱུར་ཏེ། གཉིད་སད་པའི་གནས་སྐབས་སུ་སྦྱོར་དངོས་རྗེས་གསུམ་ཚང་བས་མི་བསད་པས་དེ་གཏོང་བའི་ཕྱིར་རོ།། ཁྱབ་པ་ཁས་བླངས་ཤིང༌། རྟགས་མ་གྲུབ་ན་འདུལ་བ་ལུང་སོགས་ལྟ་བ་མ་གྲུབ་ནའང་ལས་ཆོག་ཀློགས་ཤིག འདོད་མི་ནུས་ཏེ། འདུལ་བའི་མདོ་བསྟན་བཅོས་རྣམས་སུ་འདི་འདྲའི་རིགས་ཅན་ཐམས་ཅད་ལ་རྨི་ལམ་མ་གཏོགས་ཏེ། ཞེས་ཡང་ཡང་གསུངས་པའི་ཕྱིར་རོ། གཞན་ཡང་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་རྣམ་དབྱེ་མེད་པར་འགྱུར། གཉིད་ལོག་མ་ལོག་གི་རྣམ་དབྱེའང་མེད་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ནོ།། སློབ་དཔོན་ཟླ་བ་གྲགས་པས། གནོད་པ་མེད་པའི་དབང་བོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལ་ལོག་པར་རྣམ་པར་བཞག། ཅེས་དང༌། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས།། ཞེས་སོགས་མང་ངོ༌།།ཡང་རྨི་ལམ་དུ་ཞེ་སྡང་དྲག་པོ་སོགས་ཀྱིས་ཕའམ་མ་བསད་ཅིང༌། བསད་རྗེས་དགའ་བ་ཆེན་པོ་དང་བཅས་པ་རྨིས་པས་ཕ་མ་བསད་པའི་མཚམས་མེད་ཀྱི་ལས་བྱས་པར་འགྱུར་ཏེ། གཉིད་སད་པའི་གནས་སྐབས་སུ་དེ་ལྟར་བྱས་པ་དེར་འགྱུར་བའི་ཕྱིར་རོ།། ཁྱབ་པ་ཁས་བླངས་ལ། འདོད་མི་ནུས་ཤིང༌། རྟགས་མ་གྲུབ་པ་ཡང་མ་ཡིན་ཏེ། སྤྱཽད་འཇུག་ལས། སྒྱུ་མའི་སྐྱེས་བུ་བསད་ལ་སོགས། །སེམས་མེད་ཕྱིར་ན་སྡིག་མེད་དོ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང༌།། ཞེས་ཏེ། སྒྱུ་ལ་མཁན་གྱིས་སྤྲུལ་བའི་སྒྱུ་མའི་མི་དང༌། རྨི་ལམ་གྱི་མི་སོགས་སེམས་མེད་ཡིན་པས་དེ་བསད་ཡང་མི་བསད་པའི་དངོས་གཞིའི་སྡིག་པ་མི་འབྱུང༌། དོན་དམ་པར་བདེན་མེད་སྒྱུ་མ་ལྟ་བུའི་སེམས་དང་ལྡན་པའི་སེམས་ཡོད་ཀྱིས་མི་སོགས་ལ་ཕན་པ་དང་གནོད་པ་བྱས་ན། རིམ་པ་བཞིན་བསོད་ནམས་དང་སྡིག་པ་འབྱུང་ངོ་ཞེས་པའི་དོན་ནོ།། ལུང་གཞན་ཡང་ཤེས་པར་བྱ་སྟེ་སླའོ།། གཞན་ཡང་ཐ་མལ་བའི་རྨི་ལམ་དང་སད་དུས་ལས་བྱས་པའི་འབྲས་བུ་ཡང་ཁྱད་པར་མེད་པར་འགྱུར་ཏེ། རྨི་ལམ་དང་སད་དུས་ཁྱད་པར་མེད་པའི་ཕྱིར་རོ།། འདོད་ན་དབྱིག་གཉེན་གྱིས། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན།། ཞེས་དང་འགལ་ལོ།། ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་དབྱེའང་མེད་པར་འགྱུར་ཏེ། རྨི་ལམ་དང་སད་དུས་ཀྱི་གནས་སྐབས་ཁྱད་པར་མེད་པའི་ཕྱིར་རོ།། གལ་ཏེ་འདོད་དེ། འཁོར་འདས་དབྱེར་མེད་མཉམ་ཉིད་ཡིན་པའི་ཕྱིར་ཇི་སྐད་དུ་ཡང་ཡུམ་གྱི་མདོ་ལ་སོགས་པར། སྲིད་ཞི་ལ་སོགས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གསུངས་པའི་ཕྱིར་དང༌། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར།། ཞེས་དང༌། རིགས་པ་དྲུག་ཅུ་བར། སྲིད་པ་དང་ནི་མྱ་ངན་འདས། །གཉིས་པོ་འདི་ནི་ཡོད་མ་ཡིན། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེས་བྱ་བར་བརྗོད།། ཅེས་སོགས་བཤད་དོ་ཞེ་ན། འཁོར་འདས་མཉམ་ཉིད་དབྱེར་མེད་ཅེས་པ། འཁོར་འདས་ཁྱད་མེད་ཀྱི་དོན་དུ་འདོད་ན་ནི་ཤིན་ཏུ་འཁྲུལ་ཏེ། སངས་རྒྱས་ལ་སོགས་པའི་འཕགས་པ་རྣམས་ལས་ཉོན་གྱི་དབང་གིས་སྐྱེ་བ་དང་འཆི་བ་རྒྱུད་མར་ལེན་དགོས་པར་འགྱུར། ངན་སོང་གསུམ་གྱི་སྡུག་བསྔལ་དྲག་པོས་ཡོངས་སུ་གདུང་བར་ཡང་འགྱུར་བ་སོགས་ཀྱི་སྐྱོན་དུ་མ་ཡོད་པར་ཤེས་པར་བྱ་ཞིང༌། ཐར་བ་དོན་གཉེར་གྱི་སྐྱེས་བུ་རྣམས་འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་དུ་འབད་པ་བྱེད་པའང་དོན་མེད་པར་འགྱུར། ཐར་ལམ་ལ་འབད་པ་འཐད་པ་བཞིན་ཏུ་འཁོར་བའི་ཐབས་ལའང་འབད་ལ་འཐད་པར་འགྱུར། དཀོན་མཆོག་གསུམ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་ཡིན་པ་བཞིན་དུ། ངན་སོང་གསུམ་པོ་ཡང་སེམས་ཅན་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་སོགས་སུ་ཐལ་བར་འགྱུར། དེ་བཞིན་དུ་སྤངས་བྱ་དང་གཉེས་པོ། བདེ་བ་དང་སྡུག་བསྔལ། ཟག་བཅས་དང་ཟག་མེད་སོགས་ཁྱད་པར་མེད་པར་ཐལ་བར་འགྱུར་བ་ལ་སོགས་པའི་སྐྱོན་མཐའ་ཡས་པ་ཡོད་པས་ཤེས་པར་བྱའོ།། དེ་ལྟར་ན་འཁོར་འདས་ཞེས་པའི་ཐ་སྙད་འདི་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་སྒོ་ནས་ཚུལ་དུ་མ་གསུངས་ཏེ། དཔལ་འཕྲེང་གི་མདོར། ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྤུབས་བྱེ་བ་མཐའ་ཡས་པས་བཏུམས་པའི་འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དེ་ཞེས་དང༌། བརྟགས་གཉིས་ལས། འདི་༼ཉིད་༽འཁོར་བ་ཞེས་བྱ་སྟེ།། ཞེས་སེམས་ཅན་གྱི་ཁམས་སམ་དྲི་བཅས་དེ་བཞིན་ཉིད་ལ་འཁོར་བ་ཞེས་པའི་ཐ་སྙད་མཛད། དེ་བཞིན་དུ་མྱ་ངན་ལས་འདས་པ་ཞེས་པའང་གཞན་ནོ།། རྒྱུན་ཆད་པའི་དམན་པའི་མྱ་ངན་འདས་ལའང་ཐ་སྙད་མཛད་པ་ཡོད་མོད། དེ་ལྟར་གསུངས་པའི་ཚུལ་དེ་གཉིས་ཀྱང་དགོངས་པ་ཅན་ཡིན་གྱི་དེའི་དོན་སྒྲ་ཇི་བཞིན་པར་མི་བཟུང་སྟེ། དང་པོའི་དགོངས་གཞི་རྒྱུན་མ་ཆད་པར་འཇུག་པ་ལ་དགོངས་ཤིང་དེ་ལ་འཁོར་༼བ་༽ཞེས་པའི་ཐ་སྙད་འདོག་པའི་རྒྱུ་མཚན་ནི། སྤྱིར་འཁོར་བ་ཞེས་པའི་ཐ་སྙད་ཀྱི་དོན་སྐྱེ་འཆིའི་རྒྱུན་གྱིས་འཇུག་པ་ལ་བཤད་པས་རྒྱུན་མ་ཆད་པར་འཇུག་པར་འདྲ་བའི་རྒྱུ་མཚན་གྱི་སྒོ་ནས་བརྗོད། དངོས་ལ་གནོད་བྱེད་འཁོར་བ་མཚན་ཉིད་པ་མ་ཡིན་ཏེ་འདུས་བྱས་མ་ཡིན་པའི་ཕྱིར་རོ།། གཉིས་པའི་དགོངས་གཞི་རེ་ཞིག་འཁོར་བའི་སྡུག་བསྔལ་དྲག་པོ་ཞི་བ་ཙམ་ལ་དགོངས། དགོས་པ་འཁོར་བ་ཉིད་ལ་དགའ་ཞིང་ཞེན་པའི་སྐྱེས་བུ་རྣམས་དྲངས་པའི་ཕྱིར་རེ་ཞིག་ངལ་གསོ་བའི་ཆེད་ཡིན་ནོ།། དངོས་ལ་གནོད་བྱེད་མཐར་ཐུག་གི་མྱང་འདས་མ་ཡིན་ཏེ། རྒྱུད་བླར། ཇི་སྲིད་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ།། ཞེས་སོགས་བཤད་པས་སོ།། དོན་དེ་རྣམས་ཚིག་གསལ་འཇུག་༼པ་༽དང་དབུ་མ་སྣང་བ་ལ་སོགས་པར་རྒྱས་པར་གསུངས་ཏེ་མང་དོགས་པས་མ་བྲིས་སོ།། དེས་ན་ཟག་བཅས་ཀྱི་ལས་དང་ཉོན་མོངས་པའི་ཀུན་འབྱུང་གི་དབང་གིས་སྡུག་བསྔལ་རྒྱུད་མར་འཇུག་པ་ནི་འཁོར་བ་ཞེས་པའི་དོན་གྱི་གཙོ་བོ་ཡིན་ཞིང༌། ཀུན་གཞིའི་རྣམ་ཤེས་ཡང་འཁོར་བ་ཙམ་དུ་རུང་སྟེ། ཉན་ཐོས་སྡེ་བའི་མདོར། འཁོར་བ་ཇི་སྲིད་པའི་ཕུང་བོ་ཞེས་གསུངས་པའི་དོན་ཀུན་གཞིའི་རྣམ་ཤེས་ལ་དགོངས་ཞེས་འཕགས་པ་ཐོགས་མེད་གསུངས་སོ།། དེ་ཡང་ཀུན་གཞིའི་རྣམ་ཤེས་དེ་ས་བདུན་པ་མན་ཆད་ཟག་པས་བཅིངས་པས་ཟག་བཅས་དང༌། ཉན་རང་དགྲ་བཅོམ་དང༌། དག་པ་ས་གསུམ་གྱི་སྐབས་སུ་ཉོན་མོངས་པའི་བག་ཆགས་ཀྱི་དྲི་ང་བ་ཐམས་ཅད་དང་ལྡན་ཞེས་དཔལ་འཕྲེང་གི་མདོར་གསུངས་པས། དེ་རྣམས་ཀྱི་རྒྱུད་ཀྱི་ཀུན་གཞིའི་རྣམ་ཤེས་དེ་ཡང་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མའི་དྲི་ང་བས་བཅིངས་པས་ཟག་བཅས་ཡིན་གྱི། ཀུན་གཞིའི་རྣམ་ཤེས་ཟག་མེད་མི་སྲིད་པས་དེ་ཡོད་པར་བཞེད་༼བུ་སྟོན་སོགས་༽པའང་ལུང་ཅུང་མི་མཐུན་ནོ།། མྱང་འདས་མཐར་ཐུག་པ་མི་གནས་པའི་མྱང་འདས་དེ། འཁོར་བ་རྟག་པའི་མཐའ་མྱང་འདས་ཆད་པའི་མཐར་མ་ལྟུང་བའི་དོན་དམ་ཆོས་ཀྱི་སྐུའོ།། དེ་ལྟར་ན་འཁོར་འདས་དབྱེར་མེད་སྲིད་ཞི་མཉམ་ཉིད་ཞེས་པ་འཁོར་འདས་ཐམས་ཅད་གདོད་ནས་རང་བཞིན་གྱིས་དབེན་པའི་དངོས་པོ་མེད་པའམ། བདེན་པའི་སྐྱེ་འགག་མེད་པར་དབྱེར་མེད་པས་ཏེ་ཁྱད་མེད་པའམ་དེར་མཉམ་པ་ཉིད་ཡིན་པ་དང༌། འཁོར་བ་འདིའི་དེ་བཞིན་ཉིད་དང་ཆད་པའི་མྱང་འདས་ཀྱི་དེ་བཞིན་ཉིད་དབྱེར་མེད་ཡིན་པ་དང༌། སྐབས་ལ་ལར་འཁོར་བའི་དེ་བཞིན་ཉིད་ཀ་རང་གི་ངོ་བོ་གློ་བུར་དྲི་མ་ཐམས་ཅད་ཀྱིས་གདོད་ནས་རྣམ་པར་གནས་པའི་ཕྱིར། འཁོར་འདས་ཀྱི་མཐར་མ་ལྟུང་བའི་མྱང་འདས་ཡིན་པ་ལ་དགོངས་ནས་འཁོར་འདས་དབྱེར་མེད་དང་སྲིད་ཞི་མཉམ་ཉིད་ཅེས་གསུངས་པ་ཡིན་ནོ།། དོན་དེ་རྣམས་ཀྱང་ཚིག་གསལ་འཇུག་༼པ་༽དབུ་མ་སྣང་བ་སོགས་སུ་རྒྱས་པར་གསུངས་པར་བལྟའོ།། དེའི་ཕྱིར་མདོ་རྒྱུད་བསྟན་བཅོས་ལས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས་པར་གསུངས་པའི་དོན་ཡང༌། གནས་ལུགས་དཔྱོད་པའི་རིགས་པས་བརྟགས་ན་བདེན་པའི་དངོས་པོ་མེད་པ་སྟེ་རྨི་ལམ་སྒྱུ་མ་སོགས་བཞིན་ཞེས་སྟོན་པ་ཡིན་ལ། ཁྱད་པར་འཕགས་པ་ཀླུའི་ལུང༌། རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད།། ཞེས་པ་ནི། དངོས་སྨྲས་ནང་ནས་ཕྱི་རོལ་དོན་སྨྲ་ཕྱི་དོན་བདེན་པ་འདོད་པ་དགག་པའི་གཞུང་དུ་སྣང་སྟེ་དེ་ཉིད་བལྟས་པས་ཤེས་པར་འགྱུར་རོ།། ཡང་བརྟག་གཉིས་ཀྱི་ལུང་དུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ།། ཞེས་སོགས་ནས། རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར།། ཞེས་པའི་བར་གྱི་དགོངས་དོན་འཁོར་བ་འདི་ཉིད་མྱ་ངན་ལས་འདས་པ་མཆོག་ཡིན་པར་བསྟན་པ་མ་ཡིན་གྱི། སེམས་ཅན་གྱི་སེམས་ཀྱི་རང་བཞིན་ནམ་དེ་བཞིན་ཉིད་དེ་གདོད་ནས་དྲི་མས་མ་གོས་པ་གཅིག་ཡིན་ཡང༌། ཁོ་ཁྱབ་བྱེད་དུ་ཡོད་པའི་རྟེན་སེམས་ཅན་གྱི་སེམས་རྒྱུད་ལ་ཡང་ཡོད་མ་ཐག་པའི་བདག་གཉིས་སུ་འཛིན་པ་སོགས་ཀྱི་མ་རིག་པ་བྱུང་བའི་སྟོབས་ཀྱིས་རྨོངས་པར་གྱུར་བས། རྟེན་སེམས་ཅན་གྱི་རྣམ་ཤེས་འཁོར་བར་འཁོར་ཞིང་རྣམ་པར་དག་པའི་ལམ་བསྒོམ་པའི་སྟོབས་ཀྱིས་མ་རིག་པ་འགགས་ཏེ། ཡེ་ཤེས་ལྔ་མངོན་དུ་གྱུར་བས་མྱང་འདས་མཆོག་ཐོབ་པའི་ཕྱིར། རྨོངས་པའི་སྟོབས་ཀྱིས་འཁོར་བ་དང༌། །རྨོངས་མེད་འཁོར་བ་དག་པ་སྟེ། །མྱང་འདས་མཆོག་ཏུ་འགྱུར་བས་ནི། །རིམ་པ་བཞིན་དུ་འཁོར་བ་དང༌། །མྱ་ངན་ལས་༼ནི་༽འདས་པར་འགྱུར།། ཞེས་པའམ། མ་རིག་པའི་དེ་བཞིན་ཉིད་ལ་དགོངས་ནས་མ་རིག་པ་ནི་བྱང་ཆུབ་པོ་ཞེས་པ་ལྟར། འཁོར་བའི་དེ་བཞིན་ཉིད་ལ་དགོངས་ནས་འཁོར་བ་མྱ་ངན་ལས་འདས་པར་འགྱུར་ཞེས་གསུངས་པའོ།། ཡང༌། སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ཞེས་བྱ་བར་བརྗོད།། ཞེས་པ་ལ་སྲིད་པ་ཡོངས་སུ་ཤེས་པ་ཞེས་པའི་དོན་སྲིད་པ་རང་བཞིན་གྱིས་བདེན་པའི་སྐྱེ་བ་མེད་པར་རྣམ་པར་མི་རྟོག་པའི་ཚུལ་གྱིས་མངོན་སུམ་གྱིས་ཤེས་པ་སྟེ། དེ་ལ་རབ་ཀྱི་བསྒོམ་པ་གོམས་པ་མཐར་ཐུག་པའི་སྐྱེས་བུ་མི་གནས་པའི་མྱང་འདས་འཐོབ་ཅེས་དགོངས་པ་སྟེ། དེ་ཉིད་ཀྱི་འགྲེལ་བར་སློབ་དཔོན་ཟླ་བ་གྲགས་པས། སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པར་ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་ཉིད་གང་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས། ཐ་སྙད་ཀྱི་བདེན་པ་དང་སྦྱར་ནས་མྱ་ངན་ལས་འདས་པ་ཞེས་རྣམ་པར་བཞག་ཅེས་བཤད་དོ།། སྲིད་པ་ཡོངས་སུ་ཤེས་པའི་འདུས་བྱས་ཀྱི་བློ་དེ་ཉིད་མི་གནས་པའི་མྱང་འདས་མཚན་ཉིད་པར་མི་བཟུང་སྟེ། དེ་འདྲའི་བློ་དེ་འདུས་བྱས་ཡིན་ཞིང་མི་གནས་པའི་མྱང་འདས་མཚན་ཉིད་པ་དེ་འདུས་མ་བྱས་ཡིན་པའི་ཕྱིར་རོ།། གནས་འདི་རྒྱ་ཆེར་གཏན་ལ་དབབ་དགོས་པ་ཡིན་ནའང་མང་དོགས་པས་མ་བྲིས་སོ།། མདོར་བསྡུས་པ་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་དང་གྲུབ་མཐའ་རྣམ་འབྱེད་དུ་བཀོད་ཡོད་པས་བལྟ་བར་བྱའོ།། གལ་ཏེ་འཁོར་བ་འདི་རྟོགས་མ་རྟོགས་ཀྱི་འཁོར་འདས་སུ་འཇོག་གོ་ཞེ་ན། སྣང་བ་འདི་རྟོགས་ན་ཆོས་སྐུ་མ་རྟོགས་ན་འཁོར་བ་ཞེས་འདོད་པ་བཀག་པ་ལྟར་དགག་པ་འདིར་ཡང་བརྗོད་དོ།། འདི་རྣམས་ཀྱི་རྩོད་ལན་ལུང་དོན་དང་བཅས་པ་རྒྱས་པར། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལ་ཤངས་ཀྱི་བླ་མར་འབར་ར་བས་ཞུས་པའི་དྲིས་ལན་ཁོ་བོའི་བཀོད་ཡོད་པས་དེར་བལྟ་བར་བྱའོ།།
འཕགས་པའི་མཉམ་བཞག་ལ་སྣང་བ་མེད་པར་འདོད་པ་དགག་པ།
ཡང་སློབ་དཔོན་ཆུ་མིག་པ་༼སེངྒེ་དཔལ་༽སོགས་ཀྱི་བཤེས་གཉེས་མང་བོ་ན་རེ། ཐེག་ཆེན་འཕགས་པའི་མཉམ་བཞག་གི་བློ་ལ་སྣང་བ་གཏན་ནས་མེད་དེ། མདོ་ལང་གཤེགས་ལས། སྣང་མེད་གནས་པའི་རྣལ་འབྱོར་བ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌།། ཞེས་སོགས་དང༌། ཡང་མདོ་ལས། འགའ་ཡང་མཐོང་བ་མེད་པ་ཉིད་དེ་ཁོ་ན་མཐོང་བའོ།། ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། རང་བཞིན་མེད་པའི་རང་བཞིན་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར།། ཞེས་སོགས་བཤད་པའི་ཕྱིར་གསུངས་སོ།། འོ་ན་ཐེག་ཆེན་འཕགས་པའི་མཉམ་བཞག་གི་བློ་དེ་ཇི་ལྟ་བ་མངོན་སུམ་དུ་རྟོགས་པ་མ་ཡིན་པར་ཐལ་བར་འགྱུར་ཏེ། ཅི་ཡང་སྣང་བ་མེད་པའི་ཕྱིར། རང་བཞིན་གྱི་ཤེར་ཕྱིན་ཡང་མངོན་སུམ་དུ་མི་རིག་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། སློབ་དཔོན་སྒྲ་གཅན་འཛིན་གྱི་ཤེར་ཕྱིན་གྱི་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་བཤད་པ་དང་འགལ། ཅི་ཡང་སྣང་བ་མ་ཡིན་ན་ཤེས་པ་མ་ཡིན་པར་ཡང་འགྱུར་ཏེ། ཤེས་པ་ཞིག་ཡིན་ན་རང་ངམ་ཡུལ་ལམ་ཡུལ་གྱི་རྣམ་པ་ཞིག་སྣང་དགོས་པའི་ཕྱིར་རོ།། ཆོས་༼དང་༽ཆོས་ཉིད་རྣམ་འབྱེད་དུ། དེ་སྣང་བས་ཆོས་ཉིད་མི་སྣང་ཞིང༌། དེ་མི་སྣང་བའི་ཆོས་ཉིད་སྣང་ངོ༌།། ཞེས་པ་དང་ཡང་འགལ་ཞིང༌། དེ་ཞེས་པ་གཟུང་འཛིན་ནོ།། དེས་ན་སྔགས་ཀྱི་ལང་གཤེགས་ཀྱི་ལུང་དེའི་དོན་ནི། ཤནྟི་བས། སྣང་བ་མེད་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་མ་མི་སྣང་སྟེ། དེ་བཞིན་ཉིད་ལ་དམིགས་པ་ཞེས་བྱ་བའི་དོན་ཏེ། ཞེས་ཤེར་ཕྱིན་མན་ངག་དུ་བཤད། ཡང་ཤནྟི་བས་དབུ་མ་རྒྱན་གྱི་རང་འགྲེལ་དུ། གང་དུ་མིང་དང་མཚན་མ་བཟུང་བ་དང་འཛིན་པ་ཐམས་ཅད་ནུབ་པ་དེ་ནི་ཤིན་ཏུ་སྣང་བ་མེད་པའི་ཡེ་ཤེས་ཏེ་དེ་ལས་གནས་པར་གྱུར་བ་ཡིན་ནོ་ཞེས་དང༌། ཐེག་པ་ཆེན་པོ་མཐོང་ངོ་ཞེས་པ་ནི་ཐེག་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར་རོ།། ཞེས་དང༌། ཆོས་ཀྱི་བཤེས་གཉེས་གྱིས། དེས་ན་མིག་བཙུམས་པ་ལྟར་ཅི་ཡང་མི་མཐོང་བ་ནི་མཐོང་ལམ་མིན་གྱི་སྣ་ཚོགས་མཐོང་ཡང་སྒྲོ་སྐུར་མི་མཐོང་བ་ཞེས་མ་ཡིན་དགག་དུ་བཟུང་ངོ༌།། ཞེས་པ་ལྟར་འགའ་ཡང་མཐོང་བ་མེད་པའི་ནི་དེ་ཁོ་ན་མཐོང་བ་ཞེས་པའི་སྒྲོ་སྐུར་འགའ་ཡང་མཐོང་བ་མེད་པ་ལ་བཤད་དོ།། མདོར་ན་དཔྱད་ན་གྲུབ་པའི་བདེན་དངོས་འགའ་ཡང་མཐོང་བ་མེད་པའི་སྤྲོས་བྲལ་དེ་བཞིན་ཉིད་མཐོང་བའི་ཡེ་ཤེས་དེ་གནས་ལུགས་དེ་ཁོ་ན་ཉིད་མཐོང་བ་ཞེས་བའི་དོན་ཡིན་གྱི་ཅི་ཡང་སྣང་བ་གཏན་མེད་པ་ལ་དགོངས་པ་མ་ཡིན་ནོ།། ཆོས་བཤེས་ཀྱིས་མཛད་པའི་འགྲེལ་བར། ས་བརྒྱད་པ་ཡན་ཆད་སྣང་བ་མེད་པར་འདོད་པའི་ལུགས་བཀོད་པ་ཡང་གཟུང་འཛིན་གཉིས་སྣང་མེད་པ་སྟེ། འཕགས་སེང་གཉིས་ཀྱིས། ཐེག་ཆེན་འཕགས་པའི་སྒོམ་ལམ་ལ་ཟག་བཅས་ཟག་མེད་གཉིས་བཤད་པའི་དོན་ཆོས་བཤེས་ཀྱིས་རྣམ་པར་རྟོག་པ་དང་བཅས་པ་དང༌། དེ་དང་བྲལ་བ་གཙོ་བོར་གྱུར་བའོ་ཞེས་ཏེ། འདིར་རྟོག་པ་ནི་གཟུང་འཛིན་སོགས་གཉིས་སྣང་ཅན་གྱི་བློ་ལ་བཞེད་པར་བོད་མཁས་པ་སྔ་མ་རྣམས་འཆད་དེ་དཔྱད་པར་བྱ་བ་ཡོད་དོ།། དེ་ལྟ་ན་མདོ་བསྟན་བཅོས་དྲི་མ་མེད་པ་གང་དུ་ཐེག་ཆེན་འཕགས་པའི་མཉམ་བཞག་བློ་མེད་དང་དམིགས་མེད་དུ་བཤད་པ་ཐམས་ཅད། མིང་དང་མཚན་མ་དང་གཟུང་འཛིན་སོགས་སྣ་ཚོགས་སུ་སྣང་བའི་མངོན་ཞེན་མེད་པ་སྟེ་ཅིར་ཡང་འཛིན་པ་མེད་པའི་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ངོས་བཟུང་བ་ཡིན་གྱི། མིག་བཙུམས་པའི་གཟུགས་མི་མཐོང་བ་ལྟར་རམ་མར་མེ་ཤི་བ་ལྟ་བུར་མཉམ་བཞག་སྣང་བ་གཏན་མེད་དམ། མཉམ་བཞག་བློ་མེད་དུ་སྟོན་པ་ཡང་གཏན་མ་ཡིན་ནོ།། དེས་ན་མཉམ་བཞག་སྣང་བ་གཏན་མེད་དུ་འདོད་པ་ནི་མཉམ་བཞག་བློ་མེད། སངས་རྒྱས་ཐོབ་ཚེ་འདུས་བྱས་ཀྱི་ཡེ་ཤེས་མེད་པར་འདོད་པ་དང་དོན་ཁྱད་མེད་ཀྱི་ཚིག་གིས་བརྗོད་ཚུལ་ཙམ་དུ་ཟད་དོ།།
གཟུགས་སྐུ་གཉིས་སངས་རྒྱས་མིན་པར་འདོད་པ་དགགག་པ།
ཡང་ལུང་ཆོས་པར་ཁས་འཆེ་བ་མང་བོ་དག་ན་རེ། སློབ་དཔོན་སེང་བཟང་གིས་སྐུ་བཞིར་བཤད་པའི་རྟོགས་པ་ཡེ་ཤེས་ཆོས་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་གཉིས་སངས་རྒྱས་མཚན་ཉིད་པ་ཡིན་གྱི། གཟུགས་སྐུ་གཉིས་པོ་སངས་རྒྱས་མཚན་ཉིད་པ་མ་ཡིན་ཏེ་གདུལ་བྱའི་སྣང་བར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱུད་བླར། དེ་བཞིན་དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡིན། །རང་སེམས་ལས་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་ལྡན་པ་དང༌།། ཞེས་སོགས་ནས། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ནའང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར།། ཞེས་སོགས་དང༌། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་བོའི་སྐུ་ཡི་གཟུགས་བརྙན་འཆར།། ཞེས་དཔེ་དོན་རྒྱས་པར་སྦྱར་བ་དང༌། སློབ་དཔོན་སེངྒེ་བཟང་བོས། སྐུ་ལྷག་མ་གསུམ་པོ་དོན་དམ་ཆོས་ཉིད་ཀྱི་ངོ་བོ་ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ་ཞེས་བཤད་པ་དང༌། ཤེར་ཕྱིན་སུམ་བརྒྱ་པ་ལ་སོགས་པར། དགེ་སློང་དག་ང་ལ་འཇིག་ཚོགས་ཀྱི་སྐུར་མ་ལྟ་བར་ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་སོགས་རྒྱས་པར་བཤད་པ་དང༌། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོང་མི་འདའ།། ཞེས་སོགས་ལུང་མང་ངོ་ཞེ་ན་བཅོམ་ལྡན་འདས་ཀྱིས་དོན་ལ་སྟོན་པར་བྱ་ཡིས་ཚིག་འབྲུ་ལ་རྟོན་པར་མི་བྱའོ།། ཞེས་བཀའ་བརྩལ་བ་ལྟར་དགོངས་པ་ཟབ་མོ་གང་ཡིན་དཔྱད་ནས་དེ་དང་མི་འགལ་བ་ཁས་བླངས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། ཧ་ཅིང་ཐལ་བར་འགྱུར་བའི་ཕྱིར་རོ།། དེས་ན་རྒྱུད་བླ་མའི་ལུང་དོན་སྒྲ་ཇི་བཞིན་པར་བྱས་ནས་མཆོག་གི་སྤྲུལ་བའི་སྐུ་གདུལ་བྱ་སོ་སྐྱེའི་རང་སེམས་ཀྱི་སྣང་བ་ཡིན་གྱི་སངས་རྒྱས་སས་བསྡུས་ཀྱི་སྐུ་མཚན་ཉིད་པ་མིན་ན། ཆུ་ནང་གི་ཟླ་གཉིས་ལྟ་བུ་མེད་པ་སྣང་བ་གཅིག་ཡིན་ནམ་རྫས་སུ་ཡོད་པས་སྣང་བ་ཡིན། དང་པོ་ལྟར་ན་ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་བའི་སྐུ་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་ཆོས་འཁོར་བསྐོར་བའང་མིན་པར་འགྱུར་རོ།། ཆུ་ནང་གི་ཟླ་གཉིས་ལྟ་བུ་མེད་པའི་སྣང་བ་ཡིན་པའི་ཕྱིར་རོ།། འདོད་མི་ནུས་ཏེ་མཛོད་ལས། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པའི་གསུངས་དེ་དག། ཅེས་སོགས་དང༌། མངོན་རྟོགས་རྒྱན་དུ། གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ།། ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མཐའ་ཡས་སོ།། གཉིས་པ་ལྟར་ན། མཐའ་གཞན་བཀག་པའི་ལུང་རིགས་ཀྱིས་གདུལ་བྱ་སོ་སྐྱེ་རང་ཉིད་ཀྱི་རྣམ་ཤེས་ཀྱིས་བསྡུས་པའི་དངོས་པོ་ཞིག་ཏུ་ཁས་ལེན་དགོས་པར་འགྱུར་བ་ལས་མ་འདས་ལ། དེ་ལྟར་ན་དེས་གསུངས་པའི་འཁོར་ལོ་རིམ་གསུམ། གསུང་རབ་ཡན་ལག་བཅུ་གཉིས་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་མ་ཡིན་པར་འགྱུར། དེ་གསུང་བ་པོ་སངས་རྒྱས་ཡིན་པའི་གཟུགས་སྐུ་མེད་ཀྱི་དེ་གསུངས་པ་པོར་འདོད་པའི་གཟུགས་སྐུ་དེ་ནི་གདུལ་བྱ་སོ་སྐྱེའི་རྣམ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན་བཀའ་འཁོར་ལོ་རིན་པ་གསུམ་དང༌། གསུང་རབ་ཡན་ལག་བཅུ་གཉིས་སངས་རྒྱས་ཀྱི་བཀའ་མཚན་ཉིད་པ་མ་ཡིན་པར་ཐལ་བར་འགྱུར། དེ་ཡང་འདོད་ན་དེ་རྣམས་སྟོན་པ་སངས་རྒྱས་ཀྱིས་བཀར་མཛད་དེ་སེམས་དཔའ་དེ་སེམས་དཔའ་ཆེན་པོ་རྣམས་དང་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པར་མཛད་པ་མི་འཐད་པར་ཐལ་བ་དང༌། རྒྱན་དྲུག་ལ་སོགས་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀའི་དགོངས་འགྲེལ་མཛད་དེ་བསྟན་པ་རྒྱས་པར་མཛད་པ་མི་འཐད་པར་ཐལ་བ་ལ་སོགས་སྐྱོན་དུ་མ་ཡོད་ཅིང༌། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་ལུང་དང་རྟོགས་པའི་དམ་པའི་ཆོས་ལ་འཇུག་ཅིང༌། བསྒྲུབ་པ་ནན་ཏན་དུ་བྱེད་པའི་སོ་སྐྱེ་དང་འཕགས་པའི་གང་ཟག་སློབ་ལམ་པ་མེད་པར་འགྱུར་དེ། ཆོས་གསུང་བ་བོའི་སངས་རྒྱས་གཟུགས་སྐུ་མེད་ཅིང༌། སྔར་བཤད་ཀྱི་རྟོགས་པ་ཡེ་ཤེས་ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་ནི་གང་ཟག་དེ་དག་ལ་དངོས་སུ་ཆོས་སྟོན་པར་ཁྱེད་ཀྱིས་ཁས་ལེན་པར་མི་ནུས་ཏེ། དེ་གཉིས་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་གྱི། གང་ཟག་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ།། གཞན་ཡང་གདུལ་བྱ་སོ་སྐྱེ་རྣམས་ཀྱིས་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུའང་ཐོབ་པར་འགྱུར། སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་དེ་རང་སེམས་ཀྱི་རྫས་ཡིན་ཅིང༌། རང་སེམས་དེ་རང་རྒྱུད་ལ་རྫས་སུ་མེད་ཀྱིས་བསྙོན་དུ་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། ཡང་ལོངས་སྐུ་བྱང་སེམས་འཕགས་པའི་རང་སྣང་ཡིན་གྱི་སངས་རྒྱས་མཚན་ཉིད་པ་མ་ཡིན་ན། གནས་འོག་མིན་ཆེན་པོ་ཁོ་ནར་བཞུགས་པ་ལ་སོགས་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་དེ། གནས་མ་ལུས་པར་གྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་བྱམས་པས་གསུངས་པ་མི་འཐད་པར་ཐལ་བར་འགྱུར་དེ། གདུལ་བྱ་སློབ་ལམ་པ་འགའ་ཞིག་གི་སེམས་ཀྱི་རང་སྣང་ཡིན་གྱི་སངས་རྒྱས་མིན་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་རྒྱན་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ།། ཞེས་སོ།། བྱང་སེམས་འཕགས་པ་སློབ་ལམ་པ་དེ་རྣམས་ཀྱང་གནས་འོག་མིན་ཆེན་པོར་སངས་རྒྱས་ཟིན་པར་འགྱུར་ཏེ། མདོ་བསྟན་ཆོས་རྣམས་སུ་གསུངས་པའི་སྐུ་གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ། དེའི་རང་སེམས་ཀྱི་རང་སྣང་གི་རྫས་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ་ལངས་ཀར་གཤེགས་མདོར། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ནི་འདིར་འཚང་རྒྱ།། ཞེས་བཤད་དེ། རྐང་བ་ཕྱི་མ་འདིས་མཆོག་གི་སྤྲུལ་སྐུ་ཡང་སངས་རྒྱས་སུ་འགྲུབ་པོ།། སོ་སྐྱེའི་སྤྱོད་ཡུལ་དུ་གྱུར་བའི་སྤྲུལ་སྐུ་མཐས་ཅད་སོ་སྐྱེའི་རང་སྣང་དང༌། ལོང་སྐུ་མཐས་ཅད་བྱང་འཕགས་སློབ་ལམ་པའི་རང་སྣང་དུ་འདོད་པ། དེ་དག་གཉིས་ཀ་ལྟར་ན། རྟོག་པ་ཡེ་ཤེས་ཆོས་སྐུར་མིང་བཏགས་པའི་ཟག་མེད་ཀྱི་ཆོས་སྡེ་ཉི་ཤུ་རྩ་གཅིག་པོ་དེ་གང་ཟག་གང་གི་ཡང་རྒྱུད་ལ་མི་གནས་པར་ཐལ་བར་འགྱུར། སངས་རྒྱས་ཡིན་པའི་གཟིགས་སྐུ་མེད་པའི་ཕྱིར། ཟག་པ་མེད་པའི་ཡེ་ཤེས་དེ་རྣམས་བྱང་འཕགས་སློབ་ལམ་པའི་རྒྱུད་ལ་གནས་སོ།། ཞེས་ནི་བརྗོད་པར་མི་ནུས་ཏེ། དེ་རྣམས་རྟོགས་པ་ཡེ་ཤེས་ཆོས་སྐུ་ཡིན་པའི་སངས་རྒྱས་ཁོ་ན་ལ་ཡོད་ཅེས་ཁས་བླངས་པའི་ཕྱིར་རོ།། ཁ་ཅིག་ན་རེ། སངས་རྒྱས་ཡིན་པའི་ལོངས་སྐུ་མེད་པར་ཁས་བླངས་ན། ཁྱོད་ཀྱི་སྐྱོན་ཕྱི་མ་དེ་འོང་བ་བདེན་མོད། དེ་བས་ན་སྤྲུལ་སྐུ་ཐམས་ཅད་གདུལ་བྱའི་རང་སྣང་གི་བསྡུས་པ་ཡིན་གྱི། སངས་རྒྱས་ཡིན་པའི་ལོངས་སྐུ་ཡོད་དོ་ཞེ་ན། འོ་ན་ལོངས་སྐུ་ཐམས་ཅད་ཀྱང་གདུལ་བྱའི་སེམས་ཀྱི་རང་སྣང་གིས་བསྡུས་པར་ཐལ་བར་འགྱུར་ཏེ། སྤྲུལ་སྐུ་ཐམས་ཅད་དེ་ལྟར་ཡིན་པ་དང་སྒྲུབ་བྱེད་དང་གནོད་བྱེད་ཀྱི་ལུང་རིགས་ལ་སོགས་རྒྱུ་མཚན་ཤིན་ཏུ་མཚུངས་པའི་ཕྱིར་རོ།། གཞན་ཡང་སྤྲུལ་སྐུ་དེ་ལྟར་འདོད་པ་ལ་ལུང་རིགས་ཀྱི་གནོད་བྱེད་བརྗོད་ཟིན་ཅིང་སྐྱོན་གཞན་ཡང་ཡོད་ནའང་མང་དོགས་པས་མ་བྲིས་སོ།། དེ་ལྟར་ན་སྔགས་ཀྱི་རྒྱུད་བླ་མའི་ལུང་དེ་དག་གི་དགོངས་པའི་དོན་ནི། སངས་རྒྱས་ཀྱི་སྐུ་ལ་རང་དོན་དོན་དམ་པའི་སྐུ། གཞན་དོན་ཀུན་རྫོབ་པའམ་བརྡའི་སྐུ་གཉིས་གསུངས་ཤིང༌། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང༌། གདུལ་བྱ་རང་གི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་བསགས་པ་ལ་བརྟེན་ནས། འོ་སྐོལ་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའི་མཆོག་གི་སྤྲུལ་བའི་སྐུ་མཐོང་ཞིང་གསུངས་ཐོས་པའི་དད་ལྡན་གྱི་གདུལ་བྱ་སོ་སོ་སྐྱེ་བོ། དེ་རྣམས་ཀྱིས་བདག་ཅག་གིས་མཐོང་ཞིང་བསྙེན་བཀུར་བའི་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་འདི་ཉིད་ཁོ་ན་ཡིན་ནོ་ཞེས་སེམས་ཤིང༌། དོན་དམ་པའི་སངས་རྒྱས་ཆོས་སྐུ་ཡོད་པར་མི་ཤེས་ཡང་རང་གི་སྤྱོད་ཡུལ་དུ་གྱུར་བའི་གཟུགས་སྐུ་མཐོང་བ་ལ་བརྟེན་ནས། བདག་ཀྱང་འདི་འདྲར་གྱུར་ཅིག་སྙམ་ནས་དད་པས་དགེ་བ་བསྒྲུབ་ཅིང་རིམ་ཀྱིས་ཚོགས་གཉིས་སྤེལ་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཤེས་རབ་ཀྱི་མིག་སྐྱེས་པ་ན། དོན་དམ་པའི་སངས་རྒྱས་ཆོས་སྐུ་མཐོང་ཞིང་འཐོབ་ལ་མངོན་དུ་བྱེད་པར་འགྱུར་ཞེས་པའི་དོན་དེ། རྒྱུད་བླར། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ན་ཡང་གཟུགས་མཐོང་སྟེ། །དེ་དག་རྣམས་ལ་དོན་ཆེན་འགྱུར། །རིམ་ཀྱིས་དེ་མཐོང་ལ་བརྟེན་ནས། །ནང་གི་དམ་པ་ཆོས་སྐུ་ནི། །ཤེས་རབ་མིག་གིས་མཐོང་བར་འགྱུར།། ཞེས་གསུང་ཏེ། མདོར་ན་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་ཀྱི་ཆོས་ཉིད་རང་གི་ངོ་བོ་གདོད་ནས་དྲི་མ་ཐམས་ཅད་དང་བྲལ་བས། རང་བཞིན་གྱི་འོད་གསལ་བའི་ཆོས་སྐུ་དེ་རང་སེམས་ཀྱི་ཆོས་ཉིད་དུ་ཡོད་པར་མི་ཤེས་པར། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས་པའི་མཚན་དཔེས་བརྒྱན་པའི་སྐུ་ཁོ་ན་དོན་དམ་པའི་སངས་རྒྱས་སུ་བཟུང་བའི་ཆ་ནས་བློ་དོན་དང་ཅུང་མི་མཐུན་པ་ཡིན་ཡང༌། དེ་ལ་བརྟེན་ནས་སྐལ་ལྡན་གྱི་སྐྱེས་བུས་དེ་འདྲར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་ཚོགས་གཉིས་བསགས་པས་དོན་དམ་པའི་ནང་གི་ཆོས་སྐུ་ཐོབ་སྟེ། དཔེར་ན་བཻཌཱུརྱ་ས་གཞི་གཙང་མའམ་དྭངས་པ་ལ་ལྷའི་དབང་བོ་བརྒྱ་བྱིན་གྱི་གཟུགས་ཤར་བ་མཐོང་སྟེ། དེ་ཉིད་བརྒྱ་བྱིན་ནོ་སྙམ་དུ་བཟུང་སྟེ་བདག་ཀྱང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་ཞིང་ཚོགས་བསགས་པས་ཕྱིས་བརྒྱ་བྱིན་གྱི་གོ་་འཕང་ཐོབ་པ་བཞིན་ཞེས་པ་སྟེ། ས་གཞི་དྭངས་པ་ལ་ཤར་བའི་བརྒྱ་བྱིན་གྱི་གཟུགས་བརྙན་དེ་བརྒྱ་བྱིན་དངོས་མ་ཡིན་པ་བཞིན། འགྲོ་སེམས་དག་པས་མཐོང་བའི་མཚན་དཔེས་བརྒྱན་པའི་སྐུ་དེ་དོན་དམ་ཆོས་སྐུ་མིན་ཞེས་སྟན་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་སེམས་ཀྱི་སྣང་བ་ཙམ་དུ་སྟོན་པ་མ་ཡིན་ནོ།། དེ་ལྟར་མ་ཡིན་པར་གཟུགས་སྐུ་གདུལ་བྱའི་རང་སྣང་ཁོ་ན་ཡིན་ནོ།། དབུ་མ་རིན་ཆེན་འཕྲེང་བ་ལས། །སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས།། ཞེས་གསུངས་པས་གང་ཟག་ལྷས་སྦྱིན་གྱིས་བསྐལ་བ་གྲངས་མེད་དུ་མར་བསོད་ནམས་ཀྱི་ཚོགས་རབ་ཀྱི་མཐར་ཕྱིན་པར་བསགས་པའི་འབྲས་བུ་དངོས་དེ་ཁོང་གི་མ་ཐོབ་པར་གདུལ་བྱ་མཆོད་སྦྱིན་གྱིས་ཐོབ་པར་འགྱུར་ཞིང༌། འདོད་ན་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་རོ།། གཞན་ཡང་མདོ་གསེར་འོད་དམ་པ་ལས། དཔེར་ན་ནམ་མཁའ་ལ་བརྟེན་ནས་གློག་བྱུང་ངོ་གློག་ལ་བརྟན་ནས་འོད་འབྱུང་ངོ༌།། དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ༌།། ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་བའི་སྐུ་འབྱུར་ངོ་ཞེས་གསུངས་ཏེ། དཔེ་དོན་རྣམ་པ་ཐམས་ཅད་དུ་མཚུངས་དགོས་པ་མ་ཡིན་མོད། སྐབས་སུ་བབ་པའི་མཚུངས་ཆོས་ངེས་པར་སྦྱོར་དགོས་པས་འདིར་གློག་གི་འོད་དེ་གློག་དེ་ཉིད་ཀྱི་རང་གི་མདངས་གསལ་བའི་ཆ་གཅིག་ཡིན་ལ། གློག་དང་བྲལ་མི་ཤེས་པ་ཡིན་ཞིང་དེ་གཉིས་ལ་མཆོག་དམན་གྱི་ཁྱད་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ལོངས་སྐུ་དང༌། སངས་རྒྱས་རང་ཉིད་ཀྱིས་སྤྲུལ་བའི་སྤྲུལ་སྐུ་དང༌། སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གདུལ་བྱའི་སྤྱོད་ཡུལ་དུ་གསལ་བའི་ཡེ་ཤེས་ཀྱི་རྣམ་འགྱུར་ཉིད་ཡིན་པས། སངས་རྒྱས་ཀྱི་ས་ཉིད་ཀྱིས་བསྡུས་པའི་ཕྱིར་དེ་གཉིས་ལ་བཟང་ངན་གྱི་ཁྱད་མེད་ཅིང་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པའང་མ་ཡིན་ནོ།།
གལ་ཏེ་སྔར་བཤད་ལྟར་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པ་ཡིན་ན་སྐུ་དེ་གཉིས་ལ་ཆོས་བཟང་ངན་གྱི་ཁྱད་ཡོད་པར་འགྱུར་ཏེ། ལོངས་སྐུའི་གདུལ་བྱ་བྱང་འཕགས་དང༌། སྤྲུལ་སྐུའི་གདུལ་བྱར་གྱུར་བའི་སོ་སྐྱེ་རྣམས་ལ་བཟང་ངན་གྱི་ཁྱད་ཤིན་ཏུ་ཆེ་བའི་ཕྱིར་རོ།། དེ་བཞིན་དུ་རྒྱུད་བླར། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང༌། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་དག་དང་མཚུངས།། ཞེས་ཉི་མའི་དཀྱིལ་འཁོར་དང་དེའི་འོད་དང་ཟེར་རྣམས་མེད་ན་མི་འབྱུང་བའི་འབྲེལ་བ་ཅན་གྱི་འབྲལ་མི་རུང་ཡིན་པ་ལྟར། སངས་རྒྱས་ཐོབ་པའི་ཚེ་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཆོས་ཉིད་ཀྱི་སྐུ་དང་ཇི་ལྟ་བ་མཁྱེན་པའི་མི་རྟོག་ཡེ་ཤེས། ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་དག་པའི་ཡེ་ཤེས་རྣམས་མེད་ན་མི་འབྱུང་བའི་འབྲེལ་བ་ཅན་གྱི་འབྲལ་མི་རུང་ཡིན་པར་བསྟན་ཅིང༌། དེ་ལྟར་བསྟན་པས་སྔར་བཤད་ལྟར་གྱི་ལོངས་སྐུ་ཡང་མཉམ་རྗེས་ཀྱི་ཡེ་ཤེས་དེ་དག་གི་རྣམ་འགྱུར་ཡིན་པས་སངས་རྒྱས་ཀྱི་སས་བསྡུས་པར་འགྲུབ་པོ།། ཡང་དུས་འཀོར་འགྲེལ་ཆེན་དུ། སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིན་མོར་བྱེད་པའི་སྐུ་ཞེས་པའོ།། རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སླུལ་བའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ནོ།། ཞེས་ཏེ་གཉིས་སུ་ཕྱེ་བའི་རྣམ་ཤེས་ནི་ཡེ་ཤེས་ཀྱི་སྐུ་སོགས་སུ་མི་འཐད་པས་དེ་གཉིས་སངས་རྒྱས་ཀྱི་སས་བསྡུས་པར་གྲུབ་པོ།། དེ་བཞིན་དུ་མདོ་སྡེ་སངས་རྒྱས་ཀྱི་སར། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང༌། །སྤྲུལ་པ་ཐ་དད་འཇུག་པ་ཅན།། ཞེས་པའི་འགྲེལ་བར། དེ་ལ་རང་བཞིན་པ་ནི་ཆོས་ཀྱི་སྐུ་སྟེ་ཞེས་པ་ནས། ལོངས་སྤྱོད་རྫོགས་པ་ནི་དེའི་དབང་གིས་འབྱུང་བའི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་སྟེ། ཤེས་རབ་ལ་སོགས་པའི་རང་བཞིན་གྱིས་ཞིང་རྣམས་སུ་འཁོར་གྱི་དཀྱིལ་འཁོར་ནང་དག་དུ། སར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྒྱུ་མཚན་ཡིན་ནོ།། སྤྲུལ་བ་བོ་ནི་གདུལ་བྱའི་སེམས་ཅན་རྣམས་ཇི་ལྟ་བ་རྣམས་ལ་གཟུགས་ཀྱི་སྐུ་ལ་སོགས་པ་ཀུན་ཏུ་བསྟན་པས་ཡོངས་སུ་སྨིན་པར་འགྱུར་བ་དང་མཐུན་པ་སྟེ། དེའི་རྗེས་ལ་ཐོབ་པའི་ཤེས་རབ་ཁོ་ན་ཡིན་ནོ་ཞེས་ཤིང་རྟ་ཆེན་པོ་ངང་ཚུལ་བཟང་བོས་བཤད་དེ། དེས་ན་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ནར་ངེས་སོ།། གལ་ཏེ་སྐུ་དེ་གཉིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ན་དྲི་བཅས་ཀྱི་སྐྱེ་བོ་དངོས་སུ་ཇི་ལྟར་མཐོང་ཞེ་ན། སངས་རྒྱས་རྣམས་ཀྱི་སྨོན་ལམ་ལ་སོགས་པའི་ཚོགས་གཉིས་ཡོངས་སུ་རྫོགས་པའི་བྱིན་གྱིས་རླབས་པའི་མཐུས་གདུལ་བྱས་ཀྱང་མཐོང་བ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་གྲོག་བུར་གྱིས་ཀྱང་དེའི་ཐུགས་ཤེས་པར་བཤད་དེ་དེ་ཡང་དེས་དེ་ལྟར་ཤེས་པར་བྱིན་གྱིས་བརླབས་པའི་མཐུ་ཁོ་ན་ཡིན་པ་བཞིན་དང༌། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དགྲ་བཅོམ་པ་སོགས་ཀྱིས་ཀྱང༌། ཕལ་པོ་ཆེའི་སྐབས་ཅི་རིགས་པ་དང་མདོ་ཤེར་སྙིང་ལ་སོགས་པ་སྟོན་ནུས་པ་བཞིན་ནོ།།
སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་མི་འདོད་པ་དགག་པ།
བདག་ཉིད་༼བུ་སྟོན་༽ཆེན་པོ་འགའ་ཞིག་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་ཆོས་ཉིད་ཡིན་ཡང༌། ཆོས་ཉིད་དག་པ་གཉིས་ལྡན་ཡིན་པས་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་ཀྱིས་གཞན་གང་ན་ཡང་མེད་པར་བཞེད་པ་དང༌། ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་གཅིག་ཏུ་བཞེད་པ་ནང་འགལ་བའི་སྐྱོན་ཡོད་པར་མངོན་ཏེ། ཆོས་རྗེ་རྣམ་གཉིས་སོགས་ཀྱིས་བཞེད་ཚུལ་རྣམ་པར་བཞག་པའི་བསྟན་བཅོས་རྒྱས་པ་ལོགས་སུ་རྩོམ་པར་འདོད་པས་དེར་བཤད་པར་བྱའོ།། དེང་སང་མཁས་པར་རློམ་པ་དག་ན་རེ། ཁོ་བོ་ཅག་དབུ་མ་བའི་ལུགས་ལ་ཆོས་ཅན་རྣམས་སོ་སོ་ཐ་དད་པ་ཡིན་པ་བཞིན་དུ། དེ་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཡང་སོ་སོ་ཐ་དད་ཁོ་ན་ཡིན་པས། ཆོས་སོ་སོ་ཁོ་ན་ལ་ཡོད་ཀྱིས་གཞན་ལ་ཡང་མེད་ཅིང་ཆོས་ཅན་སོ་སོ་བ་དེ་དག་མེད་ན་དེའི་ཆོས་ཉིད་ཡང་གཏན་ནས་མེད་པར་འགྱུར་རོ།། ངོ་བོ་ཉིད་ཀྱི་སྐུ་ཡང་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་ཀྱི་གཞན་གང་ན་ཡང་མེད་དོ།། དེས་ན་ངོ་བོ་ཉིད་སྐུ་དང་བདེ་གཤེགས་སྙིང་པོ་གཅིག་ཡིན་པས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་བོ་ཅན་དུ་འདོད་པ་བཞད་གད་ཀྱི་གནས་ཡིན་ཟེར་བ་གྲག་གོ། དུས་ད་ལྟ་ལྟ་བའི་སྙིགས་མ༼འི་༽ཡང་སྙིགས་མར་གྱུར་རོ།། ཞེས་མཚོན་པར་བྱེད་པའི་ལྟ་ངན་འདི་ལྟ་བུ་བཟུང་ནས་མཁས་པར་རློམ་པ་ཡང་བཞད་གད་ཀྱི་གནས་ཏེ། བཀའ་བསྟན་བཅོས་དྲི་མ་མེད་པ་དུ་མ་དང་འགལ་བའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་བུམ་པ་ལྟ་བུའི་ཆོས་ཉིད་དམ་དེ་བཞིན་ཉིད་དེ་གང༌། དོན་དམ་པར་བུམ་སོགས་བདེན་པའི་རང་བཞིན་མེད་ཙམ་མམ། དེ་ལྟར་མེད་པའི་དེ་བཞིན་ཉིད་ཅིགབུམ་སོགས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན། དང་བོ་ལྟར་ན་དེ་དོན་དམ་བདེན་པ་མཚན་ཉིད་པ་ཡིན་པར་ཐལ་བར་འགྱུར། བུམ་སོགས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་པའི་ཕྱིར། མ་ཁྱབ་པ་མ་ཡིན་ཏེ། དབུས་མཐའ་རྣམ་འབྱེད་དུ། སྟོང་པ་ཉིད་དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ།། ཞེས་དང༌། ཀླུའི། བྱང་ཆུབ་སེམས་འགྲེལ་དུ། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུ་བཤད་པའང་ཡིན།། ཞེས་དང༌། མདོ་རྒྱུད་དུ་མར་ཡང་དོན་དེ་ཉིད་གསུངས་ཏེ། གཟུ་བོའི་བློས་ལྟོས་ཤིག་དང་གསལ་བར་འགྱུར་རོ།། གལ་ཏེ་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ཡང་དོན་དམ་པའི་བདེན་པ་མ་ཡིན་ན། དེ་ལས་གཞན་གང་ཡང་དོན་དམ་པའི་བདེན་པར་མི་རུང་བས་དོན་དམ་བདེན་པ་ཡིན་པ་མེད་པར་འགྱུར་ཞིང༌། འདོད་ན་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་དུ་མར་བདེན་གཉིས་ཀྱི་ཚུལ་རྒྱ་ཆེར་རྣམ་པར་བཞག་པ་ཐམས་ཅད་ལོག་པར་འགྱུར་རོ།། གལ་ཏེ་ཆོས་ཐམས་ཅད་སྤྲོས་བྲལ་ཡིན་པས་གང་ཅིར་ཡང་གྲུབ་པ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱ་བའང་གྲུབ་པ་མེད་ཀྱི་མིང་ཙམ་མོ་ཞེ་ན། ལས་རྒྱུ་འབྲས་དང༌། དཀོན་མཆོག་གསུམ་པོར་གྲུབ་པ་མེད་པར་འདོད་པའི་དབུ་མའི་ལུགས་ཞེས་མིང་བཟང་བཏགས་པའི་རྒྱང་འཕེན་པའི་ལྟ་བ་འདི་དོར་ཅིག བདག་བདེ་ལེགས་སུ་འདོད་པ་དག་དེ་ཁས་ལེན་པར་མི་རིགས་ཏེ་ཕོང་བར་འགྱུར་པའི་ཕྱིར་རོ།། ཇི་སྐད་ དུ་དབུ་མ་རིན་ཆེན་འཕྲེང་བར། མེད་པ་བོ་ནི་ངན་འགྲོར་འགྲོ། ཞེས་སོ།། གཞན་ཡང༌། མེད་པར་ལྟ་བས་རྩ་བ་བཅོད། ཞེས་སོགས་དུ་མཤད་དོ།། གལ་ཏེ་དོན་དམ་པར་སྤྲོས་བྲལ་དང༌། དོམ་དམ་པར་ཅིར་ཡང་གྲུབ་པ་མེད་ཅེས་ཁྱད་པར་གྱི་ཚིག་སྦྱོར་ཞེ་ན། དེ་ལྟར་སྦྱར་ནས་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་དོན་རྒྱས་པར་གཏན་ལ་འབེབས་པ་མཁས་མཆོག་ཀ་ལ་ཤཱི་ལས་མཛད་པའི་དབུ་མ་སྣང་བ་དང༌། བསྒོམ་རིམ་རྣམ་པ་གསུམ་སོགས་དང༌། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་བོ། ཞི་བ་འཚོ་སོགས་ཀྱིས་རྒྱས་པར་གཏན་ལ་ཕབ་མོད་ཀྱིས་དེ་དག་དབུ་མ་རང་རྒྱུད་པའི་ལུགས་ནོར་བ་ཡིན་ཏེ། དོན་དམ་པར་ཞེས་པའི་ཁྱད་པར་གྱི་ཚིག་སྦྱར་བ་དོན་མེད་ཞེས་དམ་འཆའ་ཞིང་ཁས་ལེན་ལ། འདི་སློབ་དཔོན་ཟླ་བ་གྲགས་པའི་དགོངས་དོན་ཡིན་ལ་ཁོང་ཁོ་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་རྟོགས་ཀྱི། གཞན་གྱིས་མིན་ནོ་ཞེས་ཁྱོད་ཁས་ལེན་པ་མིན་ནམ། དེ་ལྟའི་ཚུལ་འདི་རྟོགས་དཀའ་བའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་བསྟན་བཅོས་ཞིག་ལོགས་སུ་རྩོམ་པའི་སྤྲོ་བ་ཡོད་དོ།། གལ་ཏེ་དེ་འདྲ་དེ་དོན་དམ་པའི་བདེན་པ་མཚན་ཉིད་༼པ་༽ཡིན་པར་ཐལ་བ་འདོད་དོ་ཞེ་ན། འདི་དོན་དམ་བདེན་པ་རྗེས་མཐུན་པ་ཡིན་གྱི་མཚན་ཉིད་པ་མིན་ནོ་ཞེས་སྔར་ལུང་རིགས་ཀྱི་སྒོ་ནས་བསྟན་ཟིན་ཞིང༌། གཞན་ཡང་དབུ་མ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་ཙམ་དོན་དམ་བདེན་པ་མཚན་ཉིད་པ་ཡིན་ན་རྫུན་པ་བསླུ་བའི་ཆོས་ཅན་ཐམས་ཅད་དེ་མ་ཡིན་པར་ཐལ་བར་འགྱུར་རོ།། འདོད་མི་ནུས་ཏེ། དགག་བྱ་དབུ་མ་སོགས་བདེན་དངོས་མེད་པའི་དོན་དམ་པར་བུམ་སོགས་བདེན་པའི་རང་བཞིན་མེད་པ་དེ་ཤེས་བྱ་ཐམས་ཅད་ལ་སྤྱི་ཁྱབ་དུ་ཁྱབ་པའི་ཕྱིར་ཏེ་རི་བོང་རྭ་མེད་བཞིན་ནོ།། གཞན་ཡང་དེ་འདྲའི་རང་བཞིན་མེད་པ་དེ་ཡིན་ན། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སོགས་ཡིན་པས་ཁྱབ་པར་ཐལ་བར་འགྱུར་ཏེ། དོན་དམ་པའི་བདེན་པ་མཚན་ཉིད་པ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་སྤྱི་བོར་ཐོག་ལྷུང་བ་བཞིན་འབྱུང་བར་ཡང་མ་གོའམ་བུ་ཆེན་པ། དེ་འདོད་ན་ཀུན་རྫོབ་ཐམས་ཅད་དང་རི་བོང་རྭ་སོགས་ཐམས་ཅད་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ཐམས་ཅད་ཡང་བུམ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་པའི་ཕྱིར་རོ།། གལ་ཏེ་བུམ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་པ་ཞེས་པ་ཆོས་ཅན་བུམ་སོགས་རྣམས་དོན་དམ་པར་བདེན་པའི་རང་བཞིན་ཡོད་པ་ལ་ལོག་ཙམ་གྱི་ལྡོག་པའི་ཆ་གཅིག་པོ་དེ་ཉིད་ལ་འདོད་པའི་ཕྱིར། ཀུན་རྫོབ་པ་རྣམས་དེར་ཐལ་བའི་སྐྱོན་མེད་དོ་ཞེ་ན། དེ་ལྟར་ཡིན་པ་དེ། དེ་བཞིན་ཉིད་དམ་དོན་དམ་པའི་བདེན་པ་མཚན་ཉིད་པ་ཡིན་པ་ཉམས་ཏེ། དེ་ནི་ཆོས་ཅན་གཅིག་ལོག་པ་དུ་མ་ལས་ལོག་པའི་ལྡོག་པ་ཐ་དད་ཅེས་པའི་སྒྲོ་བཏགས་པ་གཅིག་ཡིན་པར་ལུང་རིགས་ཀྱི་གཙུག་ལག་ཏུ་མར་བཤད་ཅིང༌། འཕགས་སེང་ ཆོས་བཤེས་སོགས་ཀྱིས་ཀྱང་སྤྱིའི་མཚན་ཉིད་ཀྱི་ཐ་དད་ཅེས་དང༌། རྣམ་པར་དབྱེ་བའི་མཚན་ཉིད་ཅེས་དང༌། ལྡོག་པ་ལ་ལྟོས་ནས་ཉེ་བར་བསྐྱེད་པའི་ཐ་སྙད་ཅེས་སོགས་ཀྱིས་ཀྱང༌། སྒྲོ་བཏགས་སུ་གསལ་བོར་བསྟན་པས་ཞིབ་ཞིབ་འདྲ་བའི་ཁྱོད་ཀྱི་ཐ་སྙད་དེས་རྨོངས་པ་མགོ་མ་སྐོར་ཅིག གལ་ཏེ་བུམ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་པའི་དེ་བཞིན་ཉིད་ཅིག་བུམ་སོགས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དོ་ཞེས་བརྟགས་པ་གཉིས་པ་ཁས་ལེན་ན། ཁྱེད་རྣམས་ཀྱི་རང་ལུགས་ལ་ཆོས་ཅན་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་གང་ཞེ་ན་མཐའ་དཔྱད་ན། ཚངས་ཆེན་ལྟར་གཡོ་རྒྱུའམ་བརྫུན་རིས་བྱེད་པ་མ་གཏོགས་ཆོས་ཀུན་བདེན་པའི་རང་བཞིན་མེད་ཙམ་ལས་མ་འདས་ཏེ། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ།། ཞེས་པའི་ལུང་སྒྲ་ཇི་བཞིན་ཉིད་དུ་ཁས་བླངས་ནས་རྣམ་བཞག་བྱེད་པའི་ཕྱིར་རོ།། དེས་ན་བཀའ་བསྟན་བཅོས་ཚད་མར་བྱས་ནས་ཆོས་ཀུན་དོན་དམ་པར་བདེན་པའི་རང་བཞིན་མེད་ཙམ་དང༌། དེ་ལྟར་མེད་པའི་དེ་བཞིན་ཉིད་ལ་སྒྲུབ་ཆོས་ཅི་ཡང་མེད་པའི་མེད་དགག་དང་སྒྲུབ་ཆོས་བསྟན་པའི་མ་ཡིན་དགག་གི་ཁྱད་ཡོད་དེ། མངོན་ཞེན་མེད་ཙམ་མེད་དགག་དང༌། མངོན་ཞེན་མེད་པའི་ཡེ་ཤེས་མ་ཡིན་དགག་ཞེས་འཕགས་སེང་ཤནྟི་སོགས་ཀྱིས་བཤད་ཅིང༌། དེས་དཔེ་བུམ་པ་མེད་ཙམ་དང་བུམ་པ་མེད་པའི་ས་ཕྱོགས་བཞིན་ཞེས་ཤནྟི་བས་བཤད་པ་ལྟར་རོ།། དེས་ན་དེ་འདྲའི་རང་བཞིན་མེད་ཙམ་དེ་ཆོས་ཉིད་དང་དེ་བཞིན་ཉིད་མ་ཡིན་ཡང༌། དེ་འདྲའི་རང་བཞིན་མེད་པའི་དེ་བཞིན་ཉིད་དེ་ཆོས་ཉིད་དམ་དེ་བཞིན་ཉིད་དུ་འཐད་མོད། དེ་ཆོས་ཅན་སོ་སོ་རེ་རེ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་ཅིང་ཆོས་ཅན་སོ་སོ་བ་དེ་དག་མེད་ན་དེའི་ཆོས་ཉིད་ཀྱང་གཏན་ནས་མེད་པར་འགྱུར་རོ་ཞེས་ཟེར་ན་ཤིན་ཏུ་མི་འཐད་དོ།། འོ་ན་བུམ་པ་ལྟ་བུ་དངོས་པོ་རང་མཚན་གཅིག་གི་ཆོས་ཉིད་དམ་དེ་བཞིན་ཉིད་དེ་དངོས་པོ་རྫས་གྲུབ་ཞིག་ཏུ་ཐལ་བར་འགྱུར་ཏེ། དེ་ལྟའི་དངོས་པོ་གཅིག་པོ་དེ་ཁོ་ན་ལ་གནས་པའི་ཆོས་ཉིད་ཡིན་ཞིང་དེ་ལས་གཞན་གང་ནའང་མེད། དེ་ལྟའི་དངོས་པོ་གཅིག་པོ་དེ་ཞིག་པར་གྱུར་བ་ན་དེ་ཡང་མེད་པར་སོང་བའི་ཕྱིར་རོ།། དཔེར་ན་བུམ་པ་ལྟ་བུ་དངོས་པོ་གཅིག་པོ་དེའི་གཟུགས་དྲི་སོ་སོ་བཞིན་ནོ།། འདོད་ན་མི་རྟག་པར་ཐལ་བར་འགྱུར་ཞིང་དེ་ཡང་འདོད་ན། འདུས་མ་བྱས་མ་ཡིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། མདོ་སེམས་དབུ་མའི་གཙུག་ལག་ལ་ཐམས་ཅད་དུ་དེ་བཞིན་ཉིད་འདུས་མ་བྱས་ཁོ་ནར་བཤད་ཅིང༌། ཉི་འོག་བྱེ་བྲག་སྨྲ་བའང་འདུས་མ་བྱས་དེ་བཞིན་ཉིད་འདུས་མ་བྱས་སུ་བཤད་པས་སོ།། ཡང་དེ་ལྟའི་དེ་བཞིན་ཉིད་དེ་སྔར་བཤད་ལྟར་གྱི་ཆོས་ཅན་རེ་རེ་བ་དང་རྫས་ཐ་དད་དམ་དོན་གཅིག་ཡིན་པ་གང་རུང་དུ་ཐལ་བར་འགྱུར་ཏེ། རྟགས་སྔར་དང་འདྲ། འདོད་ན་སྔར་ལྟར་འདུས་མ་བྱས་མིན་པར་འགྱུར་ཞིང་ལུང་རྣམ་དག་དུ་མ་དང་ཡང་འགལ་ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། དེ་ནི་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན།། ཞེས་སོགས་བཀའ་བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་བར་ཡོད་ནའང་གྲགས་ཆེ་བས་མ་བཀོད་དོ།། ཡང་བུམ་པ་ལྟ་བུའི་དངོས་པོ་རང་མཚན་པ་གཅིག་གི་ཆོས་ཉིད་དེ་བཞིན་ཉིད་དེ་རྒྱ་དང་དཔངས་ཀྱི་ཚད་ཅན་དུ་ཡང་ཐལ་བར་འགྱུར་ཏེ། བུམ་སོགས་དངོས་པོ་རང་མཚན་གཅིག་པོ་དེའི་རྡུལ་ཕྲ་རབ་དང་དེ་འདུས་པའི་རགས་པ་གང་ན་གནས་པ་ཙམ་གྱི་འགོག་པ་དེ་ཁོ་ན་ཡོད་པའི་དེའི་ཆོས་ཉིད་ཡིན་གྱི། དེ་ལས་སྐྲའི་རྩེ་མོ་བརྒྱར་བྱས་པའི་ཆའི་ཚད་ཙམ་གྱིས་གཞལ་བ་ཕན་ཆད་གང་ནའང་མེད་པའི་རྟགས་ཁས་བླངས། འདོད་པར་མི་ནུས་ཏེ་མངོན་རྟོགས་རྒྱན་དུ། ཚད་མེད་པ་དང་མཐའ་མེད་ཞེས་པ་དང༌། ཉི་ཁྲི་སྣང་བར། གཟུགས་ཅན་མ་ཡིན་པ་ལ་ནི་ཚད་ཀྱི་ཆོས་ཉིད་ཡོད་པ་མ་ཡིན་ནོ་ཞེས་དང༌། མདོ་དང་མངོན་རྟོགས་རྒྱན་དུ། གཞལ་དུ་མེད་པའམ། གཞལ་དང་བགྲངས་ལས་ཡང་དག་འདས་ཞེས་པར་ཤནྟི་རང་ཉིད་སོགས་ཀྱིས་འདི་ཙམ་མོ་ཞེས་ཚད་ཀྱིས་གཞལ་བ་ལས་འདས་པ་ཞེས་དང༌། སེང་བཟང་གིས་ཀྱང་ནམ་མཁའ་ཚད་མེད་པ་ཉིད་ཀྱིས་འདི་དག་ཚད་མེད་པ་ཞེས་སོགས་ལུང་མང་ངོ༌།།
བྱང་སེམས་ས་དང་བོ་པས་ཆོས་དབྱིངས་ཀུན་འགྲོ་མངོན་སུམ་དུ་བྱས་པ་མ་ཡིན་པར་འགྱུར་དེ། ཆོས་ཅན་འདི་རྣམས་སོ་སོ་བ་ཡིན་པ་བཞིན་དུུ་འདི་རྣམས་ཀྱི་ཆོས་དབྱིངས་ཀྱང་སོ་སོ་བ་ཁོ་ན་ཡིན་གྱི། འདི་རྣམས་ཀྱི་ཆོས་དབྱིངས་གཅིག་ནི་མ་ཡིན་ལ་དེ་ལྟར་ན་ཆོས་ཅན་སོ་སོ་བ་རྣམས་མངོན་སུམ་དུ་མ་མཐོང་བར་ཆོས་ཅན་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བར་འགྱུར་ཞིང༌། ས་དང་པོ་པས་ཆོས་ཅན་ཇི་སྙེད་པ་ཅིག་ཆར་མངོན་སུམ་དུ་མཐོང་མི་སྲིད་པའི་ཕྱིར་རོ།། འདོད་མི་ནུས་ཏེ་དབུས་མཐའ་སོགས་སུ། ཀུན་ཀྱང་འགྲོ་དང་ཞེས་སོགས་དང༌། སེང་བཟང་སོགས་ཀྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ས་དང་བོ་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་མཚན་ཉིད་ཞེས་སོགས་ལུང་མང་ངོ༌།། འདིར་ཆོས་ཀྱི་དབྱིངས་ཀུན་འགྲོ་ཞེས་པའི་དོན་བྱང་སེམས་ཀྱི་སྡུག་བསྔལ་ཆོས་བཟོད་ལྟ་བུའི་མཉམ་བཞག་གི་ཡེ་ཤེས་གཅིག་གིས་སྡུག་བདེན་གྱི་ཆོས་ཉིད་དེ། ཆོས་ཅན་ཇི་སྙེད་པ་ཐམས་ཅད་དུ་འགྲོ་བའམ་ཐམས་ཅད་དུ་ཁྱབ་པར་མངོན་སུམ་དུ་རྟོགས་ཞེས་པའི་དོན་མ་ཡིན་གྱི་སྡུག་བདེན་གྱི་ཆོས་ཉིད་དེ་ཆོས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་པས། དེ་བཞིན་ཉིད་ཆོས་དབྱིངས་ཀུན་འགྲོ་ཡིན་པའི་རང་བཞིན་དེ་མངོན་སུམ་དུ་མཐོང་བས་ཆོས་དབྱིངས་ཀུན་འགྲོ་མངོན་སུམ་དུ་མཐོང་ཞེས་དགོངས་པའོ།། དེ་ལྟར་ན་ཆོས་ཅན་རྣམས་ཀྱི་ཆོས་དབྱིངས་སོ་སོ་ཁོ་ན་ཆོས་དབྱིངས་ཀུན་འགྲོ་གཏན་མེད་པར་འགྱུར་བ་ལས་ཡིད་ཆེས་པའི་ལུང་དུ་མ་དང་འགལ་ལོ།། གཞན་ཡང་བུམ་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ཉི་ཚེ་བའི་སྟོང་ཉིད་དུ་ཐལ་བར་འགྱུར། བུམ་པ་ཁོ་ན་ལ་ཡོད་ཀྱི་དེ་ལས་གཞན་གང་ནའང་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ།། འདོད་ན་ཐེག་ཆེན་དབུ་མ་བས་བཞེད་པའི་ཆོས་ཉིད་དེ་བཞིན་ཉིད་མ་ཡིན་པར་འགྱུར་ཏེ། ཏིང་མཛིན་རྒྱལ་བོ་ལས། ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི།། ཞེས་གསུངས་པས་སོ།། དེ་ལྟར་ན་སྒྲོ་བསྐུར་གྱི་མཐའ་བྲལ་མ་ཡིན་པའི་ཕྱིར་ཏེ། དབུ་མ་བས་བཞེད་པའི་སྟོང་ཉིད་ཟབ་མོ་ཡིན་ན་མཐའ་བྲལ་ཡིན་པའི་ཕྱིར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད།། ཅེས་སོགས་དང༌། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །བསྐུར་བའི་མཐའ་ལས་གྲོལ་བ་ཉིད།། ཅེས་སོགས་དང་འགལ། དེ་བཞིན་དུ་ཆོས་ཅན་རྣམས་ཀྱི་ཆོས་དབྱིངས་སོ་སོ་ཁོ་ན་ཡིན་ན་རྫོགས་པའི་སངས་རྒྱས་མ་གཏོགས་ས་བཅུ་བ་མན་ཆད་གང་གིས་ཡང་ཁྱབ་པའི་སྟོང་པ་ཉིད་མངོན་སུམ་དུ་མ་བྱས་པར་ཉི་ཚེ་བའི་སྟོང་ཉིད་ཁོ་ན་མངོན་སུམ་དུ་བྱས་པར་འགྱུར་བ་གསུངས་རབ་ཀུན་དང་རྒྱབ་ལོག་གོ། གཞན་ཡང་ཆོས་ཅན་བུམ་པའི་ཆོས་ཉིད་དེ་བུམ་པར་འདོད་པའི་ཆོས་ཉིད་ཐམས་ཅད་ཀྱི་སྟོང་ཉིད་དང་དོན་གཅིག་པར་ལུང་གིས་བསྒྲུབ་ཟིན་ཏོ།།
ཁྱེད་ལྟར་ན། རང་ལུགས་ཀྱི་བུམ་པའི་ཆོས་ཉིད་དམ་སྟོང་ཉིད་དེ་བུམ་པ་ཙམ་ཁོ་ན་དོན་དམ་པར་བདེན་པའི་རང་བཞིན་མེད་པས་རབ་ཏུ་ཕྱེ་བ་ཡིན་ནམ། འོན་ཏེ་ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་པས་རབ་ཏུ་ཕྱེ་བ་ཡིན། དང་བོ་ལྟར་ན་ཉི་ཚེ་བའི་སྟོང་ཉིད་ཁོ་ནར་འགྱུར། འདིའི་འཁོར་གསུམ་ཀ་ཁྱེད་ཀྱིས་ཁས་བླངས་ཏེ། ཆོས་དབྱིངས་དེ་བཞིན་ཉིད་དེ་དོན་དམ་པར་ཆོས་ཅན་ཀུན་རྫོབ་པ་རྣམས་ཀྱིས་སྟོང་གི་ཆོས་དབྱིངས་ཁོ་རང་ཉིད་ཀྱིས་དོན་དམ་པར་མི་སྟོང་བར་ཁས་བླངས་བ་ལ། དེ་ལྟ་བུ་དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པས་སྟོང་ཉིད་ཐ་ཆད་ཡིན་ཞེས་གྲུབ་མཐའ་དང་གང་ཟག་ལ་རྣམ་པ་བརྒྱར་སྨོད་པ་མ་དྲན་ནམ། གཉིས་པ་ལྟར་ན། བུམ་པའི་ཆོས་ཉིད་དམ་སྟོང་ཉིད་དེ་བུམ་པ་ཁོ་ན་ལ་ཡོད་ཀྱི་གཞན་གང་ལ་ཡང་གཏན་ནས་མེད་ཅེས་པ་དེ་མི་འཐད་པར་འགྱུར་ཏེ། ཆོས་ཐམས་ཅད་དོན་དམ་པར་བདེན་པའི་རང་བཞིན་གྲུབ་པ་མེད་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་དམ་དེ་བཞིན་ཉིད་གང་ཞིག དེ་འདྲའི་བདེན་མེད་དེ་ཆོས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཐམས་ཅད་དུ་གྲུབ་ཅིང༌། དེ་འདྲའི་བདེན་མེད་ཀྱི་སྟོང་ཉིད་ཙམ་དེ་ལས་གཞན་ཁྱེད་རྣམས་ཀྱི་རང་ལུགས་ལ་བུམ་སོགས་ཀྱི་ཆོས་ཉིད་དམ་སྟོང་ཉིད་ཟབ་དོན་མི་རྙེད་ཅིང་མི་འདོད་པའི་ཕྱིར། རྙེད་དོ་ཞེ་ན། ཚངས་ཆེན་གྱི་ཚུལ་མ་བྱེད་ཅིག །ཡང་ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་དགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་དེ། །ཡེ་ནས་གནས་པའི་ཆོས་ཉིད་དོ།། ཞེས་དང༌། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས།། ཞེས་སོགས་བཤད་པ་ལ་བརྟེན་ནས། དབུ་མ་རང་ལུགས་ཀྱི་མཐར་ཐུག་གི་སྟོང་ཉིད་དམ་ཆོས་ཉིད་ཡང་དགག་བྱ་བདེན་དངོས་སོགས་ཀྱིས་སྟོང་པ་ཡིན་པས་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་གྱི། ཡོངས་གཅོད་དུ་ཤེས་བྱ་མ་ཡིན་ཞེས་པ་ཁྱེད་རྣམས་ཀྱི་རྩ་བའི་གྲུབ་མཐར་བཀོད་ཅིང་འདོད་ལ། དེའི་མཐའ་དཔྱད་པ་དང་གཞུང་འཛུག་པའི་ཕྱིར་དུ། ཡུམ་གྱི་མདོ་ལ་སོགས་པ་དང༌། དབུ་མ་རིགས་ཚོགས་ལ་སོགས་པའི་དགོངས་དོན་གྱི་སྟོང་ཉིད་ནི་དོན་དམ་པར་ཡོད་མེད་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་སྤྲོས་བྲལ་དེ་ཁོ་ན་ཡིན་ཏེ། ཡོད་མིན་མེད་མིན་ཡོད་མེད་མིན༌། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག། ཅེས་དང༌། རྒྱུད་བླར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག། ཞེས་སོགས་ཀྱི་དགོངས་དོན་ཡིན་ཞེས་པའི་འདོད་པ་བདེན་ཞེན་གཏིང་ཚུགས་པར་ཡོད་པ་ལ་བསྙོན་དུ་མེད་དོ།། དེ་ལྟར་འདོད་བཞིན་དུ་ཆོས་ཅན་སོ་སོ་ཡིན་པ་བཞིན་དུ་དེའི་ཆོས་ཉིད་ནམ་ཡང་སོ་སོ་ཁོ་ན་ཡིན་པའི་ཆོས་ཅན་སོ་སོ་ཁོ་ན་ལ་ཡོད་ཀྱི་དེ་ལས་གཞན་གཏན་ནས་མེད། ཆོས་ཅན་སོ་སོ་བ་མེད་པར་གྱུར་བ་ན་དེ་དང་དེའི་ཆོས་ཉིད་ཡང་མེད་པར་འགྱུར་ཏེ། དབུ་ཚད་ཀྱི་བསྟན་བཅོས་རྣམས་སུ། ཆོས་ཅན་མེད་པར་དེའི་ཆོས་མེད་ཅེས་སྒྲ་བྱས་མི་རྟག་པ་ལྟ་བུ། སྒྲ་སོགས་ཆོས་ཅན་དང་དེའི་ཆོས་ཉིད་དམ་དེ་བཞིན་ཉིད་རྣམས་སྒྲུབ་ཆོས་འབའ་ཞིག་ཏུ་བསམ་ནས་སྨྲ་བ་ནི་ནང་འགལ་ཏེ། མཐར་ཐུག་གི་སྟོང་ཉིད་དམ་ཆོས་ཉིད་དེ་དགག་བྱ་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་གྱི་ཡོངས་གཅོད་དུ་ཤེས་བྱ་མ་ཡིན་པར་ཁས་བླངས་ལ། རྣམ་བཅད་ནི་མེད་དགག་དང་ཡོངས་གཅོད་ནི་སྒྲུབ་ཆོས་ཡིན་པར་ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཐམས་ཅད་ལས་བཤད་པའི་ཕྱིར་དང༌། དོན་དམ་པར་ཡོད་མེད་ལ་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་དེ་ཉིད་དབུ་མ་བའི་ཡང་ཆོས་ཉིད་དམ་སྟོང་ཉིད་དེ་ཁོ་ན་ཉིད་ཡིན། དེ་ཉིད་ཆོས་ཅན་གཞན་ཐམས་ཅད་ཀྱི་ཡང་དེ་བཞིན་ཉིད་དམ་ཆོས་ཉིད་ཡིན་པའི་ཕྱིར། དེ་ལྟར་ན་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་གྱི་ཡོངས་གཅོད་དུ་ཤེས་བྱ་མ་ཡིན་པའི་སྟོང་ཉིད་དེ་དང༌། ཡོད་མེད་སོགས་སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་སྤྲོས་བྲལ་དེ་ཆོས་ཅན་གཅིག་ཁོ་ན་ལ་ཡོད་ཀྱི། དེ་ལས་གཞན་ལ་མེད་ཅེས་སུ་ཞིག་གིས་དགག་ནུས་འདུས་མ་བྱས་ནམ་མཁའ་བཞིན་ནོ།།
མདོར་ན་དགག་བྱ་ཤེས་བྱ་ལ་མི་སྲིད་ན་དེ་བཀག་ཤེས་བྱའི་ཁྱབ་བྱེད་དུ་འོང་དུ་ཞེས་དྲན་པར་གྱིས་ཤིག་དང༌། ཆོས་ཅན་སོ་སོའི་སྟོང་ཉིད་ཁོ་ན་ཡིན་མིན་གསལ་བར་འགྱུར་རོ།། དེ་ལྟར་ན་དབུ་མ་ཆེན་པོ་བའི་ལུགས་ལ་ཕུང་ཁམས་སྐྱེ་མཆེད་ལ་སོགས་བའི་ཆོས་ཅན་ཇི་སྙེད་པའི་རང་བཞིན་ནམ་གནས་ལུགས་སམ། དེ་ཁོ་ན་ཉིད་ཅེས་པའི་དོན་ནི་ཕུང་སོགས་ཆོས་ཐམས་ཅད་དོན་དམ་པར་བདེན་པའི་དངོས་པོ་ཅིར་ཡང་གྲུབ་པ་མེད་པའི་དེ་བཞིན་ཉིད་སྤྲོས་བྲལ་དེ་ཉིད་ཡིན་ཞིང༌། དེ་ཕུང་སོགས་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཞིང་དེ་ལྟར་སྟོན་པའི་ཆེད་དུ་བུམ་པའི་ཆོས་ཉིད་རྣམ་བུའི་ཆོས་ཉིད་ཅེས་སོགས་ཀྱི་ཐ་སྙད་སྦྱར་པ་ཡིན་གྱི། ཆོས་ཅན་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་དེ་ཆོས་ཅན་སོ་སོ་བ་བཞིན་དུ་སོ་སོ་ཐ་དད་དུ་དགོངས་པ་མིན་ཏེ། ཡུམ་གསུམ་འགྲེལ་བ་གནོད་འཇོམས་སུ། ནང་སྟོང་པ་ཉིད་ལ་གནས་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་སྟོང་བ་ཉིད་བཅུ་དྲུག་སྟོན་ཏེ་སྟོང་བ་ཉིད་ཀྱི་ངོ་བོ་ཉིད་ནི་གཅིག་ཏུ་ཟད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་ཡིད་ལ་བྱེད་པ་ཐ་དད་པས་རྣམ་པ་མང་པོར་ཕྱེའོ་ཞེས་དང༌། འོན་ཀྱང་མིག་ལ་སོགས་པ་དང་གཟུགས་དང་སྒྲ་ལ་སོགས་པ་འདུས་བྱས་ཀྱི་ཆོས་གང་ཡིན་པ་དེ་ཐམས་ཅད་གྱུར་བའི་ཚུལ་གྱིས་ཡོངས་སུ་གྲུབ་བའི་རྣམ་པ་ལ་ནི་ཐ་དད་དུ་དབྱེ་བ་མེད་དོ།། རྣམ་པ་གཅིག་ཉིད་ཡིན་དུ་ཟིན་ཀྱང་གང་གི་ཚེ་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རྣམ་པར་ཕྱེ་སྟེ་སྨྲ་བར་འདོད་པར་གྱུར་བ་དེའི་ཚེ་ཐབས་གཞན་མེད་པས། གཟུགས་ཀྱི་དེ་བཞིན་ཉིད་སྒྲའི་དེ་བཞིན་ཉིད་དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ་སོར་ཕྱེ་སྟེ་བསྟན་པ་ཙམ་དུ་ཟད་ཀྱི། དེ་བཞིན་ཉིད་དེ་ནི་དེ་དག་གི་རྣམ་པ་དང་དེ་དག་དུ་བརྗོད་པར་གྱུར་བ་མ་ཡིན་ནོ་ཞེས་དང༌། དཔེར་ན་ནམ་མཁའ་གཅིག་པུའི་ངོ་བོ་ཉིད་ཡིན་པས་ངོ་བོ་ཉིད་ལ་ཐ་དད་དུ་དབྱེ་བ་མེད་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱང་རྣམ་པ་གཅིག་པའི་ཕྱིར། ཡོད་པ་དང་མེད་པ་དང༌། ཆོས་དང་ཆོས་མ་ཡིན་པ་དང༌། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཆོས་གཉིས་ལ་ཀུན་ཏུ་སྤྱོད་པ་མེད་པས་ཚུལ་གཅིག་དུ་བསྟན་ཏེ། ཞེས་སོགས་མང་ཞིང་དེ་བཞིན་ཉིད་དེ་མིང་ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཞིད་ཀྱང་གཅིག་གོ། དེ་བས་ན་དེ་བཞིན་ཉིད་གཅིག་པའི་ཕྱིར་ཅེས་སོགས་མང་ངོ༌།། ཡང་ཡུམ་གྱི་མདོར། བདག་དང་གཟུགས་སོགས་རྣམ་པར་དག་པ་ནས་རྣམ་མཁྱེན་གྱི་བར་གྱི་རྣམ་པར་དག་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དེ་ཐ་མི་དད་དོ་གཅད་དུ་མེད་དོ།། ཞེས་རྒྱ་ཆེར་གསུངས་ཤིང༌། འདིར་རྣམ་པར་དག་པ་ཞེས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དགོངས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡང་གཅིག་ཏུ་བསྟན་པ་སྟེ། གནོད་འཇོམས་སུ། གཟུགས་ཀྱི་ཆོས་ཉིད་གནས་སྐབས་ལ་ནི་གཟུགས་རྣམ་པར་དག་པ་ཞེས་བྱའོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ།། ཆོས་ཀྱི་སྐུའི་གནས་སྐབས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ།། དེ་ལ་གཟུགས་ཀྱི་རྣམ་པར་དག་པ་དེ་བཞིན་ཉིད་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པ་སྟེ་རྣམ་པར་གྲོལ་བའོ།། རྣམ་པར་གྲོལ་པ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ།། ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ་དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དེ་བས་ན་དེ་བཞིན་ཉིད་དང་རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་པར་མེད་དེ་གཅིག་གོ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་བར་དུ་ཡང་སྦྱར་བར་བྱའོ།། དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་གཅིག་གོ་ཞེས་དང༌། གཅིག་པ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའོ།། ཐ་དད་དུ་དབྱེར་མི་རུང་བའི་ཕྱིར་གཉིས་སུ་བྱར་མེད་པའོ།། བྱེ་བྲག་མེད་པའི་ཕྱིར་སོ་སོ་མ་ཡིན་པའོ།། བར་མེད་པའི་ཕྱིར་རམ་རྟག་པའི་ཕྱིར་ཐ་མི་དད་པའོ་ཞེས་དང༌། འགྲེས་འདི་གཉིས་ཀྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པའི་རྣམ་པར་དག་པ་གཅིག་གོ་ཞེས་བསྟན་པ་ཡིན་ནོ།། ཞེས་སོགས་ཆོས་ཐམས་ཅད་ཀྱི་རྣམ་དག་གཅིག་ཉིད་དུ་རྒྱས་པར་བསྟན་ནོ།། ཡུམ་གྱི་མདོའི་དོན་མངོན་རྟོགས་རྒྱན་དུ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །དེའི་དོན་འཕགས་སེང་གཉིས་ཀྱིས།། དགེ་སྦྱོང་ཚུལ་གྱི་འབྲས་བུའི་རྣམ་དག་དང་གཟུགས་སོགས་ཀྱི་རྣམ་དག་རང་གི་མཚན་ཉིད་ཀྱིས་ཐ་དད་པ་མ་ཡིན་ཞིང༌། སྤྱིའི་མཚན་ཉིད་ཀྱིས་གཅད་དུ་མེད་ཞེས་ཏེ། རང་གི་མཚན་ཉིད་ཀྱིས་ཐ་དད་ཞེས་པ་དངོས་པོ་རྫས་ཐ་དད་དང་སྤྱིའི་མཚན་ཉིད་ཀྱིས་ཐ་དད་ཞེས་པ་ལྡོག་པ་ཐ་དད་ལ་རྒྱ་གར་མཁས་པའི་གཞུང་ལུགས་ཀུན་ལ་༼ས་༽བཤད་ཅིང༌། འདིར་འཕགས་གྲོལ་གྱི་དབྱེ་བ་ནི་མཚན་ཉིད་སྣ་ཚོགས་པ་ཉིད་དོ།། གཅད་པ་ནི་སོ་སོ་ཐ་དད་པར་ཡན་ལག་སོ་སོར་བྱེད་པའོ་ཞེས་པ་དང༌། གསེར་གླིང་བས་སྣ་ཚོགས་པའི་མཚན་ཉིད་ཀྱིས་ཐ་མི་དད་ཅིང་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱིས་གཅད་དུ་མེད་ཞེས་ཏེ། རབ་ཏུ་དབྱེ་བ་ཞེས་པ་ལྡོག་པ་ཐ་དད་དོ།། ཡང་འཕགས་གྲོལ་གྱིས་གཟུང་འཛིན་གཉིས་སུ་མེད་ཅིང་ལྡེམ་པོ་ངག་གིས་ཀྱང་གཉིས་སུ་བྱར་མེད་མཚན་ཉིད་སོ་སོ་མ་ཡིན་ཡན་ལག་སོ་སོ་ཐ་མི་དད་དོ།། ཞེས་མདོ་བཀྲལ་ཞིང་འགྲེལ་མཛད་ཀུན་དགོངས་པ་མཐུན་ནོ།།
འཕགས་པ་ཐོགས་མེད་ཞབས་ཀྱི་རྒྱུད་བླ་མའི་འགྲེལ་བར། སེམས་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པའི་ཆོས་ཉིད་ཉེ་བར་བཟུང་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་བརྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་བར་མཛད་དེ། བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་རྟོགས་སོ།། བདག་རྣམ་པར་དག་པ་གང་ཡིན་པ་དང༌། སེམས་རྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ་ཞེས་བཤད་དོ།། འབུམ་གྱིས་རྣམ་དག་ཐམས་ཅད་ཀྱི་དོན་ཡང་དེས་བཀྲལ་བ་ཡིན་ནོ།། ཁ་ཅིག་༼ཕར་ཕྱིན་པ་༽ན་རེ། སྐབས་འདིར་རྣམ་དག་ཞེས་པ་འབྲས་བུ་རྣམ་གྲོལ་གྱི་ལམ་བཅུ་བདུན་ལ་སོགས་པའི་ལམ་ཡིན་པའི་རྣམ་དག་གམ། ཟག་མེད་བསྒོམ་ལམ་གཉིས་ཀྱི་ཡ་གྱལ་རྣམ་དག་བསྒོམ་ལམ་ཡིན་གྱི་ཆོས་ཉིད་བསྟན་པ་མ་ཡིན་ནོ་ཞེ་ན། འོ་ན་རྣམ་གྲོལ་ལམ་བཅུ་བདུན་ལ་སོགས་པ་རྫས་ཐ་དད་ཡིན་པའི་ཕྱིར། རང་དང་སྤྱིའི་མཚན་ཉིད་ཀྱིས་ཐ་དད་མ་ཡིན་ཞེས་པ་ཇི་ལྟར་སྦྱོར་ཡང༌། འདིར་རྣམ་དག་ཞེས་པ་སྔར་བཤད་ལམ་དེ་རྣམས་རང་རང་གི་སྤང་བྱ་དྲི་མས་དག་པའི་ཆ་ལ་ཟེར་སྙམ་ན། དེའི་ཆ་ཞེས་པ་ལམ་དེ་རྣམས་རང་གི་སྤང་བྱ་དྲི་མ་དག་པར་གྱུར་བའི་ལམ་ཁོ་རང་རྣམས་ཀྱི་དངོས་པོ་ཡིན་ན་ནི་རྫས་ཐ་དད་པ་དུ་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་ཐ་དད་མ་ཡིན་པར་མི་འགྲུབ་ཅིང༌། དེ་རྣམས་རང་གི་སྤང་བྱ་དྲི་མས་སྟོང་པའི་ཆ་ལ་ཟེར་ན་ནི་སྤྱིའི་མཚན་ཉིད་ཀྱིས་ཐ་དད་མ་ཡིན་པར་མི་འགྲུབ་སྟེ། ལྡོག་པ་ཐ་དད་དུ་མ་ཡིན་པའི་ཕྱིར་རོ།། དེས་ན་སྐབས་འདིར་ཡུམ་གྱི་མདོ་བསྟན་བཅོས་སུ་གསུངས་པའི་རྣམ་དག་ཕལ་ཆེར་རང་བཞིན་རྣམ་དག་གི་དེ་བཞིན་ཉིད་དང༌། ལ་ལ་གློ་བུར་རྣམ་དག་གི་དེ་བཞིན་ཉིད་ལ་དགོངས་པ་ཁོ་ནའོ།། ཞིབ་དུ་བཤད་དགོས་ནའང་མང་དོགས་ནས་བཞག་གོ། མངོན་རྟོགས་རྒྱན་དུ་ཡང༌། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌།། ཞེས་ཆོས་དབྱིངས་སྒྲུབ་པ་བཅུ་གསུམ་གྱི་རིགས་སུ་བསྟན་ནས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད།། ཞེས་ཆོས་ཀྱི་དབྱིངས་གཅིག་ཉིད་ཡིན་པས་ངོ་བོའི་དབྱེ་བ་དུ་མ་མེད་ཀྱང་རྟེན་ཆོས་དུ་མའི་དབང་གིས་ཆོས་དབྱིངས་གཅིག་པོ་དེ་ཉིད་ལ་རིགས་གསུམ་མམ་བཅུ་གསུམ་ལ་སོགས་པར་ཕྱེ་ཞེས་གསུངས་ཤིང༌། དེའི་དཔེར་བརྗོད་དུ། འདུས་མ་བྱས་ཀྱི་ནམ་མཁའ་གཅིག་ཉིད་ལ་ཉི་མའི་ལམ་བྱའི་ལམ་ཕྱེ་མ་ལེབ་ཀྱི་ལམ་ཞེས་གསུམ་ཕྱེ་བ་བཞིན་ཨ་བྷ་ཡ་སོགས་ཀྱིས་བཤད་པ་ལྟར་རོ།། འཕགས་པ་ཀླུ་སྒྲུབ་ཀྱི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེ་མ་མཆིས་ཀྱང༌། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས།། ཞེས་དང༌། ཁྱོད་ཀྱིས་ཀུན་ནས་ཉོན་མོངས་དང༌། །རྣམ་བྱང་རོ་གཅིག་གྱུར་རིག་པས། །ཆོས་དབྱིངས་མངོན་པར་དབྱེར་མེད་པ། །ཀུན་ཏུ་རྣམ་པར་དག་པར་གྱུར། །ཞེས་དཔེ་མེད་པར་བསྟོད་པ་ལས་གསུངས་སོ། །ཡུམ་གྱི་མདོའི་དེ་བཞིན་ཉིད་ཀྱི་ལེའུར།། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རབ་འབྱོར་གྱི་དེ་བཞིན་ཉིད་དོ་ཞེས་དེའི་དེའི་དོན་གནོད་འཇོམས་སུ། དེ་བཞིན་ཉིད་གཅིག་པའི་ཕྱིར་གཅིག་གོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཞིང་དེ་ནི་རྟག་ཏུ་དེ་བཞིན་ཉིད་དོ།། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་ལྟ་བུ་སྟེ། དེའི་རྣམ་པ་གཞན་མ་ཡིན་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང་གང་དུ་ཡང་རྗེས་སུ་སྐྱེས་པ་མེད་དོ།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་མ་ཡིན་ལ། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་པ་མ་ཡིན་པ་དེ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དེ་ལས་གཞན་པ་མ་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་ཡོད་དོ།། དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ལས་གཞན་པ་མ་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་ཡོད་དོ།། ཞེས་སོ།། ཡང་མདོར་གང་གི་དེ་བཞིན་ཉིད་དུ་མ་གྱུར་བ་ཡང་མེད་དོ་ཞེས་དང༌། འགྲེལ་བར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང༌། གཉིས་སུ་མེད་ཅེས་བྱ་བ་ནི་ངོ་བོ་ཉིད་གཅིག་པའོ།། གཉིས་སུ་བྱར་མེད་ཅེས་བྱ་བ་ནི་རྣམ་པ་གཉིས་སུ་དབྱེར་མི་ནུས་པའོ།། ཡང་མདོར་ལྷའི་བུ་དག་འདི་ལ་འདས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་ཉིད་དུ་རིག་པར་བྱའོ།། གཟུགས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་ཞེས་སོགས་རྒྱས་པར་རྒྱང་ནས་གསུངས་ཤིང་གནོད་འཇོམས་སུ་འདི་ལྟར་འདས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི། ངོ་བོ་ཉིད་གཅིག་པའི་ཕྱིར་མཉམ་པས་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཉམ་མོ།། དེ་ཡང་དེ་བཞིན་ཉིད་དེ་དང་བདག་ཉིད་གཅིག་པའི་ཕྱིར་མཉམ་མོ།། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་དེ་ཉིད་ཀྱི་ཕྱིར་འདས་པའི་ཆོས་རྣམས་ཀྱི་དེ་ བཞིན་ཉིད་ཀྱང་མཉམ་མོ།། ཅིས་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་པའི་ཕྱིར་རོ།། ཞེས་སོགས་མདོ་དང་འགྲེལ་བར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་ཏུ་རྒྱ་ཆེར་བསྟན་ཏེ། གཞན་ཡང་ཆོས་ཅན་རྣམས་ཀྱི་ཆོས་ཉིད་སོ་སོ་ཐ་དད་ཡིན་ན་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡང་སོ་སོ་ཐ་དད་དུ་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ་མདོ་རྒྱན་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་ཀྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་བོ་ཉིད་མ་ཡིན།། ཞེས་གཟུགས་སྐུ་གཅིག་མ་ཡིན། ཆོས་སྐུ་དུ་མ་མིན་པར་གསུངས་པའི་ཕྱིར་རོ།། གཞན་ཡང་གནས་༼ལ་༽དད་པ་མ་ཡིན་པ་དག་༼སངས་རྒྱས་པའི་མདོ་༽སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་དེ་བཞིན་ཉིད་ཡོངས་སུ་དག་པ་ལ་ཐ་དད་པ་མེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་དུ་མ་ཉིད་དུ་རྣམ་པར་མི་བཞག་གོ། ཞེས་སངས་རྒྱས་སའི་འགྲེལ་བ་ངང་ཚུལ་བཟང་པོས་མཛད་པ་ལས་སོ།། དེ་བཞིན་དུ་ཆོས་སྐུ་མཉམ་པ་ཉིད་ལ་དགོངས་ནས། སངས་རྒྱས་རྣམ་པར་གཟིགས་ཀྱི་བར་དུ་འགྱུར་རོ་ཞེས་གསུངས་པ་ཡིན་པར་མདོ་རྒྱན་འགྲེལ་བ་དང་བཅས་པ་ནས་གསུངས་ཏེ། དེས་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱི་སྐུ་གཅིག་ཉིད་དུ་གསལ་བོར་བསྟན་ནོ།། གལ་ཏེ་སངས་རྒྱས་རྣམས་ཀྱི་ཆོས་སྐུ་རྣམས་བཟང་ངན་ནམ་ཡོན་ཏན་གྱི་ཁྱད་པར་མེད་པའི་མཉམ་ཉིད་ཙམ་ལ་དགོངས་སོ།། ཞེས་ཀྱང་བརྗོད་པར་མི་བྱ་སྟེ་སྔར་དྲངས་བའི་མདོ་དེ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་མཉམ་པ་ཉིད་ལ་དགོངས་ཞེས་པར་ཡང་མཚུངས་ཏེ། དེ་རྣམས་བཟང་ངན་ནམ་ཡོན་ཏན་ཆེ་འབྲིང་ལ་སོགས་ཀྱི་ཁྱད་པར་མེད་པར་མཉམ་པ་ཉིད་ཡིན་པའི་ཕྱིར་རོ།། ཡང་ཆོས་ཅན་གཅིག་གི་ཆོས་ཉིད་དམ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་དགོས་པ་མ་ཡིན་པར་ཐལ་བར་འགྱུར། ཆོས་རྣམས་སོ་སོ་ཐ་དད་ཡིན་པ་བཞིན་དུ་དེ་རྣམས་ཀྱི་ཆོས་དབྱིངས་དེ་བཞིན་ཉིད་ཀྱང་སོ་སོ་ཁོ་ན་ཡིན་པའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ།། འདོད་མི་ནུས་ཏེ་ཨཱརྱ་དེ་ཝས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌།། ཞེས་གསུང་ཤིང་སེང་བཟང་གིས་བཤད་དོ།། གལ་ཏེ་འདོད་ན་སྔར་བཤད་པ་ལྟར། བྱང་འཕགས་མཉམ་བཞག་རྣམས་ཀྱིས་ཉི་ཚེ་བའི་སྟོང་ཉིད་ཁོ་ན་མངོན་སུམ་དུ་བྱས་པར་འགྱུར་ཏེ། འདོད་པ་དེའི་ཕྱིར་དང༌། ཆོས་ཅན་མེད་པར་འགྱུར་བའི་ཚེ་ཆོས་ཉིད་མེད་པར་འགྱུར་ན་ཆོས་ཅན་མ་མཐོང་བར་དེའི་ཆོས་ཉིད་མི་མཐོང་བར་ཡང་རྒྱུ་མཚན་ཐམས་ཅད་དུ་མཚུངས་ལ། བྱང་འཕགས་སློབ་པས་ཆོས་ཅན་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་ནི་མི་འཐད་པའི་ཕྱིར་རོ།། གལ་ཏེ་བྱང་སེམས་མཐོང་ལམ་པ་སོགས་ཀྱིས་ཀྱང་ཆོས་ཅན་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཐོང་བར་འདོད་དོ་ཞེ་ན་འདོད་ལ་རག་མོད། ནོར་བ་ཉུང་འདུག་སྙམ་ནས་བསྣོན་པ་འདེབས་པར་ཟད་དོ།། ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དགག་པ། ཡང་ཁ་ཅིག་༼ལོ་ཙྪ་བ་ཤག་བཟང་སོགས་༽ན་རེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ།། ཞེས་དང་རྣམ་འགྲེལ་སོགས་སུ། ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་བྱེད།། ཞེས་ཆོས་ཅན་སྒྲ་སོགས་དང་ཆོས་བྱས་མི་རྟག་སོགས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅེས་གསུངས་ཤིང༌། རིགས་པ་འདིས་དབུ་མའི་མདོ་བསྟན་བཅོས་རྣམས་སུ་བདེན་གཉིས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་གསུངས་པའི་དགོངས་དོན་ཡང༌། ཆོས་ཅན་རྣམས་དང་དེའི་ཆོས་ཉིད་༼འདི་འཕགས་པའང་བཞེད་༽ངོ་བོ་ཉིད་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ་སྒྲ་བྱས་མི་རྟག་པ་བཞིན་ནོ།། ཞེས་ཟེར་ཞིང་ཆོས་ཅན་རྣམས་ཀྱི་ཆོས་ཉིད་ཡང་སོ་སོ་ཁོ་ན་ཡིན་གྱི་གཅིག་ཏུ་འདོད་པ་བཞད་གད་ཀྱི་གནས་ཡིན་ལ། སྐུ་བཞིར་བྱས་པའི་ལུགས་ཀྱི་སངས་རྒྱས་གཅིག་གི་ཆོས་ལོངས་སྤྲུལ་བའི་སྐུ་གསུམ་སོ་སོར་འདོད་པའང་བཞད་གད་ཀྱི་གནས་ཏེ། སྔར་སེམས་ཅན་རྒྱུད་གཅིག་ཡིན་པ་ཕྱིས་རྒྱུད་དུ་མར་འགྱུར་བའི་སྐྱོན་ཡོད་ཞེས་སོགས་ཟེར་བ་གྲག་གོ། འོ་ན་ཆོས་ཅན་སྒྲ་རང་མཚན་གཅིག་དང་དེའི་བྱས་མི་རྟག་ངོ་བོ་གཅིག་པའི་དོན། རང་མཚན་གཅིག་པའམ་དོན་གཅིག་ཉིད་ཡིན་པ་ལ་གསུངས་པས་སྒྲ་སོགས་ཆོས་ཅན་རེ་རེ་བ་དང༌། དེའི་དེ་བཞིན་ཉིད་ཀྱང་རྫས་སམ་རང་མཚན་གཅིག་གམ་དོན་གཅིག་ཉིད་དུ་ཐལ་བར་འགྱུར། དེ་དག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བཞིན་དུ་དེ་དང་དེའི་དེ་བཞིན་ཉིད་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་བའི་ཕྱིར་རོ།། འདོད་ན་དེ་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཀྱང་མི་རྟག་པར་ཐལ་བར་འགྱུར། འདོད་མི་ནུས་ཏེ་ཡུམ་གྱི་མདོ་དང་རྒྱུད་བླ་དབུས་མཐའ་སོགས་དང་དེ་དག་འགྲེལ་ཞིང་རྗེས་སུ་འབྲང་བའི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྣམས་དང༌། འགྲེལ་བ་གནོད་འཇོམས་སོགས་མདོ་བསྟན་བཅོས་དུ་མར་གཞན་དུ་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་ཞེས་དང༌། སྔར་ཇི་ལྟར་གནས་པ་དེ་བཞིན་ཕྱིས་ཀྱང་གནས་པ་ཉིད་ཀྱི་དེ་བཞིན་ཉིད་ཞེས་བཤད་ཅིང༌། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་རྒྱུད་བླར་གསུངས་པ་ལྟར་མདོ་བསྟན་བཅོས་དྲི་མེད་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པ་དང་འགལ་ལོ།། ཡང་ཆོས་ཅན་སྒྲ་རང་མཚན་གཅིག་འཛིན་བའི་སོ་སྐྱེའི་མངོན་སུམ་དེས་ཆོས་ཅན་སྒྲ་རང་མཚན་དེའི་ཆོས་ཉིད་དམ་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བར་འགྱུར། དེའི་ཆོས་ཉིད་དང་ཁྱབ་མཉམ་དོན་གཅིག་པའི་ཆོས་ཅན་སྒྲ་རང་མཚན་དེ་མངོན་སུམ་དུ་མཐོང་བའི་ཕྱིར། དཔལ་ཆོས་ཀྱི་གྲགས་པས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ།། ཞེས་སོགས་གསུངས་པ་ལྟར་ཏེ། ཁྱེད་ཀྱིས་ཀྱང་སློབ་དཔོན་དེའི་ལུགས་ཉིད་གཙོ་བོར་བྱས་ཏེ་སྔར་རྣམ་བཞག་བྱས་པ་དྲན་པར་བྱོས་ཤིག འདོད་ན་ཆོས་ཅན་དང་ཆོས་ཉིད་དམ་བདེན་གཉིས་རྫས་སམ་ངོ་བོ་གཅིག་པ་དེ་བས་ཀྱང་ཕྱུགས་རྫི་སོགས་སོ་སོ་སྐྱེ་བོ་རྣམས་ཀྱིས་ཡུལ་ཕྱི་རོལ་འཛིན་བའི་ཁ་ཕྱིར་བསྟན་ཀྱི་རྣམ་ཤེས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ངོ་མཚར་ཆེའོ།། ཨ་རོག་ཀྵ་ནད་མེད་པར་གྱུར་ཅིག ཡང་སློབ་དཔོན་སེངྒེ་བཟང་གིས་བཤད་པ་ལྟར་གྱི་སངས་རྒྱས་པའི་འདུས་བྱས་སྐུ་གསུམ་པོ་རྫས་ཐ་དད་མ་ཡིན་ཞེས་སོགས་ལའང་དཔྱད་པ་འདི་ཡོད་དོ།། སངས་རྒྱས་རྒྱུད་གཅིག་གི་མཆོག་གི་སྤྲུལ་སྐུ་དང་ལོངས་སྐུ་དང་འདུས་བྱས་རྟོགས་པ་ཡེ་ཤེས་ཆོས་སྐུ་རང་མཚན་པ་དེ་དག་རང་མཚན་གཅིག་ཡིན་པར་ཐལ་བར་འགྱུར་ཏེ། འདུས་བྱས་ཀྱི་དངོས་པོ་རང་མཚན་པ་ཡིན་ཞིང་རང་མཚན་ཐ་དད་མ་ཡིན་པའི་ཕྱིར་མ་ཁྱབ་པ་མ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་ངོས་རྣམས་ལ། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་རང་བཞིན་མེད།། ཞེས་སོགས་དང་དཔལ་ཆོས་ཀྱི་གྲགས་པའི། འདི་ལས་གཞན་དངོས་ཡོད་མ་ཡིན།། ཞེས་སོགས་ཡང་ཡང་དང་དབུ་མ་རྒྱན་དུ། གཅིག་དང་དུ་མ་གཏོགས་པ་ཡི། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ།། ཞེས་སོགས་མདོ་བསྟན་བཅོས་དུ་མ་ལས་གསུངས་སོ།། ཐལ་བ་དེ་འདོད་ན་མཆོག་གི་སྤྲུལ་སྐུའི་སྐུ་དངོས་ཀྱི་གདུལ་བྱར་གྱུར་བའི་སོ་སོ་སྐྱེ་བོ་༼དང་༽ཉན་ཐོས་འཕགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ལོངས་མངོན་སུམ་དུ་མཐོང་བར་ཐལ་བར་འགྱུར་ཏེ། རང་རང་གི་སྟོན་པར་གྱུར་བའི་སྤྲུལ་བའི་གཟུགས་སྐུ་མངོན་སུམ་དུ་མཐོང་བའི་ཕྱིར་རོ།། འདོད་ན་སངས་རྒྱས་པའི་ལོངས་སྐུ་ངེས་པ་ལྔ་ལྡན་དུ་བཤད་པ་དང་འགལ་ཞིང༌། རྣམ་འགྲེལ་མཆོད་བརྗོད་རྩ་འགྲེལ་དུ་ཉན་རང་དང་སོ་སྐྱེའི་ཡུལ་མིན་པས་ཟབ་པ་ཞེས་སོགས་མདོ་བསྟན་བཅོས་དྲི་མེད་ཀྱི་ལུང་མང་སྟེ་གྲགས་ཆེ་བས་མ་བྲིས་སོ།། གལ་ཏེ་གདུལ་བྱ་སོ་སྐྱེ་དང་ཉན་ཐོས་རྣམས་ཀྱིས་མངོན་སུམ་དུ་མཐོང་བའི་གཟུགས་སྐུ་དེ་ཁོ་རང་རྣམས་ཀྱི་རང་སེམས་ཀྱི་སྣང་བ་ཡིན་གྱི་སངས་རྒྱས་སས་བསྡུས་ཀྱི་གཟུགས་སྐུ་མིན་ནོ་ཞེ་ན། དེ་དང་དེ་ལྟ་བུ་ལས་མ་གཏོགས་པའི་སངས་རྒྱས་སའི་སྤྲུལ་སྐུ་ཅི་འདྲ་ཡོད་སེམས་ཤིག་ཚུལ་འདི་སྔར་བཀག་ཟིན་པ་ལས་ཤེས་པར་བྱའོ།། གཞན་ཡང་དེ་གསུམ་རྫས་ཐ་དད་ཡིན་ཀྱང་སངས་རྒྱས་གཅིག་རྒྱུད་དུ་མར་ཐལ་བའི་སྐྱོན་མེད་དེ། ཀླུ་རྒྱལ་གཅིག་གི་སྦྲུལ་མགོའི་གདེངས་ཀ་སྟོང་པོ་དེ་རྫས་ཐ་དད་ཅིང་སེམས་བཅས་ཡིན་ཡང་ཀླུའི་རྒྱལ་པོ་གཅིག་པོ་དེ་རྒྱུད་དུ་མ་མ་ཡིན་པ་བཞིན་དང༌། ཉི་མའི་དཀྱིལ་འཁོར་གཅིག་འཆར་བ་ཐ་དད་པའི་དབང་གིས་དུས་ཅིག་ཆར་དུ་འཆར་ཚུལ་དུ་མར་ཤར་ཡང་ཉི་མའི་དཀྱིལ་འཁོར་གཅིག་པོ་དེ། དུས་ཅིག་ཆར་རྫས་དུ་མར་མི་འགྱུར་བ་བཞིན་དེ་ལྟ་བུའི་སྦྲུལ་མགོ་སྟོང་པོ་དེ་རྫས་ཐ་དད་པ་མ་ཡིན་ཞེས་ནི་བརྗོད་པར་མི་ནུས་ཏེ། རྩོམ་བྱེད་རྡུལ་ཕྲ་རབ་རྫས་ཐ་དད་དུ་མས་བརྩམས་ཤིང་གོག་པའི་ཡུལ་སོ་སོར་གནས་པའི་དུད་འགྲོའི་ལུས་ཅན་ཡིན་པའི་ཕྱིར་ཀ་བུམ་སོགས་བཞིན་ནོ།། འོན་ཀྱང་སངས་རྒྱས་པའི་འདུས་བྱས་ཀྱི་ཡེ་ཤེས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་ཆོས་སྐུར་བཞག སངས་རྒྱས་པའི་ལོངས་སྤྲུལ་གཉིས་དེ་ལས་རྫས་ཐ་དད་ཅིང་ ཁོང་རང་གཉིས་ཡང་རྫས་ཐ་དད་དུ༌། སློབ་དཔོན་སེངྒེ་བཟང་བོས་མངོན་རྟོགས་རྒྱན་གྱི་དགོངས་དོན་དུ་འཆད་པ་ནི་དགོངས་པ་གཏན་ནས་མ་ཡིན་ཏེ། དེ་ལྟར་ན་ལོངས་སྤྲུལ་གཉིས་བེམ་པོ་འབའ་ཞིག་པར་ཐལ་བར་འགྱུར་པའི་སྐྱོན་འོང་བར་མངོན་ཞིང༌། ཆོས་སྐུར་མཛད་པ་དང་བཅས་པ་ཞེས་པའི་ཆོས་སྐུ་ཞེས་པ་བཞིའི་ཡ་གྱལ་དུ་བྱས་ནས་གཞུང་དེས་རྣམ་པ་གཞིར་བརྗོད་ཞེས་པའི་དབྱེ་གཞི་ཚིག་གིས་མ་ཟིན་པས་དབྱེ་གཞི་མེད་པའི་དབྱེ་བ་བྱས་པར་འགྱུར། ཐེག་ཆེན་གྱི་མཚན་ཉིད་ཐེག་པའི་མདོ་བསྟན་བཅོས་ཐམས་ཅད་དུ་སྐུ་གསུམ་དུ་བསྟན་པ་ཆོས་སྐུ་མཚན་ཉིད་པ་ཆོས་ཉིད་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ལ་བཤད་ཅིང༌། སྔགས་ཀྱི་ཐེག་པར་ཆོས་ལོངས་སྤྲུལ་བ་ངོ་བོ་ཉིད་སྐུ་ཞེས་གསུངས་པ་རྣམས་ནི་སློབ་དཔོན་སེང་བཟང་གིས་འདིར་ངོས་བཟུང་བའི་སྐུ་བཞི་དང་མིང་འདྲ་ཡང་དོན་མི་འདྲ་བར་སྣང་ངོ༌།། དེས་ན་སློབ་དཔོན་སེང་བཟང་སོགས་ཀྱིས་བཤད་པ་འདི་ལྟ་བུ་འོང་བར་མཁྱེན་ནས་དེ་དགག་པའི་ཕྱིར་དུ་དུས་འཁོར་འགྲེལ་ཆེན་དུ་མཛད་པ་དང་བཞིར་ངེས། བྱམས་པས་གསུངས་བ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད།། ཞེས་སོ།། ཞེས་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་གསུངས་སོ།། འོ་ན་རྒྱུད་བླར། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ།། ཞེས་སོགས་ཀྱིས་གསུང་རབས་ཡན་ལག་བཅུ་གཉིས་ཆོས་སྐུར་བཤད་པ་དང་འགལ་ཞེ་ན། ཆོས་སྐུ་འཐོབ་པའི་རྒྱུ་ཡིན་པ་དང་དེ་སྟོན་པའི་རྗོད་བྱེད་ཀྱི་ཚིགས་ཡིན་པས་ཆོས་སྐུ་ཞེས་བཏགས་པ་ཙམ་མོ།། དགེ་བའི་བཤེས་གཉེན་ཕྱ་གཙང་ལ་སོགས་པ་བོད་དུ་བྱོན་པའི་དབུ་ཚད་སྨྲ་བའི་སྔ་རབས་པ་ཕལ་ཆེར་གྱིས་དབུ་མ་བའི་ལུགས་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཞེས་གསུངས་ཤིང༌། དེ་ཡང་ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་འདི་རྣམས་ཀུན་རྫོབ་དང༌། དེ་ལྟར་བརྟགས་ཤིང་དཔྱད་ན་བདེན་པའི་རང་བཞིན་མེད་པ་ཙམ་དེ་ཆོས་ཉིད་དམ་དེ་ཁོ་ན་ཉིད་དེ་དོན་དམ་པའི་བདེན་པ་ཡིན་ལ། སྣང་གྲགས་ཀྱི་ཆོས་འདི་རྣམས་ནི་ཁོ་རང་རྣམས་བརྟགས་ཤིང་དཔྱད་ན་བདེན་པའི་རང་བཞིན་མེད་པ་དེ་ཉིད་ཡང་ཡིན་ཞིང་དཔྱད་ན་བདེན་པའི་རང་བཞིན་མེད་བཞིན་དུ་སྣང་བ་ཡང་མ་འགགས་པས་སྣང་སྟོང་ཟུང་འཇུག་སྟེ། དེས་ན་བདེན་གཉིས་ངོ་བོ་གཅིག་ཡིན་ཞིང་དེ་འདྲའི་རང་བཞིན་མེད་ཙམ་དེ་དགག་བྱ་བདེན་པའི་རང་བཞིན་མེད་ཙམ་ཡིན་པས་མེད་དགག་ཡིན་ལ། མེད་དགག་ཡིན་ན་སྒྲུབ་ཆོས་ཅི་ཡང་མི་ལྡན་པས་བསྒྲུབ་ཆོས་ཙམ་གྱིས་དོར་བ་ཡིན་པའི་ཕྱིར། སྟོང་ཉིད་དགག་པའི་ཐ་སྙད་བྱ་རུང་དུ་བསྒྲུབ་པ་ལ་བསྒྲུབ་ཆོས་ཙམ་གྱིས་དོར་བ་རྟགས་ཡང་དག་དུ་འགྱུར་ཏེ་གསུངས་ཏེ། དེ་དག་ཡུམ་གྱི་མདོ་ལ་སོགས་པ་དབུ་མའི་མདོ་བསྟན་བཅོས་ཀྱི་དགོངས་དོན་བདེན་པ་གཉིས་ཀྱི་ཚུལ་ཇི་ལྟ་བ་མཁྱེན་པར་ཞལ་གྱིས་བཞེས་པ་སྐྱེས་བུ་དྲང་བོའི་རང་བཞིན་ཅན་ཡིན་ལ། ཡང་ཆོས་རྣམས་ཀྱི་ཆོས་ཉིད་དམ་སྟོང་ཉིད་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་གྱི་ཡོངས་གཅོད་དུ་ཤེས་བྱ་མིན་པར་འདོད་བཞིན་དུ། མེད་དགག་དང་བསྒྲུབ་ཆོས་ཙམ་དོན་དམ་དུ་ཁས་མི་ལེན་ཟེར་ཞིང༌། དབུ་མ་བའི་ལུགས་ལ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དམ་གནས་ལུགས་སྟོང་ཉིད་ཟབ་མོ་ནི་རང་བཞིན་ཡོད་དེ། དགག་སྒྲུབ་སོགས་སྤྲོས་པ་དང་བྲལ་བ་ཞིག་ཡིན་ཞེས་འདོད་པ་རྣམས་ནི་ལ་ལ་ཚངས་ཆེན་ཚུལ་བྱེད་པ་ཡིན་ལ་འགའ་ཞིག གཞན་ལ་བལྟ་བའི་མིག་གིས་ཀྱང༌། །རང་ཉིད་བལྟ་ན་མེ་ལོངས་དགོས།། ཞེས་པའི་ཚུལ་དུ་གཞན་ལུགས་ལ་སྐྱོན་ཁོ་ན་རྟོག་ཅིང༌། རང་ལུགས་ལ་སྐྱོན་ཡོན་མ་དཔྱད་པར་མངོན་ཏེ། རང་བཞིན་ཡོད་དེ་དགག་སྒྲུབ་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དམ། སྟོང་ཉིད་ཟབ་མོའམ་ཆོས་ཉིད་དུ་མི་འཐད་པར་འགྱུར་དེ། དེ་ཡང་དགག་བྱ་སྤྲོས་པ་བཀག་པ་ཙམ་ཡིན་པས་མེད་དགག་ལས་མ་འདས་པའི་ཕྱིར་རོ།། མདོར་བསྡུས་པའོ།། འོ་ན་ཁྱེད་ཀྱི་ལུགས་ལ་ཐེག་ཆེན་དབུ་མ་བས་བཞེད་པའི་བདེན་པ་གཉིས་དང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མཚན་ཉིད་ཐེག་པའི་དབུ་མ་ཆེན་པོའི་དབུ་མའི་ཐེག་པ་ནི་ཟབ་པ་དང་ལྡན་ཞིང་སྔགས་ཀྱི་ཐེག་པ་ནི་ཟབ་པ་དང་རྒྱ་ཆེ་པ་གཉིས་ཀ་དང་ལྡན་ཞེས་མཆོག་དམན་གྱི་ཁྱད་པར་རྒྱ་གར་མཁས་པའི་གསུངས་(ཤནྟི་སོགས)ལ། འདིར་ཟབ་པ་ཞེས་པ་དབུ་མའི་གཞུང་ལུགས་སུ་བསྟན་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་ཉིད་དམ་ཆོས་ཉིད་ལ་གཙོ་བོར་གསུངས་ཤིང༌། ཡུམ་གྱི་མདོ་དང༌། དབུ་མ་རིགས་ཚོགས་སོགས་སུ་ཕྱི་རོལ་མུ་སྟེགས་པའི་རྟག་ལྟ་སྡེ་བཞི་དང༌། རྡུལ་ཕྲ་རབ་དང་རྣམ་ཤེས་སྐད་ཅིག་རེ་རེ་བ་དོན་དམ་བདེན་པར་འདོད་པའི་ནང་པ་སངས་རྒྱས་པའི་དངོས་སྨྲ་རྣམས་རྟག་ལྟའམ་ཡོད་ལྟ་སྟེ། དེ་རྣམས་དགག་པ་གཙོ་བོར་མཛད་པ་སྟེ་དངོས་པོར་༼ཟླ་བ་གྲགས་པའི་བཞི་བརྒྱ་བའི་འགྲེལ་བར་བཤད་༽བདེན་འཛིན་གཞོམ་པའི་དོན་དུ། ཕྱི་ནང་གི་ཆོས་འདི་ཐམས་ཅད་བརྟགས་ཤིང་དཔྱད་ན་བདེན་པའི་རང་བཞིན་མེད་དེ་སྒྱུ་མ་སོགས་བཞིན་ཞེས་བསྟན་བྱའི་གཙོ་བོར་མཛད་དེ། རིགས་པ་དྲུག་ཅུ་བར། རེ་ཞིག་ཉེས་ཀུན་འབྱུང་པའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས།། ཞེས་སོ།། དེ་ཙམ་ལ་སྟོང་ཉིད་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་ཞེས་སོགས་སུ་སྐབས་ལ་ལར་ཐ་སྙད་མཛད། སྐབས་གཞན་དུ་སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་ཏེ། སེམས་འགྲེལ་སྐོར་གསུམ་ནཱ་རོ་འགྲེལ་ཆེན་གཉིས་སུ་སེམས་གང་ཡོང་པའི་སེམས་དེ་ནི་སེམས་མ་ཡིན་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སོ།། ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དོ་ཞེས་དང༌། གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ་མ་༼མ་རྨོངས་ཞེས་པ་ལ་ལར་སྣང་༽སྤྲུལ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་སོགས་ཡང་གསུངས་སོ།།
ལུང་སྔ་མ་རྣམས་ངེས་དོན་དང་ཕྱི་མ་རྣམས་དྲང་དོན་དུ་འདོད་པ་དགག་པ།
འདི་དག་གི་དོན་ལ་བོད་ཀྱི་མཁས་པ་༼བུ་སྟོན་སོགས་༽མང་བོ་དག ལུང་སྔ་མ་རྣམས་ངེས་དོན་དང་ཕྱི་མ་རྣམས་དྲང་དོན་དགོངས་པ་ཅན་ཡིན་གསུངས། དེ་གསུངས་བའི་རྒྱུ་མཚན་འཁོར་ལོ་བར་བ་དབུ་མའི་མདོ་དང་། འཁོར་ལོ་ཐ་མ་སེམས་ཙམ་ཀྱི་མདོ་ཡིན་ཞེས་བཞེད་པར་སྣང་ངོ༌།། དེ་དག་དྲི་མ་མེད་པའི་མདོ་བསྟན་བཅོས་ལ་བརྟེན་ནས་གཟུ་བོའི་བློས་དཔྱད་ན་ཕྱི་ནང་གི་ཆོས་ཀུན་དང་དེའི་སྟོང་ཉིད་དེ་བཞིན་ཉིད་སོགས་ཡང༌། སྟོང་ངོ་མེད་དོ་ཞེས་སོགས་ཡང་དྲང་དོན་དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མིན་ཏེ། བརྟགས་ཤིང་དཔྱད་ན་བདེན་པའི་རྫས་ཅིར་ཡང་གྲུབ་པ་མེད་པ་ལ་དགོངས་ཀྱི། སྒྲ་ཇི་བཞིན་དུ་དེ་དག་གཏན་མེད་པ་མ་ཡིན་ཏེ། དགེ་སྡིག་སོགས་ལས་རྒྱུ་འབྲས་ལ་བསྐུར་བ་བཏབ་པར་འགྱུར་བའོ།། མཁས་མཆོག་ཞི་བ་འཚོ་དང་ཀཱ་མ་ལ་སོགས་ཀྱིས་ཚུལ་དེ་ལྟར་རྒྱས་བར་བཤད་པ་བལྟ་བར་བྱའོ།། སློབ་དཔོན་ཟླ་གྲགས་ཀྱི་དགོངས་པ་ལའང་དེ་ལྟར་ཡིན་ནོ།། ཡང་དེ་འདྲའི་རང་བཞིན་མེད་པ་དེ་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་སོགས་ཡིན་པ་ལྟ་བུར་གསུངས་པ་ཡང་དྲང་དོན་དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་དོན་དམ་པའི་བདེན་པ་སོགས་རྣམ་གྲངས་སུ་གསུངས་པའི་ཕྱིར་དེ་དོན་དམ་པའི་བདེན་པ་མ་ཡིན་ཏེ། ཤེས་བྱ་ཡིན་མིན་ཐམས་ཅད་དེ་ཡིན་པའི་ཕྱིར་དང་མེད་དགག་ཡིན་པས་སྤྲོས་པ་ཡིན་པའི་ཕྱིར་རོ།། ཞེས་སོགས་ཀྱི་ལུང་དང་རིགས་པ་སྔར་བཤད་པ་རྣམས་ཀྱང་དྲན་པར་བྱའོ།། དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་ཀུན་རྫོབ་ཀུན་རྫོབ་སྟོང་ཉིད་བྱས་མི་རྟག་བཞིན་དུ་མེད་ན་མི་འབྱུང་ཞེས་པའི་དགོངས་དོན་དུ་རློམ་སྟེ། ཕུང་སོགས་ཆོས་ཅན་རྣམས་དང་དེའི་ཆོས་ཉིད་དག་བྱས་མི་རྟག་བཞིན་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་སྨྲ་བ་དང༌། ཕྱ་གཙང་སོགས་ཀྱིས་བཞེད་པ་ལྟར་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ན་བདེན་གཉིས་ཀྱི་རྣམ་དབྱེ་མ་ནོར་བ་བྱར་མེད་པར་འགྱུར་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དུ་གྱུར་བའི་སྟོང་ཉིད་དམ་ཆོས་ཉིད་ལས་གཞན་དུ་གྱུར་བའི་དོན་དམ་བདེན་པ་ནི་མེད་སྔར་བཤད་ལྟར་གྱི་དགག་བྱ་རྣམ་པར་བཅད་པ་ཙམ་ཁོ་ན་ཆོས་རྣམས་ཀྱི་སྟོང་ཉིད་དམ་ཆོས་ཉིད་མ་ཡིན་དེ། དེ་འདྲའི་རྣམ་བཅད་ཙམ་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་ཆོས་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ་འཕགས་པ་ཀླུ་སྒྲུབ་ཀྱིས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས།། ཞེས་དང་དབུ་མ་རྩ་ཤེར། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫུབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ།། ཞེས་དང་བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག། ཅེས་སོགས་མང་ངོ༌།། དེ་དག་གི་ལུགས་ལྟར་ན་ཐམས་ཅད་ཀུན་རྫོབ་ཏུ་འགྱུར་བའམ་ཡང་ན་ཆོས་ཐམས་ཅད་དོན་དམ་བདེན་པར་འགྱུར་ཏེ། སྣང་གྲགས་ཀྱི་ཆོས་འདི་རྣམས་དང་དེ་རྣམས་ཀྱི་གནས་ལུགས་སྟོང་ཉིད་དམ་ཆོས་ཉིད་དེ་བྱས་མི་རྟག་བཞིན་དུ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པའི་ཕྱིར་དང༌། ཕྱོགས་སྔ་ལ་ལའི་ལྟར་ན་ཆོས་ཅན་སོ་སོའི་ཆོས་ཉིད་རྣམས་ཆོས་ཅན་སོ་སོ་ཁོ་ན་ལ་ཡོད་ཅིང་དེ་མེད་པར་གྱུར་བའི་ཚེ་མེད་པར་འགྱུར་བའི་ཕྱིར་རོ།། འདོད་པར་མི་ནུས་ཏེ་ལུང་རིགས་ཐམས་ཅད་དང་འགལ་ཞིང༌། དེ་ལྟ་བུ་དེ་བདེན་གཉིས་ལ་ལོག་པར་རྟོག་པའི་ལོག་རྟོག་དུ་མངོན་རྟོགས་རྒྱན་དུ་བཤད་པའི་ཕྱིར་རོ།། དེའི་ཕྱིར་དེ་རྣམས་ཀྱིས་དབུ་མ་བའི་ལུགས་ཀྱི་བདེན་པ་གཉིས་ཇི་བཞིན་མ་དགོངས་པར་ཟད་དོ།། ཡང་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོགས་ལུང་ཕྱི་མ་དེ་རྣམས་དྲང་དོན་དགོངས་པ་ཅན་དུའང་མི་འཐད་དེ། ལུང་དང་པོ་སེམས་གང་ཞིག་ཡོད་པའི་སེམས་ཞེས་སོགས་ངེས་པའི་དོན་དུ་སེམས་འགྲེལ་སྐོར་གསུམ་དང༌། ནཱ་རོ་འགྲེལ་ཆེན་གཉིས་སོགས་སུ་གསལ་བོར་གསུངས་པ་བལྟ་བར་བྱ་ཞིང༌། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར།། ཞེས་དང༌། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཡོན་ཏན་རྣམས་དང་ལྡན་པ་ཉིད།། ཞེས་སོགས་དང་སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་ཤིང༌། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་ཞེས་སོགས་དང༌། རྒྱུད་བླའི་འགྲེལ་བར། ཆོས་ཉིད་ཀྱི་སེམས་གང་ཡིན་པ་ནི་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང༌། རྗེས་སུ་༼ས་སྡེ་རྣམས་ཀྱི་རྟེན་ཡིན་༽འགྲེལ་ཀྱང་རང་བཞིན་༼དེའི་ངོ་བོར་གདོད་ནས་༽གྱིས་འོད་གསལ་བ་ཉིད་ཀྱི་༼ལས་ཉོན་སོགས་ཀྱིས་གཞན་དང་གཞན་དུ་༽རྣམ་པར་འགྱུར་བ་ལ་མི་སྟོན་པ་དེའི་ཕྱིར་གསེར་བཟང་བོ་བཞིན་དུ་མི་འགྱུར་བའི་དོན་གྱི་དེ་བཞིན་ཉིད་ཞེས་བརྗོད་དོ།། ཞེས་སོགས་མང་ངོ༌།། མདོ་སྡེ་རྒྱན་དུ། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་དྲི་མས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ།། ཞེས་དང༌། ཇི་ལྟར་ཆུ་སྙོགས་པ་ལས་དྭངས་བས་ནི། །དྭངས་བ་ཉིད་དེ་དེ་ལས་སྐྱེ་མིན་ཏེ། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད།། ཅེས་སོ།། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་སྣ་དུ་བ་དང༌། །སྒྲ་གཅན་གདོངས་དང་རྡུལ་ལ་སོགས༌། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བའི་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས།། ཞེས་དང༌། དུས་འཁོར་འགྲེལ་ཆེན་དུ། གང་གི་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང༌། གང་མེད་པ་དེ་ནི་ཡོད་པར་མི་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ།། གང་གིས་ཡོད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེ་མེད་པའི་མཚན་ཉིད་དུ་མི་འགྱུར་རོ།། གང་གིས་མེད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེ་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ་འགལ་བའི་ཕྱིར་རོ་ཞེས་དང༌། སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ་རྟག་པ་དང་ཆད་པའི་ཆོས་ཉིད་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ་ཞེས་དང༌། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་པ་སྟེ། སེམས་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱའོ་ཞེས་དང༌། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་དག་ཀྱང་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡིས། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར།། ཞེས་སོགས་དང་དཔལ་ཆོས་ཀྱི་གྲགས་པས། སེམས་འདིའི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམ་ནི་གློ་བུར་བ།། ཞེས་དང༌། རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང༌། །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །མི་བརྟན་སྦྲུལ་གྱི་བློ་བཞིན་ནོ།། ཞེས་སོ།། སློབ་དཔོན་ངང་ཚུལ་བཟང་པོས། མདོ་སྡེ་སངས་རྒྱས་ཀྱི་སའི་འགྲེལ་བར་སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱིས་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་༼མདོ་ཚིག་༽པ་ཞེས་བྱ་བ་ནི། རང་༼སངས་རྒྱས་༽གི་སེམས་ཀྱི་ཡོངས་སུ་གྲུབ་པ་རྣམ་པར་དག་པ་རྟག་ཏུ་རང་བཞིན་གྱིས་འོད་གསལ་ཞིང་རང་བཞིན་ཡོངས་སུ་དག་པ་ཅི་འདྲ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་འགྱུར་བ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང༌། དེ་དང་འདྲ་བ་སྟེ་སེམས་ཀྱི་རང་བཞིན་དེ་ནི་དེ་བཞིན་ཉིད་དོ།། དེས་དེ་དག་མཉམ་པ་ཡིན་ཏེ་ཇི་སྐད་དུ། འདི་གང་གི་མཉམ་ཞེ་ན་སྟོང་པ་ཉིད་དུ་མཉམ་པས་འདི་མཉམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། སེམས་ཀྱི་རང་བཞིན་ཡང་སེམས་ཀྱི་ཆོས་ཉིད་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་འདི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར། སེམས་མཉམ་པ་ཉིད་ཅེས་ངོ་བོའི་རྐྱེན་དུ་བྱས་པ་ཡིན་ནོ།། དེའི་གྱུར་པ་ནི་ཡོངས་སུ་གྲུབ་པ་སྟེ་ཡོངས་སུ་དག་པ་ཡིན་ནོ།། དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་མོད་ཀྱི་དེའི་ཚེ་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་རྣམ་པར་བཞག་གོ་ཞེས་དང༌། རང་བཞིན་སྤང་བར་མི་ནུས་པའི་ཕྱིར་རོ།། དེ་ཉིད་ལ་དགོངས་དེ་ཆོས་ཉིད་ཀྱི་སེམས་ལ་སེམས་ཀྱི་སྒྲར་བཏགས་ནས་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་གསུངས་ཏེ། ཆོས་ཉིད་ཀྱི་སེམས་མ་གཏོགས་པར་རང་བཞིན་གྱིས་འོད་གསལ་བའི་སེམས་མེད་པའི་ཕྱིར་རོ།། འོ་ན་ཇི་ལྟར་སེམས་ཅན་དག་ལ་འདོད་ཆགས་ལ་སོགས་པ་ཡོད་ཅེ་ན། རང་གི་རྟོག་པའི་སྟོབས་བསྐྱེད་པའི་ཕྱིར་ཏེ། དེ་ཡང་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་ལ་དེ་ཡང་མ་རིག་པའི་དབང་གིས་སོ།། ཞེས་སོགས་ནས་ཆོས་དབྱིངས་རྣམ་པར་དག་པ་རྣམ་པར་དག་པ་དེ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱད་པར་མེད་པས་ཆོས་སྐུར་བརྗོད་པར་བྱ་སྟེ། དེ་ཉིད་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་སོ།། དེ་ནི་ཐམས་ཅད་ལ་ཡོད་ཀྱང་སེམས་ཅན་རྣམས་ཀྱི་རང་གི་བསྒྲིབ་པའི་སྟོབས་བསྐྱེད་པའི་དམུས་ལོང་གི་ཉི་མ་བཞིན་མི་མཐོང་སྟེ། ཇི་སྐད་དུ་མདོ་སྡེ་རྒྱན་ལས། སྣོད་ཆགས་པའི་ཟླ་བ་བཞིན། སེམས་ཅན་ཉེས་པས་མི་སྣང་ངོ༌།། ཞེས་གསུངས་པ་ལྟ་བུའོ་ཞེས་སོགས་གསུངས་ཤིང༌། གལ་ཏེ་ཆོས་ཉིད་ཀྱི་སེམས་ཞེས་པའི་ཐ་སྙད་འདི་ལྟ་བུ་རྣམས་སེམས་ཙམ་པ་ཁོ་ནའི་ཆོས་སྐད་ཡིན་ཏེ། དེའི་ཕྱིར་དབུ་མའི་གྲུབ་མཐའ་གཏན་ལ་འབེབས་པའི་སྐབས་སུ་ལུང་དེ་དག་ངེས་དོན་དུ་རློམ་ནས་དྲངས་པ་ནི་བཞད་གད་གྱི་གནས་སོ་ཞེ་ན། བཞད་གད་དེ་ནི་མུ་སྟེགས་གསལ་བྱེད་པའི་བཞད་གད་དང་མཚུངས་པ་སྟེ། རྒྱལ་བའི་ཡུམ་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་བར་འགྲེས་མགོ་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཐམས་ཅད་ལ་ཀུན་བཏགས་པའི་གཟུགས། རྣམ་པར་བརྟགས་པའི་གཟུགས་ལ་ཆོས་ཉིད་ཀྱི་གཟུགས་སོགས་གསུམ་དུ་ཕྱེ་ནས་གསུངས་ཤིང༌། ཤེར་ཕྱིན་ལྔ་བརྒྱ་བར་ཡང༌། དངོས་པོ་མེད་པའི་གཟུགས་སོགས་དངོས་པོ་ངན་པའི་གཟུགས་སོགས། དངོས་པོ་ཡོད་པའི་གཟུགས་སོགས་ཞེས་གསུམ་གསུམ་དུ་ཕྱེ་ནས་གསུངས་པའི་རྗེས་སུ་འབྲང་སྟེ། མདོ་རྒྱན་སོགས་སུ་ཆོས་ཉིད་ཀྱི་སེམས་ཞེས་སོགས་ཀྱི་ཐ་སྙད་མཛད་པ་ཡིན་ཞིང༌། མངོན་རྟོགས་རྒྱན་དུ། དེ་མ་རྫོགས་དང་རབ་རྫོགས་དང་ཞེས་པའི་དོན་ལ་སློབ་དཔོན་སེང་བཟང་གིས་བརྒྱད་སྟོང་འགྲེལ་ཆེན་དུ། མ་རྫོགས་པ་ནི་ཀུན་བརྟག་པའི་གཟུགས་དང་རྫོགས་པ་ནི་ཆོས་ཉིད་ཀྱི་གཟུགས་སུ་དེ་ཞེས་བཤད་ལ། སྐབས་འདིའི་མདོར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རྫོགས་མ་རྫོགས་སྦྱར་ནས་བཤད་དོ།། དེའི་ཕྱིར་ཉི་ཁྲི་ལྔ་སྟོང་བ་སོགས་སེམས་ཙམ་པའི་མདོར་འགྱུར་ཞིང༌། བརྒྱད་སྟོང་འགྲེལ་ཆེན་ན་སེམས་ཙམ་པའི་བསྟན་བཅོས་སུ་ཐལ་བར་འགྱུར་བ་ལས། དེ་ལྟར་ཁས་ལེན་པ་མི་འཐད་དེ། ལུང་རིགས་ཀྱི་གནོད་པ་འབབ་པར་མ་ཟད་ཁས་བླངས་དང་ཡང་ཤིན་ཏུ་འགལ་བ་ཡིན་ནོ།། དེ་ལྟར་སྔར་བཤད་པ་ལྟར་གྱི་མདོ་བསྟན་བཅོས་ཀྱི་དོན་སེམས་རང་བཞིན་གྱིས་འོད་གསལ་བའམ་རང་བཞིན་གྱིས་འོད་གསལ་བའི་སེམས་ཞེས་པ་འདི་ཉིད་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ངོ་བོ་ཉིད་སྐུའམ་ཆོས་ཉིད་ཀྱི་སྐུ་ཞེས་གསུངས་ཤིང༌། སྔགས་ཀྱི་ཐེག་པ༼ར་༽དང་བོའི་སངས་རྒྱས་དང་ལྷན་ཅིག་སྐྱེས་པའི་སྐུ ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་ཀྱང་གསུངས་ཏེ་དྲི་མེད་འོད་སོགས་ལས་ཤེས་པར་བྱ་ཞིང༌། རྒྱལ་པོ་ཨིནྟྲ་བྷོ་ཏིས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པའི་འགྲེལ་བ་རྗེ་བཙུན་མ་དཔལ་མོས་མཛད་པ་ལས། འགྱུར་བ་མེད་པའི་ལྷན་ཅིག་སྐྱེས་པ་ཆེན་པོ་ཕྱིན་ཅི་མ་ལོག་པ་ནམ་མཁའ་མཛོད་ཀྱི་གཏེར་ཞེས་དང༌། ལྷན་ཅིག་སྐྱེས་པའི་རང་བཞིན་ནི་དངོས་པོ་ཀུན་ལ་ཡོད་དེ་འོན་ཀྱང་རྡོ་བ་དང་ཤིང་དག་ལ་མེ་གནས་ཀྱང་མ་གཙུབས་པར་མངོན་དུ་མི་འགྱུར་བ་ལྟར། ལྷན་ཅིག་སྐྱེས་པ་གསལ་མ་བྱས།། ཞེས་བྱ་བ་ནི་དེ་ལྟར་གནས་ཀྱང་སྐྱེ་བོ་ཀུན་གྱིས་ཐོབ་པའི་སྐལ་བ་ལས་འདས་ཞེས་བྱ་བའི་དོན་ཏོ་ཞེས་དང༌། རྩ་བར། ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །དངོས་པོ་ཀུན་ལས་ཡང་དག་གནས།། ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཁྱབ་པར་བྱ་བ་ལ་ལྷན་ཅིག་སྐྱེས་པའི་ངོ་བོས་ཁྱབ་ནས་གནས་ཞེས་བྱ་བའི་དོན་ཏོ།། ཞེས་སོགས་མང་དུ་གསུངས་ཏེ་དེ་ཉིད་དུ་བལྟ་བར་བྱའོ།། དེ་ལྟར་ཇི་སྐད་པའི་ཚུལ་འདི་རྣམས་དཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་པནྚི་ཏ་ཐར་བ་འབྱུང་གནས་སྤས་པ་མཻ་དྲི་བའི་རྒྱ་འགྲེལ་ཡོད་ངེས་ཅན་དེ་དང༌། རྒྱལ་པོ་ཨིནྟྲ་བྷོ་ཏཱའི་མཛད་པའི་ཡེ་ཤེས་གྲུབ་པ་ལ་སོགས་པའི་གྲུབ་པ་སྡེ་བརྒྱད་སོགས་མང་བོ་ལས་བཤད་དེ་འདིར་ཆེ་ལོང་ཙམ་བཀོད་པའོ།། དེ་ལྟར་ན་སྔར་བཀོད་པའི་ལུང་དེ་རྣམས་ངེས་པའི་དོན་ཅན་དུ་གྲུབ་པའི་ཕྱིར། གསལ་བའི་ཡུམ་གྱི་མདོར། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་རྟག་ཏུ་གནས་པའོ།། ཞེས་པའང་ངེས་པའི་དོན་ཅན་ཡིན་གྱི་དྲང་དོན་མ་ཡིན་ཏེ། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་སོགས་རྣམས་ནི་གཟུགས་སྐུའི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་རུང་མ་བྱོན་རུང་སྔ་ཕྱི་ཁྱད་པར་མེད་པར་ཐམས་ཅད་དུ་གནས་པ་ཁོ་ན་ཡིན་ཏེ། འདུས་མ་བྱས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ།། གནོད་འཇོམས་ལས། རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་ནི་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་གནས་ཤིང་རྣམ་པར་མི་འཇིག་པའི་ཕྱིར་རོ།། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི་མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་བ་མེད་པའི་ཕྱིར་རོ།། འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ།། ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཞེས་གསུངས་པ་སྟེ། ཆོས་ཐམས་ཅད་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སོགས་རྒྱས་པར་བཤད་པར་བལྟ་བར་བྱའོ།། ཆོས་ཉིད་དེ་བཞིན་ཉིད་རྟག་ལྟར་འདོད་པ་དགག་པ། གལ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་སོགས་རྟག་ཏུ་གནས་པའམ་དུས་ཐམས་ཅད་དུ་གནས་པ་ཡིན་ན་རྟག་པར་འགྱུར་ཞིང༌། དེ་ལྟ་ན་རྟག་པའི་མཐར་ལྟུང་བར་འགྱུར་ལ། དེ་ལྟར་ཁས་ལེན་པ་རྣམས་ཀྱང་རྟག་ལྟ་བ་ཞེས་བྱ་བའི་ལྟ་ངན་ཅན་དུ་འགྱུར་རོ་ཞེ་ན། ལེགས་པར་རྣམ་པར་ཕྱེ་ནས་བསྟན་པར་བྱ་ཡི། གཟུ་བོར་མི་གནས་པའི་ལོག་པའི་སྐྱོན་དང་རི་བོང་ཅལ་དང་མུ་སྟེགས་པ་གསལ་བྱེད་པའི་བཞད་གད་དང༌། གཟི་འབུགས་པའི་ཚུལ་སོགས་སྤོངས་ལ་ཉན་པར་མཛོད་ཅིག དེ་ལ་མི་རྟག་པ་ཞེས་པ་བརྗོད་པའི་ཐ་སྙད་དེ། ཆོས་གང་གི་རང་གི་སྐད་ཅིག་དང༌། རྒྱུན་གྱིས་ཡོངས་སུ་འགྱུར་བ་ཅན་དེའི་མིང་གི་ཐ་སྙད་ཟོར་ཡང་བར་བྱ་བ་དང༌། དོན་དེ་བདེ་བླག་ཏུ་རྟོགས་པར་བྱ་པའི་ཕྱིར་དེའི་ཐུན་མོང་མ་ཡིན་པའི་དངོས་མིང་དུ་བརྡའ་སྦྱོར་མཁན་པོ་རྣམས་ཀྱིས་འདོད་རྒྱལ་དང་པོར་བརྡའ་མཐུན་པར་སྦྱར་ཞིང༌། རྟག་པ་ཞེས་པ་བརྗོད་པའི་ཐ་སྙད་དེ་ཆོས་གང་གི་རང་གི་ངོ་བོ་འཇིག་མེད་དམ་འགྱུར་མེད་དུ་གནས་པ་དེའི་མིང་ནི་ཐ་སྙད་ཟོར་ཡང་བར་བྱ་བ་དང༌། དོན་དེ་བདེ་བླག་ཏུ་རྟོག་བར་བྱ་བའི་ཕྱིར་དེའི་ཐུན་མོང་མ་ཡིན་པའི་དངོས་མིང་དུ་བརྡའ་སྦྱོར་རྒན་པོ་རྣམས་ཀྱིས་འདོད་རྒྱལ་དང་པོར་བརྡའ་མཐུན་པར་སྦྱར་བའི་ཕྱིར། མིང་དེ་དང་དེ་ལས་མིང་དེ་དང་དེ་ཐུན་མོང་མ་ཡིན་པར་གོ་ཞིང༌། དོན་དེ་ལས་བློ་དྲང་བོར་འཇུག་པར་བྱེད་པ་ཡིན་ཏེ། ནོག་སོགས་འདུས་པ་བ་གླང་ཞེས་པའི་ཐ་སྙད་སྦྱར་བ་བཞིན་ནོ།། དཔལ་ཆོས་ཀྱི་གྲགས་པས། འཁྲུལ་མེད་ཅན་ཤེས་དང་བོ་ཡིས། །བརྡ་ཡི་སྦྱོད་ཡུལ་གང་ཡིན་དངོས།། ཞེས་སོགས་སོ།། ཚུལ་དེས་མཚོན་ནས་དོན་མཐའ་ཡས་པ་དེ་དང་དེ་རྣམས་ལ་བརྡའ་སྦྱོར་བ་པོ་རྣམས་ཀྱིས་མིང་དེ་དང་དེ་མཐའ་ཡས་པ་སྦྱར་བའི་དགོས་པ་ཡང་སྐྱེ་བོ་རྣམས་བླང་དོར་འཇུག་ལྡོག་གི་གནས་ལ་རྨོངས་པ་མེད་པར་བྱ་བའི་ཆེད་ཡིན་ཏེ། ལང་ཀར་གཤེགས་པར། མིང་དུ་གདགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་བ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པ་མཛད།། ཞེས་གསུངས་ཤིང༌། རྣམ་ངེས་སུ། བརྡའ་སྦྱར་བ་ཡང་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ལ། ཞེས་དང༌། རྣམ་འགྲེལ་དུ་ཡང༌། སྒྲ་རྣམས་ཀྱི་ནི་བརྡར་བཏང་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས།། ཞེས་སོགས་ལྟར་རོ།། དེའི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་སོགས་དེ་རྣམས་ནི་རང་གི་ངོ་བོ་ནམ་ཡང་འཇིག་མེད་དམ་འགྱུར་མེད་དུ་གནས་པ་དེ་ལ་བསྙོན་དུ་མེད་དོ།། དེའི་ཕྱིར་རྟག་པ་སྟེ། རྟག་པ་ཞེས་དངོས་མིང་འཇུག་པའི་ཐུན་མོང་མ་ཡིན་པའི་དོན་ཆོས་གང་གི་རང་གི་ངོ་བོ་ནམ་ཡང་འཇིག་མེད་དམ་འགྱུར་མེད་དུ་གནས་པ་དེ་ཙམ་ཉིད་ཡིན་པའི་ཕྱིར་རོ།། ཁོ་བོ་ཅག་ཀྱང་དེ་ཙམ་ལ་རྟག་པ་ཞེས་འདོད་ཀྱི། དེ་ལས་མ་གཏོགས་པའི་རྟག་པ་ཞེས་པའི་དོན་ཅི་ཡང་ཁས་ལེན་པ་མེད་དོ།། དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། གང་གིས་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨོས།། ཞེས་གསུངས་ཏེ། མཁས་པའི་གསུང་རབ་གཞན་མང་བོར་ཡང་དེ་དང་མཐུན་པར་འབྱུང་ངོ༌།། ཡང་སྔར་ཡུམ་གྱི་མདོའི་ལུང་དྲངས་པ་ལྟར། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་པ་དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཞིང་དེ་ནི་རྟག་ཏུ་དེ་བཞིན་ཉིད་དོ་ཞེས་དང༌། དེའི་འགྲེལ་བར། ཆོས་ཉིད་ཀྱི་དེ་བཞིན་ཉིད་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རོ།། ཞེས་པ་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དུས་ཐམས་ཅད་དུ་ཡོད་དོ།། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དུས་ཐམས་ཅད་དུ་ཡོད་ཅེས་སོགས་རྒྱས་པར་གསུངས་པའི་མདོ་འགྲེལ་བཅས་དེས་ཀྱང་ཆོས་རྣམས་ཀྱི་དེ་བཞིན་ཉིད་གཅིག་པ་དང་རྟག་ཏུ་གནས་ཞེས་པའི་མདོ་དེའི་དོན་དངོས་སུ་གསུངས་སོ།། གཞན་ཡང་ཡུམ་གྱི་མདོ་དེའི་ནང་ན་དེ་དང་མཐུན་པ་མང་དུ་བཞུགས་པ་རྣམས་བལྟ་པར་བྱའོ།། དེ་ལྟར་ན་ཆོས་རྣམས་ཀྱི་ཆོས་དབྱིངས་དེ་བཞིན་ཉིད་དེ་རྟག་པར་ཁས་བླངས་ན་རྟག་པའི་མཐར་ལྟུང་ཞིང་རྟག་ལྟ་ཞེས་པའི་ལྟ་ངན་དུ་འགྱུར་ཞེས་པའི་སྐྱོན་མེད་དེ། དེའི་རང་གི་ངོ་བོ་འཇིག་མེད་དམ་འགྱུར་མེད་དུ་གནས་པ་ཡིན་པས་རྟག་པ་ཞེས་པའི་ཐ་སྙད་ཀྱིས་དོན་དངོས་ཡིན་པའི་ཕྱིར་ན། རང་གི་ངོ་བོ་འགྱུར་མེད་དུ་གནས་པ་ལ་རང་གི་ངོ་བོ་འགྱུར་མེད་ཉིད་དུ་ཁས་བླངས་པ་ནི་དོན་དང་མཐུན་པའི་ཁས་བླངས་ཡིན་པའི་ཕྱིར། རྟག་པའི་མཐར་ལྟུང་བའི་སྐྱོན་ཅན་ནམ་རྟག་ལྟ་ཞེས་པའི་ལྟ་ངན་དུ་འགྱུར་བའི་སྐྱོན་ག་ལ་ཡོད། དཔེར་ན་འདུས་མ་བྱས་ནམ་མཁའ་རང་གི་རང་བཞིན་ནམ་ཡང་འཇིག་མེད་དུ་གནས་པའི་ཆ་ནས་རྟག་གོ་ཞེས་ཁས་བླངས་པ་བཞིན་དང༌། ནོག་སོགས་འདུས་པ་དེ་བ་ལང་ཞེས་པའི་ཐ་སྙད་ཀྱི་དོན་དངོས་ཡིན་པས་བ་ལང་དུ་ཁས་བླངས་པ་བཞིན་ནོ།། དེ་ཡང་སྤྱི་རིགས་ནས་སྒྲོ་འདོགས་བསྐུར་འདེབས་སམ་རྟག་ཆད་ཀྱི་མཐར་ལྟུང་ཞེས་པ་དང༌། རྟག་ཆད་དུ་ལྟ་བ་ཞེས་པའི་ལྟ་ངན་དུ་འགྱུར་བའི་དོན་ཡང་ཡོད་པ་ལ་མེད་ཞེས་པ་བསྐུར་འདེབས་སམ་ཆད་པར་ལྟ་བའི་སྐྱོན་ཅན་དང༌། རྟག་ཆད་ཀྱི་མཐའ་མེད་པ་ལ་ཡོད་ཞེས་པ་སྒྲོ་འདོགས་ཕལ་ཆེར་རྟག་པར་ལྟ་བའི་སྐྱོན་ཅན་ཡིན་ཏེ། ལས་དགེ་སྡིག་མེད་པར་བལྟ་བ་དང་གང་ཟག་གི་བདག་དང་གཙོ་བོ་སོགས་ཡོད་པར་ལྟ་བ་བཞིན། དེ་ཡང་མདོའི་སྐབས་མང་བོར་བྲི་བ་དང་བསྣན་པ་འགྲིབ་པ་དང་འཕེལ་བ་དང་འདུ་བའམ་འགོད་པ་དང་འདུ་བ་ཞེས་སོགས་ཀྱི་ཐ་སྙད་རྣམས་ཀྱི་དོན་ཡང་བཤད་མ་ཐག་པ་ལྟར་གྱི་བསྐུར་འདེབས་དང་སྒྲོ་འདོགས་དེ་ཉིད་ལ་བཤད་དེ། གནོད་འཇོམས་སུ། ཡོད་པ་ལ་བསྐུར་བ་མི་འདེབས་པ་ནི་བྲི་བ་མེད་པའོ།། མེད་པ་ལ་སྒྲོ་མི་འདོགས་པ་ནི་བསྣན་པ་མེད་པའོ།། ཡང་དག་པར་ཡོད་པ་ལ་བསྐུར་བ་མི་འདེབས་ཡང་དག་པར་མེད་པ་ལ་སྒྲོ་མི་འདོགས་པས་མཉམ་པ་ཉིད་དུ་མཐོང་ཞེས་པའི་ཐ་ཚིག་གོ་ཞེས་དང༌། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པ་ལ་འཕེལ་བ་ཞེས་བྱའོ།། ཡང་དག་པར་ཡོད་པ་ལ་བསྐུར་བ་བཏབ་པ་ནི་འགྲིབ་པ་ཞེས་བྱའོ་ཞེས་དང༌། བརྒྱད་སྟོང་འགྲེལ་བ་མན་ངག་རྗེས་འབྲང་དུ་མེད་པ་ལ་སྒྲོ་འདོགས་པ་ནི་འདུ་བའོ།། ཡོད་པ་ལ་བསྐུར་བ་འདེབས་པ་ནི་འགོད་པའོ།། ཀུན་བཏགས་དང་གཞན་དབང་དོན་དམ་པར་ཡོད་པར་བརྗོད་ན་སྒྲོ་འདོགས་པའོ།། ཡོངས་གྲུབ་ཆོས་ཉིད་དོན་དམ་པར་མེད་པར་བརྗོད་པས་བསྐུར་འདེབས་ཀྱི་མཐར་ལྟུང་ངོ་ཞེས་སོ།། དེ་ལྟར་ན་ལྟ་ངན་རྣམས་ཀྱི་ཐ་ཆད་དུ་གྱུར་བའི་ཆད་ལྟ་ནི། དགེ་སྡིག་གི་ལས་དང་དེའི་འབྲས་བུ་མེད་ཅེས་པའི་བསྐུར་འདེབས་ཀྱི་ལྟ་བ་སྟེ། མེད་པར་ལྟ་བས་རྩ་བ་གཅོད།། ཅེས་པ་ལྟར་འདུས་བྱས་ཀྱི་དགེ་རྩ་གཅོད་པའི་ཕྱིར་རོ་དེ་ལྟར་གྱུར་བའི་རྟག་ལྟ་ཡང་ཉེར་ལེན་གྱི་ཕུང་བོ་ཁམས་སྐྱེ་མཆེད་སོགས་རྟག་གཅིག་ལ་སོགས་པའི་གང་ཟག་གི་བདག་དུ་སྒྲོ་འདོགས་པ་སྟེ། གྲུབ་མཐའ་ལ་ཞུགས་པའི་དབང་དུ་བྱས་པ་ཡིན་ལ། འཁོར་བ་པ་རྣམས་ཀྱིས་རང་བཞིན་གྱི་ཕུང་བོ་བླངས་དོར་དུ་བྱ་བའི་དངོས་པོར་བདེན་པར་སྒྲོ་འདོགས་པའི་བློ་ཡང༌། ཉེས་པ་ཆེན་པོ་ཅན་གྱི་རྟག་ལྟ་སྟེ་སྡུག་བསྔལ་དྲག་པོ་ཅན་གྱི་འཁོར་བ་པར་རྒྱུན་༼དུ་༽འཁོར་བྱེད་ཡིན་པའི་ཕྱིར་རོ།། དེས་མཚོན་ནས་ཀུན་རྫོབ་ཀྱི་ཆོས་འདི་རྣམས་དོན་དམ་པར་ཡོད་ཞེས་སམ་དོན་དམ་པར་བདེན་ཞེས་པ་སྒྲོ་འདོགས་ཏེ། རྟག་ལྟར་ཡང་འགྱུར་ལ་འདི་རྣམས་ཀུན་རྫོབ་དུ་མེད་ཞེས་པ་སྐུར་འདེབས་སུ་དབུ་མ་སྣང་བ་སོགས་དུ་མ་ལས་བཤད་དོ།། དེས་ན་མེད་པ་ལ་མེད་དོ་ཞེས་བརྗོད་པའི་མཐར་ལྷུང་པའི་ལྟ་ངན་གྱི་ཆད་ལྟར་མི་འགྱུར་ཞིང༌། སྔར་བཤད་ལྟར་གྱི་རྟག་པ་ལ་རྟག་ཞེས་བརྗོད་པས་མཐར་ལྷུང་བའི་ལྟ་ངན་གྱི་རྟག་ལྟར་མི་འགྱུར་ཏེ་དོན་དང་མཐུན་པའི་ཕྱིར་རོ།། རྣམ་བཞག་དེ་དག་ནི་རྗེས་ཐོབ་ཀྱི་སྐབས་སུ་བདེན་པ་གཉིས་ཀྱི་གནས་ཚུལ་ལེགས་པར་རྣམ་པར་ཕྱེ་ནས་སྟོན་པའི་དབང་དུ་བྱས་པ་ཡིན་ལ། སྤྲོས་མེད་རྣམ་པར་མི་རྟོག་པའི་མཉམ་བཞག་ཟབ་མོའི་སྐབས་སུ་ནི་ཆོས་དང་གང་ཟག་གང་གི་ཡང་མཚན་མར་ཅུང་ཟད་ཀྱང་མི་འཛིན་པས་དེའི་སྐབས་སུ་ནི་མངོན་ཞེན་ནམ་མཚན་འཛིན་ཕྲ་མོ་ཡང་དགོས་པའི་ཕྱིར། དེ་འདྲའི་མཉམ་བཞག་ཟབ་མོའི་སྐབས་སུ་ཡོད་མེད་ཡིན་མིན་རྟག་མི་རྟག་སོགས་གང་དུ་ཡང་འཛིན་པའི་རྣམ་རྟོག་མེད་པ་དགོངས་དོན་དུ་མཛད་ནས་གཟུགས་ནས་རྣམ་མཁྱེན་གྱི་པར་མེད་དོ་སྟོང་ངོ་ཞེས་སོགས། དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ཀྱིས་སྟོང་ཞེས་སོགས་དུ་གསུངས་ཤིང༌། ཡོད་མིན་མེད་མིན་ཡོན་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་བ་ཡིས་རིག། ཅེས་དང༌། ཨཱརྱ་དེ་ཝ་སོགས་ཀྱིས་བཤད་པ་དང༌། དབུ་མ་རྩ་ཤེར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ།། སོགས་ནས་སྤྲོས་པ་ཉེར་ཞི་ཞེས་སོགས་གསུངས་པ་དང༌། རྒྱུད་སྡེ་རྣམས་སུ་ཡང༌། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་མེད་རྣམ་པར་ཤེས་པ་མེད།། ཅེས་སོགས་དང༌། སྒོམ་མེད་བསྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན།། ཞེས་སོགས་གསུངས་པ་སྟེ།ཡུམ་གྱི་མདོའི་དགོངས་པ་མངོན་རྟོགས་རྒྱན་དུ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག། ཅེས་དང༌། གཟུགས་སོགས་འདུ་འགོད་གནས་བྲལ་དང་གནས་དག་བརྟགས་དང་བརྗོད་དུ་མེད།། ཞེས་བྱང་སེམས་ཀྱི་སྦྱོར་ལམ་མཉམ་བཞག་ཟབ་མོའི་སྐབས་སུ་ཡང༌། བདེན་བཞི་མི་རྟག་སོགསའང་མངོན་ཞེན་དང་འདུ་འགོད་སོགས་སུ་འཛིན་རྟོག་མེད་པའི་ཤེས་རྣམ་ཅན་དུ་བསྟན་པ་སོགས་བྱང་སེམས་ཀྱི་སྦྱོར་མཐོང་སྒོམ་ལམ་མཉམ་བཞག་ཟབ་མོའི་སྐབས་ཐམས་ཅད་དུ་གང་གི་ཡང༌། མཚན་མར་ཅུང་ཟད་ཀྱང་མི་འཛིན་པའི་ཤེས་རྣམ་ཅན་ཡིན་པ་དེ་ཡུམ་གྱི་མདོའི་ཟབ་མོ་སྟོང་བ་ཉིད་བསྟན་པ་ཐམས་ཅད་ཀྱི་མན་ངག་ཏུ་གསུངས་སོ།། འཕགས་པ་ཀླུས་ཀྱང༌། དགེ་དང་མི་དགའི་རྣམ་རྟོག་གང༌། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །རྒྱལ་བ་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་པ་སྟོང་ཉིད་འདོད་པ་མིན།། ཞེས་གསུངས་ཏེ། ཆོས་ཐམས་ཅད་སྟོང་ངོ་ཞེས་གསུངས་པའི་དགོངས་དོན་བྱང་སེམས་ཀྱི་སྦྱོར་མཐོང་སོགས་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་ཟབ་མོའི་སྐབས་སུ་དེ་དང་དེར་འཛིན་པའི་རྣམ་རྟོག་གིས་སྟོང་པས། རྣམ་རྟོག་བྲལ་བའི་མཉམ་བཞག་ཟབ་མོའི་སྐབས་སྟོན་པར་བྱེད་ཀྱི་སྟོང་ཉིད་ཅེས་པ་དོན་དམ་པར་ཅིར་ཡང་གྲུབ་པ་མེད་པའམ། ཡོད་མིན་མེད་མིན་སོགས་ཅི་ཡང་གྲུབ་པ་མེད་པའི་སྤྲོས་བྲལ་རྣམ་གཅོད་ཙམ་ནི་སྟོང་ཉིད་མཆོག་ཏུ་དགོངས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་མ་ཡིན་ཞེས་པའི་དོན་ཏོ། །ཡེ་ཤེས་སྣང་པ་རྒྱན་གྱི་མདོར། འཇམ་དཔལ་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པའི་འཛིན་པ་མེད་པའི་ཚིག་བླ་དྭགས་ཡིན་གྱི། འཇམ་དཔལ་འདི་ལ་དོན་དམ་པར་གང་སྟོང་པ་ཞེས་བྱ་བའི་ཆོས་ནི་འགའ་ཡང་མི་དམིགས་སོ་ཞེས་གསུངས་སོ།། ལུང་ཕྱི་མ་དེས་དགག་བྱ་རྣམ་པར་བཅད་པ་ཙམ་གྱི་སྟོང་པ་དེ་དོན་དམ་མེད་པར་སྟོན་གྱི་ཆོས་སྐུ་དེ་བཞིན་ཉིད་མེད་པར་སྟོན་པ་མ་ཡིན་ནོ།། ཆོས་དབྱིངས་བསྟོད་པར་ཡང༌། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བའི་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན།། ཞེས་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་མདོའི་དགོངས་པ་བླངས་ཏེ། འདིར་ཉོན་མོངས་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ།། ཞེས་གསུངས་པ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་གྱུར་བའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་གཙོ་བོར་གྱུར་བ་སྟེ། དེ་རྣམས་ལྡོག་ཞེས་པ་དེ་རྣམས་ཀྱིས་སྟོང་ཉིད་ཅེས་པ་སྟེ། སྔར་བཤད་ལྟར་གྱི་མཉམ་བཞག་ཟབ་མོའི་སྐབས་བསྟན་ནས་སེམས་ཅན་གྱི་ཁམས་སྐབས་ལ་ལར་སངས་རྒྱས་ཀྱི་ཁམས་ཞེས་ཀྱང་གསུངས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཆོས་དབྱིངས་དེ་བཞིན་ཉིད་མེད་པར་སྟོན་པ་མ་ཡིན་ཞེས་པའི་དོན་དུ་སྣང་ངོ༌།། ཡང་ཡུམ་གྱི་མདོ་སོགས་སུ་གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ་མ་སྤྲུལ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ།། ཞེས་པ་དྲང་དོན་དགོངས་པ་ཅན་ཡིན་པའང་མི་འཐད་དེ། མི་གནས་པའི་མྱང་འདས་མཐར་ཐུག་པ་དེ་དོན་དམ་པའི་བདེན་པའོ།། མ་རྨོངས་པའམ་མ་སྤྲུལ་བ་གང་མ་ཡིན་པས་དྲང་དོན་དུ་འགྱུར། དང་པོ་མི་འཐད་དེ། དེ་དོན་དམ་པའི་བདེན་པ་ཡིན་ཏེ་མཐར་ཐུག་གི་ཆོས་ཉིད་ཀྱི་སྐུའམ་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཡང་དག་པའི་མཐའ་ཡིན་པའི་ཕྱིར་ཞེས་སོགས་མིང་གི་རྣམ་གྲངས་གཞན་རྣམས་ཀྱང་དྲན་པར་བྱའོ།། མ་ཁྱབ་པ་མ་ཡིན་ཏེ་འཕགས་པ་ཀླུས། གང་ཞིག་འཁོར་བའི་རྒྱུར་གྱུར་བ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ།། ཞེས་སོགས་ཆོས་དབྱིངས་བསྟོད་པར་གསུངས་ཤིང༌། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུ་བཤད་པའང་ཡིན།། ཞེས་མིང་གི་རྣམ་གྲངས་སུ་གསུངས་ལ། རྒྱུད་བླར། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ།། ཞེས་པའི་འགྲེལ་བར། འཕགས་པ་ཐོགས་མེད་ཀྱིས་མདོར་བསྡུ་ན། ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ། དོན་བཞིའི་དབང་དུ་བྱས་ནས་མིང་གི་རྣམ་གྲངས་བཞི་རིག་པར་བྱའོ་ཞེས་དང༌། འདི་ལྟ་སྟེ་ཆོས་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། དོན་དམ་པའི་བདེན་པ་དང༌། མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ་ཞེས་མདོ་དང་སྦྱར་རོ།། ཚུལ་འདི་རྒྱུད་བླ་རྩ་འགྲེལ་གྱི་གོང་འོག་ཏུ་རྒྱས་པར་འཕགས་པ་ཀླུས། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག །སླུ་བ་དེ་ནི་རྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན།། ཞེས་དང༌། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་གྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད།། ཅེས་དང༌། དེའི་འགྲེལ་བར་ཟླ་གྲགས་ཀྱིས། བཅོམ་ལྡན་འདས་ཀྱི་དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པ་མཆོག་གཅིག་པུའོ་ཞེས་གསུངས་ཏེ། ལུང་འདིས་དོན་གྱིས་ནི་ཤེས་རབ་ཅན་སུ་ཞིག་ཕུང་བོ་ལ་སོགས་པ་བརྫུན་པའི་དོན་ཁོང་དུ་ཆུད་པར་མི་འགྱུར་ཞེས་སོ།། གལ་ཏེ་འཕགས་༼པ་༽ཀླུའི་ལུང་དེ་ཡང་དྲང་དོན་ཡིན་ནོ་ཞེ་ན། ཟབ་མོ་མཐར་ཐུག་སྟོན་པའི་དབུ་མའི་མདོ་བསྟན་བཅོས་ཐམས་ཅད་དྲང་དོན་ཁོ་ནར་ཧ་ཅང་ཐལ་བར་འགྱུར་རོ།། རྒྱུད་བླའི་འགྲེལ་བར། བརྫུན་པ་མེད་པ་དང་བསླུ་བ་མེད་པའི་དོན་ནི་གང་གིས་དབང་དུ་མཛད་ནས། དེ་ལ་དོན་དམ་པའི་བདེན་པ་ནི་མི་བསླུ་བའི་ཆོས་ཅན་གྱིས་མྱ་ངན་ལས་འདས་པ་གང་ཡིན་པ་དེ། དེ་ཅེས་ཕྱིར་ཞེ་ན་རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་རྟག་པའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ།། དེ་བཞིན་དུ་མ་རྨོངས་པའམ་མ་སྤྲུལ་བ་མ་ཡིན་པར་ཡང་མི་འཐད་དོ།། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་ལས། ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར་དང་རྗོད་བྱེད་ཀྱི་སྒྲ་དང༌། རྣམ་རྟོགས་ལ་སོགས་རྣམ་ཤེས་ཀྱི་དངོས་ཡུལ་ལས་འདས་པའི་འགོག་བདེན་མཐར་ཐུག་ཡིན་པའི་ཕྱིར། རྒྱུད་བླར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ།། ཞེས་མང་དུ་གསུངས་ཤིང༌། བཅོམ་ལྡན་འདས་རྡུལ་འགོག་པ་ཞེས་བགྱི་བ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏེ། ཞེས་མདོའི་ལུང་རྒྱུད་བླའི་འགྲེལ་བར་དྲངས་ཤིང༌། དཔལ་འཕྲེང་གི་མདོ་དང༌། རྒྱུད་བླ་རྩ་འགྲེལ་སོགས་བཀའ་བསྟན་བཅོས་མང་བོར་དེ་ལྟར་གསུངས་པ་བལྟ་བར་བྱའོ།། གལ་ཏེ་སྔར་གྱི་མདོ་དེས་ཆོས་སྐུ་མི་གནས་པའི་མྱང་འདས་དེ་ཁོ་ན་དོན་དམ་པའི་བདེན་པ་སྟེ་ཞེས་བསྟན་པ་དེ་དོན་དམ་དུ་གྲུབ་པར་ཡང་བསྟན་པའི་ཕྱིར་ན། མདོ་དྲང་དོན་དེ་དོན་དམ་པར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་ཞེ་ན། འོ་ན་དེ་ལྟ་བུའི་མྱང་འདས་དེ་དོན་དམ་པའི་བདེན་པ་ཡིན་ན་དེ་དོན་དམ་དུ་གྲུབ་པར་ཡང་ཐལ་བར་འགྱུར་དེ། མདོ་དེས་དེ་ལྟར་བསྟན་ཅིང་དེ་ལྟར་ན་རྒྱུ་མཚན་ངེས་པར་མཚུངས་པའི་ཕྱིར་རོ།། འདོད་ན་དེ་འདྲའི་མྱང་འདས་དེ་དོན་དམ་དུ་གྲུབ་པར་ཐལ་བར་འགྱུར་ཏེ་དེ་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དོན་དམ་པའི་བདེན་པ་ཡིན་པ་མི་སྲིད་པར་ཐལ་བར་འགྱུར་ཞིང༌། འདོད་ན་མདོ་རྒྱུད་དུ་མ་དང་རྒྱན་དྲུག་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རྣམ་དབྱེ་ངོས་འཛིན་སོགས་རྒྱས་པར་བསྟན་པ་ཐམས་ཅད་ལོག་པ་ཁོ་ནར་ཐལ་བར་འགྱུར་རོ།། གལ་ཏེ་དེ་ལྟའི་མྱང་འདས་དེ་དོན་དམ་པར་བདེན་པའམ་དོན་དམ་དུ་གྲུབ་ན་རྟག་པའི་མཐར་ལྷུང་ཞིང་རྟག་ལྟ་ཞེས་པའི་ལྟ་ངན་ཅན་དུ་འགྱུར་ཏེ། རྒྱུད་བླའི་འགྲེལ་བར་དཔལ་འཕྲེང་གི་མདོའི་ལུང་དྲངས་པར། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་བལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར་ལ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་མྱ་ངན་འདས་པ་རྟག་པ་ཞེས་བགྱི་བར་བལྟ་ན། དེ་ནི་དེའི་རྟག་པར་ལྟ་བར་འགྱུར་ལ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ་ཞེས་དྲངས་པ་ལྟར་རོ་ཞེ་ན། མདོའི་དུམ་བུ་འདི་ལ། དཔལ་འཕྲེང་གི་མདོ་ཉིད་དུ་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེའི་འགྱུར་ལ། འདུ་བྱེད་མི་རྟག་པར་ལྟ་བ་ཆད་ལྟ་མིན་གྱི་ཡང་དག་པའི་ལྟ་བ་༼དང་༽། མྱང་འདས་རྟག་པར་ལྟ་ན་རྟག་ལྟ་མིན་གྱི་ཡང་དག་པའི་ལྟ་བ་ཞེས་བསྒྱུར་ཞིང༌། ཆོས་རྗེ་བུ་སྟོན་རིན་པོ་ཆེ་ནི་ལོ་ཆེན་ཡེ་ཤེས་སྡེའི་མདོའི་འགྱུར་མ་དག་གསུངས་ལ། ཆོས་རྗེ་ཀུན་མཁྱེན་ཆེན་པོས་ནི། རྒྱུད་བླའི་འགྲེལ་བར་བསྒྱུར་བ་ལྟར་གྱི་རྔོག་འགྱུར་མ་དག་ཞེས་གསུངས་ཏེ། བསྒྱུར་བྱེད་ཀྱི་མཆོག་གཉིས་དང༌། འཆད་བྱེད་ཀྱི་མཁས་པའི་མཆོག་གཉིས་བཞེད་ཚུལ་རྒྱབ་ལོག་ཏུ་སོང་བས་ཚུལ་འདི་ལ་མཐའ་གཅིག་ཏུ་རྣམ་པར་བཞག་དཀའ་མོད། ཆོས་ཅན་གཅིག་ལ་ཆོས་དངོས་འགལ་གཉིས་གཞི་མཐུན་པ་ནི་མི་སྲིད་ཅིང༌། སངས་རྒྱས་ཀྱི་གསུང་ལ་བརྫུན་དང་ནོར་འཁྲུལ་ནི་ག་ལ་སྲིད། དེ་བས་ན་དེའི་སྐབས་ཀྱི་རྒྱུད་བླར། ཆོས་སྐུ་གཙང་བདེ་བདག་རྟག་པའི་ཕ་རོལ་ཏུ་ཕྱིན་པར་སྟོན་པའི་ནང་ནས། འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག། ཞེས་པའི་འགྲེལ་བར། རྒྱུ་གཉིས་ཀྱིས་རྟག་པའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། འཁོར་བ་མི་རྟག་པ་མི་འབྲིད་པས་ཆད་པའི་མཐར་མི་ལྷུང་བའི་ཕྱིར་དང༌། མྱ་ངན་ལས་འདས་པ་རྟག་པ་མི་སྣོན་པས་རྟག་པའི་མཐར་མ་ལྟུང་བའི་ཕྱིར་རོ།། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་བལྟ་ན་ཞེས་སོགས་སྔར་ལྟར་དྲངས་ནས་མཐར་ཞེས་གསུངས་པ་བཞིན་ནོ་ཞེས་སོ།། དེ་ལ་འཁོར་བ་མི་རྟག་པ་མི་འབྲིད་པས་ཆད་མཐར་མ་ལྷུང་ཞེས་པའི་དོན་གྱི་ཤུགས་ཀྱིས་འཁོར་བ་མི་རྟག་པ་ཕྲི་ན་ཆད་པའི་མཐར་ལྷུང༌། མྱང་འདས་རྟག་པ་མི་སྣོན་པས་རྟག་པའི་མཐར་ལྷུང་ཞེས་པའི་དོན་གྱི་ཤུགས་ཀྱིས། མྱང་འདས་རྟག་པ་སྣོན་པས་རྟག་པའི་མཐར་ལྷུང་ཞེས་བསྟན་པར་མངོན་ཞིང༌། དེ་ལྟར་ན་འདུ་བྱེད་མི་རྟག་པར་ལྟ་བ་ཆད་ལྟ་མ་ཡིན་ཞིང་ཡང་དག་པའི་ལྟ་བ་ལགས། མྱང་འདས་རྟག་པར་ལྟ་ན་རྟག་ལྟ་མ་ལགས་ཀྱི་ཡང་དག་པའི་ལྟ་བ་ལགས་ཞེས་བསྒྱུར་དགོས་པར་གསལ་ནའང་གོང་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག། ཞེས་པའི་འགྲེལ་བར་རྒྱུ་རྣམ་པ་གཉིས་ཀྱི་བདག་ཉིད་ཕ་རོལ་དུ་ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གིས་སྤྲོས་པ་དང་བྲལ་བའི་ཕྱིར། ཉན་ཐོས་ཀྱི་མཐའ་སྤངས་པའི་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ།། ཞེས་བཤད་པ་ལྟར་ན་ལས་ཉིན་གྱི་འདུ་བྱེད་པའམ་བསྐྱེད་ཅིང༌། སྐད་ཅིག་གིས་འཇིག་པས་མི་རྟག་ལ་རྒྱུན་མ་ཆད་པས་འཇུག་པས་འཁོར་བ་སྟེ། ལས་ཉོན་ཀྱི་དབང་གིས་སྐྱེ་ཤིའི་རྒྱུན་ཕྲི་ནས་རོ་མེད་པར་ལྟ་ན་མུ་སྟེགས་རྒྱང་འཕེན་གྱི་འདོད་པ་ལྟར་ཆད་ལྟ་ཡིན་ལ། ཉན་ཐོས་སྡེ་བ་འདོད་པ་ལྟར་མཐར་ཐུག་གི་མྱང་འདས་ཟད་པ་དང་མི་སྐྱེ་བ་ཞེས་པའི་འདུས་མ་བྱས་ཀྱི་རྫས་སུ་ལྟ་ན་རྟག་ལྟ་ལགས་ཞེས་བཤད་ནས། དེ་འདྲའི་འཁོར་བ་མེད་པར་མི་བལྟ་བས་ཆད་པའི་མཐར་མ་ལྷུང༌། དེ་འདྲའི་མྱང་འདས་ཁས་མི་ལེན་པས་རྟག་པའི་མཐར་མ་ལྷུང་བས་དེ་འདྲའི་སྒྲོ་འདོགས་བསྐུར་འདེབས་ཀྱི་མཐའ་དང་བྲལ་བའི་དབྱིངས་ཡིན་པས་དེ་ཙམ་ལ་འཁོར་འདས་མཉམ་པ་ཉིད་ཞེས་བྱ་སྟེ། དེས་ན་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཞེས་བཤད་དགོས་ཀྱི་འདིར་མྱང་འདས་ཞེས་པ་མི་གནས་པའི་མྱང་འདས་མཐར་ཐུག་ལ་གནས་ཤིང༌། འདུ་བྱེད་ཅེས་པ་འདུས་མ་བྱས་སམ་འཁོར་བ་འདི་ཉིད་བྱས་ན་ཡེ་ཤེས་སྡེའི་འགྱུར་ལེགས་ཤིང༌། རྔོག་གི་འགྱུར་ཉེས་པར་མངོན་ཏེ། འདུས་བྱས་སམ་འཁོར་བ་འདི་མི་རྟག་པར་ཐེག་པ་ཆེ་ཆུང་གི་གསུང་རབ་ཐམས་ཅད་ལས་གསུངས་ཞིང་དོན་དང་མཐུན་ལ། མི་གནས་པའི་མྱང་འདས་མཐར་ཐུག་དང་བརྫུན་མེད་བསླུ་མེད་ཀྱི་ཆོས་ཉིད་དུ་ནམ་ཡང་འགྱུར་མེད་དུ་གནས་པའི་ཐོབ་བྱ་ཡིན་པས། སྔར་བཤད་པ་ལྟར་རྟག་པ་ཞེས་པའི་ཐ་སྙད་ཀྱི་དོན་ཚང་བའི་ཕྱིར། རྟག་མི་རྟག་ཡོད་མེད་སོགས་ལེགས་པར་འབྱེད་པའི་རྗེས་ཐོབ་ཀྱི་སྐབས་སུ་དེ་འདྲའི་མྱང་འདས་རྟག་པར་ལྟ་བའང་རྟག་ལྟ་ཞེས་པའི་ལྟ་ངན་དུ་མི་འགྱུར་ཏེ། དོན་དང་མཐུན་པའི་ཕྱིར་ཞིབ་ཏུ་སྔར་བཤད་པ་ལྟར་དྲན་པར་བྱའོ།། དེའི་ཕྱིར་རྟག་པ་ཞེས་པའི་མིང་ཙམ་ལ་འཁྲུལ་བ་དང་སྐྲག་པར་མི་བྱ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་རྟོན་པར་མི་བྱའོ།། ཞེས་བཀའ་བསྩལ་བའི་ཕྱིར་རོ།། མདོ་བསྟན་བཅོས་ཀྱི་སྐབས་ཕལ་བོ་ཆེར་འཁོར་འདས་ཞེས་པའི་མྱང་འདས་དེ་དམན་པའི་མྱང་འདས་ཀྱི་དབང་དུ་བྱས་པ་མང་བར་སྣང་སྟེ། རྒྱུད་བླའི་འགྲེལ་བར། ཇི་སྐད་དུ། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས། བཅོས་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་ལམ་རིང་བོས་དུབ་པ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་བ་བཞིན་དུ། འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་དང༌། དབུ་མ་སྙིང་བོར། སྐྱོན་མཐོང་ཕྱིར་ནི་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་པར་མིན།། ཞེས་དང༌། དབྱིག་གཉེན་འཕགས་སེང་སོགས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྟུང་བར་བདེ་བླག་ཏུ་འགྲོ་བ་དང༌། ཞེས་སོགས་བཀའ་བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་སྟེ། སྐབས་ཀྱི་སྟོབས་དང་དོན་གྱི་ཤུགས་ལ་སོགས་པའི་འགྲེལ་བསྒྲིགས་ནས་ཤེས་པར་བྱ་དགོས་ཀྱི། བྲག་རིའི་དྲུང་དུ་སྙན་ངག་སོགས་འདོན་པའི་བྲག་ཆ་ལྟར་དང་ཁྱི་སྐད་ལ་རྒྱུག་པ་ལྟར་མི་བྱའོ།། གལ་ཏེ་མི་གནས་པའི་མྱང་འདས་དོན་དམ་པར་ཡོད་ཅིང་བདེན་ན་མེད་ལྟའི་ཟླས་དྲངས་པའི་ཡོད་ལྟར་འགྱུར་ཏེ། རིགས་པ་དྲུག་ཅུ་བར། རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས།། ཞེས་པའི་འགྲེལ་བར་སློབ་དཔོན་ཟླ་གྲགས་ཀྱིས། ཡོད་པ་བཟློག་པ་ནི། དགེ་སློང་དག་འདི་ལྟ་སྟེ་མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་པུའོ།།
འདུ་བྱེད་ཐམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནི་སླུ་བའི་ཆོས་ཅན་ཏེ། ཀྱེ་མ་འདུས་བྱས་རྣམས་མི་རྟག་ཞེས་བྱ་བ་ལ་སོགས་པ་བཤད་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ཞེས་བཤད་པའོ་ཞེ་ན་ཤེས་པ་བས་སྨྲ་བ་རེངས་པའི་གཏམ་སྟེ། ཡོད་ལྟ་བཟློག་བྱེད་ཀྱི་ཁུངས་སུ་དྲངས་ནས་བཤད་པ་སྟེ་འགྲེལ་བ་ཉིད་བལྟས་པས་གསལ་ལོ།། གལ་ཏེ་རང་བཞིན་གྱིས་འོད་གསལ་བའི་སེམས་དང་ཆོས་ཉིད་དེ་བཞིན་ཉིད་དང་མི་གནས་པའི་མྱང་འདས་མཆོག་དོན་དམ་དུ་ཡོད་པའམ་དོན་དམ་པར་བདེན་ཞེས་འདོད་པ་མི་འཐད་དེ། ཡུམ་གྱི་མདོར། གཟུགས་ནས་རྣམ་མཁྱེན་གྱི་བར་མེད་ཅིང་སྟོང་པ་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་རྒྱ་ཆེར་གསུངས་ཤིང༌། ལང་ཀར་གཤེགས་པ་སོགས་སུ། ཀུན་རྫོབ་དུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན།། ཞེས་སོགས་མཐའ་ཡས་ཤིང་མྱང་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་དེ་ལས་ལྷག་པའི་ཆོས་གཅིག་ཡོད་ན་ཡང་སྒྱུ་མ་ལྟ་བུ་ཞེས་སོགས་གསུངས་པའི་ཕྱིར་རོ།། དེས་ན་དེ་དག་ཀྱང་དོན་དམ་དུ་ཡོད་པ་མ་ཡིན་གྱི་ཀུན་རྫོབ་དུ་ཡོད་དོ་ཞེ་ན། འདི་ལ་ཀུན་རྫོབ་དུ་ཡོད་ཞེས་སམ་ཀུན་རྫོབ་བདེན་པ་ཞེས་དང༌། དོན་དམ་པར་རམ་དོན་དམ་དུ་ཡོད་ཞེས་དང་དོན་དམ་བདེན་པ་ཞེས་པའི་ཐ་སྙད་ཀྱི་དོན་ནི། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་ཅིང་འགོག་པར་བྱེད་པས་ཀུན་རྫོབ་སྟེ། བདེན་གཉིས་ལས། གང་ཞིག་གིས་༼ནི་༽གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད།། ཞེས་པ་ལྟར་ཏེ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམས་ནི་ཀུན་རྫོབ་སྟཻ། དེ་དག་གིས་བརྟགས་ཤིང་རྣམ་པར་བཞག་ལ་དངོས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ནི་ཀུན་རྫོབ་པ་སྟེ། མཐར་ཐུག་གི་གནས་ལུགས་སྤྱོད་པའི་རིགས་པས་བརྟགས་ཤིང་དཔྱད་ན་མི་རྙེད་པས་གནས་ལུགས་ཟབ་མོའི་དབང་དུ་བྱས་༼པ་༽སྟེ། གསོག་གསོབ་བརྫུན་པ་ཡིན་པས་ཀུན་རྫོབ་པ་ཞེས་བྱ་ཞིང་དེ་ཡིན་པའམ་ཀུན་རྫོབ་རང་ཉིད་ཡོད་པས་ཞེས་བརྗོད་དོ།། ཐོག་མ་མེད་པ་ནས་སྤྲོས་པའི་བག་ཆགས་བརྟན་པའི་སྐྱེ་པོ་རྣམས་མི་སླུ་བའམ་མ་སླུས་པས་བདེན་པ་སྟེ་བག་ཆགས་ཇི་ལྟ་བ་བཞིན་དུ་བླངས་བྱ་དང༌། དོར་བྱ་དང་བཏང་སྙོམས་སུ་བཞག་བྱར་གནས་པས་དེ་འདྲའི་སྐྱེ་བོ་རྣམས་རིམ་པ་བཞིན་དུ་བླང་དོར་བཏང་སྙོམས་འཇོག་པ་རྣམས་མ་འཆོལ་བར་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་བག་ཆགས་མི་བརྟན་པའི་རྣམ་ཤེས་ཀྱི་དངོས་ཡུལ་ཆུ་ཟླ་སོགས་ནི་བག་ཆགས་མི་བརྟན་པའི་འཁྲུལ་སྣང་ཡིན་པས་ལོག་པའི་ཀུན་རྫོབ་དེ། ཐ་སྙད་དུ་ཡང་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྫས་སུ་མེད་པའི་ཀུན་རྫོབ་ཏུ་ཡང་སླུ་བའི་ཕྱིར་མི་བདེན་པར་བཞག་གོ། དེ་བས་ན་ཀུན་རྫོབ་དང་ཀུན་རྫོབ་པ་ཞེས་པ་ཚིག་གཉིས་ནི་རིམ་པ་ལྟར་སྒྲོ་འདོགས་པ་པོ་དང༌། །དེས་སྒྲོ་བཏགས་པ་དང་རྗོད་བྱེད་དངོས་ཀྱི་བརྗོད་བྱ་སྟེ། ཆོས་ཀྱི་གྲགས་པའི་གཞུང་དུ་བཀོད་པའི་དངོས་ཞེས་པའི་འགྲེལ་བར། པནྚི་ཏ་ཤཱཀྱ་བློས་ཀུན་རྫོབ་ནི་ཆོས་ཆོས་ཅན་ཐ་དད་དུ་འབྱེད་པའི་རྣམ་རྟོག་དང་དེས་ཐ་དད་དུ་ཕྱེ་བའི་ལྡོག་པ་ཐ་དད་དུ་མ་ནི་ཀུན་རྫོབ་པ་སྟེ། རྣམ་རྟོག་དེའི་ཡུལ་ཉིད་ལ་བཤད་དེ། རྣམ་འགྲེལ་དུ། ཀུན་རྫོབ་དེས་བདག་ཐ་དད་ཀྱང༌། ཞེས་པ་ལན་གྱིས་བསྒྱུར་ཅིང་རང་འགྲེལ་དུ་སྒྲིབ་བྱེད་དེས་བདག་ཐ་དད་ཀྱང༌། ཞེས་རྨ་དགེ་བློས་བསྒྱུར་དེ་ཀུན་རྫོབ་བམ་སྒྲིབ་བྱེད་ནི་དངོས་པོ་རིགས་མཐུན་རིགས་གཅིག་དུ་འཛིན་པའི་བློ་ཞེས་པའི་རྣམ་རྟོག་ཉིད་ལ་བཤད་དོ།། བོད་ཀྱི་སློབ་དཔོན་སྔ་བ་ཕལ་ཆེར་གྱིས་འདི་ཙམ་ཡང་མ་དགོངས་སྣང་ངོ༌།། དེ་ལྟར་ན་ཀུན་རྫོབ་ཏུ་ཡོད་ཞེས་སམ་ཀུན་རྫོབ་ཉིད་ཡིན་པའི་ཚུལ་གྱིས་ཡོད་ཀྱི། དོན་དམ་ཡིན་པའི་ཚུལ་གྱིས་ཡོད་པ་ནི་མིན་ནོ་ཞེས་པའི་དོན་དང་ཀུན་རྫོབ་བདེན་པ་ཞེས་པ་ནི། ཀུན་རྫོབ་ཏུ་བདེན་པའམ་ཀུན་རྫོབ་པར་བདེན་པ་སྟེ། ཀུན་རྫོབ་ཡང་ཡིན་ལ་སྔར་བཤད་པ་ལྟར། ཀུན་རྫོབ་ཏུ་མི་སླུ་བས་བདེན་པ་ཡང་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་སམ་ཀུན་རྫོབ་ཏུ་བདེན་པ་ཞེས་བཞག་པའོ།། དེ་བཞིན་དུ་དོན་དམ་དང་དོན་དམ་བདེན་པ་ཞེས་མིང་གཉིས་སུ་འབྱུང་སྟེ། དོན་དམ་ལ་ཡང་དབུས་མཐའ་རྣམ་འབྱེད་དུ། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད།། ཞེས་དང་འགྲེལ་བར་དོན་དམ་པ་ནི་དེ་བཞིན་ཉིད་དེ་ཡེ་ཤེས་དམ་པའི་དོན་ཡིན་པའི་ཕྱིར་རོ།། ཐོབ་པར་བྱ་བ་དོན་དམ་པའི་མྱ་ངན་ལས་འདས་པ་སྟེ་དོན་གྱི་དམ་པ་ཡིན་པའི་ཕྱིར་རོ།། སྒྲུབ་པ་དོན་དམ་པ་ནི་ལམ་སྟེ་དོན་ནི་དམ་པ་ཡིན་པའི་ཕྱིར་རོ་ཞེས་དབྱིག་གཉེན་སངས་རྒྱས་གཉིས་པས་བཤད་དེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ་བཞིན་ཉིད་དེ་ནི་དོན་དམ་པ་ཞེས་བཞག་སྟེ། འདིར་དོན་ཞེས་པ་ཡུལ་ལ་ཟེར་ཞིང་སུའི་ཡུལ་སྙམ་ན་དམ་པའི་དོན་དེ་དམ་པའི་ཡུལ་ལོ།། དམ་པ་གང་ན་འགྲེལ་བར་ཡེ་ཤེས་དམ་པ་ཞེས་ཏེ། ཐེག་ཆེན་འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཉམ་བཞག་རྣམ་པར་མི་རྟོག་པའི་བློ་སྟེ། དེའི་དངོས་ཀྱི་དམིགས་ཡུལ་ཡིན་པས་དམ་པའི་དོན་ཞེས་བློ་བསྟན་སོགས་མཁས་མང་དུ་མས་བཤད་དོ།། དེ་ཡང་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱས་ནས་ཆོས་རྣམས་ཀྱི་གནས་ལུགས་དེ་བཞིན་ཉིད་ལ་བསྒོམ་པ་གོམས་པའི་སྟོབས་ཀྱིས། གོམས་བྱ་གནས་ལུགས་དེ་བཞིན་ཉིད་མངོན་སུམ་དུ་གསལ་བར་སྣང་བས་སོ་སོ་རང་རིག་པའི་ཡེ་ཤེས་འབྱུང་བས་དེ་དེའི་དམིགས་རྐྱེན་དང་དངོས་ཀྱི་དམིགས་ཡུལ་དུ་འཐད་ལ། ཆོས་རྣམས་ཀྱི་གནས་ལུགས་ལས་ཕྱིན་ཅི་ལོག་ཏུ་འཛིན་པ་ཤིན་ཏུ་གོམས་པར་བྱས་ཀྱང་དེས་སྟོབས་ཀྱི་ཡེ་ཤེས་དེ་མི་འབྱུང་བས། སྐབས་འདིར་ཆོས་བརྫུན་པ་ཀུན་རྫོབ་པ་རྣམས་ཡེ་ཤེས་དེའི་དངོས་ཀྱི་སྤྱོད་ཡུལ་དུ་མི་འཆད་པའི་རྒྱུ་མཚན་དེ་ཡིན་ཞིང༌། དེ་ལྟར་མ་ཡིན་ན་སངས་རྒྱས་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པར་བཤད་པ་དང་འགལ་བར་འགྱུར་བ་སོགས་བརྗོད་པར་བྱ་བ་ལ་མང་སྟེ་ངག་ལས་ཤེས་དགོས་སོ།།ཡང་ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པ་ཞེས་པ་ལ་སྤྱིར་ཐོབ་བྱའི་མྱང་འདས་ནི་གནས་སྐབས་དང་མཐར་ཐུག་གི་ཐོབ་བྱ་ལ་དགོངས་ནས་ཐེག་པ་གསུམ་གྱི་མྱང་འདས་སུ་གསུངས་ཀྱང༌། སྐབས་འདིར་སྒྲིབ་པ་ཐམས་ཅད་སྤངས་པའི་ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་མི་གནས་པའི་མྱང་འདས་ཏེ། དེ་ནི་ཐོབ་པ་དོན་དམ་པ་ཡིན་ཏེ། དེ་དོན་དམ་ཆེད་དུ་བྱ་བའི་ཡུལ་དུ་བྱས་ཏེ་གྲངས་མེད་གསུམ་ལ་སོགས་པར་ལམ་བསྒོམ་པས་ཐོབ་བྱའི་དོན་དུ་གཉེར་བྱའམ་དགོས་པ་ཡང་ཡིན་ལ། འདུས་བྱས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཆོག་ཡིན་པས་དམ་པ་ཡང་ཡིན་པའི་ཕྱིར་རོ།། དེ་འདྲའི་མྱང་འདས་དེ་སྒྲུབ་བྱེད་དུ་གྱུར་བའི་ལམ་གྱི་བདེན་པ་ནི། སྒྲུབ་པ་དོན་དམ་པ་སྟེ་དེའི་དོན་ཏེ་ལམ་དུ་ཞུགས་པའི་དེ་བཞིན་ཉིད་དེ། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཡིན་པས་དམ་པ་ཡིན་ཞིང༌། དེ་ཇི་ལྟ་བ་བཞིན་མཐོང་བར་བསྒྲུབ་པས་སྒྲུབ་པ་དོན་དམ་པའི་བརྗོད་པའམ། སྔར་བཤད་པའི་མྱང་འདས་དེ་མཐར་ཐུག་གི་ཆེད་དུ་བྱ་བའི་དོན་རྣམས་ཡུལ་དེ་དགོས་པའམ་ཐོབ་བྱ་དང༌། སྔར་བཤད་ལྟར་མཆོག་ཡང་ཡིན་ཞིང་དེས་བསྒྲུབ་པར་བྱེད་པས་སྒྲུབ་པ་དོན་དམ་པར་བཤད་པ་སྟེ་མཁས་མཆོག་བློ་བརྟན་གྱི་དགོངས་པའོ།། རྣམ་གྲངས་མ་ཡིན་པའི་བདེན་པ་གཉིས་ཀྱི་དབང་དུ་བྱས་ན། དང་བོ་གཉིས་དོན་དམ་པའི་བདེན་པ་མཚན་ཉིད་པ་ཡིན་ཞིང༌། གསུམ་པ་ནི་རྣམ་གྲངས་པའི་དོན་དམ་པ་སྟེ་ཡང་དག་པའི་ཀུན་རྫོབ་པོ། དབུ་མ་སྣང་བར་འདི་ལྟར་ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་ཀྱིས་དེ་ཁོ་ན་ཉིད་ནི་རིགས་པ་དང་ལྡན་པས་དམ་པ་ཡིན་ཞིང་དོན་ཀྱང་དེ་ཡིན་ཏེ། སྒྲིབ་པ་སྤོང་བ་དོན་དུ་གཉེར་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ། དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་དང་ཡེ་ཤེས་དམ་པ་ཕྱིན་ཅི་མ་ལོག་པའི་དོན་ཏེ་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ།། དེའི་ཡུལ་ཅན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཡིན་པ་དེ་ཡང་ཚིག་གི་དོན་དེ་གཞན་དུ་སྦྱར་བའི་སྒོ་ནས། དེར་ཐ་སྙད་གདགས་སོ་ཞེས་པ་ནས་དོན་ཆེན་པོ་སྒྲུབ་པར་བྱེད་པས་དམ་པའི་སྒྲར་༼ས་༽བརྗོད་པར་བྱ་བར་འོས་པ་ཉིད་དོ་ཞེས་སོ།། དེ་ལྟར་ན་སྐབས་འདིར་དོན་དམ་དུ་ཡོད་ཞེས་པའི་དོན་ནི། དོན་དམ་དེ་ཉིད་དུ་གནས་ཀྱི་ཀུན་རྫོབ་མ་ཡིན་ཞེས་པ་དང༌། དོན་དམ་པའི་བདེན་པ་ཞེས་པའི་དོན་ཡང་དོན་དམ་པ་ཉིད་ཡིན་པར་བདེན་པས་དེ་ལྟར་བརྗོད་པ་སྟེ། དབུ་མ་བདེན་གཉིས་སུ། དོན་དམ་པར་བདེན་པ་ནི་དོན་དམ་པར་བདེན་པས་ཏེ། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཞེས་བྱ་བའི་ཐ་ཚིག་གོ་ཞེས་པ་ལྟར་རོ།། དེས་ན་དཔྱད་ན་དོན་དམ་པར་མ་གྲུབ་ཡང་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་དུ་མ་གྱུར་གྱི་བར་དུ་སྐྱེས་བུ་མི་སླུ་བས་སམ། དེ་མངོན་སུམ་དུ་གྱུར་རྗེས་སུའང་ས་བོན་གྱིས་མྱུ་གུ་སྐྱེས་པ་ལྟ་བུའི་རྒྱུ་འབྲས་བསྐྱེད་པར་བྱ་བ་བྱེད་པའི་རིགས་པ། མྱུ་གུ་དེ་ས་བོན་རྒྱུ་རུ་ཡོད་པ་ལ་ལྟོས་ནས་འབྱུང་བ་ལྟ་བུ་ལྟོས་པའི་རིགས་པ། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ཞེས་པའི་རྟགས་དང་དཔེ་ལྟ་བུ་འཐད་པ་སྒྲུབཔའི་རིགས་པ་དང༌། མེ་ཚ་བ་ལྟ་བུ་ཆོས་ཉིད་ཀྱི་རིགས་པ་སྟེ། རིགས་པ་རྣམ་པ་བཞིས་བསྒྲུབ་པའི་ཀུན་རྫོབ་པའི་ཆོས་དེ་རྣམས་ཀྱང་རིགས་པའི་སྒྲུབ་པ་ལྟར་གནས་པའི་ཀུན་རྫོབ་ཏུ་བདེན་པའམ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞིང༌། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དཔྱོད་པའི་རིགས་པ་རྣམ་དག་གིས་དཔྱད་བཟོད་ཀྱི་དོན་ནི་དོན་དམ་པའི་བདེན་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་མངོན་དུ་བྱེད་པའི་དེ་ཁོ་ན་ཉིད་མཐར་ཐུག་པ་ཡིན་པའི་ཕྱིར་རོ།། གལ་ཏེ་དོན་དམ་པའི་བདེན་པ་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ཡིན་ན་བློའི་ཡུལ་དུ་གྲུབ་པར་ཐལ་བར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ་བདེན་པ་གཉིས་བསྟན་པའི་མདོ་ལས། དོན་དམ་པའི་བདེན་པ་ནི་ཅི་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་འདས་པ་ཡིན་ནོ་ཞེས་དང༌། ཤེར་ཕྱིན་སུམ་བརྒྱ་བར། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས།། ཞེས་དང་དབུ་མ་རྩ་ཤེར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ།། ཞེས་སོགས་དང་སྤྱོད་འཇུག་ཏུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད།། ཞེས་སོགས་དུ་མ་དང་འགལ་ལོ་ཞེ་ན། ལུང་གི་དོན་སྒྲ་ཇི་བཞིན་པར་ཁས་ལེན་ཅིང་དབུ་མ་བའི་མཆོག་འདི་དབུ་མ་ཐལ་འགྱུར་བ་ཡིན་ཞེས་སྨྲ་བ་མདོ་༼མང་པོ་༽ཞིག་ན་རེ། རིགས་པས་དཔྱད་པ་ན་ཅིར་ཡང་གྲུབ་པ་མེད་པས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་བྱ་བ་གཏན་ནས་མེད་དོ།། བློའི་ཡུལ་དུ་གྱུར་ན་ནི་སྤྲོས་པར་འགྱུར་ཏེ་སྤྲོས་པས་ཡུལ་དུ་བྱས་པའི་ཕྱིར་རོ།། ཁྱབ་སྟེ་ཡུལ་ཡུལ་ཅན་ལྟོས་ནས་བཞག་པ་ཡིན་ལ་ལྟོས་ཆོས་ཐམས་ཅད་རང་བཞིན་མེད་པའི་ཕྱིར་རོ།། དེའི་ཕྱིར་དོམ་དམ་པའི་བདེན་པ་ཡང་ཀུན་རྫོབ་དུ་ཡོད་ཀྱི་དོན་དམ་པར་གྲུབ་པ་མེད་དོ།། དེས་ན་ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པ་ཙམ་་ལ་མཉམ་བཞག་ཏུ་བརྗོད་ཅིང་འགའ་ཡང་མཐོང་བ་མེད་པ་ལ་དེ་ཁོ་ན་མཐོང་བ་ཞེས་བཏགས་ཀྱི། དེ་ཁོ་ན་ཉིད་ཞེས་བྱ་བའི་མཐོང་རྒྱུ་ཞིག་ཡོད་ནས་དེ་མཐོང་བར་གསུངས་པ་མ་ཡིན་ནོ།། དེ་ལྟར་ན་ཀུན་རྫོབ་པའམ་དོམ་དམ་གང་དུ་ཡང་རུང་བདེན་པ་ཞེས་བྱ་བ་ཅུང་ཟད་ཀྱང་གྲུབ་པ་མེད་དེ། ཆོས་ཐམས་ཅད་སྤྲོས་བྲལ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་སྔར་དྲངས་པའི་ལུང་དེ་རྣམས་དང་བདེན་པ་གཉིས་བསྟན་པའི་མདོར། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་དང༌། མདོ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ལོ།། ཞེས་སོགས་མཐའ་ཡས་པར་གསུངས་པ་རྣམས་ཀྱིས་དོན་དམ་པའི་བདེན་པ་བློའི་ཡུལ་ལས་འདས་པར་གྲུབ་པོ་ཞེ་ན། དེ་ལྟར་ན་དོན་དམ་པའི་བདེན་པ་གཏན་ནས་མེད་པར་ཐལ་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་གཟིགས་པའི་ཕྱིར་ཏེ། མདོ་ལུང་གསེར་གླིང་བས་དྲངས་པར། སངས་རྒྱས་རྣམས་ལ་ནི་མ་གཟིགས་པའམ་མ་མཁྱེནན་པ་ཅི་ཡང་མི་མངའོ།། ཞེས་སོགས་ཤིན་ཏུ་མང་ཞིང་དཔལ་ཆོས་ཀྱི་གྲགས་པས། ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི་ཐམས་ཅད་དུ་མེད་པར་གོ་བར་བྱེད་དོ་ཞེས་སོགས་ཡིད་ཆེས་པའི་ལུང་མང་ངོ༌།། མི་གནས་པའི་མྱང་འདས་མཐར་ཐུག་ཀྱང་མེད་པར་ཐལ་བར་འགྱུར་རོ།། ཁྱབ་སྟེ། གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་བཤད་དོ།། དེ་ཡང་འདོད་ན་རྫོགས་པའི་སངས་རྒྱས་ཡང་མེད་པར་འགྱུར་ཞིང༌། འདོད་ན་ཆོས་དང་དགེ་འདུན་དཀོན་མཆོག་ཡང་མེད་པར་འགྱུར་བ་སོགས་མཐའ་ཡས་སོ།།
གཞན་ཡང་བརྫུན་པ་ཀུན་རྫོབ་པ་ཡང་མེད་པར་ཐལ་བར་འགྱུར་ཏེ། བདེན་པ་དོན་དམ་པ་ཞེས་བྱ་བ་ཅུང་ཟད་ཀྱང་གྲུབ་པ་མེད་ཅིང་བདེན་བརྫུན་དང༌། དོན་དམ་ཀུན་རྫོབ་ཞེས་པའང་ཕན་ཚུན་ལྟོས་ནས་བཞག་ཅིང༌། ལྟོས་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་ཅེས་པ་འདི་རྣམས་ཁྱེད་ཀྱི་རྩ་བའི་གྲུབ་མཐའ་ཡིན་པའི་ཕྱིར་རོ།། ཞེས་ཁས་བླངས་འགལ་བའི་སྐྱོན་དང་ངེས་པའི་དོན་གྱི་ལུང་རིགས་ཀྱི་གནོད་པ་དུ་མ་ཡོད་དོ།། ཡང་དོན་དམ་ཡང་རིགས་པས་དཔྱད་མི་བཟོད་ཅིང་རིགས་པས་དཔྱད་བཟོད་པའི་ཆོས་མེད་ཞེས་པ་མི་འཐད་དེ། ཕྱི་དང་ནང་གི་དངོས་པོ་འདི་རྣམས་གཅིག་དང་དུ་བྲལ་རྡོ་རྗེ་གཟེགས་མ་ལ་སོགས་པའི་ཐལ་རང་གི་རིགས་པའམ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ལ་སོགས་པའི་ཐལ་འགྱུར་གྱི་རིགས་པའི་སྟོབས་མི་བཟོད་པས། དེ་དག་གིས་དཔྱད་ན་བདེན་པའི་དངོས་པོའམ་རང་བཞིན་མེད་པའི་ཕྱིར་ཀུན་རྫོབ་རིགས་པས་དཔྱད་པའི་མི་བཟོད་ཞེས་བྱ་ལ། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་ལ་ནི་རིགས་པ་གང་གིས་ཀྱང་གནོད་པ་མི་འབབ་ཅིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་ཇི་ལྟ་བ་བཞིན་གཟིགས་པའི་ཆོས་ཉིད་ཡིན་པས། དེ་ཙམ་ལ་དོན་དམ་རིགས་པས་དཔྱད་བཟོད་དུ་འདོད་ཀྱི་དེ་ལས་མ་གཏོགས་པའི་རིགས་པས་དཔྱད་བཟོད་ཀྱི་དོན་དམ་ཅི་ཡང་ཁས་མི་ལེན་ནོ།། དེ་ཙམ་ཞིག་ལ་ཁྱོད་བསྙོན་འདེབས་ན་ནི་འདེབས་ལ་རག་ལས་ཏེ་གནོད་བྱེད་ནི་ཤིན་ཏུ་མང་ངོ༌།། གཞན་ཡང་བློའི་ཡུལ་དུ་གྱུར་བས་སྤྲོས་པ་ཡིན་ན་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཡང་སྤྲོས་པར་འགྱུར་ལ། འདོད་ན་དེ་ཁོ་ན་ཉིད་དམ་ཆོས་ཉིད་སྤྲོས་བྲལ་ཡིན་པར་འདོད་པའང་ཉམས་སོ།། ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་ཀྱིའང་ཡུལ་མ་ཡིན་ན་གཏན་ནས་མེད་པར་འགྱུར་ཞིང༌། འདོད་ན་སྐུ་གཞན་རྣམས་ཡང་མེད་པར་འགྱུར་ལ་ཡོད་ཀྱང་མ་མཁྱེན་ན། དེས་མ་མཁྱེན་པའམ་མ་གཟིགས་པ་མེད་ཅིང་བཤད་པ་དང་འགལ་ཞེས་བླ་མ་གསེར་གླིང་བས་བཀོད་པ་ལྟར་གྱི་སྐྱོན་འབྱུང་ངོ༌།། ཡང་ལྟོས་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་པ་ཡིན་ན། ལས་དགེ་སྡིག་སོགས་ཀྱི་རྒྱུ་དང་ཚོར་བ་བདེ་སྡུག་སོགས་ཀྱི་འབྲས་བུུ་ཅྀར་ཡང་གྲུབ་པ་མེད་པར་ཐལ་བར་འགྱུར་ཏེ། རྒྱུ་འབྲས་སམ་བྱ་བྱེད་སོགས་ཐམས་ཅད་ཡང་ལྟོས་ནས་བཞག་པའི་ཕྱིར་རོ།། གསུམ་ཀ་ཁྱེད་ཀྱིས་ཁས་བླངས་སོ།། གལ་ཏེ་དོན་དམ་པར་ཞེས་པའི་ཁྱད་པར་གྱི་ཚིག་ལ་ལྟོས་ནས་དེ་ལྟར་འདོད་དོ་ཞེ་ན། དེ་ནི་དབུ་མ་རང་རྒྱུད་པའི་ལུགས་ཡིན་པས་དམན་ཞིང་དབུ་མའི་མཆོག་ཁྱེད་ཐལ་འགྱུར་བ་དེ་ལྟར་མི་འདོད་ཞེས་སྨྲ་བ་མ་ཡིན་ནམ། ཡང་དོན་དམ་མམ་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་ཡོད་པ་མ་ཡིན་ཞེས་པའང་མི་འཐད་དེ། སྔར་བཤད་པ་ལྟར་ཡང་དག་པ་མ་ཡིན་པའི་རྣམ་རྟོག་དུ་གྱུར་བའི་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་དང༌། མིང་ཚིག་ཡི་གེའི་ཚོགས་ཀྱི་སྒྲས་དེ་དེ་འདྲའི་ཤེས་བརྗོད་དང༌། དེ་དག་གིས་བརྟགས་ཤིང་བཞག་པའི་སྤྱོད་ཡུལ་ཏེ། དེ་རྣམས་གང་དུ་ཡོད་པར་འགྱུར་ཏེ། དོན་དམ་དུ་མེད་ཀྱི་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་ཏེ། དེ་དག་ལས་མ་གཏོགས་པའི་ཀུན་རྫོབ་བམ་ཀུན་རྫོབ་པ་གཞན་མི་རྙེད་པའི་ཕྱིར་རོ།། དེ་བས་ན་ཕྱོགས་སྔ་དེའི་བློ་རྩེ་གཏད་པའི་དོན་ལ་ཞིབ་ཏུ་དཔྱད་ན་དོན་དམ་པར་གྲུབ་པ་ནི་ཅི་ཡང་མེད་སྙམ་དུ་བསམས་ཤིང༌། དོན་དམ་པ་ཞེས་སམ་དོན་དམ་པའི་བདེན་པ་ཞེས་པའི་ཐ་སྙད་འཇུག་པ་ལ་བསྙོན་མ་ནུས་ཏེ། རྒྱུ་མཚན་དེ་ཙམ་ཞིག་བློ་ཡུལ་དུ་བཞག་ནས་དོན་དམ་མམ་དོན་དམ་པའི་བདེན་པ་ཀུན་རྫོབ་ཏུ་ཡོད་ཅེས་ཁས་ལེན་པར་ཟད་མོད། དེ་ལྟའོ་ཞེ་ན་དེའི་ཕྱིར་དོན་དམ་མམ་དོན་དམ་པའི་བདེན་པ་ཞེས་འཛིན་པའི་རྣམ་རྟོག་དང༌། བརྗོད་པའི་ཐ་སྙད་རྣམས་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཉིད་དུ་འགྱུར་གྱི། དོན་དམ་མམ་དོན་དམ་པའི་བདེན་པ་ཉིད་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་དུ་མེད་ཞེས་པའི་དོན་དུ་མ་སོང་བས་སྨྲས་པའི་ཚིག་དོན་མ་གོ་བའི་ཡུས་མ་ཆེ་ཨང༌། དེ་ལྟར་མ་ཡིན་པར་དོན་དམ་མམ་ཆོས་ཉིད་དེ་བཞིན་ཉིད་སོགས་དེ་ཡིན་ཚུལ་ལ་དོན་དམ་བདེན་པ་ཡིན་མོད་ཡོད་ཚུལ་ནི་དོན་དམ་དུ་གྲུབ་པ་མ་ཡིན་གྱི་ཀུན་རྫོབ་ཏུ་ཡོད་པ་ཙམ་ཡིན་ན། ཆོས་ཅན་ཀུན་རྫོབ་པ་རྣམས་ཀྱང་ཡིན་ཚུལ་ལ་ཀུན་རྫོབ་པ་ཡིན་ཞིང་ཡོད་ཚུལ་ལ་དོན་དམ་དུ་ཡོད་པར་ཐལ་བར་འགྱུར་ཏེ། དོན་དམ་མམ་དེ་བཞིན་ཉིད་སོགས་དེ་ཡིན་ཚུལ་དོན་དམ་བདེན་པ་ཡིན་པ་ལ་ཡོད་ཚུལ་ཀུན་རྫོབ་ཏུ་ཡོད་ཅིང༌། དེ་ལྟར་ན་རྒྱུ་མཚན་ངེས་པར་མཚུངས་པའི་ཕྱིར་རོ།། འདོད་པར་མི་ནུས་ཏེ། ཁས་བླང་བ་དང་ཡང་འགལ་ཞིང་ལུང་རིགས་ཀྱི་གནོད་བྱེད་ཤིན་ཏུ་མང་ངོ༌།། དེས་ན་དོན་དམ་དོན་དམ་དུ་ཡོད། ཀུན་རྫོབ་ཀུན་རྫོབ་དུ་ཡོད། དོན་དམ་པའི་བདེན་པ་དོན་དམ་པར་བདེན་ཀུན་རྫོབ་ཀྱི་བདེན་པ་ཀུན་རྫོབ་པར་བདེན་དེ། སྔར་བཤད་པ་ལྟར་ཇི་ལྟ་བར་སྐྱེ་བོ་རྣམས་མ་བསླུས་ཤིང་སླུ་བར་མི་བྱེད་པས་བདེན་ཞེས་པ་སྟེ། བདེན་ཞེས་པའི་མིང་ཙམ་ལ་སྐྲག་པར་མི་བྱའོ།། དེའི་ཀུན་རྫོབ་ཏུ་ཡང་བདེན་པ་མེད་ན་འབྲས་བུ་དོན་གཉེར་གྱི་སྐྱེ་བོ་གང་གིས་ཀྱང་འདོད་བྱའི་དོན་ཐོག་པ་མེད་པར་ཐལ་འགྱུར་བ་དང༌། སོ་སྐྱེའི་ཤེས་པ་ཐམས་ཅད་འཛིན་སྟངས་དོན་དང་མི་མཐུན་པ་ཁོ་ནར་འགྱུར་ཞིང༌། དེ་ལྟར་འདོད་ན་མཐོ་རིས་དང་ཐར་བ་དོན་གཉེར་གྱི་སོ་སྐྱེ་གང་གིས་ཀྱང་མཐོ་རིས་དང་ཐར་བའི་ཐབས་དང་ཐབས་མིན་ལ་བླང་དོར་མ་འཆོལ་བར་འཇུག་པའང་མེད་པར་འགྱུར་རོ།། ཡང་སོ་སོའི་སྐྱེ་བོ་རྣམས་ལ་ཀུན་རྫོབ་ཙམ་དུ་ཡང་མ་རྨོངས་པར་སེམས་རང་བཞིན་པར་གནས་མི་གནས་ཀྱི་ཁྱད་པར་ཡང་མེད་པར་འགྱུར། མིང་ཚིག་ཡི་གེ་སོགས་ཀྱི་སྒྲ་སོགས་ཀྱིས་བདེན་ཚིག་མི་སྲིད་པར་འགྱུར་ཞིང༌། འདོད་ན་སྨྲ་བ་ཐམས་ཅད་བརྫུན་དུ་ཐལ་བར་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ།། གལ་ཏེ་མདོ་བསྟན་བཅོས་དུ་མར་འདུ་བྱེད་ཐམས་ཅད་བརྫུན་པ་མི་བདེན་པ་སླུ་བའི་ཆོས་ཅན་གསོག་གསོབ་ཅེས་སོགས་གསུངས་པ་དང་འགལ་ལོ་ཞེ་ན། དོན་བྱེད་ནུས་པའི་དངོས་པོ་འདི་རྣམས་ཀུན་རྫོབ་ཏུ་ཡང་བརྫུན་པ་སླུ་བ་ལ་སོགས་ལ་དགོངས་པ་མིན་གྱི་དོན་དམ་པར་དཔྱད་ན་མི་བདེན་པས་དོན་དམ་པའི་གནས་ཚུལ་གྱི་དབང་དུ་མཛད་ནས་དེ་སྐད་གསུངས་པ་སྟེ། དབུ་མ་སྣང་བར། འོན་ཏེ་མི་བདེན་པའི་དོན་ཀུན་རྫོབ་ཡིན་ནོ་ཞེ་ན་ཞེས་པའི་རྩོད་ལན་གྱི་སྐབས་སུ། དེ་ཡང་བདེན་པའི་སྒྲའི་དོན་མངོན་པར་མི་ཤེས་པ་ཁོ་ནས་གླེངས་པ་ཡིན་ཏེ། འདི་ལྟར་འཁྲུལ་བའི་བློ་ནི་ཀུན་རྫོབ་ཡིན་ནོ།། ཞེས་སྔར་བསྟན་ཟིན་ཏེ་དེ་ནི་བརྫུན་པའི་རྣམ་པས་ཉེ་བར་འཛིན་པ་སྣང་བའི་ཕྱིར་མི་བདེན་པ་ཞེས་བྱའོ།། དེ་ཡང་ཡང་དག་པར་བདེན་པ་མ་ཡིན་ཡང༌། བདེན་པའི་ངོ་བོ་ལྟ་བུར་གྲགས་པས་དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དེ་ལ་བདེན་པའོ།། ཞེས་དེ་ལ་མིང་དུ་འདོགས་པར་མཛད་དེ། གང་གི་ཤེས་པ་དང་ཤེས་བྱ་ལ་སོགས་པ་ཐམས་ཅད་ཀུན་རྫོབ་པོ་ཞེས་བརྗོད་པ་དེའི་ཚེ་ཡང་འཇིག་རྟེན་ལ་གྲགས་པའམ་ངོ་བོར་བདེན་པ་ཞེས་བྱ་ཡི། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོར་ནི་མ་ཡིན་ཏེ། དེའི་ཕྱིར་ལྟོས་པའི་བྱེ་བྲག་གིས་སྒྲ་ཙམ་བཀོད་པའི་ཕྱིར་བདེན་པ་མ་ཡིན་པར་ཕན་ཚུན་འགལ་བ་ཉིད་ནི་མ་ཡིན་ནོ་ཞེས་ཏེ། ཀུན་རྫོབ་ཏུ་བདེན་པ་དང་དོན་དམ་པར་བདེན་པ་མ་ཡིན་ཞེས་ལེགས་པར་ཕྱེས་ནས་གསུངས་སྣང་ངོ༌།། དབུ་མ་བདེན་གཉིས་སུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས།། ཞེས་སོགས་རང་འགྲེལ་དང་འགྲེལ་བཤད་ཞི་འཆོས་མཛད་པར་གསལ་བར་བཤད་པ་དང༌། དབུ་མ་འཇུག་པར། གནོད་པ་མེད་པའི་དབང་བོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཡིན་འཇིག་རྟེན་གྱིས་རྟོག་སྟེ། །འཇིག་རྟེན་ཉིད་ལ་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལ་ལོག་པར་རྣམ་པར་བཞག། ཞེས་སྣང་བ་ལྟར་དོན་བྱེད་ནུས་པའི་དངོས་པོ་འདི་རྣམས་འཇིག་རྟེན་ཀུན་རྫོབ་ཏུ་བདེན་བར་གསུངས་སོ།། ལུང་གཞན་ཡང་ཡོད་མོད་མང་པས་འཇིགས་སོ།། ཡང་ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པ་ཙམ་ལ་མཉམ་བཞག་ཏུ་བརྗོད་ཞེས་པའང་དཔྱད་དགོས་ཏེ། ཡུལ་ཀུན་རྫོབ་པ་རྣམས་དོན་དམ་པར་ཅིར་ཡང་གྲུབ་པ་མེད་པར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་རྣམ་རྟོག་གི་འཛིན་པ་མེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་སྔར་བཤད་ཟིན་པ་དེ་ལྟ་བུ་ཞིག་རྣམ་དག་ལེགས་པའི་ལམ་དུ་གྱུར་བའི་མཉམ་བཞག་ཡིན་ཞིང༌། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའི་ངོ་ཞེས་པའི་དོན་ཡང་ཁོ་བོས་སྔར་གཏན་ལ་ཕབ་ཟིན་པ་ལྟར་ཡིན་གྱིས། བློ་རྩེ་གཏད་ས་མེད་པའི་ཁྱི་སྐད་ལ་རྒྱུག་གི་ཕྱོགས་སྔ་འདི་ལྟར་ཡུལ་ཅིར་ཡང་མ་གྲུབ་ན་ལས་རྒྱུ་འབྲས་མ་གྲུབ་པར་ཐལ་བ་སོགས་སྐྱོན་དུ་མ་བཤད་ཟིན་ཅིང༌། བློས་ཅིར་ཡང་མི་འཛིན་པ་ཙམ་འདུ་ཤེས་མེད་པའི་སྙོམ་འཇུག་སོགས་ལམ་གོལ་བ་ཞི་གནས་ལྟེངས་པོ་འགའ་ཞིག་མའང་ཡོད་པས་དེ་དག་ཀྱང་ཡང་དག་པའི་མཉམ་བཞག་ཏུ་འགྱུར་ལ། འགའ་ཡང་མཐོང་བ་མེད་པ་ཙམ་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་རི་བོང་རྭ་སོགས་ཀྱིས་མ་ངེས་ཞིང༌། མཐོང་བ་ལས་གཞན་པ་དེ་ཙམ་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་ནི་བུམ་སོགས་ཀྱིས་མ་ངེས་སོ།། ཡང་ཕྱིན་ཅི་ལོག་གམ་ཕྱིན་ཅི་མ་ལོག་པ་ཅི་ཡང་མི་འཛིན་པའམ། གང་ཡང་མ་མཐོང་བའི་བློ་མི་སྲིད་པའི་ཕྱིར་ན་རྟོག་དཔྱོད་ཅུང་ཟད་ཙམ་སྔོན་དུ་བཏང་ནས་གྲུབ་མཐའ་འཇོག་པ་འཐད་དེ། ཡུག་པ་རྐྱང་གི་འདིར་མི་རིགས་སོ།། ཡང་མཐོང་རྒྱུ་གཅིག་ཡོད་ནས་དེ་ཁོ་ན་ཉིད་མཐོང་བར་གསུངས་པ་མ་ཡིན་ཟེར་བའང་དཔྱད་དགོས་ཏེ། ཡུལ་ཀུན་རྫོབ་པ་རྣམས་དོན་དམ་པར་མཐོང་རྒྱུ་མེད་མོད། དེ་ཙམ་གྱིས་མཐོང་བྱ་གཏན་ནས་མེད་པར་མི་འགྱུར་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་གྱིས་འོད་གསལ་བའི་ཆོས་དབྱིངས་དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་ལོག་མཐིལ་དུ་སྐྱུ་རུ་ར་ལྟར་མངོན་སུམ་དུ་གསལ་བར་གཇིགས་པའི་ཕྱིར། རི་བོང་གི་རྭ་མཐོང་ཀྱང་མེད་པས་རྭ་དེས་དབེན་པའི་མགོ་བོ་མཐོང་བྱར་མེད་པར་མི་འགྱུར་བ་བཞིན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། ཞེས་སོགས་དང་རྒྱུ་བླར། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་བ་ཡི་མཐོང༌།། ཞེས་སོགས་ལུང་མང་ངོ༌།། གལ་ཏེ་དོན་དམ་པར་ཅིར་ཡང་མ་མཐོང་བའི་བློ་ཙམ་དེ་ཁོ་ན་ཉིད་མཐོང་བར་འདོད་དོ་ཞེ་ན། ལོག་ཤེས་མཐམ་ཅད་ཀྱང་དེ་ཁོ་ན་ཉིད་མཐོང་བར་ཐལ་བར་འགྱུར་རོ།། དེ་བས་ན་སྔར་གཏན་ལ་ཕབ་པ་ལྟར་ཤེས་པར་བྱའོ།། དེའི་ཕྱིར་དོན་དམ་བློའི་ཡུལ་ལས་འདས་པར་སྟོན་པ་ལྟ་བུའི་ལུང་དང་པོ་དོན་དམ་པའི་བདེན་པ་རྣམ་མཁྱེན་གྱི་ཡུལ་ལས་འདས་པར་བསྟན་པ་དེ་ཡང་སྒྲ་ཇི་བཞིན་པ་མ་ཡིན་ཏེ། སྒོ་ལྔའི་དབང་ཤེས་ཀྱི་ཡུལ་གཟུགས་སོགས་གཟུང་ཡུལ་དུ་བྱས་ནས་འཛིན་པ་ལྟར། དོན་དམ་པའི་བདེན་པ་དེ་རྣམ་མཁྱེན་གྱི་གཟུང་ཡུལ་གྱི་དངོས་པོར་ཡོད་པ་ལས་འདས་ཞེས་པའི་དོན་ཏེ། དབུ་མ་སྣང་བར་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་རྟོག་པའི་དྲྭ་བ་མ་ལུས་པ་དང་བྲལ་བའི། ཆོས་ཐམས་ཅད་སྣང་བ་མེད་པས་མི་དམིགས་པར་སོ་སོ་རང་གིས་རིག་པར་འགྱུར་གྱི་དམིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ལྷའི་བུ་དོན་དམ་པ་ནི་ཅི་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་ཀྱང་འདས་པ་ཡིན་ནོ། ཞེས་གསུངས་པ་ལྟ་བུའོ།། འདིས་ནི་ཡུལ་གྱི་དངོས་པོ་ལས་ཡང་དག་པར་འདས་པ་ཉིད་དུ་བསྟན་པའི་ཕྱིར་དམིགས་པས་མཐུང་བ་འགོག་པར་བྱེད་དོ་ཞེས་ཏེ། ཡུལ་ཞེས་པ་གཟུང་བྱའི་དོན་དང་དམིགས་པ་ཞེས་པ་དེ་བཟུང་ཡུལ་དུ་བྱས་ནས་འཛིན་པ་ལ་ཟེར་རོ།། དེ་བཞིན་དུ་སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ་ཞེས་དང༌། སེམས་རྒྱུ་བ་ཡང་མེད་ཞེས་སོགས་དང༌། དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་སོགས་འདི་ལྟ་བུའི་སེམས་དང་བློ་ཞེས་པ་རྣམས་ནི་ཡེ་ཤེས་རྣམ་ཤེས་སུ་ཕྱེ་བའི་རྣམ་ཤེས་ཀྱི་དབང་དུ་བྱས་ནས། དེའི་དངོས་ཀྱི་སྤྱོད་ཡུལ་མིན་པར་བསྟན་པ་ཡིན་གྱི་ཡེ་ཤེས་ལ་སོགས་བློ་སྤྱིའི་དབང་དུ་བྱས་ནས་བསྟན་པ་ནི་མ་ཡིན་ཏེ། རྩ་ཤེར། བརྗོད་བར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ།། ཞེས་ཏེ་ཟླ་གྲགས་ཀྱིས། དེ་ཁོ་ན་ཉིད་དེ་ལ་ཞེས་པ་ནི། ཚིག་གི་ལྷག་མའོ་ཞེས་དང་ཡང་རྩ་ཤེར། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་ལ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་དོ།། ཞེས་ཏེ་འགྲེལ་བ༼ར་༽ཟླ་བ་གྲགས་པས། གང་གིས་ཕྱིར་མ་སྐྱེས་པ་དང་་མ་འགགས་པའི་ཆོས་ཉིད་དེ་ཆོས་ཀྱི་ངོ་བོ་དང༌། ཆོས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་བཞག་པ་དེའི་ཕྱིར་དེ་ལ་སེམས་མི་འཇུག་གོ། སེམས་མི་འཇུག་ན་རྒྱུ་མཚན་སྒྲོ་འདོགས་པར་ག་ལ་འགྱུར་དེ་མེད་པའི་ཕྱིར་ཚིག་དག་འཇུག་པར་ག་ལ་འགྱུར་ཞེས་དང༌། གཞན་ལས་ཤེས་མིན་ཏེ་གཞན་གྱིས་བསྟན་པས་རྟོགས་པར་བྱ་བ་མ་ཡིན་གྱི། རང་ཉིད་ཀྱི་རྟོགས་པར་བྱ་བ་ཡིན་ནོ་ཞེས་པའི་དོན་དེ་ཞེས་སོགས་དང༌། སྤྲོས་པ་ནི་ངག་སྟེ་དོན་རྣམས་སྤྲོ་བར་བྱེད་པའི་ཕྱིར་རོ།། སྤྲོས་པ་རྣམས་ཀྱི་མ་སྤྲོས་པ་ནི། ངག་གིས་མ་བརྗོད་པའོ།། དེ་ནི་རྣམ་པར་རྟོག་པ་མེད་པའང་ཡིན་ཏེ། རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན། དེ་དང་བྲལ་བའི་ཕྱིར་དེ་ཁོ་ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ།། ཇི་སྐད་དུ་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ།། ཞེས་དང་རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌།། ཞེས་སོགས་དང༌། བསམ་མེད་བརྗོད་དུ་མེད་ཕྱིར་དེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་བཏགས་བྱ་མིན་ཕྱིར་དེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར།། ཞེས་དང་སློབ་དཔོན་སྒྲ་གཅན་འཛིན་གྱི་ཤེར་ཕྱིན་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་དང་དབུ་མ་བདེན་གཉིས་སུ། དེ་ནི་སྤྲོས་པ་མེད་པ་ཡིན། དེ་ཁོ་ན་ཉིད་ནི་རྟོག་པའི་དྲྭ་བ་ཐམས་ཅད་དང་བྲལ་བའོ་ཞེས་དང༌། དེའི་འགྲེལ་བཤད་དུ། མཁས་མཆོག་ཞི་བ་འཚོས། འདིར་སྤྲོས་པ་ནི་རྟོག་པའི་དྲྭ་བ་ཡིན་ནོ་ཞེས་བརྗོད་དོ།། རྣམ་པ་གཅིག་ཏུ་སྤྲོས་པ་ནི་ངག་གི་རྒྱུ་བ་སྟེ། དེ་ཡང་རྟོག་པའི་དྲྭ་བས་ཀུན་ནས་བསླངས་པ་ཡིན་ནོ།། ཞེས་པ་ལ་སོགས་པའི་ཡིད་ཆེས་པའི་ལུང་མང་པོས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་བརྗོད་པའི་སྒྲ་དང་རྣམ་ཤེས་ཀྱི་དངོས་ཡུལ་ལས་འདས་ཤིང་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཏུ་གསལ་བར་བསྟན་ཏོ།། ཁྱད་པར་དུ་སྤྱོད་འཇུག་གི་ལུང་གི་དོན་ནི་དོན་དམ་པའི་བདེན་པ་དེ་བློ་རྣམ་ཤེས་ཀྱི་དངོས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བློ་ནི་ཀུན་རྫོབ་ཡིན་པར་འདོད། ཞེས་ཏེ་བློ་རྣམ་ཤེས་དེ་ནི་ཀུན་རྫོབ་སྟཻ། གནས་ལུགས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར་ཞེས་པའི་དོན་དེ། བདེན་གཉིས་སུ། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད།། ཅེས་སོགས་སྔར་དྲངས་པ་ལྟར་རོ།། འཕགས་པ་བརྒྱད་སྟོང་པ་ཆོས་འཕགས་ཀྱི་ལེའུར། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་ངེས་པར་འགའ་ཞིག་ནས་བྱོན་པའམ་བཞུད་པ་མེད་དོ།། དེ་བཞིན་ཉིད་ནི་གཡོ་བ་མེད་པ་སྟེ། གང་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་སྐྱེ་བ་མེད་པ་ལ་ནི་འགྲོ་བའའ་འོང་བ་མེད་དེ། གང་སྐྱེ་བ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་ཡང་དག་པའི་མཐའ་ལ་ནི་འོང་བའམ་འགྲོ་བར་རབ་ཏུ་ཤེས་པ་མ་ཡིན་ཏེ། ཞེས་སོགས། དེ་དག་གིས་ནི་ངོ་བོ་ཉིད་སྐུ་སངས་རྒྱས་ཡིན་པ་དང༌། ཆོས་ཉིད་དུ་གསལ་བོར་བསྟན་ཏོ།། ཡང་རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་རྟོག་པ། །ལོག་པས་བཅོམ་པར་ཞུགས་པ་ཡིས། །སྐྱེ་བོ་དེས་ནི་ང་མི་མཐོང༌། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་བར་བྱ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས།། ཞེས་པའི་དོན་ཡང་དེ་བཞིན་ཉིད་དེ་རྣམ་ཤེས་ཀྱི་དངོས་ཀྱི་ཤེས་བྱ་མིན་པ་ལ་དགོངས་པ་སྟེ། དེའི་འགྲེལ་བ་སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས་མཛད་པར་གྲགས་པ་ལས། ཆོས་སྐུ་དེ་བཞིན་ཉིད་ཡིན་ཏེ། །རྣམ་ཤེས་སྤྱོད་ཡུལ་མིན་པའི་ཕྱིར། །གཟུགས་རྣམས་དང་ནི་སྒྲ་ཙམ་ལས། །སྐྱེ་བོས་སངས་རྒྱས་མི་རྟོགས་སོ།། དེས་ནི་གཟུགས་དང་སྒྲའི་སྒོ་ནས་དེ་བཞིན་གཤེགས་པར་མི་བལྟ་བ་དང༌། སོ་སོའི་སྐྱེ་བོ་གང་དག་གིས་མི་བལྟ་བ་དེ་བསྟན་ཏོ།། གང་དག་ལོག་པས་སོང་བར་ཞུགས་པའི་སོ་སོའི་སྐྱེ་བོ་དེ་དག་གིས་བལྟ་བར་བྱ་བ་མ་ཡིན་ནོ།། ཆོས་ཉིད་ནི་འདིར་དེ་བཞིན་ཉིད་ཡིན་པར་རིག་པར་བྱའོ་ཞེས་ཤིན་ཏུ་གསལ་བོར་བཤད་དོ།། གཞན་ཡང་སློབ་དཔོན་ངང་ཚུལ་བཟང་བོས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱད་པར་མེད་པས་ཆོས་སྐུ་བརྗོད་པར་བྱ་བ་སྟེ། དེ་ཉིད་དུས་ཐམས་ཅད་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་སོ།། དེ་ལྟ་མ་ཡིན་པར་ཆོས་ཉིད་ཤེས་བྱ་གཏན་མ་ཡིན་པའམ། ཡོངས་གཅོད་དུ་ཤེས་བྱ་མ་ཡིན་པ་ལ་ནི་ལུང་རིགས་ཀྱི་གནོད་བྱེད་དུ་མ་བརྗོད་ཟིན་ཏོ།། ངོ་བོ་ཉིད་སྐུ་མེད་དགག་ཙམ་དུ་འདོད་པ་དགག་པ། ཡང་ཁ་ཅིག་ན་རེ། ངོ་བོ་ཉིད་ཀྱི་སྐུ་ཆོས་ཉིད་ཡིན་ན་དེ་འདུས་མ་བྱས་ཡིན་པས་སྔོན་སོ་སོ་སྐྱེ་བོའི་གནས་སྐབས་ཉིད་ནས་ཡོད་པ་བདེན་ཞིང༌། དེ་ཉིད་བདེ་གཤེགས་སྙིང་པོ་ཡིན་པས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་ཡིན་པ་བདེན་ནའང༌། ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཉིད་མ་ཡིན་གྱི་རྣམ་པར་དག་པའི་ལམ་བསྒོམ་པས་མཐར་ཐུག་པར་བྱས་པའི་སྟོབས་ཀྱིས། སྒྲིབ་གཉིས་མཐའ་དག་སྤངས་པའི་སྤང་བྱ་སྒྲིབ་གཉིས་དང་བྲལ་བ་ཙམ་དེ་ཡིན་ནོ་ཟེར་བ་གྲག་གོ། དེ་ལྟ་ན་སྒྲིབ་གཉིས་དང་བྲལ་ཙམ་མམ། གང་ལ་སྒྲིབ་གཉིས་མེད་པའི་ཤེས་རྒྱུད་ལ་འདོད། དང་པོ་ལྟར་ན་དེ་རྫོགས་པའི་སངས་རྒྱས་ཐོབ་ཟིན་པའི་སྐྱེས་བུའི་ཐོབ་པའི་ངོ་བོ་ཉིད་སྐུ་མཚན་ཉིད་པར་མི་རུང་བར་འགྱུར་ཏེ། དེའི་མཐུ་དང་བྱིན་རླབས་དང་འཕྲིན་ལས་ལ་སོགས་པ་ཡོན་ཏན་ཅི་ཡང་མེད་པའི་ཕྱིར་ཏེ། མེད་དགག་ཡིན་པའི་ཕྱིར་རོ།། རི་བོང་རྭ་མེད་བཞིན་ཐལ་བ་སྔ་མ་ཁྱབ་པ་མ་ཡིན་ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པ་སྐུ་གསུམ་དུ་བཞེད་པ་རྣམས་ཀྱི་ལུགས་བཀོད་པའི་སྐབས་སུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག། ཐོབ་གྱུར་ཞེས་སོགས་ཀྱིས་ངོ་བོ་ཉིད་སྐུ་དེ་ཟག་པ་མེད་པའི་ཆོས་རྣམས་ཀྱི་རང་བཞིན་ཀྱི་མཚན་ཉིད་ཅན་དུ་བསྟན་ནས། ཟག་པ་མེད་པའི་ཆོས་དེ་རྣམས་གང་ཡིན་ཞེས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌།། ཞེས་སོགས་ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན།། ཞེས་ཏེ། དེའི་དོན་སངས་རྒྱས་པའི་དྲན་པ་ཉེར་བཞག་ནས་རྣམ་མཁྱེན་གྱི་བར་དེ་རྣམས་ཀྱི་ངོ་བོ་ཉིད་དམ་རང་བཞིན་གྱི་སྐུ་ཞེས་བརྗོད་པ་ཡིན་གསུང་རྒྱུ་ལ། སྡེབ་སྦྱོར་གྱི་ངོར་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་སྨོས་པ་སྟེ། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུའོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལ་ཆོས་ཀྱི་སྐུ་ཞེས་ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ་ཞེས་དང༌། དེ་བཞིན་འཁོར་བ་ཇི་སྲིད་འདས། །ལས་ནི་རྒྱུན་མི་འཆད་པར་འདོད།། ཅེས་པའི་བར་ཆོས་ཀྱི་སྐུ་འདིའི་འཕྲིན་ལས་རྒྱུན་མི་འཆད་ཞེས་འཆད་དེ་ཉེར་བདུན་ངོ་བོ་ཉིད་སྐུའི་འཕྲིན་ལས་སུ་བཤད་ཅིང༌། གསེར་འོད་དམ་པར། ནམ་མཁའ་ལ་བརྟེན་ནས་གློག་འབྱུང་ངོ༌།། གློག་ལ་བརྟེན་ནས་འོད་འབྱུང་ངོ༌།། དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ༌།། ལོགས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་བའི་༼སྐུ་༽སྣང་ངོ་ཞེས་དང༌། མདོ་སྡེ་རྒྱན་དུ། རང་བཞིན་སྐུ་ནི་མཉམ་པ་དང༌། །ཕྲ་ཞིང་དེ་དང་འགྲེལ་༼འབྲེལ་༽བ་དང༌། །དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ།། ཞེས་ངོ་བོ་ཉིད་ཀྱི་སྐུ་དེ་ལོངས་སྤྱོད་པའི་ཕུན་སུམ་ཚོགས་པའི་རྒྱུར་བཤད། རྒྱུད་བླར། ཐོག་མ་དབུས་མཐར་མེད་ཅིང་རྣམ་དབྱེར་མེད།། ཅེས་སོགས་ནས། གཞལ་མེད་གཱངྒའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན།། ཞེས་དང༌། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ།། ཞེས་སོགས་རྒྱས་པར་གསུངས་ཏེ་མེད་དགག་ལ་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་ཅི་ཞིག་ཡོད། མེད་དགག་ཡིན་ན་སྒྲ་རྟོག་གི་དངོས་ཡུལ་ཡིན་པའི་རྟོག་གེའི་ཡུལ་ནི་མིན་ཕྱིར་དང་ཞེས་པའི་ཡོན་ཏན་ཡང་ག་ལ་ཡོད། སྔར་རྒྱས་པར་ཡང་ཡང་བཤད་པ་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རང་དོན་ཕུན་སུམ་ཚོགས་པ་ཅི་ཡང་མེད་པར་ཐལ་བར་འགྱུར་ཏེ། སངས་རྒྱས་པའི་ངོ་བོ་ཉིད་ཀྱི་སྐུ་དེ་མེད་དགག་རྣམ་གཅོད་ཙམ་ཡིན་གྱི་སྒྲུབ་ཆོས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་པ་མེད་པ་མ་ཡིན་ཏེ། མེད་དགག་ཐོབ་ཅེས་པ་ནི་ཅི་ཡང་ཐོབ་པ་མེད་ཅེས་པའི་དོན་དེ་མཛོད་དངོས་མེད་ཀྱིས་ཁེངས་ཡོད་ཅེས་བརྗོད་ན། མཛོད་ན་རྫས་ཀྱི་དངོས་པོ་ཅི་ཡང་མེད་ཅེས་པར་འགྱུར་བ་བཞིན་དང༌། དཔལ་ཆོས་ཀྱི་གྲགས་པས། མཇུག་ཏུ་དོན་བྱེད་གཞན་གྱིས་འབྲས་བུ་དངོས་མེད་བསྐྱེད་ན་འབྲས་བུ་ཅི་ཡང་མི་བྱེད་དོ་ཞེས་རྒྱུ་འབྲས་བསྐྱེད་པའི་བྱ་བ་བཀག་པར་འགྱུར་རོ་ཞེས་གསུངས་པ་བཞིན་ནོ།། གཞན་ཡང་སངས་རྒྱས་སའི་ངོ་བོ་ཉིད་ཀྱི་སྐུ་དེ་རྫོགས་སངས་རྒྱས་ཀྱི་མཉམ་བཞག་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་གསལ་བར་སྣང་བ་མ་ཡིན་པར་འགྱུར་ཏེ། མེད་དགག་ཡིན་པའི་ཕྱིར། མ་ཁྱབ་པ་མ་ཡིན་ཏེ། རྣམ་གཅོད་མེད་དགག་ཙམ་ཡིན་ན་གང་ལ་ཅི་ཞིག་གསལ་བར་སྣང་སྟེ། ཐེག་ཆེན་འཕགས་པའི་མཉམ་བཞག་སོ་སོ་རང་རིག་ཡེ་ཤེས་ཀྱི་དངོས་ཡུལ་དུ་གྱུར་བའི་འདུས་མ་བྱས་ཞིག་ཡིན་ན། ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་དགོས་པའི་ཕྱིར་དང༌། དེ་བཞིན་ཉིད་ཡིན་ན་མེད་དགག་ཏུ་འགལ་བའི་ཕྱིར་རོ།། ཞེས་སྔར་རྒྱས་པར་བཤད་ཟིན་པ་ལྟར་རོ།། ཇི་སྐད་དུ་དུས་འཁོར་འགྲེལ་ཆེན་དུ། ཐམས་ཅད་དངོས་པོ་མེད་པ་ནི་མ་ཡིན་ཏེ། རྣལ་འབྱོར་བའི་སོ་སོ་རང་རིག་པ་ཉིད་ཀྱི་ཕྱིར་རོ་ཞེས་སོགས་དུ་མ་བཤད་ཅིང༌། རྗེ་བཙུན་བྱམས་པའི་དགོངས་པ། འཕགས་སེང་གིས་བཤད་པར། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་དང་ཞེས་པའི་ཐད་དུ་ཆོས་ཀྱི་བཤེས་གཉེན་གྱིས། རང་བྱུང་དང་བོའི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དེ་ཡིན་ཞིང༌། དེ་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའི་སྲིད་པ་ཐ་མ་བའི་ཐོབ་པའི་རྣམ་མཁྱེན་གྱི་ཡེ་ཤེས་ནི་རང་བྱུང་གཉིས་པ་ཡིན་ཞེས་འཆད་དེ་ལེགས་བཤད་དུ་སྣང་ངོ༌།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཞེས་པས་ཀྱང་དོན་དེ་བསྟན་ནོ།། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ཞེས་དང་འགྲེལ་བར་འཕགས་པ་ཐོགས་མེད་ཀྱིས། སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ལྷུན་གྱིས་གྲུབ་ཅེས་དེ་མེད་དགག་ཡིན་ན་ཅི་ཞིག་ལྷུན་གྱིས་གྲུབ། ཡང་སྔར་དྲངས་པ་ལྟར། ཅི་ཡང་མི་མཐོང་བ་མཐོང་ལམ་མ་ཡིན་གྱི་ཞེས་བཤད་པ་ལྟར་མེད་དགག་ཡིན་ན་མངོན་སུམ་དུ་གང་གིས་ཀྱང་གསལ་བར་མཐོང་བ་མི་སྲིད་པར་དབུ་མའི་བསྟན་བཅོས་དུ་མ་ལས་བཤད་དོ།། འདིར་མང་དོགས་པས་མ་བྲིས་ཀྱི་བློ་རྣལ་དུ་ཕབ་ནས། བཀའ་ལུང་རྒྱ་ཆེན་པོ་བལྟོས་དང་གསལ་བར་འགྱུར་རོ།། གཞན་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་ཆོས་དབྱིངས་ཡེ་ཤེས་མ་ཡིན་པར་འགྱུར་དེ། མེད་དགག་རྣམ་གཅོད་ཙམ་ཡིན་པའི་ཕྱིར། འདིའི་ཁྱབ་པ་དོན་ལའང་ཡོད་ཅིང་ཁས་བླངས་ཏེ། ཡེ་ཤེས་ཡིན་ན་དངོས་པོ་ཡིན་ཅིང་དངོས་པོ་ཡིན་ན་བསྒྲུབ་ཆོས་ཁོ་ན་ཡིན་ཞེས་པ་ཁྱེད་རྣམས་ཀྱི་རྩ་བའི་གྲུབ་མཐའ་ཡིན་པའི་ཕྱིར། ཐལ་བ་དེ་འདོད་ན་ཆོས་དབྱིངས་ཡེ་ཤེས་ཡིན་པ་མེད་པར་འགྱུར་དེ། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་དེ་དེ་མིན་ཅིང༌། དེ་དེ་མིན་ན་དེ་ལས་གཞན་གང་ཡང་དེ་ཡིན་པ་མེད་པའི་ཕྱིར། འདོད་ན་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་དུ་མར་ཡེ་ཤེས་རྣམ་པ་ལྔའི་ཚུལ་རྒྱས་པར་གསུངས་ཏེ། མཚན་བརྗོད་དུ། ཁྱབ་བདག་ཡེ་ཤེས་ལྔའི་བདག་ཞེས་སོགས་དང་རྒྱུད་ཀྱི་ལུང་རྡོ་རྗེ་འཕྲེང་བར་དྲངས་པར། མི་རྟག་པ་ནི་སྤངས་ནས་སུ། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར།། ཞེས་དང༌། ཡོ་ཀའི་རྒྱུད་དུ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག། ཞེས་སོགས་རྒྱུད་དུ་མ་ལས་ཡེ་ཤེས་ལྔར་གསུངས་ཤིང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཆོས་དབྱིངས་ཀྱི་ཡེ་ཤེས་ཞེས་འདུས་པའི་འགྲེལ་བར་ཡང་བཤད་ཅིང༌། ཐུབ་དགོངས་སུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པ་ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་གནས་མ་ལུས་པར་གྱུར་བའི་ཆོས་ཉིད་དོ།། ཞེས་དང་འཇུག་པའི་འགྲེལ་བཤད་དུ། བཅོམ་ལྡན་འདས་ལ་ཆོས་ཀྱི་སྐུའི་རྒྱུ་ཅན་ཡེ་ཤེས་རྣམ་པ་ལྔ་མངའ་བ་ཡིན་པས་ཡེ་ཤེས་མེད་པར་ཐལ་བར་མི་འགྱུར་རོ་ཞེས་སོ།། འདིས་ནི་ཁ་ཅིག་ན་རེ། ཡེ་ཤེས་ལྔ་དང་ཆོས་དབྱིངས་ཡེ་ཤེས་ཞེས་པ་སྔགས་ཀྱི་ཆོས་སྐད་ཡིན་གྱི་མཚན་ཉིད་ཐེག་པ་ལས་མ་བཤད་ཟེར་བའང་བཀག་གོ། ཡང་ཆོས་དབྱིངས་ཡེ་ཤེས་ཞེས་པའང་ཡེ་ཤེས་བཏགས་པ་བ་ཡིན་གྱི་ཡེ་ཤེས་དངོས་པོ་མ་ཡིན་ཞེས་སྨྲ་བ་གྲགས་ཏེ། དེ་ལྟ་ན་སངས་རྒྱས་རྣམ་པར་སྣང་མཛད་དམ་མི་བསྐྱོད་པ་གང་རུང་གཅིག་སངས་རྒྱས་དངོས་མ་ཡིན་པར་ཐལ་བར་འགྱུར་ཏེ། ཡོ་ཀའི་རྒྱུད་དུ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས།། ཞེས་དང༌། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ།། ཞེས་སོགས་ཀྱིས་རྣམ་སྣང་ཆོས་དབྱིངས་ཡེ་ཤེས་སུ་གསུངས་ཤིང༌། ཡང་མི་བསྐྱོབ་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ།། ཞེས་སོགས་དང་བདེ་དགྱེས་ལ་སོགས་པའི་རྒྱུད་རྒྱ་འགྲེལ་དང་དཀྱིལ་ཆོག་མང་བོར་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་སུ་གསུངས་པ་མང་ངོ༌།། དེས་ན་ཆོས་དབྱིངས་ཡེ་ཤེས་ཡིན་པ་ཡོད་ན། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ལས་གཞན་གཏན་ནས་མེད་ཅིང་དེ་ལྟ་ན་ངོ་བོ་ཉིད་སྐུ་མེད་དགག་དུ་འགལ་ལོ།། གལ་ཏེ་ཆོས་དབྱིངས་ཡེ་ཤེས་ཡོད་དུ་ཆུག་༼ཀྱང་༽ངོ་བོ་ཉིད་སྐུ་ནི་ཡེ་ཤེས་གཏན་ནས་མིན་ཏེ། འདུས་བྱས་ཡིན་པའི་ཕྱིར་ཡེ་ཤེས་ཡིན་ན་དངོས་པོ་ཡིན་པས་འདུས་བྱས་དང་མི་རྟག་པ་ཁོ་ནའོ་ཞེ་ན།། ཆོས་དབྱིངས་ཡེ་ཤེས་ཡོད་ན་ངོ་བོ་ཉིད་སྐུ་ཡེ་ཤེས་མིན་པ་འགལ། དུས་འཁོར་རྒྱུད་ཀྱི་གླིང་གཞིར། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཞེས་པའི་འགྲེལ་ཆེན་དུ། ཐམས་ཅད་མཁྱེན་པ་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། མཚན་ཉིད་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་དང༌། མཁྱེན་པ་བཞི་དང་སྐུ་བཞི་སྦྱར་བར་ཡང་ངོ་བོ་ཉིད་ཀྱི་སྐུ་དེ་ཐམས་ཅད་མཁྱེན་པ་ཡིན་པར་གསུངས་ཤིང༌། མཚན་བརྗོད་དུ། དོན་དམ་པའི་འཇམ་དཔལ་དེ། བདག་རིག་གཞན་རིག་ཐམས་ཅད་པ།། ཞེས་དང༌། ཐམས་ཅད་མཁྱེན་པ་ཡེ་ཤེས་མཚོ།། ཞེས་སོགས་དུ་མ་གསུངས་ཏེ། དོན་དམ་པའི་འཇམ་དཔལ་ནི་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཡིན་པའི་ཕྱིར་རོ།། མདོ་ལས། འཇིག་རྟེན་ཁམས་ནི་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ།། ཞེས་པས་ཀྱང་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་སུ་གསུངས་པ་ལ། གསེར་གླིང་བས་ཀྱང༌། ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དེ་བཞིན་དུ་སྐུ་གཞན་ཡང་ཡེ་ཤེས་ཀྱི་མིག་ཏུ་བལྟ་བར་བྱའོ་ཞེས་དང༌། སྔར་དྲངས་པའི་ཐུབ་དགོངས་ཀྱི་ལུང་དེས་ཀྱང་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་སུ་བསྟན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་གནས་མ་ལུས་པར་གྱུར་བའི་ཆོས་དབྱིངས་ཡེ་ཤེས་ནི་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཡིན་པའི་ཕྱིར་རོ།། གལ་ཏེ་ངོ་བོ་ཉིད་སྐུ་ཡེ་ཤེས་མ་ཡིན་ན། འགྱུར་མེད་དམ་མཆོག་གི་སྐུ་མ་ཡིན་པའམ་སྐུ་བཞི་བ་ལྷན་ཅིག་སྐྱེས་པའི་སྐུ་མ་ཡིན་པར་ཐལ་བར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ་དུས་འཁོར་འགྲེལ་ཆེན་དུ། གང་དོན་དམ་པའི་བདེན་པའི་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པས་སླད་དུ། རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་རྣམས་ལ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་བ་རྣམས་ཀྱིས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ། དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ།། བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ་དེ་སྐད་དུ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པར་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད།། ཅེས་སོ།།བཅོམ་ལྡན་འདས་དེ་ཉིད་འབྲས་བུའི་མཚན་ཉིད་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་༼པ་༽སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་རྒྱས་རྣམས་ཀྱིས་འདུས་པ་དང་ལྷ་མོ་རྣམས་ཀྱིས་སྡོམ་པ་ཡང་སྟེ། འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་ཅིག་རོ་མཉམ་པ་ཉིད་དོ་ཞེས་པ་ངེས་པའི་དོན་ཏོ།། ཞེས་གསུངས་པས་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་མི་འགྱུར་བའི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ལྷན་ཅིག་སྐྱེས་ཀྱི་སྐུར་གསུངས་པས་མེད་དགག་དང་ཡེ་ཤེས་མིན་པར་འདོད་པ་ཆེས་མི་རིགས་ཤིང༌། གཞན་ཡང་འགྲེལ་ཆེན་དུ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་དོ་ཞེས་གསུངས་སོ་ཞེས་ཏེ། དེ་འདྲའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ངོ་བོ་ཉིད་སྐུ་ལས་གཞན་སུ་ཡོད། ཡང་དེ་ཉིད་དུ། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་དབང་བོའི་བདག་ཉིད་བཞི་བའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་པའོ་ཞེས་ཏེ། འདིར་སེམས་ཞེས་པ་གཉིས་སུ་ཕྱེ་བའི་རྣམ་ཤེས་ནི་སངས་རྒྱས་ཀྱི་ས་ན་མེད་པས་ངོ་བོ་ཉིད་སྐུ་དེ་ཡེ་ཤེས་སུ་གྲུབ་པོ།། དེ་ལྟར་ན་ངོ་བོ་ཉིད་སྐུ་ཡེ་ཤེས་སུ་མི་འཐད་ཅིང་ཆོས་ཉིད་ཡང་མ་ཡིན་ཟེར་བའང་ཤིན་ཏུ་མི་འཐད་དེ། རྡོ་རྗེ་གཅོད་པར་འདྲེན་པ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་བར་བྱ།། ཞེས་དང་དེའི་འགྲེལ་བ་དབྱིག་གཉེན་གྱིས་མཛད་པར་གྲགས་པར་ཆོས་ཉིད་ནི་འདིར་དེ་བཞིན་ཉིད་དོ།། ཞེས་བཤད་ཅིང་འདིར་ཆོས་སྐུ་ཞེས་པ་ནི། སྐུ་གསུམ་གྱི་ཡ་གྱལ་གྱི་ཆོས་སྐུ་སྟེ་དེ་ཡང་ངོ་བོ་ཉིད་སྐུ་ཁོ་ནའོ།། ཡང་སྔར་དྲངས་པ་ལྟར་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་དོ་ཞེས་གསུངས་སོ་ཞེས་ཏེ། དེ་འདྲའི་ཡེ་ཤེས་ནི་ངོ་བོ་ཉིད་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ་སྟེ་དེ་ཁོ་ན་ཉིད་དོ་ཞེས་པའི་ལུང་གིས་དེ་བཞིན་དུ་བསྟན་ནོ།། རྒྱུད་བླར། ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་སྟོན་པའི་སྐབས་སུ། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ།། ཞེས་ཤིན་ཏུ་རྣམ་དག་གི་ཆོས་དབྱིངས་དངོས་སུ་གསུངས་ནས་ཤིན་ཏུ་རྣམ་དག་གི་ཆོས་དབྱིངས་ཡིན་པ་དེ། དེའི་མཚན་ཉིད་ལྔའི་གཅིག་དུ་གསུངས་སོ། འཕགས་པ་གྲོལ་སྡེའི་ཀྱང༌། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཡིན་པ་ལ་ཆོས་ཀྱི་སྐུ་འོ་ཞེས་ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ། ངོ་བོ་ཉིད་སྐུ་དེ་སངས་རྒྱས་སའི་འདུས་བྱས་སུ་གྱུར་བའི་ཟག་མེད་ཀྱི་ཆོས་སྡེ་ཉེར་གཅིག་གི་ངོ་བོ་ཉིད་དམ་ཆོས་ཉིད་ཀྱི་སྐུ་ཡིན་ཞེས་པའི་དོན་ཏོ།། འདིར་ནི་འགྲེལ་ཚིག་འདིའི་སྔ་ཕྱིའི་འབྲེལ་བསྒྲིག་མ་ཤེས་པར་ཕར་ཕྱིན་༼ལ་༽མཁས་པར་ཁས་འཆེ་བ་མང་པོས། ངོ་བོ་ཉིད་སྐུ་ལ་འདུས་བྱས་མ་བྱས་གཉིས་ཡོད་པ་སོགས་ནོར་བ་ཇི་སྙེད་གཅིག་སྨྲ་བ་གྲགས་ཏེ། དེ་བཞིན་ཉིད་ཡིན་པའི་འདུས་བྱས་ག་ལ་སྲིད་དེ་རྒྱས་པར་ངག་ལས་ཤེས་པར་བྱའོ།། ཡང་ངོ་བོ་ཉིད་སྐུ་དེ་ཆོས་ཉིད་མིན་པར་མེད་དགག་ཡིན་ན་སངས་རྒྱས་སའི་ཟག་མེད་ཀྱི་ཡེ་ཤེས་འདུས་བྱས་དེ་རྣམས་ཀྱི་ཆོས་ཉིད་ཞིག་ཡོད་དམ་མེད། གལ་ཏེ་ཡོད་ན་ངོ་བོ་ཉིད་ཀྱི་སྐུ་དེ་དེ་ཉིད་རྣམས་ཀྱི་ཆོས་ཉིད་ཡིན་དགོས་ཏེ། དེ་ལས་གཞན་དེའི་ཆོས་ཉིད་ཡིན་པ་གཏན་ནས་མེད་པའི་ཕྱིར་རོ།། ཡོད་དོ་ཞེ་ན་དེ་གང་ཡིན་སྨྲོས་ཤིག བརྟགས་པ་གཉིས་པ་ལྟར་འདོད་ན་དེ་འདྲའི་ཡེ་ཤེས་དེ་རྣམས་ཆོས་ཅན་ཁྱད་པར་ཅན་དུ་བཤད་པ་མི་འཐད་པར་འགྱུར་དེ་ཆོས་ཉིད་མེད་པའི་ཕྱིར། ཇི་སྐད་དུ་མདོ་རྒྱན་སོགས་སུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ།། ཞེས་ཏེ། སེངྒེ་བཟང་བོས་ཀྱང་དེ་དྲངས་ནས་ཆོས་ཉིད་དང་བྲལ་བའི་ཆོས་ཅན་མི་སྲིད་པར་བཤད་ཅིང༌། མདོ་རྒྱུད་བསྟན་བཅོས་དྲི་མེད་ཀུན་ལས་དེ་སྐད་གསུངས་ཏེ་གྲགས་ཆེ་བས་མ་བཀོད་དོ།། གལ་ཏེ་དེ་འདྲའི་ཡེ་ཤེས་དེ་རྣམས་ཀྱི་ཆོས་ཉིད་ཡོད་མོད། ངོ་བོ་ཉིད་སྐུ་དེར་མི་འཐད་དེ་མེད་དགག་ཙམ་མོ་ཞེ་ན། འོ་ན་མཚན་ཉིད་ཐེག་པའི་མདོ་དུ་མ་དང་མདོ་རྒྱན་རྒྱུད་བླ་སོགས་བྱམས་པའི་ཆོས་སྡེ་མང་བོ་དང༌། འཕགས་པ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་བསྟན་བཅོས་མང་བོར་སངས་རྒྱས་ཀྱི་སྐུའི་དབྱེ་བསྡུ་ལ་ཆོས་ལོངས་སྤྲུལ་གསུམ་མམ། ངོ་བོ་ཉིད་རང་བཞིན་པའི་སྐུ་དང༌། ལོངས་སྤྲོུལ་གཉིས་ཏེ་གསུམ་ཁོ་ནར་མཛད་པ་ནོར་བར་འགྱུར་ཏེ། ཆོས་ཉིད་མ་ཡིན་པར་མེད་དགག་ཡིན་པའི་ངོ་བོ་ཉིད་སྐུ་དང་མེད་དགག་མ་ཡིན་ཅིང་ངོ་བོ་ཉིད་སྐུའང་མ་ཡིན་པའི་ཆོས་ཉིད་ཀྱི་སྐུ་ཞེས་པའི་འདུས་མ་བྱས་ཀྱི་སྐུ་གཉིས་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་ཁྱེད་རང་རྣམས་ཀྱིས་ཚད་མའི་སྐྱེས་བུར་འཛིན་པའི་སློབ་དཔོན་སེངྒེ་བཟང་པོས་ངོ་བོ་ཉིད་སྐུ་ཆོས་ལོངས་སྤྲུལ་བའི་སྐུ་དང་བཞིར་གྲངས་ངེས་མཛད་པའང་མི་འཐད་པར་འགྱུར། སངས་རྒྱས་ཀྱི་སྐུ་ལ་ངོ་བོ་ཉིད་སྐུ་ལས་མ་གཏོགས་པའི་ཆོས་ཉིད་ཀྱི་སྐུ་ཡང་ཡོད་པའི་ཕྱིར་རོ།། ཞེས་པའི་ཐལ་བ་རྣམས་དོན་དང་མཐུན་པའི་ཕྱིར་ལན་གྱིས་བཟློག་པར་ནུས་རེ་སྐན། གལ་ཏེ་ངོ་བོ་ཉིད་སྐུ་ལ་མེད་དགག་ཡིན་པ་དང་མ་ཡིན་པ་གཉིས་སུ་འབྱེད་པས་གྲངས་ངེས་མི་འཇོག་གོ་ཞེ་ན། དྲི་མ་མེད་པའི་མདོ་རྒྱུད་བསྟན་བཅོས་གང་ལའང་དེ་འདྲའི་རྣམ་དབྱེ་བཤད་པ་མེད་ངེས་པའི་ཕྱིར། དེ་ལྟའི་རྣམ་དབྱེ་འདི་ནི་ཁྱེད་ཉིད་ཀྱི་ངན་རྟོག་གིས་སྦྱར་བར་ཟད་དེ། དཔལ་ཆོས་ཀྱི་གྲགས་པས། རྣལ་མ་འདི་ལ་རྣམ་བུ་ཞེས། །སྒྲ་འདི་དག་ཀྱང་རང་གིས་བྱས།། ཞེས་མུ་སྟེགས་རིག་པ་ཅན་བཀག་པ་ལྟར་རོ།། དེས་ན་སངས་རྒྱས་ཀྱི་དོན་དམ་ངོ་བོ་ཉིད་སྐུ་དེ་སྔར་བཤད་ལྟར་གྱི་མེད་དགག་ཡིན་གྱི། ཆོས་ཉིད་མིན་པས་སྔོན་སོ་སྐྱེའི་དུས་ན་མེད་ཅིང་དེས་ན་སེམས་ཅན་ལ་བདེ་གཤེགས་སྙིང་བོ་ཡང་མེད་དོ་ཞེས་སྨྲ་བའི་སྐྱེས་བུ་དེས་ནི། སེམས་ཅན་རྣམས་བདེ་གཤེགས་སྙིང་བོ་ཅན་ཡིན་པ་སེལ་བའི་ཆེད་དུ་ངོ་བོ་ཉིད་སྐུ་དེ་ཆོས་ཉིད་དུ་འདོད་པའི་དྲི་མ་སེམས་ལ་མེད་པར་བྱས་ནས། ཆོས་ཉིད་མེད་པའི་ཆོས་ཅན་མི་སྲིད་པས་སངས་རྒྱས་སའི་ཟག་མེད་ཀྱི་ཡེ་ཤེས་འདུས་བྱས་རྣམས་ཀྱི་ཆོས་ཉིད་ཞིག་ཡོད་པར་ཁས་བླངས་པས། ངོ་བོ་ཉིད་སྐུ་ཆོས་ཉིད་དུ་མི་འདོད་པའི་དྲི་མ་སེམས་ལ་འཇོག་པར་བྱེད་པའི་ཕྱིར། གླང་བོ་ཆེའི་ཁྲུས་དང་འདྲ་བར་འགྱུར་རོ།། གཞན་ཡང་དེ་སྐད་སྨྲ་བའི་སྐྱེས་བུ་དེ་རི་བོང་བཞིན་སྐྲས་པའི་གནས་མ་ཡིན་པ་རང་ཉིད་སྐྲག་སྟེ་གྲགས་པ་སྐམ་པོའི་ཚིག་ཙམ་གྱི་རྗེས་སུ་འབྲང་བའི་སྒྲིམ་པོར་རློམ་པའི་གླེན་པ་མང་བོ་བསླུས་པར་གྱུར་ཏ་རེ། ཡང་ངོ་བོ་ཉིད་སྐུ་དེ་འདུས་མ་བྱས་དང་དག་པ་གཉིས་ལྡན་ཀྱི་ཆོས་ཉིད་དུ་འདོད་བཞིན་དུ། སྔར་མེད་པར་ཕྱིས་སངས་རྒྱས་ཐོབ་པའི་ཚེ་བྱུང་བར་འདོད་ན་ནི། མི་རྟག་པ་དང་འདུས་བྱས་སུ་ཐལ་བའི་སྐྱོན་བཟློག་པར་དཀའོ།། འོ་ན་འདུས་མ་བྱས་ནམ་མཁའ་ཡང་མི་རྟག་པ་དང་འདུས་བྱས་སུ་ཐལ་ཏེ། དེ་ལ་སྤྲིན་སྔར་མེད་པ་ཕྱིས་བྱུང་བའི་ཕྱིར་ཟེར་བ་གྲགས་ཏེ། འདུས་མ་བྱས་ནམ་མཁའ་ཉིད་སྔར་མེད་ཕྱིས་འབྱུང་བའི་ཕྱིར་ན། དེར་ཐལ་ཟེར་ན་ཁྱབ་པ་ཁས་བླངས་ཡང་རྟགས་མ་གྲུབ་པས་དཔའ་བོ་ལག་རྡུམ་ལྟ་བུའི་ཐལ་འགྱུར་རོ།། དེས་ན་དེ་ལྟ་བུའི་ཁྱབ་པ་ཁས་ནི་མི་བླངས་ཏེ། དོན་ཤིན་ཏུ་མི་མཚུངས་པའི་ཕྱིར། ཚད་མས་ནི་མ་གྲུབ་སྟེ་ཁྱབ་པ་དེ་མེད་པས་སོ།། དེས་ན་ཁྱབ་པ་དོན་ཤིན་ཏུ་མི་མཚུངས་ཤིང་ཐལ་ཆོས་སོར་བཞག་ནས་རྟགས་ལ་ལན་རུལ་བཏབ་པའི་ཕྱིར་ཁས་ལེན་ལ་མི་འགྲོ་བར་སྙམ་པས་ཀྱང་ཤེས་པར་ཟད་དོ།། དེས་ན་མཁས་པའི་ཚོགས་སུ་དེ་འདྲའི་ཐལ་འགྱུར་འཕེན་པར་མི་འོས་པ་ལྟ་ཅི་སྨོས་ཏེ། བླུན་པོའི་ནང་དུ་འཕེན་ན་མི་ཉུང་བ་དང་སྐད་ཆུང་ངུ་མཛོད་ཅིག གལ་ཏེ་སྔར་མེད་ཕྱིས་འབྱུང་བ་མིན་ཏེ། ཕྱིས་སྒྲིབ་པ་ཐམས་ཅད་བྲལ་བས་མངོན་དུ་གྱུར་བ་ཙམ་མོ་ཞེ་ན། གསར་དུ་བྱུང་བ་མ་ཡིན་པར་སྒྲིབ་གཡོགས་དང་བྲལ་བས་མངོན་དུ་གྱུར་བ་ཙམ་ཡིན་ན་སྔོན་ནས་མེད་པ་འགལ། ཡོལ་བ་སོགས་ཀྱིས་སྒྲིབ་གཡོགས་བསལ་བས་སྔར་ཡོད་ཀྱི་བུམ་སོགས་མཐོང་བ་བཞིན་ནོ།། གལ་ཏེ་ཕྱིས་སངས་རྒྱས་ཐོབ་པའི་སྐྱེས་བུ་རྣམས་སོ་སྐྱེའི་ཀྱི་དུས་ཉིད་ནས་རང་གི་སེམས་རྒྱུད་ལ་ངོ་བོ་ཉིད་ཀྱི་སྐུ་ཡོད་ན་དེའི་དུས་སུ་ཡང་ཅིའི་ཕྱིར་དེ་རྣམས་ཀྱིས་མངོན་སུམ་གྱིས་མི་མཐོང་ཞེ་ན། བདག་གཉིས་སུ་འཛིན་པ་ལ་སོགས་པའི་མ་རིག་པའི་ལིང་ཐོག་གིས་བསྒྲིབས་པས་དེ་རྣམས་ཀྱིས་མངོན་སུམ་ཀྱིས་མི་མཐོང་བའི་སྟེ། མདོ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག། ཞེས་དང༌། ཡོད་པ་ཀུན་ནས་མི་མཐོང་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ།། ཞེས་དང་རྒྱུད་བླར། རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད།། ཅེས་དང་དཔལ་འཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་བོ་འདི་ནི་འཇིགས་ཚོགས་ལ་བལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་ཏེ། དང་བོ་སོ་སོ་སྐྱེ་པོ་དང༌། གཉིས་པ་ཉན་རང་དང༌། གསུམ་པ་ཐེག་པ་ལ་གསར་ཞུགས་ཀྱི་བྱང་སེམས་སུ་ཐོགས་མེད་ཀྱིས་བཀྲལ་ལོ།། འདིར་དད་པས་རྟོགས་བྱ་ཡིན་ཞེས་གསུངས་པ་འདི་འདྲའི་རིགས་ཅན་རྣམས་ཀྱི་དོན་ཡང་བདག་ཅག་རྣམས་ཀྱི་ད་ལྟ་མངོན་སུམ་དུ་མ་མཐོང་ཡང༌། བརྫུན་གྱི་རྒྱུར་སྤངས་པས་བདེན་པ་ཁོ་ན་གསུངས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ་བཞིན་མངོན་སུམ་གྱིས་གཟིགས་ནས་གསུངས་པ་ཡིན་སྙམ་དུ། སངས་རྒྱས་ལ་དད་ཅིང་ཡིད་ཆེས་པའི་སྒོ་ནས་དེ་ཡོད་པ་ལ་ཡོད་པར་རྟོགས་པར་བྱ་བ་ཡིན་གྱི། སོ་སྐྱེའི་མངོན་སུམ་དུ་རྟོགས་བྱ་མིན་ཞེས་པའི་དོན་ཚང་བ་སྟོང་བས་འབྲིད་པ་ལྟ་བུའི་གསུང་དུ་གོ་བར་མི་བྱ་སྟེ། དེ་ལྟར་བཟུང་ན་རྣམ་པར་འཁྱམས་པར་འགྱུར་བའི་ཕྱིར་རོ།། དེས་ན་ཡོད་བཞིན་དུ་སོ་སྐྱེའི་མངོན་སུམ་གྱིས་མ་མཐོང་བ་ཡིན་གྱི། དད་པས་རྟོགས་ཞེས་པས་ན་དེ་ནས་སོ་སྐྱེའི་མངོན་སུམ་གྱིས་མ་མཐོང་བར་སྟོན་པ་མ་ཡིན་ཏེ། ལྷའི་མིག་མ་ཐོབ་པའི་མིའི་མིག་ཐ་མལ་བ་འདིས་བར་སྲིད་ཀྱི་ལུས་ཡོད་བཞིན་དུ་མ་མཐོང་བ་བཞིན་དང༌། མིག་མི་གསལ་བས་དུ་བ་པྲ་མོ་ཡོད་ཀྱང་མི་མཐོང་བ་བཞིན་ཏེ། དཔལ་ཆོས་ཀྱི་གྲགས་པས། དབང་བོ་མི་གསལ་ཕྱིར་མ་མཐོང༌།། དཔེར་ན་མིག་མི་གསལ་བ་ཡིས། དུ་བ་ཆུང་ངུ་མི་མཐོང་བཞིན། ཞེས་གསུངས་པ་ལྟར་རོ།། གལ་ཏེ་སོ་སྐྱེའི་རྒྱུད་ལ་ངོ་བོ་ཉིད་ཀྱི་སྐུ་ཡོད་ན་སོ་སྐྱེ་རྣམས་ཀྱིས་སངས་རྒྱས་ཐོབ་ཟིན་པར་འགྱུར་རོ་ཞེ་ན། དེའི་རྒྱུད་ལ་དེ་ཡོད་ཀྱང་གློ་བུར་དྲི་མ་མ་སྤངས་པས་མངོན་དུ་མ་འགྱུར་ཞིང༌། མ་ཐོབ་པའི་ཕྱིར་སྐྱོན་དེར་མི་འགྱུར་རོ།། གལ་ཏེ་དེའི་རྒྱུད་ལ་ཡོད་ན་དེས་མ་ཐོབ་པ་འགལ་ལོ་ཞེ་ན། ཞིབ་ཏུ་ལེགས་པར་ཕྱེ་ནས་བསྟན་པར་བྱ་སྟེ། སྐྱེས་བུའི་སེམས་རྒྱུད་ཀྱིས་བསྡུས་ནས་དེ་ལ་ཡོད་པའི་འདུས་བྱས་ཀྱི་དངོས་པོ་ཞིག་ཡིན་ན་དེས་མ་ཐོབ་པར་འགལ་བ་བདེན་མོད། འདིར་སེམས་ཅན་གྱི་རྒྱུད་ལ་ངོ་བོ་ཉིད་སྐུ་ཡོད་ཞེས་པའི་དོན་དེ་དེའི་སེམས་རྒྱུད་ཀྱིས་བསྡུས་པའམ། དེའི་སེམས་རྒྱུད་ལ་ཡོད་པའི་རྫས་ཀྱི་དངོས་པོ་ཞིག་ཏུ་ཁས་བླངས་ན་སྐྱོན་དེར་འགྱུར་བ་ལས་དེ་ལྟར་གཏན་ནས་ཁས་མི་ལེན་ནོ།། འོ་ན་ཅི་ཞེ་ན་ངོ་བོ་ཉིད་ཀྱི་སྐུ་དེ་སྔར་ལུང་རིགས་དུ་མས་སྒྲུབ་པ་ལྟར་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ཞིང༌། སྔར་རྒྱས་པར་བཤད་པ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དམ་དེ་བཞིན་ཉིད་ནི་གཅིག་ཁོ་ན་ཡིན་པས་ངོ་བོ་ཉིད་སྐུ་ནི་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པས། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དང་གཅིག་ཡིན་ལ་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་སེམས་ཅན་གྱི་སེམས་རྒྱུད་ལ་ཡོད་པ་ལ་བསྙོན་དུ་མེད་པས། སེམས་ཅན་གྱི་སེམས་རྒྱུད་ལ་ངོ་བོ་ཉིད་སྐུ་ཡོད་པར་འདོད་པ་ཡིན་ནོ།། དེ་དེའི་རྒྱུད་ལ་ཡོད་ཚུལ་ཡང་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་དེ་སེམས་ཅན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དམ་དེ་བཞིན་ཉིད་དུ་ཡོད་པའི་ཆ་ནས་སེམས་ཅན་གྱི་རྒྱུད་ལ་ངོ་བོ་ཉིད་སྐུ་ཡོད་པ་ཡིན་གྱི། དེའི་རྒྱུད་ཀྱིས་བསྡུས་པའམ་དེའི་རྒྱུད་ལ་ཡོད་པའི་ལས་ཉོན་ལྟ་བུའི་དངོས་པོ་མ་ཡིན་ཏེ། དེས་ན་ངོ་བོ་ཉིད་སྐུ་ཆོས་ཉིད་ཡིན་ཞིང་སྔར་བཤད་པ་ལྟར་ཆོས་ཅན་རེ་རེ་བའི་ཆོས་ཉིད་ཡང་ཆོས་དབྱིངས་ཀུན་འགྲོ་ཡིན་པས་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པ་སྟེ། འདུས་མ་བྱས་ནམ་མཁའ་གཟུགས་ཅན་ཀུན་ལ་ཁྱབ་བྱེད་དུ་ཡོད་པ་བཞིན་ནོ།། མདོ་རྒྱན་དུ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང༌།། ཞེས་སོགས་དང་རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་ཡི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་༼ས་༽དང༌། །བར་༼ཟངས་༽མ་མཆོག་༼གསེར་༽ལ་ནམ་མཁའ་བཞིན།། ཞེས་སོགས་འགྲེལ་བར་ཡང༌། སོ་སོའི་སྐྱེས་བོ་དང་འཕགས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། ཉེས་པ་དང་ཡོན་ཏན་དང་ཡོན་ཏན་རྣམ་པར་དག་པར་མཐར་ཐུག་པའི་གནས་སྐབས་གསུམ་ཀར་ཡང་རྗེས་སུ་སོང་བ། རྗེས་སུ་ཞུགས་པ་མཚུངས་པ། དུས་ཐམས་ཅད་དུ་ཁྱད་པར་མེད་པར་གྱུར་བ་སྟེ། གོ་རིམ་ཇི་ལྟ་བ་བཞིན་ས་དང་ཟངས་དང་གསེར་གྱི་སྣོད་ལ་ནམ་མཁའ་བཞིན་ནོ་ཞེས་དང༌། ཤ་རིའི་བུ། སེམས་ཅན་གྱི་ཁམས་ཀྱང་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུའོ།། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱི་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ།། ཞེས་འཕེལ་བ་དང་འགྲིབ་པ་མེད་པའི་མདོའི་ལུང་དྲངས་སོ།། དེ་ལྟར་ན་ས་ཟངས་གསེར་གྱི་སྣོད་གསུམ་བཟང་ངན་བར་མ་གསུམ་གྱི་ཁྱད་ཡོད་ཀྱང༌། དེ་གསུམ་གྱི་ནམ་མཁའ་ལ་བཟང་ངན་མེད་པ་ལྟར་སོ་སྐྱེ་དང་འཕགས་པ་སློབ་པ་དང་སངས་རྒྱས་རྣམས་ལ་བཟང་ངན་བར་མ་གསུམ་གྱི་ཁྱད་ཡོད་ཀྱང༌། དེ་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་ལ་བཟང་ངན་བར་མ་གསུམ་གྱི་ཁྱད་པར་མེད་པར་ཆེས་ཤིན་ཏུ་གསལ་བར་བསྟན་ཏོ།། ཀྱོག་བཤད་ལ་མཐའ་མེད་དེ་རྐུན་མ་ལའང་ཤགས་ཡོད་དེ་ཟེར་བ་བཞིན། དེ་ལྟར་ན་དེའི་ཆོས་ཉིད་དུ་ཡོད་ཙམ་གྱིས་དེ་ལ་ཡོད་པར་མི་འགྲུབ་ན་ནི་ཆོས་ཅན་རྣམས་ཀྱི་ཆོས་ཉིད་དེ་ཡང་ཆོས་རྣམས་ལ་ཚུལ་ཇི་ལྟར་ཡོད་མིག་ཚུམས་ལ་སོམས་ཤིག དེ་ལྟར་ཁ་ཅིག་གསུང་རབ་ཀྱི་ངེས་དོན་གཏན་ལ་འབེབས་པའི་ཚུལ་འདི་མི་རྟོགས་པར་སེམས་ཅན་ལ་ཆོས་ཉིད་ངོ་བོ་ཉིད་སྐུ་ཡོད་པ་དང༌། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་འདོད་པའི་ལུགས་ཀྱི་ཕྱོགས་སྔ་ཤེས་པའི་ནམ་མ་ལངས་པར་དགག་པ་ལྟར་སྣང་གི་ཉི་མ་ཤར་བར་བྱས་ནས་ཁྱི་སྐད་ལ་རྒྱུག་པ་དང༌། རི་བོང་ཅལ་དང་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་འཛིན་པ་དུ་མ་ཞིག་གྲག་གོ། དེ་ལྟར་ན་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། དོན་དམ་ཆོས་སྐུ་ཡིན་པའི་ཕྱིར་ཞེས་པའི་དོན་འདི། མདོ་རྒྱུད། རྒྱུད་བླ་རྩ་འགྲེལ་སོགས་དུ་མ་ལས་ལེགས་པར་གཏན་ལ་ཕབ་ནས་གསུངས་ཤིང༌། རྒྱ་བོད་ཀྱི་མཁས་པ་དུ་མས་ཀྱང་བཞེད་དོ།། དོན་དམ་ཆོས་སྐུ་དེ་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ལ་སྔར་བཤད་ཟིན་པ་ལྟར་ཆོས་ཅན་རྣམས་ཀྱི་དེ་ཁོ་ན་ཉིད་དམ་ཆོས་ཉིད་གཅིག་ཡིན་པས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་འཐད་དེ། དེ་ལྟ་མ་ཡིན་ན། ཆོས་ཅན་རྣམས་སོ་སོ་བཞིན་དུ་དེ་རྣམས་ཀྱི་ཆོས་ཉིད་ཀྱང་སོ་སོ་ཁོ་ནར་འགྱུར་བའི་སྐྱོན་ཡོད་པ་ལས་སྔར་ལུང་རིགས་དུ་མས་གཅིག་ཏུ་བསྒྲུབས་ཟིན་ཅིང༌། མཁས་པ་ཕལ་ཁྱེར་ཡང་གཅིག་ཏུ་བཞེད་པའི་ཕྱིར། བརྒྱད་སྟོང་པ་ལ་སོགས་པ་ཡུམ་གྱི་མདོར། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བའོ།། ཞེས་པའི་དོན་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པའི་སེམས་འདི་རྣམས་རང་བཞིན་གྱིས་འོད་གསལ་བ་སྟེ། དོན་དམ་པར་སྟོང་ཞིང་བདག་མེད་པའི་ཕྱིར་ཞེས་འོད་གསལ་བའི་དོན་བདེན་པའི་རང་བཞིན་མེད་པ་ཉིད་ལ་འཆད་པ་རྣམས་ནི་དགོངས་དོན་མ་ཡིན་ཏེ། མདོ་ཉིད་དུ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། ཞེས་གསུངས་ཀྱི་སེམས་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་མ་གསུངས་པའི་ཕྱིར། གསུངས་སུ་བཅུག་ནའང་རང་བཞིན་གྱིས་འོད་གསལ་བའི་སེམས་ཞེས་པ་སྔར་རྒྱས་པར་བཤད་ཟིན་པ་ལྟར་ཆོས་ཉིད་ཀྱི་སེམས་དང་རང་བྱུང་ཡེ་ཤེས་ཞེས་མདོ་ལས་གསུངས་པ་དེ་ཡིན་ཏེ། རྗེ་བཙུན་སྤྱན་རས་གཟིགས་དང༌། གསང་བདག་ཕྱག་ན་རྡོ་རྗེས་སྔར་གྱི་ཡུམ་གྱི་མདོའི་ལུང་དེ་འདི་ལྟར་དྲངས་ཏེ། སེམས་གང་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་པའོ།། ཞེས་སེམས་ཀྱི་རང་བཞིན་འོད་གསལ་བར་གསུངས་སོ་ཞེས་སོ།། སེམས་རྣམ་ཤེས་འཁོར་དང་བཅས་པ་འདི་རྣམས་ནི་སྐབས་འདིར་གསུངས་པའི་སེམས་ཀྱི་རང་བཞིན་དུ་མི་རུང་སྟེ་སེམས་ཀྱི་གནས་ལུགས་མ་ཡིན་པའི་ཕྱིར། གནས་ལུགས་མངོན་སུམ་དུ་མཐོང་བའང་མ་ཡིན་པའི་ཕྱིར་ཏེ། ཡོད་པའི་ཆོས་ཉིད་མ་མཐོང་བར་མེད་པའི་གཟུང་འཛིན་སོགས་སུ་འཁྲུལ་བ་ཡིན་པའི་ཕྱིར་དུང་དཀར་སེར་འཛིན་སོགས་བཞིན། འོད་གསལ་བའི་སེམས་ཡང་མ་ཡིན་ཏེ་རྨོངས་ཤིང་མི་གསལ་བའི་མ་རིག་པ་ཡིན་པའི་ཕྱིར་ཏེ། མུན་པ་བཞིན། སཾ་བྷུ་ཊིར། རྣམ་རྟོག་མ་རིག་ཆེན་པོ་སྟེ།། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་དང་དབུས་མཐའ་རྣམ་འབྱེད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ།། ཞེས་དང་བདེན་གཉིས་སུ། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན།། ཞེས་སོ།། སྔར་རྒྱུད་བླ་རྣམ་འགྲེལ་གྱི་ལུང་དྲངས་པ་སོགས་དྲི་མ་མེད་པའི་ལུང་ཤིན་ཏུ་མང་ངོ༌།། སེམས་སྟོང་ཞིང་བདག་མེད་པ་ཙམ་སེམས་རང་བཞིན་འོད་གསལ་གྱི་དོན་དུ་མི་འཐད་དེ། མེད་དགག་ཡིན་པས་གསལ་བའི་དོན་ཅི་ཡང་མ་ཚང་པའི་ཕྱིར། དེ་ལྟར་ན་འདིར་བཤད་ཀྱི་རང་བཞིན་ནི་སྤྲིན་དང་རྡུལ་དང་ཁུག་རྣ་སོགས་མེད་པའི་སྟོན་དུས་ཀྱི་ནམ་མཁའ་དྭངས་པ་བཞིན་དང༌། ཁ་ཕྱིར་བལྟས་ཀྱི་རྣམ་ཤེས་གཟུང་འཛིན་སོགས་སྣ་ཚོགས་སུ་སྣང་བ་འདི་རྣམས་རྡུལ་དང་སྤྲིན་ལ་སོགས་པ་ལྟར། ཐོག་མ་མེད་པ་ནས་འཁྲུལ་བར་གྱུར་པའི་གློ་བུར་བ་ཡིན་ནོ་ཞེས་དྲི་མ་མེད་པའི་གསུང་རབ་དུ་མ་ལས་གསུངས་པའང་ཡིད་ཆེས་པར་བྱའོ།། ཡང་ཁ་ཅིག་ན་རེ་སངས་རྒྱས་སའི་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་ཐམས་ཅད་བདེ་གཤེགས་སྙིང་པོ་ཡིན་པར་ཆོས་རྗེས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་བཞེད་ཟེར་བ་གྲགས་ཏེ། དེའི་གསུང་རབ་གང་ན་ཡང་དེ་ལྟར་བཤད་པ་མ་མཐོང་ཞིང་གལ་ཏེ་དེ་ལྟར་བཞེད་ན། བདེ་གཤེགས་སྙིང་པོའི་ཚུལ་༼ལ་༽དགག་གཞག་སྤང་གསུམ་རྒྱས་པར་བསྟན་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན་དུ་འོང་བར་རིགས་པ་ལ་དེར་ཟུར་ཙམ་ཡང་མ་གསུངས་པར་སྣང་པའི་ཕྱིར་རོ།། བསྟན་བཅོས་དེར་ནི་ཆོས་རྗེ་ཇོ་ནང་བ་ཆེན་པོ་དོན་དམ་ཆོས་སྐུ་ཁོ་ན་བདེ་གཤེགས་སྙིང་པོར་བཞེད་ཅིང་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པར་བཞེད་པ་ལ་དགག་པ་མཛད་སྣང་གི། དོན་དམ་ཆོས་སྐུ་ལས་གཞན་བདེ་གཤེགས་སྙིང་པོ་མཚན་ཉིད་པར་བཤད་པ་མེད་དོ།། རྒྱུ་མཚན་དེའི་ཕྱིར་དོན་དམ་ཆོས་སྐུ་དེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ཡིན་ཅིང་དེ་ཉིད་བདེ་གཤེགས་སྙིང་པོ་ཡིན་པས་དྲི་བཅས་ཀྱི་སྐབས་ན་མེད་ཅིང་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པར་ཆོས་རྗེ་བུ་རིན་བརྗོད་དོ།། མདོར་བསྡུས་པ་ཙམ་མོ།། ཡང་ཁ་ཅིག་བདེ་གཤེགས་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་འཐད་ཅིང༌། དོན་དམ་ཆོས་སྐུ་དང་ཆོས་རྣམས་ཀྱི་དེ་བཞིན་ཉིད་དུ་རང་བཞིན་དུ་གནས་པའི་རིགས་ཆོས་ཉིད་སོགས་འདུས་མ་བྱས་ཁོ་ན་བདེ་གཤེགས་སྙིང་པོ་ཡིན་པའང་མི་འཐད་དེ། ངེས་དོན་གྱི་གསུང་རབ་དུ་མར་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་ཆེས་གསལ་བར་གཏན་ལ་ཕབ་པའི་ཕྱིར་དང༌། རྒྱུད་བླ་རྩ་འགྲེལ་དུ་སེམས་ཀྱི་རྣམ་པར་བྱང་བའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ། སངས་རྒྱས་ཀྱི་གཟུགས་ལ་སོགས་པ་རྣམ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ།། རང་བཞིན་རྣམ་པ་གསུམ་གང་ཞེ་ན། འདིའི་རང་བཞིན་ཆོས་སྐུ་དང༌། དེ་བཞིན་ཉིད་དང་རིགས་ཀྱང་སྟེ་ཞེས་སོགས་མདོར་བསྟན་ནས་རིགས་ཞེས་པའི་རྒྱས་བཤད་དུ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟཻ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ།། ཞེས་རྒྱས་པའི་རིགས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་ཤིང་གཞན་ཡང་འདུས་བྱས་ཡིན་པའི་བདེ་གཤེགས་སྙིང་པོར་གསུངས་པའི་ཚུལ་མང་ངོ་ཞེས་ཟེར་བ་གྲག་གོ། སྐབས་དེར་ནི་རང་བཞིན་གྱིས་གནས་པའི་རིགས་དེ་ཉིད་སྐབས་སུ་བབ་པའི་བསྟན་བྱའི་གཙོ་བོ་ཡིན་ཏེ། རྩ་འགྲེལ་དུ། མདོར་བསྡུས་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས་ནས་མིང་གི་རྣམ་གྲངས་བཞིར་རིག་པར་བྱའོ།། དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌།། ཞེས་སོགས་ནས་དེ་རིགས་རང་བཞིན་གྱི་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གི་དབང་དུ་མཛད་ནས་བརྒྱུད་ནས་འོངས་པ་ཐོག་མ་མེད་པའི་ཆོས་ཉིད་ཀྱིས་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ་ཞེས་གསུངས་སོ།། ཞེས་སོགས་གོང་འོག་ཐམས་ཅད་དུ་བདེ་གཤེགས་སྙིང་པོ་གསུངས་པའི་རིགས་ནི་རང་བཞིན་གྱི་གནས་པའི་རིགས་ཁོ་ན་ལ་གསུངས་ཤིང༌། སྐབས་འདིར་ནི་ཐོག་མར་འབྲས་བུ་སྐུ་གསུམ་གྱི་རྒྱུ་བསྟན་ནས་སྐུ་གསུམ་རྒྱས་པར་བསྟན་པར་དགོངས་ཏེ་རྒྱས་པའི་རིགས་ཞར་ལ་བསྟན་པ་ཙམ་དུ་ཟད་དོ།། དེ་ལྟར་མ་ཡིན་པར་སྒྲ་ཇི་བཞིན་པར་འདོད་ན། གོང་དེ་མ་ཐག་ཏུ་རང་བཞིན་རྣམ་པ་གསུམ་གང་ཞེ་ན། འདིའི་རང་བཞིན་ཆོས་སྐུ་དང་ཞེས་པའི་རྒྱས་བཤད་དུ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ།། ཞེས་བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཡང་བདེ་གཤེགས་སྙིང་པོའི་མིང་གི་རྣམ་གྲངས་ཀྱི་དོན་དམ་ཆོས་སྐུ་ཡིན་པར་འདོད་དགོས་ཏེ་རྒྱུ་མཚན་ཤིན་ཏུ་མཚུངས་པའི་ཕྱིར་རོ།། འདོད་དོ་ཞེ་ན་འདོད་ལ་རག་སྟེ་གནོད་བྱེད་ནི་ཤིན་ཏུ་མང་ངོ༌།། དེས་ན་སྐབས་དེར་ཡང་བསྟན་པའི་ཆོས་ཀྱི་ཚོགས་རྣམས་དོན་དམ་ཆོས་སྐུ་འཐོབ་བྱེད་ཀྱི་ཆོས་ཀྱི་ཚོགས་ཡིན་པས་ཆོས་སྐུ་ཞེས་ཞར་ལ་བསྟན་པ་ལྟར། རྒྱས་པའི་རིགས་ཡང་གཟུགས་སྐུའི་རྒྱུར་འགྱུར་བའི་རིགས་ཡིན་པས་སྐབས་དེར་ཞར་ལ་བསྟན་པ་ཙམ་དུ་ཤེས་པར་བྱའོ།། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་རྙེད་དེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་བོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད། ཞེས་སོགས་ནས་གཞིག་ཏུ་རུང་བ་མ་རྙེད་པའི་བར་དུ་རྒྱས་པར་གསུངས་ཤིང༌། གཞན་ཡང་སངས་རྒྱས་རྣམས་ཀྱིས་གང་མ་རྙེད་པའི་ཞེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏཻ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་བོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་རྣམས་ལ་ཡོད་དོ།། ཞེས་སོགས་ནས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམ་ཤིང་མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་བོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་སྟེ་གཞན་མ་ཡིན་ནོ།། མ་འོངས་པའི་དུས་༼སུ་༽ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དང་ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པས་སྲས་སམ་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་ལགས་སོ།། ཞེས་སོགས་དཔལ་འཕྲེང་གི་མདོ་དང་མྱང་འདས་ཆེན་པོ་ལ་སོགས་མདོ་དུ་མ་དང་རྒྱུད་བླ་སོགས་ངེས་དོན་༼གྱི་༽བསྟན་བཅོས་དུ་མར་དེ་བཞིན་གཤེགས་པའི་སྙིང་པོ་མཚན་ཉིད་པ་ནི་འདུས་མ་བྱས་ཁོ་ནར་གཏན་ལ་ཕབ་པས་དེ་༼ལ་༽ཡིད་ཆེས་པར་བྱའོ།། ཚུལ་འདི་རྣམས་རྒྱས་པར་གཞན་དུ་བསྟན་ཏོ།། དྲི་བཅས་དྲི་མེད་ཤིན་ཏུ་དྲི་མེད་གསུམ་གསལ་བར་བཤད་པ། ཡང་ཁ་ཅིག་ན་རེ། སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་དེའི་ངོ་བོ་དག་པ་གཉིས་ལྡན་ཡིན་ན་རིགས་པ་མཚུངས་པས༌། དག་པ་གསུམ་ལྡན་ལ་སོགས་པར་ཡང་ཐལ་བར་འགྱུར་རོ་ཞེས་ཟེར་བ་གྲག་གོ། ཁོ་བོས་སྔར་འདི་སྐད་དུ་སློབ་མ་རྣམས་ལ་བཤད་པ་ཡིན་ཏེ། རྒྱུད་བླར། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད།། སོགས་དེ་བཞིན་ཉིད་ལ་དྲི་བཅས་དྲི་མེད་ཤིན་ཏུ་དྲི་མེད་ཅེས་གནས་སྐབས་གསུམ་གསུངས་པའི་དགོངས་དོན་ནི། སོ་སོ་སྐྱེ་བོ་དང་ཉན་རང་དགྲ་བཅོམ་དང་བཅས་པའི་འཕགས་པ་སློབ་པ་དང༌། རྫོགས་པའི་སངས་རྒྱས་ཐོབ་པའི་གང་ཟག་གསུམ་གྱི་དབང་དུ་མཛད་པས་ཏེ། རྟེན་ནམ་རྒྱུད་དེ་དག་ལ་མ་དག་པ་དང་དག་པ་དང་ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་དུ་ཡོད་པས། དེ་རྣམས་ལ་ཁྱབ་བྱེད་དུ་ཡོད་པས་དེ་རྣམས་ཀྱི་དེ་བཞིན་ཉིད་ལ་ཡང་གནས་སྐབས་གསུམ་ཡོད་པ་ལྟ་བུར་གསུངས་པ་ཡིན་གྱི། དེ་བཞིན་ཉིད་ཁོ་རང་ཉིད་ཀྱི་ངོ་བོ་རང་ལ་གནས་སྐབས་གསུམ་ཡོད་པ་མིན་ཏེ། དེ་ཉིད་ཀྱི་ངོ་བོ་གདོད་ནས་གློ་བུར་དྲི་མ་ཐམས་ཅད་ཀྱིས་རྣམ་པར་དག་པའི་ཕྱིར་དེ་ལྟ་མ་ཡིན་ན་རང་བཞིན་རྣམ་དག་གི་ཆོས་དབྱིངས་སུ་འགལ་བས། ཆོས་དབྱིངས་དག་པ་གཅིག་ལྡན་དུ་ཡང་མི་འགྲུབ་པོ།། དེའི་ཕྱིར་ཆོས་དབྱིངས་དེ་བཞིན་ཉིད་དེ་རང་གི་ངོ་བོའི་དབང་དུ་བྱས་ཏེ། གློ་བུར་དྲི་མ་ཐམས་ཅད་ཀྱིས་གདོད་ནས་དག་པ་ལ་དག་པ་གཅིག་ལྡན་ཞེས་དང༌། རྟེན་ནམ་རྒྱུད་དབང་བཙན་པར་བྱས་ཏེ། སངས་རྒྱས་ཐོབ་པའི་ཚེ་གང་ཟག་དེའི་རྒྱུད་ལ་ཡང་དྲི་མ་ཐམས་ཅད་མེད་པས་དེའི་ཆོས་ཉིད་ལ་དག་པ་གཉིས་ལྡན་ཞེས་དོན་དེ་གཉིས་ལ། རིམ་པ་བཞིན་དག་པ་གཅིག་ལྡན་དང་གཉིས་ལྡན་གྱི་བརྡའ་ཆད་བོད་རྣམས་ཀྱིས་བྱས་པ་སྟེ། བརྡའ་ཆད་དེའི་དབང་དུ་བྱས་ན་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ཡང་རང་ཉིད་ཀྱི་ངོ་བོ་ཡང་དག་པ་གཉིས་ལྡན་དུ་བཞག་པར་བྱ་སྟེ། གདོད་ནས་རང་བཞིན་གྱིས་རང་གི་ངོ་བོ་དྲི་མ་རྣམས་ཀྱིས་དག་ཅིང༌། ཁོ་རང་གི་རང་གི་ངོ་བོ་ལ་རྒྱུད་ཀྱི་དབང་བཙན་དུ་བྱས་པའི་དྲི་མ་གང་གིས་ཀྱང༌། མ་གོས་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་ཞེས་རྒྱུ་མཚན་དེ་ལས་བོད་ཀྱི་སློབ་དཔོན་སྔ་མའི་བརྡའ་ཆད་དང་བསྟུན་ན། སེམས་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་དག་པ་གཉིས་ལྡན་དུ་ཡང་བཞག་པས་ཆོག་ཅེས་འདོད་པ་ཡིན་པས་བརྡའ་ཆད་དེའི་དབང་དུ་བྱས་ན། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་དག་པ་གསུམ་ལྡན་ལ་སོགས་པར་ཡང་བཞག་པས་ཆོག་སྟེ། དེའི་རང་གི་ངོ་བོ་འཇིག་རྟེན་གྱི་ཁམས་ན་གློ་བུར་དྲི་མ་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་དག་པའི་ཕྱིར། དེ་ལྟར་ན་སྔར་གྱི་བརྡའ་ཆད་དེ་དང་བསྟུན་ན། དག་རྒྱུའི་དྲི་མ་བརྗོད་དུ་མེད་པས་རྣམ་པར་་དག་པའི་ཕྱིར། དག་པ་བརྗོད་མེད་༼ཡེ་༽ལྡན་དུ་ཡང་བཞག་པས་ཆོག་གོ་ཞེས་ཁོ་བོས་འཆད་པ་མ་ཚོར་བ་ཟད་དོ།། དེས་ན་དག་པ་གཉིས་ལྡན་ཞེས་པ་དག་ཚུལ་གྱི་རིགས་བསྡུས་པའི་བརྡའ་ཆད་ཡིན་ལ། དག་རྒྱུ་དང་དག་ཚུལ་གྱིས་གསལ་བའི་དབྱེ་བས་ཕྱེ་ན་གྲངས་མེད་པར་ཡང་འགྱུར་པས། བོད་སྔ་མའི་བརྡའ་ཆད་དང་རིགས་བསྡུ་བ་དང་གསལ་པའི་དབྱེ་བ་མ་ཕྱེད་པར་སྙམ་དེ་སྐྱོན་མིན་སྐྱོན་དུ་བཟུང་སྟེ། བྱ་འུར་བ་གནམ་རྡིབ་ཀྱིས་དོགས་པའི་ཚུལ་སྟོན་པར་ཟད་དོ།། ཡང་ཁ་ཅིག་ན་རེ།། དབུ་མ་པ་ལ་རང་ལུགས་ཀྱིས་ཁས་ལེན་གཏན་ནས་མེད་དེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན།། ཞེས་སོགས་དང་དབུ་མ་ཚིག་གསལ་དུ་དབུ་མ་པ་ཡིན་ན་ནི། རང་གི་རྗེས་སུ་དཔག་པ་འདོད་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས་བཤད་པས་སོ་ཟེར་རོ།། དེའི་ལན་དུ་དོན་དམ་དུ་ཁས་ལེན་པ་མེད་པ་ལ་དགོངས་ནས་དམ་བཅའ་མེད་པར་གསུངས་པ་ཡིན་གྱི། ཀུན་རྫོབ་ཏུ་ཁས་ལེན་ཡོད་༼རྨ་བྱང་བརྩོན་སོགས་ཀྱི་༽ཞེས་གསུངས་སྔར་གྱི་ལུང་ང་ལ་དམ་བཅའ་མེད་པས་ན་ཞེས་སོགས་ཀྱི་འགྲེལ་བའི་སྐབས་སུ་དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་གཏན་དུ་ཉེ་བར་ཞི་བ། རང་བཞིན་གྱིས་དབེན་པ་དག་ལ་དམ་བཅའ་པ་ཡང་ག་ལ་ཡོད། དམ་བཅས་པའི་མཚན་ཉིད་ཀྱང་ག་ལ་ཡོད། དམ་བཅས་པའི་མཚན་ཉིད་ལས་བྱུང་བའི་སྐྱོན་ཡང་ག་ལ་ཡོད་ཅེས་པའི་དགོངས་དོན་དུ་བསམ་པར་སྣང་ངོ༌།། འོན་ཀྱང་སྔར་གྱི་ལུང་དེའི་ཐོག་མར་ཕྱོགས་སྔ་འདི་ལྟར་བཀོད་དེ། འགོག་པའི་འགོག་པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །དེ་ལྟ་ན་ཡང་ཁྱོད་དམ་བཅས། །མཚན་ཉིད་སྐྱོན་ཡོད་དེ་དེ་དཔྱད་ལ་མེད།། ཁྱོད་ཀྱི་བློ་རྣམ་པ་འདི་ཉིད་ཀྱིས་འགོག་པའི་འགོག་པ་ཡང་མི་འཐད་དེ། དེ་ལ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པའི་ཚིག་འགོག་པར་བྱེད་པ་གང་ཡིན་པ་དེ་ཡང་མི་འཐད་དོ་སྙམ་དུ་སེམས་ན་འདིར་སྨྲ་བར་བྱསྟེ། དེ་ཡང་བཟང་བོ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན་ཁྱོད་ལ་དམ་བཅའ་བའི་མཚན་ཉིད་ཀྱིས་འདི་འཐོབ་ཀྱིས། ངེད་ལ་ནི་མེད་པས་དེ་ལ་དེ་ལྟ་ཡིན་ན་ནི། འགོག་པའི་འགོག་པ་ཡང་འཐད་པ་མ་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་མི་རུང་ངོ༌།། ཞེས་པ་རྣམས་ཕྱོགས་སྔ་སྟེ། དེའི་དོན་མདོར་བསྡུས་ན། དབུ་མ་ལས་དངོས་པོ་ཐམས་ཅད་རང་བཞིན་མེད་ཞེས་སྨྲས་པ་ལ། དངོས་སྨྲ་ན་རེ། དངོས་པོ་ཐམས་ཅད་རང་བཞིན་མེད་ན། དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པའི་ཚིག་དེ་ཡང་འགོག་པ་སྟེ། རང་བཞིན་མེད་པར་འདོད་དགོས་པ་ལས་དེ་ལྟར་འདོད་པ་ཡང་བཟང་བོ་མིན་ཏེ། ཁྱེད་དབུ་མ་པས་དེ་འདྲའི་ཚིག་གིས་སྨྲས་པ་ཉིད་ཀྱིས་ཚིག་དེ་དངོས་པོའམ་རང་བཞིན་ཡོད་པར་དམ་བཅས་པར་སོང་སྟེ། དེར་དམ་བཅའ་ན་དེ་སྐད་སྨྲ་བར་མི་རུང་བའི་ཕྱིར་དེས་ན་ཚིག་དེ་རང་བཞིན་ཡོད་ན་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་དམ་བཅའ་ཉམས་ཤིང༌། ཚིག་དེ་རང་བཞིན་མེད་ན་ཚིག་དེས་དངོས་པོ་ཐམས་ཅད་རང་བཞིན་ཡོད་པའི་དམ་བཅའ་བཟློག་མི་ནུས་པར་འགྱུར་ཞེ་ན། དེའི་ལན་དུ་གལ་ཏེ་ངས་དམ་བཅས་འགའ་ཞེས་སོགས་ཏེ། གལ་ཏེ་དབུ་མ་པ་ངས་དངོས་པོ་ཐམས་ཅད་རང་བཞིན་ཡོད་པ་འགོག་པའི་ཚིག་སྟེ། རང་བཞིན་ཡོད་པར་དམ་བཅས་ན། དངོས་པོ་ཐམས་ཅད་རང་བཞིན་མེད་པའི་དམ་བཅའ་ཉམས་པའི་སྐྱོན་དེ་ཡོད་མོད། ང་ལ་དེ་འདྲའི་དམ་བཅའ་མེད་པས་དེ་འདྲའི་སྐྱོན་མེད་པ་ཁོ་ནའོ།། ཞེས་པ་དངོས་ཀྱི་དོན་དེ། རང་འགྲེལ་དུ། སྔར་གྱི་ཕྱོགས་སྔ་དེ་སྨོས་ནས་རྩ་བ་དེ་བཀོད་རྗེས་སུ་གལ་ཏེ་དམ་བཅའ་འགའ་ཞིག་ཡོད་ན་ནི། དེས་ན་ཁྱོད་ཀྱི་ཇི་སྐད་སྨྲས་པ་བཞིན་དུ། ང་ལ་དམ་བཅའ་བའི་མཚན་ཉིད་ཁས་བླངས་པ་སྔོན་དུ་སོང་བའི་སྐྱོན་ཡོད་པ་ཞིག་ན། ང་ལ་དམ་བཅས་པ་འགའ་ཡང་མེད་དོ།། ཞེས་པའི་རྗེས་སུ་སྔར་དྲངས་པ་དེ་བཀོད་སྣང་ངོ༌།། དེ་ལྟར་ན་ང་ལ་སྐྱོན་དེ་ཡོད་ཞེས་པའི་སྐྱོན་ནི་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུ་ཞེས་སོགས་གསུངས་ཏེ། དེའང་གོང་དུ་འགོག་པའི་འགོག་པའང་དེ་ལྟར་ཞེས་པའི་ཕྱོགས་སྔ་དེ་ལ་ཟེར་རོ།། བདག་ཉིད་ཆེན་པོའི་གཞུང་གི་དངོས་དོན་ནི་དེར་སྣང་ལ། ཞར་ལ་དབུ་མ་པ་ལ་དོན་དང་མི་མཐུན་པའི་དམ་བཅའ་ཡོད་ན་སྐྱོན་འབྱུང་མོད། ངེད་ལ་དོན་དང་མི་མཐུན་པའི་དམ་བཅའ་ཅུང་ཟད་ཙམ་མེད་པས། གནོད་བྱེད་སྐྱོན་མི་འགྱུར་བར་བསྟན་ཅིང༌། དངོས་པོ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པ་ཡིན་པས་དེ་རྣམས་གང་ཡང་དོན་དམ་དུ་གྲུབ་པར་འདོད་པའི་དམ་བཅའ་ཡོད་ན་དེ་ལ་སྐྱོན་ཡོད་ཅིང༌། ང་ལ་དེ་འདྲའི་དམ་བཅའ་མེད་པས། དེ་ལྟར་དམ་བཅས་པ་ལས་བྱུང་བའི་སྐྱོན་མེད་པ་ཁོ་ནའོ་ཞེས་ཀྱང་བསྟན་ཏོ།། དེ་ལྟ་མ་ཡིན་པར་ལུང་གི་སྒྲ་ཇི་བཞིན་པར་འདོད་ན། སྐབས་ཀྱི་ཕྱོགས་སྔ་རང་འགྲེལ་གྱི་བཤད་པར་༼དམ་༽བཅས་པ་དང་འགལ་ཞིང༌། རྩོད་བཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ།། ཞེས་དང་དེ་ཉིད་ཀྱི་འགྲེལ་བར། གཞན་ཡང་ངེད་ཅག་ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་ཤིང༌། མ་བརྟེན་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་མི་འཆད་དེ། ཐ་སྙད་བདེན་པ་ཁས་མ་བླངས་བར་ནི། ཆོས་སྟོན་པར་མི་ནུས་ཏེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་མི་སྟོན་ལ། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་མི་རྟོགས་སོ།། ཞེས་གསུངས་པ་ལྟ་བུའོ།། དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་དུ་གཉིས་ཀ་འཐད་པ་ན། ངའི་ཚིག་བཞིན་དུ་དངོས་པོ་ཐམས་ཅད་སྟོང་བ་ཡིན་ཏེ་ཞེས་ཏེ། ཕྱི་མ་འདི་ངའི་ཚིག་བཞིན་དུ་དངོས་པོ་ཐམས་ཅད་སྟོང་བ་དང༌། རང་བཞིན་མེད་པ་ཉིད་གཉིས་ཀ་འཐད་པ་ཡིན་ནོ།། ཞེས་བསྒྱུར་ན་ལེགས་སོ།། གཞན་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར། སྒྲ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པའི་ཕྱིར། རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་སོགས་དབུ་མ་རིགས་ཚོགས་རྣམས་སུ་ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་པར་སྒྲུབ་པའི་རིགས་པའི་ཚུལ་དུ་མ་གསུངས་པའི་སྐབས་སུ་ཡང༌། དབུ་མའི་བཞེད་གཞུང་དུ་མ་གསུངས་པའི་ཕྱིར། དབུ་མ་པ་ལ་ཡང༌། ཁས་ལེན་དམ་བཅའ་ཡོད་པར་གྲུབ་སྟེ། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། དབུ་མ་པ་དག་ནི་རྟེན་༼ཅིང་༽འབྲེལ་བར་འབྱུང་བ་སྨྲ་བ་ཡིན་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་སྨྲ་བར་བྱེད་དོ་ཞེས་དང༌། ཕྱིན་ཅི་ལོག་ཏུ་གྱུར་བ་རྣམས་ལོག་པར་མངོན་པར་ཞེན་པ་བཟློག་པར་བྱ་བའི་ཕྱིར། རབ་རིབ་མེད་པ་རྣམས་ལྟར། དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ།། ཞེས་ཁོ་བོ་ཅག་སྨྲ་མོད་ཀྱིས། དེ་སྐད་སྨྲས་པ་ནི་ཁོ་བོ་ཅག་ལ་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ།། ཞེས་དང༌། འཕགས་པ་རྣམས་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་འཐད་པ་མི་གསུང་གི་འོན་ཀྱང་འཇིག་རྟེན་ཁོ་ན་ལ་རབ་ཏུ་གྲགས་པའི་འཐད་པ་གང་ཡིན་པ་དག་བཞན་རྟོགས་པར་བྱ་བའི་ཕྱིར། ཞལ་གྱིས་བཞེས་ནས་དེ་ཉིད་ཀྱིས་འཇིག་རྟེན་ཁོང་དུ་ཆུད་པར་མཛད་དོ་ཞེས་དང༌། དེ་ནི་དེ་ལྟར་བདེན་མོད་ཀྱི་འོན་ཀྱང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང༌། ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཅན་འཇིག་རྟེན་པའི་དོན་དམ་པའི་ཁས་མ་བླངས་པར་དོན་དམ་པར་སྟོན་པར་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང༌། དོན་དམ་པ་མ་རྟོགས་པར་ཡང་མྱ་ངན་ལས་འདས་པའི་གྲོང་ཆེར་དུ་ཕྱིན་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་རོ།། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར།། ཞེས་གསུངས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཡིན་པའི་ཕྱིར། ཆུ་འདོད་པའི་སྣོད་ལྟར་ཐོག་མར་གདོད་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ཁས་བླངས་པར་བྱའོ།། ཞེས་སོགས་དུ་མ་གསུངས་པས་དབུ་མ་པ་ལའང་ཁས་ལེན་ནམ་དམ་བཅའ་ཡོད་པར་གྲུབ་པོ།། ཁས་ལེན་ནམ་དམ་བཅའ་ཞེས་པ་༼དེར་༽ཟད་༼ལ་༽དེ་ལྟ་བུ་༼ལས་༽གཞན་ཅི་ཞིག་ཡོད། ཚིག་གསལ་དུ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས་པས། དབུ་མ་པ་ལ་ཁས་ལེན་ནམ་དམ་བཅའ་གཏན་ནས་མེད་པར་འདོད་པའང་དགོངས་དོན་མ་ཡིན་ཏེ། སློབ་དཔོན་འདིའི་གསུང་ལ་ནོར་བ་གཏན་ནས་མེད་པར་ཁྱེད་རྣམས་ཁས་ལེན་ལ། གོང་དུ་ཚིག་གསལ་གྱི་ལུང་དྲངས་པ་ལྟར་གྱི་དབུ་མ་པ་ལ་ཁས་ལེན་ཡོད་པའི་ལུང་དུ་མ་ཚིག་གསལ་འཇུག་རྣམས་ན་སྣང་བའི་ཕྱིར་དང༌། དབུ་མ་པ་ལ་ཁས་ལེན་གཏན་ནས་མེད་ན། དབུ་མ་བའི་སློབ་དཔོན་དེ་རྣམས་ཀྱིས་དབུ་མ་པ་ལ་ཁས་ལེན་མེད་དོ་ཞེས་དེ་ཞེས་ཁས་བླངས་པའི་ཕྱིར་ན། རང་ཚིག་འགལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་དང༌། དངོས་པོ་ཐམས་ཅད་རང་བཞིན་མེད་པར་ཁས་མི་ལེན་པར་ཡང་འགྱུར་ལ་དེ་ལྟར་འདོད་ན་དབུ་མའི་གཞུང་ལུགས་སུ། དངོས་པོ་རྣམས་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཚུལ་འདི་རྣམས་དབུ་མ་བས་ནི་ཁས་མི་ལེན་པའི་ཕྱིར་སུ་ཞིག་གིས་ཁས་ཡང་ལེན་ཅིང་སུ་ཞིག་གི་ལུགས་སྨྲ་དགོས་སོ།། སྒྲ་ཇི་བཞིན་པར་དམ་བཅའ་ཡེ་མེད་ན་དབུ་མ་པས་གསུང་རབ་གྱི་དོན་རྣམ་པར་འབྱེད་པའི་ཚེ་དགག་གཞག་སྤང་གསུམ་ཅི་ཡང་བྱར་མེད་པར་ཡང་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ།། དེས་ན་དབུ་མ་པ་དེ་ཕྱོགས་གཞན་ཁས་བླངས་པ་མེད་ཞེས་པའི་དོན་དཔྱད་ན་འཐད་པས་གྲུབ་པའི་ཕྱོགས་གཞན་ཁས་བླངས་པ་མེད་ཅེས་པར་དགོངས་པར་ཡིན་ནམ་སྙམ་སྟེ། གཞན་དུ་ན་ནང་འགལ་ཅན་དུ་འགྱུར་རམ་སྙམ་སྟེ་དཔྱད་པར་བྱའོ།། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཞལ་ནས། ང་ལ་དམ་བཅའ་མེད་པས་ན། ཞེས་སོགས་འཕགས་པ་ཀླུའི་དགོངས་པ་ནི་རྣམ་པར་མི་རྟོག་པའི་མཉམ་བཞག་ཟབ་མོ་ལ་ལ་བཟློ་བའི་སྐབས་སུ་ནི་འདི་དང་འདི་ལྟ་བུའོ་ཞེས་པའི་ཁས་ལེན་ནམ་དམ་བཅའ་གཏན་ནས་མེད་ལ། རྗེས་ཐོབ་ཤན་འབྱེད་པའི་སྐབས་སུ་ནི་བདེན་པ་གཉིས་ཀར་གཏན་ལ་འབེབས་ཀྱང་རུང་དོན་དང་མི་མཐུན་པའི་ཁས་ལེན་མེད་ཞེས་པ་ཡིན་གྱི་སྒྲ་ཇི་བཞིན་པར་འཆད་པ་ནོར་རོ་གསུངས། གཞན་ཡང་དབུ་མ་པའི་ལུགས་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ང་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་དང་ངའི་ཟག་པ་རྣམས་ཟད་དོ་ཞེས་ཞལ་གྱིས་བཞེས་པ་དང༌། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ་ཞེས་སོགས་ཡང་མི་འཐད་པར་འགྱུར་དེ་རྫོགས་པའི་སངས་རྒྱས་རྣམས་དབུ་མ་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་ན། ཚངས་ཆེན་གྱི་ཚུལ་འཛིན་པ་མ་གཏོགས་ཆོས་དང་མཐུན་པའི་ལན་གདབ་མི་ནུས་སོ།། གཞན་ཡང་དབུ་མ་བས་དངོས་པོར་སྨྲ་བ་རྣམས་ཀྱིས་བཏགས་པའི་གཞན་ཕྱོགས་འགོག་པ་ལ་བསྙོན་དུ་མེད་ཅིང༌། ཁྱེད་རང་ཇི་ལྟར་འདོད་ཅེས་དྲིས་པ་ན་ང་ལ་འདོད་༼པ་༽གང་ཡང་མེད་དོ།། རང་ལུགས་རྣམ་པར་བཞག་པ་ཅུང་ཟད་ཀྱང་མེད་ཅེས་བརྗོད་དགོས་པར་འགྱུར་ཏེ། དྲི་བ་དེ་ལ་ལན་གཅིག་བརྗོད་ནི་དགོས། དམ་བཅའ་འམ་ཁས་ལེན་གཏན་ནས་མེད་པའི་ཕྱིར། དེ་ལྟར་འདོད་ན་རང་ཚིག་འགལ་བའི་སྐྱོན་ཡང་ཡོད་ཅིང༌། དབུ་མ་རྩ་ཤེས་དང་རིགས་པ་དྲུག་ཅུ་བ་ལ་སོགས་པར་དངོས་སྨྲའི་གྲུབ་མཐའ་འགོག་པའི་རིགས་ཚུལ་འདི་རྣམས་དངོས་སྨྲའི་གྲུབ་མཐའི་ལུགས་སུ་འགྱུར་དེ། དེའི་ལུགས་ཡིན་པའམ་དབུ་མ་པའི་གྲུབ་མཐའི་ལུང་གང་རུང་གཅིག་ནི་ཡིན་དགོས། དབུ་མ་བའི་གྲུབ་མཐའི་ལུགས་མིན་པའི་ཕྱིར་ཏེ། དབུ་མ་བ་ལ་རང་ལུགས་རྣམ་པར་བཞག་པ་གཏན་ནས་མེད་དབུ་མ་བ་ལ་འདི་འདོད་དང་དམ་བཅའ་འམ་ཁས་ལེན་གཏན་ནས་མེད་པའི་ཕྱིར་རོ།། གཞན་ཡང་ཕ་རོལ་བོའི་གྲུབ་པའི་མཐའ་རྣམས་རྣམ་གྲངས་དུ་མས་འགོག་ཅིང༌། རང་ལུགས་ཀྱི་རྣམ་བཞག་དྲིས་ལན་ཅི་ཡང་ཁས་མི་ལེན་དམ་བཅའ་མེད་ཞེས་པ་ནི་ལྟ་ངན་ཉི་ཤུ་རྩ་བརྒྱད་ཀྱི་ནང་ནས་ཁས་མི་ལེན་པའི་ལྟ་བ་ཞེས་པའི་ལྟ་བ་ངན་པ་ཅན་དུ་གསུངས་ཤིང༌། དེ་བཞིན་དུ་ཚིག་དང་དོན་འདི་དང་འདི་ལྟ་བུ་རྣམས་ལ་ཁྱོད་ཇི་ལྟར་འདོད་ཞེས་གཞན་གྱིས་དྲིས་པ་ན། ལན་དུ་དེ་རྣམས་ལ་ཁྱོད་རང་ཇི་ལྟར་འདོད་ཅེས་ཕར་དྲིས་ནས་སྔར་གྱི་འདྲི་བ་པོ་དེས་ང་འདི་དང་འདི་ལྟ་བུ་འདོད་ཅེས་བཞག་པའི་རྗེས་སུ་ང་ཡང་དེ་དང་དེ་ལྟ་བུར་འདོད་ཅེས་རྣམ་པར་འཇོག་པ་ཡང༌། ངན་གཡོའི་ལྟ་བ་ཞེས་པའི་ལྟ་ངན་དུ་གསུངས་པའང་དྲན་པར་བྱའོ།། དུས་ད་ལྟ་ནི་དབུ་མ་ཆེན་པོ་པར་ཁས་འཆེ་བ་མང་པོ་རྣམས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བདེན་པ་གཉིས་ཀྱི་ཚུལ་རྒྱ་ཆེར་གཏན་ལ་ཕབ་པ་དང༌། སློབ་དཔོན་སངས་རྒྱས་བསྐྱང་དང༌། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པའི་དགོངས་པའི་དོན་མི་ཤེས་བཞིན་དུ་ཤེས་སོ་སྙམ་པའི་མངོན་རློམ་ཀྱིས་ཁེངས་ཏེ། བཤད་མ་ཐག་པའི་ཁས་མི་ལེན་པའི་ལྟ་བ་དང་ངན་གཡོའི་ལྟ་བ་ལ་ལྟ་བ་མཆོག་ཏུ་བཟུང་སྟེ། རང་གི་ལྟ་བ་དང་མ་མཐུན་པའི་མདོ་རྒྱུད་བསྟན་བཅོས་ཁྱད་པར་ཅན་མང་པོ་སེམས་ཙམ་གྱི་གཞུང་དུ་ཕབ་ཅིང༌། ཕུང་བོ་རྣམ་དཔྱད་ཀྱི་སྟོང་པ་རྣམ་གཅོད་ཙམ་དེ་ཁོ་ན་མཐར་ཐུག་གི་སྟོང་ཉིད་ཟབ་མོ༼ར༽རློམས་ཏེ། མདོ་རྒྱུད་མན་ངག་གི་གནད་ཟབ་མོ་ཤེས་ནས་སྟོན་པའི་ཆོས་དང་གང་ཟག་ལ་རྣམ་གྲངས་དུ་མས་སྨོད་ཅིང་ཚངས་ཆེན་གྱི་ཚུལ་དང༌། གནས་མ་ཡིན་པ་ལ་སྐྲག་པ་རི་བོང་གི་ཅལ་དང༌། རང་ལ་འདི་ལྟར་ཡིན་ངེས་པ་མེད་པའི་ཁྱི་སྐད་ལ་རྒྱུག་པ་དང༌། རྒྱ་གར་མཁས་པའི་བཤད་པ་བོར་ཏེ་རང་གི་བསམ་བློ་མགོ་ཕུར་གྱིས་བཀྲལ་༼ལ༽། བོད་ཊཱིཀྐ་རེ་རེ་དང་བཅས་པའི་བོད་རྐྱང་རེ་ལ་འདོན་པ་གོམ་པ་ཙམ་གྱི་གཟི་འབུགས་པའི་ཚུལ་ཅན་མང་བོ་ལོག་བསམ་༼ལམ་༽ལ་སྦྱོར་བ་མང་བོ་ཡོད་པར་གྲགས་ཏེ། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཆེན་པོའི་མཐུས་དེ་དག་ཐམས་ཅད་ཡང་དག་པའི་ལྟ་སྒོམ་སྤྱོད་འབྲས་ལ་བདག་གིས་ལེགས་པར་འགོད་ནུས་པར་གྱུར་ཅིག གལ་ཏེ་ཁྱོད་ཀྱིས་སྔར་ཕུང་བོ་རྣམ་དཔྱད་ཀྱི་སྟོང་ཉིད་མེད་དགག་དང༌། ཆོས་རྣམས་ཀྱི་གནས་ལུགས་དེ་བཞིན་ཉིད་ནི། སྒྲུབ་ཆོས་ཅན་གྱི་མ་ཡིན་དགག་ཡིན་ནོ་ཞེས་པ་ཆོས་ཀུན་རྫོབ་པ་འདི་རྣམས་དོན་དམ་པར་མ་གྲུབ་ཅིང༌། ཆོས་དབྱིངས་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་སོགས་དོན་དམ་དུ་ཡོད་ཅེས་དང༌། ལང་གཤེགས་སོགས་འཁོར་ལོ་ཐ་མའི་མདོ་དང༌། བྱམས་ཆོས་ཕྱི་མ་བཞི་སོགས་དབུ་མའི་བསྟན་བཅོས་ཡིན་ཞེས་དང༌། ཀུན་བཏགས་གཞན་དབང་ཡོངས་གྲུབ་ཀྱི་རྣམ་བཞག་ལ་སོགས་པ་འདི་ལྟ་བུའི་རྣམ་བཞག་རྣམས། ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་ལུགས་སེམས་ཙམ་གྱི་གྲུབ་མཐའ་ཡིན་གྱི་དབུ་མའི་གཞུང་ལུགས་ལས་མ་བཤད་ཅིང་དོན་དང་མི་མཐུན་ནོ་ཞེ་ན། སྤྱིར་གསུང་རབ་རྣམས་སུ་སྟོང་པ་ཞེས་དང་སྟོང་པ་ཉིད་དེ་ཞེས་དེ་གཉིས་ཁྱད་མེད་པ་ལྟ་བུར་བསྒྱུར་བ་མང་བར་སྣང་སྟེ། ཞིབ་ཏུ་དཔྱད་ན་དེ་གཉིས་སྐད་དོད་ཀྱང་མི་གཅིག་སྟེ། ཤུ་ནྱཱ་ཞེས་པ་སྟོང་པའི་སྐད་དོད་དང་ཤུ་ནྱཱཏཱ་ཞེས་པ་སྟོང་པ་ཉིད་ཀྱི་སྐད་དོད་དེ་ཏཱ་ཞེས་པ་ངོ་བོའི་སྐྱོན་ཡོད་མེད་ཀྱི་ཁྱད་ཡོད་ཅིང་དེའི་ཕྱིར་དོན་ལའང་ཁྱད་ཡོད་དོ།། ཀུན་རྫོབ་ཐམས་ཅད་ཀྱང་བརྟགས་ན་བདེན་པའི་རང་བཞིན་གྱིས་སྟོང་བའི་སྟོང་པ་ཡིན་པར་སྔར་གཏན་ལ་ཕབ་ཟིན་ཅིང༌། ཀུན་རྫོབ་རྣམས་བརྟགས་ན་བདེན་པའི་སྟོང་པའི་སྟོང་པ་ཉིད་མ་ཡིན་ཏེ། དེ་བཞིན་ཉིད་མ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་དེ་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ།། ཞེས་སོགས་འཕགས་༼པ་༽ཀླུའི་ལུང་དང་བཅས་པ་སྔར་བསྟན་པ་ལྟར་རོ།། གསུང་རབ་དྲི་མ་མེད་པ་གང་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་གསུངས་པ་ཐམས་ཅད་ཀྱི་དགོངས་དོན་ཡང་རྩ་ཤེར། རང་བཞིན་དག་ནི་བཅོས་མིན་དང༌། རྐྱེན་ལ་ལྟོས་པ་མེད་པའང་ཡིན། །རང་བཞིན་གཞན་དུ་འགྱུར་བར་ནི། །ནམ་ཡང་འཐད་པ་མ་ཡིན་ནོ།། ཞེས་གསུངས་པ་ལྟར་ཆོས་རྣམས་ཀྱི་རང་བཞིན་ནམ་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཡིན་པ་ལ་དགོངས་པ་ཁོ་ནར་ཤེས་པར་བྱ་ཞིང༌། དེ་ལྟར་སྟོང་པ་དང་སྟོང་ཉིད་ཞེས་པ་སྐད་དོད་དང་དོན་གཉིས་ཀ་མི་གཅིག་པས་ཁྱད་ཕྱེ་ན་ལེགས་ཏེ། ཆོས་དང་ཆོས་ཉིད་གཉིས་བཞིན་ཏེ། དྷརྨཱ་ཞེས་དང་དྷརྨཱ་ཏཱ་ཞེས་སྐད་དོད་སོ་སོར་ཡོད་ཅིང་ཆོས་ཞེས་པ་ཀུན་རྫོབ་པ་དང་ཆོས་ཉིད་ཞེས་པ་དོན་དམ་གྱི་ཁྱད་ཡོད་པ་བཞིན་ལོ་ཙྪ་བ་མང་བོས་དེ་འདྲའི་ཁྱད་མ་ཕྱེད་པར་བསྒྱུར་སྣང་ནའང༌། ལ་ལས་མ་དགོངས་པའམ། སླ་ཆོས་མཛད་པ་སྟེ། དཔེར་ན་དག་ཞེས་པ་དང་རྣམས་ཞེས་པ་གཉིས་ཀྱི་སྐད་དོད་ལ་ཡང་སོ་སོར་ཡོད་དེ་དག་ཞེས་པ་གཉིས་ཚིག་དང༌།རྣམས་ཞེས་པའི་སྐད་དོད་མང་ཚིག་ཡོད་༼ཡིན་༽པས་གསུམ་ཕན་ཆད་ལ་འཇུག་པ་བཞིན་ནོ།། ཕུང་པོ་རྣམ་དཔྱད་ཀྱི་སྟོང་པར་ཅུང་ཟད་དཔྱད་པ། ཡང་ཕུང་བོ་རྣམ་དཔྱད་ཀྱི་སྟོང་བ་ཞེས་པ་དབུ་མའི་གཞུང་ལུགས་ལས་མི་འབྱུང་ཞེས་ཟེར་བའང་མུན་སྤྲུལ་ཏེ། དབུ་མའི་གཞུང་ལུགས་ཀྱི་མཆོག་རིག་པ་འཛིན་པའི་སྡེ་སྣོད་དམ་རྒྱུད་སྡེ་བཞི་དང༌། དེའི་ཡང་མཐར་ཐུག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་གསུངས་དགོངས་པ་རྗེ་བཙུན་འཇམ་དཔལ་གྱིས་གསུངས་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་བོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགགས་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་ཉིད་མཐོང་བའི་སྟོང་ཉིད་པའི། །ཕུང་པོ་རྣམས་རྣམ་དཔྱད་པ་མིན།། ཞེས་གསུངས་ཏེ་ཕུང་བོ་རྣམ་དཔྱད་ཀྱི་སྟོང་པ་ནི། ཕུང་ཁམས་སྐྱེ་མཆེད་རྣམས་རིགས་པས་བརྟགས་ཤིང་དཔྱད་པས་བདེན་པའི་རང་བཞིན་མེད་པའི་སྟོང་པ་ཙམ་སྟེ། དེ་ནི་མེད་དགག་ཡིན་པས་རིགས་པས་དཔྱད་མི་བཟོད་པའི་ཕྱིར་ཆུ་ཤིང་བཞིན་དུ་བརྟགས་ན་སྙིང་པོ་ཙམ་ཡང་མེད་ཞེས་པ་སྟེ། སྙིང་པོ་ནི་འདིར་རིགས་པས་དཔྱད་བཟོད་ཀྱི་རང་བཞིན་ནོ།། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་སྙིང་བོ་མེད་པ་དེ་ལྟར་འགྱུར་བ་མ་ཡིན་ཏེ། རིགས་པས་དཔྱད་བཟོད་ཀྱི་དོན་དམ་བདེན་པ་ཡིན་པའི་ཕྱིར་དང༌། སྐྱེ་འཇིག་མེད་པའི་ཤེས་བྱ་ཡང་ཡིན་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པས་མངོན་སུམ་དུ་གསལ་བོར་མཐོང་བའི་སྟོང་པ་ཉིད་ཅེས་བྱ་ཞིང༌། ཕུང་བོ་རྣམ་པར་དཔྱད་པའི་སྟོང་པ་དེ་ནི་རྣལ་འབྱོར་བའི་མཉམ་བཞག་མི་རྟོག་ཡེ་ཤེས་ལ་གསལ་བར་སྣང་བ་མིན་པས་སྐབས་འདིར་མཐོང་བའི་སྟོང་བ་ཉིད་མིན་ཞེས་པའི་དོན་དེ། རྣམ་གཅོད་མེད་དགག་ཙམ་ཡིན་པའི་ཕྱིར་རོ་ཞེས་པའི་དོན་ནོ།། དེ་ལྟར་ན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་སེམས་འགྲེལ་སྐོར་གསུམ་དང༌། རྗེ་བཙུན་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་མཛད་པའི་དཔལ་དོན་དམ་པའི་བསྙེན་པ། མཁས་གྲུབ་ནཱ་རོ་བས་མཛད་པས་འགྲེལ་ཆེན་རྣམ་གཉིས། དཔེ་མེད་༼འཚོའི་༽སྦྱོར་དྲུག་འབྲེལ་བ་དང་བཅས་པ་དང༌། གྲུབ་ཐོབ་ཉི་མ་དཔལ་གྱིས་མཛད་པའི་མཚན་བརྗོད་འགྲེལ་བ་ལ་སོགས་པར། ཆེན་པོ་སྟོང་བ་ཉིད་ཅེས་དང༌། དམིགས་པ་དྭངས་བཅས་པའི་སྟོང་པ་ཉིད་ཅེས་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། མཐོང་བའི་སྟོང་པ་ཉིད་ཅེས་པ་རྣམས་ཕུང་བོ་རྣམ་དཔྱད་ཀྱི་སྟོང་པ་ལས་མཆོག་དང༌། ཕུང་བོ་རྣམ་དཔྱད་ཀྱི་སྟོང་བ་ནི་དེ་བས་དམན་པར་ལེགས་པར་རྣམ་པར་ཕྱེ་ནས་གསུངས། བྱམས་ཆོས་ཕྱི་མ་རྣམས་དང་རྒྱལ་བོ་ཨིནྟྲབྷོ་ཏིས་མཛད་པའི་དཔལ་ཡེ་ཤེས་གྲུབ་པ་ལ་སོགས་པའི་གྲུབ་པ་དང་སྙིང་པོ་སྐོར་གསུམ་དུ་གྲགས་པ་རྣམས་ལས་ཀྱང་དེ་དང་མཐུན་པར་གསུངས་པས། དེ་རྣམས་ལ་བལྟ་ཞིང་མཉན་ནས་ཡིད་ཆེས་པར་བྱ་དགོས་ཤིང༌། ཕུང་བོ་རྣམ་དཔྱད་ཀྱི་སྟོང་ཉིད་ཙམ་ཚིག་ཟིན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་འམ་བསྟན་བཅོས་ཙམ་ངེས་དོན་མཐར་ཐུག་ཏུ་རློམ་སྟེ། འདི་ཉིད་བདེན་གྱི་གཞན་གྱི་གཏུ་མིག་གོ་ཞེས་འདོད་པ་རྣམས་ཀྱིས་ནི། མཐར་ཐུག་གི་དགོངས་པ་ཟབ་མོའི་དོན་༼ཇི་༽ལྟ་བ་བཞིན་མ་རྟོགས་པར་ཟད་དེ། ཆད་སྟོང་སྟོང་ཉིད་མཆོག་ཏུ་འདོད་པའི་ཕྱིར་རོ།། ཡང་འཁོར་ལོ་ཐ་མ་སེམས་ཙམ་གྱི་མདོ་དང་བྱམས་ཆོས་ཕྱི་མ་བཞི་སོགས། སེམས་ཙམ་གྱི་བསྟན་བཅོས་སུ་འདོད་པ་རྣམས་ཁས་བླངས་འགལ་བས་དགག་པ་དང༌། ལུང་རིགས་ཀྱི་གནོད་བྱེད་དུ་མ་ཡོད་དེ་འདིར་མང་བས་འཇིགས་ནས་མ་བཀོད་ཅིང༌། སྔར་ཅུང་ཟད་བཀོད་ཅིང་ད་དུང་བསྟན་བཅོས་ལོགས་ཤིག་ཏུ་རྩོམས་པར་འདོད་པ་ལས་ཤེས་པར་བྱའོ།། །། ༣༽མཁས་པའི་བཞེད་ཚུལ་མདོ་ཙམ་སྨོས་པ། གསུམ་པ་མཁས་པའི་བཞེད་ཚུལ་མདོ་ཙམ་སྨོས་ཏེ། རྒྱས་པར་གཞན་དུ་ཤེས་བྱར་བསྟན་པ་ནི། བོད་ཀྱི་སློབ་དཔོན་སྔ་མ་ཕལ་ཆེར་གྱིས་གཞི་ལམ་འབྲས་གསུམ་ལས། གཞི་ནི་བདེན་པ་གཉིས་དང་ལམ་ནི་ལམ་ལྔའི་སྤྲོས་བྲལ་༼མི་༽རྟོག་པའི་མཉམ་བཞག་དང༌། བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་རྗེས་ཐོབ་དང༌། འབྲས་བུ་ནི་སྐུ་གསུམ་འཕྲིན་ལས་དང་བཅས་པ་ལ་བཤད་ཅིང༌། བུ་སྟོན་རིན་པོ་ཆེས་ཡང་ཕྱི་མཚན་ཉིད་ཐེག་པའི་སྐབས་སུ་དེ་ལྟར་བཞེད་པར་གསལ་ལོ།། མཚན་ཉིད་ཐེག་པའི་སྐབས་སུ། གཞི་ལམ་འབྲས་གསུམ་ཞེས་གྲགས་ཤིང་སྔགས་ཀྱི་ཐེག་པར་རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་ཞེས་གསུངས་པའི་དོན་ལ། སེམས་ཀྱི་རང་བཞིན་འོད་གསལ་བ་ནི་རྒྱུའི་རྒྱུད། ཡང་མ་རིག་པ་གཞོམ་མེད་ནི་རྒྱུའི་རྒྱུད་དེ་མི་རྟག་པ་གཞོམ་མེད་ཡང་ཀུན་གཞིའི་རྣམ་ཤེས་ལ་འཆད་ཅིང༌། ཐབས་རྒྱུད་ནི་རིམ་གཉིས་ཀྱི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་དང༌། འབྲས་བུའི་རྒྱུད་ནི་ཀུན་གཞི་ཡེ་ཤེས་ལྔའོ།། ཞེས་བུ་སྟོན་ཆོས་རྗེ་རིན་པོ་ཆེས་གསུངས་སོ།། ཡང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། གཞིའི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད། །ལམ་གྱི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག །འབྲས་བུའི་མཐར་ཐུག་བྲལ་འབྲས་ཆོས་ཀྱི་སྐུ། །སློབ་མའི་མཐར་ཐུག་དོན་དུ་སྟོན་ལ་འདུད།། ཞེས་དང༌། གནས་ལུགས་ཇི་བཞིན་རྟོགས་པ་ལྟ་བ་སྟེ། །སྤྲོས་བྲལ་ངང་དུ་འཇོག་པ་བསྒོམ་པའི་མཆོག །དེ་དག་གྲོགས་སུ་འགྱུར་བ་སྤྱོད་པའི་མཆོག །དེ་ལས་གཤིས་ལུགས་ཐོབ་པ་འབྲས་བུའི་མཆོག། ཅེས་གསུངས་སོ།། མདོར་བསྡུས་པ་སྟེ། ཆོས་རྗེ་རྣམ་པ་གཉིས་ཀྱི་བཞེད་ཚུལ་གནད་ཆེ་བ་མང་བོ་ནི་རྗེ་རྣམ་པ་གཉིས་ཀྱིས་དགག་གཞག་སྤང་གསུམ་མཛད་པའི་ཚུལ་དང༌། དེ་ལས་གཞན་པའི་ཆོས་རྗེ་རྣམ་གཉིས་ཀྱི་བཞེད་ཚུལ་གནད་ཆེ་བའི་རིགས་སྨོས་པ་དེ་དེ་དག་ལས་འཐད་པ་དང་མི་འཐད་པའི་ཚུལ་དཔྱད་པ་དང༌། གཞན་ཡང་རྒྱ་བོད་མཁས་པར་གྲགས་པའི་བཞེད་ཚུལ་ལེགས་པར་དཔྱད་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྩོམ་པའི་ཁུར་བླངས་ཡོད་པའང་འགྲུབ་པར་གྱུར་ཅིག།
༤༽བརྟག་དཔྱད་ལས་ལྷག་དད་ཙམ་ཀྱིས་འཇུག་པ་མི་འཐད་པའི་ཚུལ།
བཞི་བ་བརྟགས་དཔྱོད་བྱས་ནས་ཆོས་ལ་འཇུག་གི་ལྷག་དད་ཙམ་ཀྱིས་འཇུག་པ་མི་འཐད་པའི་ཚུལ་ནི། དཀོན་བརྩེགས་ཆོས་བཅུ་བའི་མདོར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ།། ཞེས་གསུངས་ཏེ་ལུང་གི་བརྗོད་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ།། དེ་ཡང་སོ་སོ་སྐྱེ་བོའི་བློའི་དབང་དུ་བྱས་ནས་དེ་ལྟར་ཕྱེ་བ་ཡིན་གྱི་རྫོགས་པའི་སངས་རྒྱས་ལ་བལྟོས་ན་ནི་མངོན་གྱུར་འབའ་ཞིག་གོ། དེ་ལ་གསེར་བསྲེགས་པའི་སྒོ་ནས་བརྟགས་པ་བཞིན་དུ། ལུང་དེ་ཡང་མངོན་གྱུར་སྟོན་པ་ན། མངོན་སུམ་གྱིས་མི་གནོད་ཅིང་བསྟན་པ་ལྟར་མངོན་སུམ་གྱིས་གྲུབ་པ་དང༌། གསེར་ཀ་ཤིའི་རྡོ་ལ་བརྡར་བའི་སྒོ་ནས་བརྟགས་པ་དང་འདྲ་བར་ལྐོག་གྱུར་སྟོན་པ་ལ། དངོས་སྟོབས་ཀྱིས་ཞུགས་པའི་རྗེས་དཔག་གིས་མི་གནོད་ཅིང༌། བསྟན་པ་ལྟར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་དཔག་གིས་གྲུབ་པ་དང༌། གསེར་དུམ་བུར་བཅད་པའི་སྒོ་ནས་བརྟགས་པ་བཞིན་དུ། ཤིན་ཏུ་ལྐོག་གྱུར་སྟོན་པ་ན་ཡིད་ཆེས་པའི་ལུང་གིས་མི་གནོད་ཅིང༌། བསྟན་པ་ལྟར་ལུང་ཚད་མས་གྲུབ་པའི་དོན་ཅན་གྱི་ལུང་གང་ཡིན་པ་དེ་ཡིད་ཆེས་ཀྱི་གནས་སུ་བཟུང་བར་བྱའོ།། དེ་རྣམས་གང་ཡང་མེད་པར་གང་ཟག་ཚད་མར་བྱས་ཏེ་གུས་པ་ཙམ་གྱིས་ལུང་ལ་འཇུག་པ་འཐད་པ་མ་ཡིན་ཏེ། དེ་ལྟར་འཇུག་ན་མཐོ་རིས་དང་ཐར་བ་དོན་གཉེར་གྱི་སྐྱེས་བུའི་འདོད་དོན་མི་འཐོབ་པས་བསླུས་པར་འགྱུར་བའི་ཕྱིར་རོ།། མཐོ་རིས་དང་ཐར་བའི་དོན་དུ་སྲོག་གི་མཆོད་སྦྱིན་བྱེད་པའི་བསྟན་བཅོས་བཞིན་ནོ།། དེ་ལྟར་མཐོ་རིས་དང་ཐར་བ་དོན་གཉེར་གྱིས་རྟོགས་ལྡན་རྣམས་དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་འཇུག་པར་བྱ་ཡི། ལུང་གང་རུང་རུང་ལ་འཇུག་པ་མི་འཐད་དོ་ཞེས་པ་སྟེ་དོན་དེ་ཉིད་ཚད་མ་རྣམ་འགྲེལ་དུ། མཐོང་དང་མ་མཐོང་པ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །མི་གནོད་བསྟན་བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར།། ཞེས་དང༌། མཐོང་དང་མ་མཐོང་དངོས་པོ་ཡིས། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡིས་མི་བསླུ་བའོ།། ཞེས་གསུངས་ཤིང༌། གཞན་ཡང་མཐོ་རིས་དང་ཐར་བ་དོན་གཉེར་གྱི་རྟོགས་ལྡན་རྣམས་ཀྱིས་བླང་དོར་བཏང་སྙོམས་སུ་བཞག་བྱའི་དོན་རྣམས་བླང་བྱ་སོགས་སུ་བསྟན་པ་ལྟར་བླང་བྱ་སོགས་སུ་གནས་པ་དང༌། དེ་འདྲའི་སྐྱེས་བུ་ལ་ཉེ་བར་མཁོ་ཞིང་དགོས་པའི་དོན་དང༌། སྐྱེས་བུ་དེ་དག་གིས་དགོས་པ་དེ་སྒྲུབ་ནུས་པའི་དོན་ཅན་གྱི་བསྟན་བཅོས་ལ་རྟོགས་ལྡན་འཇུག་པར་བྱ་ཡི། དེ་རྣམས་དང་བྲལ་པའི་བསྟན་བཅོས་ལ་གུས་པ་ཙམ་གྱིས་འཇུག་ན་འཐད་པ་མ་ཡིན་ཞེས་ཚད་མ་རྣམ་འགྲེལ་དུ་གསུངས་ཏེ། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུ་དོན་ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན།། ཞེས་སོ།། མཁས་མཆོག་ཞི་བ་འཚོས་ཀྱང༌། དེ་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་བྲལ་བ་ནི། དད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་ཚིམ་པར་མི་འགྱུར་བས་རིགས་པ་དེ་བརྗོད་པར་བྱའོ།། ཞེས་རྒྱབ་རྟེན་རིགས་པ་རྣམ་དག་མེད་པའི་ལུང་ཐམས་ཅད་ལ་ཆུ་ཤིང་བཞིན་དུ་སྙིང་བོ་མེད་པས་རྟོག་ལྡན་འཇུག་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་པའོ།། སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྱུར་བ་ཤནྟི་བས་ཀྱང༌། དད་པ་མེད་པ་གཙོ་བོའི་དགྲ། །ལྷག་དད་ཤིན་ཏུ་གོལ་བའི་གནས། །གང་ཕྱིར་ཀུན་མཁྱེན་ཚད་མས་གྲུབ། །གུས་པས་ཀུན་མཁྱེན་འགྱུར་བ་མིན།། ཞེས་གསུངས་པའི་དོན་ཡང་སྐབས་ཐམས་ཅད་དུ་དྲན་པར་བྱ་དགོས་སོ།། མཁས་མཆོག་ཀཱ་མ་ཤི་ལས་དབུ་མ་སྣང་བར། དེ་ལ་གལ་ཏེ་ཤེས་རབ་ཉམས་ཆུང་བའི་ཕྱིར། དེ་ལྟ་བུའི་ཆོས་ཉིད་ཟབ་མོ་ལ་བདག་ཉིད་ཀྱིས་མོས་པར་མི་ནུས་སུ་ཟིན་ཀྱང༌། འོན་ཀྱང་རྟོག་པ་ངན་པ་རང་གི་བློ་གྲོས་ཉམས་ཆུང་བའི་ཉེས་པ་མཐོང་བ་རྣམས་ཀྱིས་དེ་སྤང་བར་ཡང་རིགས་པ་མ་ཡིན་ལ། བདག་ཉིད་ཕུངས་པས་གཞན་དག་ཀྱང་དོན་ཆེན་པོ་ལས་ཉམས་པར་བྱས་ཏེ་བརླག་པར་བྱ་བར་ནི་རིགས་པ་མ་ཡིན་ནོ།། དེ་ལྟར་ན་ནི་རང་དང་གཞན་ལ་འཁུ་བ་བྱས་པ་ཁོ་ནར་འགྱུར་རོ།། དེ་ལྟ་བས་ན་བློ་གྲོས་དང་ལྡན་པ་དད་པ་ཅན་གྱིས་ཆོས་ཟབ་མོ་དག་སྤོང་བའི་ལྟ་བ་བོར་ཏེ། དེ་ལ་ཡང་བཅོམ་ལྡན་འདས་ཉིད་ཚད་མར་བྱས་ཤིང་བདག་ཉིད་མི་ཤེས་པའི་ཉེས་པས་དེ་ཁུང་དུ་མི་ཆུད་སྲིད་དོ་སྙམ་དུ་བསམ་ནས། མདོ་ཟབ་མོ་དག་ལ་མོས་པ་བསྐྱེད་དེ། མཉན་པ་དང་གཟུང་བ་དང་བསྒོམ་པ་ལ་སོགས་པ་ལ་མངོན་པར་བརྩོན་པར་བྱའོ།། གཞན་དག་ཀྱང་ཡང་དག་པར་ལེན་དུ་གཞུག་གོ། བདག་ཉིད་དེ་ལ་མོས་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པར་བྱའོ།། དེ་ཉིད་ཀྱི་ཕྱིར་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཆོས་ཟབ་མོ་གང་དག་ལ་འདི་ཡི་བློས་གཏིང་མི་དཔོག་པ་དེ་ལ་དེ་བཞིན་གཤེགས་པ་ཁོ་ནར་ཚད་མར་བྱས་ནས། སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཏེ། མོས་པོ་སྣ་ཚོགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་ལ་འཇུག་པས་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི། བདག་གིས་ནི་མི་ཤེས་སོ་སྙམ་ནས་སྤོང་བར་ནི་མི་བྱེད་དོ་ཞེས་གསུངས་སོ།། ཞེས་བཤད་དེ་རང་གཞན་ལེགས་པའི་ལམ་ལ་འཇུག་པར་འདོད་པའི་རྟོགས་ལྡན་རྣམས་ཀྱིས་དེ་ལྟ་བུའི་ལུང་རྣམས་ཚིག་ཁ་དོན་དུ་བྱས་ཤིང༌། དོན་རྟག་དུ་དྲན་པར་བྱ་བ་ཤིན་ཏུ་གཅེས་སོ།། དེ་ལྟར་ན་ཁོ་བོས་སྐབས་གཞན་དུ་བཀོད་པའི་ཚིག་བཅད་འདི་དག་ཀྱང་དྲན་པར་བྱ་བའི་ཕྱིར་བརྗོད་དོ།། ཁ་ཅིག་གཞུང་ལུགས་ཆེ་དང་མི་མཐུན་ཡང༌། །མི་མཐུན་པར་ཟད་གྲུབ་ཐོབ་འདི་དང་འདིའི། །ཆོས་འདི་ཉམས་སུ་བླངས་པས་གྲོལ་འགྱུར་བས། ཁོ་བོས་ཆོས་ལ་འདི་ཡིས་ཆོག་ཅེས་ཟེར། །དེ་ནི་གྲུབ་ཐོབ་ཡིན་པའི་སྒྲུབ་བྱེད་གང༌། །ཉམས་ལེན་དེ་ཡིས་གྲོལ་བའི་རྒྱུ་མཚན་ཅི། །ཁྱོད་ལ་དེ་ཡིས་ཆོག་པ་བདེན་དུ་ག །སངས་རྒྱས་ཐོབ་ལ་དེ་ཡིས་ཆོག་པ་མེད།། ཞེས་དང༌། རང་ལ་ལུང་རིགས་སྒྲུབ་བྱེད་མེད་བཞིན་དུ། །མཁས་པ་ཆེ་གེ་དེ་ལྟར་འདོད་པའི་ཕྱིར། །དེ་ཉིད་ཡིན་ནོ་དེ་བས་ཁྱོད་མི་མཁས། །ཞེས་དེ་བཞིན་བསྒྱུར་ནས་ནི་ང་རོ་སྨྲ། །དེ་ལྟ་ན་ནི་ཆོས་ཉིད་དེ་བཞིན་ཉིད། །དོན་དམ་དུ་ནི་གྲུབ་པར་ཐལ་འགྱུར་ཏེ། །རྒྱལ་དང་བྱམས་མགོན་ཐོགས་མེད་དབྱིག་གཉེན་སོགས། །དེ་དག་གིས་ནི་དེ་ལྟར་བཞེད་ཕྱིར་དང༌། །ཕྱོགས་གླིང་གྲགས་པ་རིན་ཆེན་འབྱུང་གནས་སོགས། །དེ་དག་གིས་ཀྱང་དེ་ལྟར་བཞེད་ཕྱིར་དེ། །དེ་དག་རྣམས་ལས་ཁྱེད་རྣམས་མི་མཁས་ཕྱིར། །ཞེས་པའི་རྒྱུ་མཚན་གསུངས་པས་གནོད་ཕྱིར་རོ། །ཞེས་སོགས་འོད་གསལ་རྒྱན་གྱི་མཇུག་དོན་དུ། །ལེགས་བཤད་ཉེས་བཤད་རྣམ་པར་ཕྱེ་བྱས་ནས། །ཡིན་ལུགས་མ་ནོར་གསལ་བར་བསྟན་པ་ཡིན། །ཚིགས་བཅད་དུ་མ་ཡོད་པའང་བལྟ་བར་བྱའོ།།
སླར་ཡང་ཚིགས་སུ་བཅད་དེ་བརྗོད་པ།
གཞན་ཡང༌། ངེས་དོན་རྒྱ་མཚོ་འགོགས་པའི་ཟོལ་གྱིས་ནི།། བུ་སྟོན་ཁ་ཆེའི་བཞེད་གཞུང་འགོག་བྱེད་ཅིང༌།། ཞར་ལ་བསྟན་པའི་འདམ་བུ་འཇོམས་བྱེད་པའི།། ཉེས་བཤད་སོ་ལྡན་གཉིས་འཐུང་འདི་དག་མཚར།། ཕྱོགས་སྔ་ཤེས་པའི་ནམ་ལངས་མ་གྱུར་བར།། དགག་པ་ལྟར་སྣང་ཉི་མ་ཤར་བྱས་ཏེ།། ཐོས་ཆུང་རྨོངས་པ་མཚན་རྒྱུའི་ཚོགས་རྣམས་ཀྱིས།། ཡང་དག་ལྟ་བའི་དབང་བོ་ཉམས་བྱེད་མཚར།། ཕྱོགས་ཀུན་ཤེས་པའི་མཁས་པ་འདབ་བཟང་རྣམས།། རྩོམ་འཆད་རྩོད་པའི་མཁའ་ལ་བགྲོད་མཐོང་ནས།། ཕྱོགས་རྟོགས་ཤ་སྦྲང་དག་ཀྱང་ཕྲག་དོག་དང༌།། སྤྱི་བརྟོལ་འདབ་གཉིས་བསྐྱོད་དེ་འཕུར་བ་མཚར།། མ་རྟོགས་ལོག་རྟོག་ཐེ་ཚོམ་གདོན་ཆེན་གྱི།། གཞན་དབང་གྱུར་བའི་རྒོལ་ངན་ཝ་སྐྱེས་ཚོགས།། ལོག་པའི་ལྟ་ངན་སྒྲོགས་ལ་མཐའ་མེད་ཕྱིར། ། ཟློག་བྱེད་གསང་སྔགས་མཐའ་མེད་སྤྲིར་༼བགྲང་༽མི་ལངས།། ཞེས་སོགས་ཁོ་བོས་སྐབས་འགར་སྨྲས་པ་ཡི།། ཚིག་བཅད་རྣམས་ཀྱི་ཚིག་དང་དོན་རྣམས་ནི།། གཟུ་བོའི་བློ་ཡིས་བཟུང་ཞིང་ལེགས་བསམ་ནས།། མཁས་རློམ་མང་བོས་དེ་ཉིད་གསལ་བར་འགྱུར།། དེང་སང་ལྟ་བའི་སྙིགས་མ་བདོ་གྱུར་པས།། ལྟ་སྒོམ་སྤྱོད་འབྲས་སོགས་ལ་ལོག་རྟོག་གི། དུག་ཆུས་མྱོས་པའི་ལོག་བཤད་མང་མཐོང་ནས།། བཟློག་བྱེད་བསྟན་བཅོས་བདུད་རྩིའི་མཆོག་འདི་བསྒྲུབས།། མངོན་མཐོ་ངེས་ལེགས་དོན་གཉེར་སྐྱེ་བོ་རྣམས།། བླངས་དོར་གནས་ལ་རྨོངས་པའི་མུན་སེལ་ཞིང༌།། ལམ་དང་ལམ་མིན་གསལ་བར་བྱེད་པས་ནི།། །བསྟན་བཅོས་འདི་ནི་རྟ་བདུན་དབང་བོའང་ཡིན།། གངས་རིའི་ཁྲོད་ཀྱི་མཁས་རློམ་དུ་མ་ཡིས།། ཉིན་དང་མཚན་དུ་དབུ་མའི་གཞུང་ལུགས་ལ།། རྟག་ཏུ་འབད་ཀྱང་སྟོང་ཉིད་མཐར་ཐུག་པ།། སྙིང་པོ་དོན་གྱི་ཤེར་ཕྱིན་རྟོགས་པས་དབེན།། དབུ་མའི་གཞུང་དུ་སྤྲོས་བྲལ་སྤྲོས་བྲལ་ཞེས།། ཡང་ཡང་གསུངས་པའི་ཚིག་ཙམ་ལ་བརྟེན་ནས།། དགག་བྱ་རྣམ་བཅད་ཙམ་གྱིས་སྟོང་པ་ནི།། སྟོང་ཉིད་ཟབ་མོ་མཐར་ཐུག་ཡིན་པར་འདོད།། ཆད་སྟོང་སྟོང་ཉིད་མཆོག་ཏུ་རློམ་བྱས་ནས།། རང་བཞིན་ལྷུན་གྲུབ་འོད་གསལ་ཆོས་ཀྱི་སྐུ།། གདོད་ནས་གནས་པར་གསུང་རྣམས་དྲང་དོན་དུ།། འདོད་པའི་ལོག་བཤད་བཟློག་པར་བྱ་ཕྱིར་དང༌།། ཆད་སྟོང་རྟོགས་པའི་ལྟ་བས་ཀུན་བསླངས་ནས།། ཅིར་ཡང་གྲུབ་མེད་ཆད་སྒོམ་གོམས་བྱེད་ཅིང༌།། དེ་ཕྱིར་ཐོབ་བྱའི་འབྲས་བུ་མེད་དོ་ཞེས།། སྨྲ་བའི་ལོག་རྟོག་ཟློག་ཕྱིར་འདི་སྦྱར་རོ།། དེ་ལྟར་འདོད་པའི་གྲུབ་མཐའ་དེ་དག་ལ།། ཁོ་བོས་བཀོད་པའི་ལུང་རིགས་གནོད་བྱེད་རྣམས།། གནོད་བྱེད་ཉིད་དུ་འགྱུར་རམ་མི་འགྱུར་བས་༼བ༽།། མཁས་པ་གཟུར་གནས་བློ་ལྡན་སྤྱོད་ཡུལ་ཏེ།། འཁོར་ལོ་རིམ་གསུམ་ཁྱད་པར་གསང་སྔགས་ཀྱི།། རྒྱུད་སྡེ་ཟབ་མོའི་དོན་ལ་མ་སྦྱངས་ཤིང༌།། ཟབ་མོའི་རྣལ་འབྱོར་ཉམས་སུ་མ་མྱོང་བའི།། རྟོག་གེ་ཅན་གྱི་སྐྱེ་བོས་རྟོགས་རེ་སྐན།། དེ་ཕྱིར་ཁོ་བོས་ལེགས་པར་བཤད་པ་འདི།། གཞན་ལ་ཕན་པའི་གོ་སྐབས་དཀའ་ན་ཡང༌།། ལྟ་སྒོམ་སྤྱོད་འབྲས་ལོག་པར་སྤྱོད་པ་ལ།། སྙིང་གི་ཁོང་ནས་བརྩ་བས་བསྐུལ་ཏེ་སྦྱར།། གཞན་ཡང་བཤེས་གཉེན་དམ་པ་འབའ་ར་བས།། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་དྲིས་བའི་ལན།། ཁོ་བོས་སྦྱར་བའི་ཡིད་ཀྱི་མུན་སེལ་དུ།། བཀོད་པའི་ལེགས་བཤད་འདི་ཡང་ཉན་པར་གྱིས།། རྩོམ་དང་རྩོད་པའི་མིག་གཉིས་རབ་གསལ་ཡང༌།། འཆད་པའི་རོ་འཛིན་མེད་ན་གསུང་རབ་དོན།། ཉན་འདོད་སྐྱེ་བོའི་འདུན་པ་རབ་སྤངས་པར།། བློ་གསལ་དགའ་བ་བསྐྱེད་པར་ག་ལ་འགྱུར།། འཆད་དང་རྩོམ་པའི་རལ་བའི་རབ་བརྗིད་ཀྱང༌།། རྩོད་པའི་སྡེར་མོ་རྣོན་པོ་དང་བྲལ་ན།། མཁས་པའི་མདུན་སར་འགལ་འབྲེལ་གཏམ་བྱེད་ཚེ།། ཕས་རྒོལ་གླང་ཆེན་འཇོམས་པར་ག་ལ་འགྱུར།། འཆད་དང་རྩོད་པའི་ལྕེ་གཉིས་རབ་གཡོ་ཡང༌།། རྩོམ་པ་ཡིད་བཞིན་ནོར་བུས་མ་བརྒྱན་ན།། རིག་པའི་གནས་ལྔར་མཁྱེན་པ་རབ་རྒྱས་པའི།། མཁས་པའི་སྐྱེ་བོ་མགུ་བར་ག་ལ་འགྱུར།། མདོ་རྒྱུད་དགོངས་པ་དོན་བཞིན་འཆད་པ་དང༌།། དགོངས་པ་གཏན་ལ་འབེབས་པའི་དོན་རྩོད་དང༌།། སྡེབ་ལེགས་རྣར་སྙན་ལེགས་བཤད་རྩོམ་པ་གསུམ།། གང་ལ་མངའ་བའི་ཞབས་རྡུལ་སྤྱི་བོས་ལོངས།། མན་ངག་བསྒོམ་པའི་ལུང་དང་རབ་ལྡན་ཡང༌།། ཡང་དག་ཐོས་པའི་མིག་དང་མི་ལྡན་ན།། མདོ་རྒྱུད་བསྟན་བཅོས་ལེགས་བཤད་རྩོད་པ་གསུམ།། དམུས་ལོང་མྱ་ངན་གང་༼ཐང་༽དུ་འཁྱམས་དང་མཚུངས།། ཐོས་དང་བསྒོམ་པའི་ནམ་མཁའ་ཡངས་ཡོད་ཀྱང༌།། ཐོས་དོན་བསམ་བྱུང་ཉི་འོད་མེད་གྱུར་ན།། གསུང་རབ་དགོངས་དོན་གཏན་ལ་འབེབས་པའི་ཚེ།། གནས་ལུགས་འཇིག་རྟེན་གསལ་བར་ག་ལ་འགྱུར།། ཐོས་བསམ་འཛིན་མ་རབ་ཏུ་རྒྱ་ཆེ་ཡང༌།། བསྒོམ་པའི་དག་བྱེད་རྒྱུན་དང་བྲལ་གྱུར་ན།། རང་རྒྱུད་ཆགས་སྡང་རྨོངས་པ་ལ་སོགས་པའི།། དྲི་མ་མ་ལུས་སེལ་བར་ག་ལ་འགྱུར།། བསྟན་པ་གསལ་བར་ནུས་པའི་ཐོས་པ་དང༌།། གསུང་རབ་དོན་བཞིན་ངེས་པའི་བསམ་པ་དང༌།། གོལ་མེད་ཉམས་སུ་ལེན་པའི་སྒོམ་པ་གསུམ།། གང་ལ་མངའ་བའི་ཞབས་རྡུལ་སྤྱི་བོའི་ལོངས།། བདེན་གཉིས་ཚུལ་བཞིན་ཤེས་པ་ལྟ་ཅི་སྨོས།། ཡི་གེའི་བརྡ་དག་ཙམ་ལའང་རྨོངས་བཞིན་དུ།། མདོ་རྒྱུད་དགོངས་ཟབ་འཆད་པའི་སྐྱེ་བོ་དེས།། རྗེས་འཇུག་ལེགས་འདོད་བསླུས་པར་གྱུར་ཏ་རེ།། ངེས་པའི་དོན་ལ་ཅུང་ཟད་མ་རེག་ཡང༌།། ངེས་དོན་ཡིན་ཞེས་འདོམས་པའི་སྐྱེ་བོ་ལས།། ངེས་པར་བརྟགས་ན་ཆུ་ཤིང་ཇི་བཞིན་དུ།། ངེས་དོན་སྙིང་བོ་འབྱུང་བར་ག་ལ་འགྱུར།། བདག་ཉིད་ལེགས་པར་འདོད་པའི་སྐྱེ་བོ་གང༌།། བདག་ལ་ཕན་ཕྱིར་ལྕེབ་པར་མི་རིགས་ལྟར།། བདག་གཞན་སངས་རྒྱས་ཐོབ་པར་འདོད་བཞིན་དུ།། བདག་ཉིད་ལོག་པའི་ལམ་འཇུག་ག་ལ་རིགས།། ཤར་དུ་འགྲོ་འདོད་ནུབ་ཏུ་མི་འགྲོ་བཞིན།། སངས་རྒྱས་འདོད་ན་ལེགས་པའི་ལམ་ལ་ཞུགས།། ལེགས་ལམ་འདོད་ན་སེམས་འགྲེལ་སྐོར་གསུམ་སོགས།། དྲི་མེད་གསུང་རབ་བརྟེན་པ་གནད་ཀྱི་མཆོག། མདོ་རྒྱུད་ཟབ་མོའི་དོན་ལ་རྒྱབ་ཕྱོགས་ཀྱང༌།། མིང་བཟང་བཏགས་ནས་ཟབ་མོར་ཁས་འཆེ་བའི།། མན་ངག་མང་པོས་བསླུས་པར་གྱུར་ཏ་རེ།། ཐར་བ་འདོད་རྣམས་ཤིན་ཏུ་སྒྲིམས་དགོས་སོ།། རི་དྭགས་རྔ་མ་བསྟན་ནས་བུང་བུའི་ཤ། ཁྲེལ་མེད་སྐྱེ་བོས་བཙོངས་ནས་བསླུས་པ་བཞིན།། ཟས་ནོར་གྱིས་འབྲིད་སྤྱོད་ཚུལ་བཟང་བསྟན་ནས།། ལོག་ལམ་བསྟན་ནས་བསླུས་པར་གྱུར་ཏ་རེ།། ཚེ་འདིའི་བྱ་བ་ཅུང་ཟད་ཙམ་ལ་ཡང༌།། ལེགས་པར་བརྟགས་ནས་འཇུག་པ་མཛངས་པའི་ལུགས།། སྐྱེ་བ་གཏན་གྱི་དོན་ཆེན་བསྒྲུབ་འདོད་རྣམས།། འཇུག་བྱའི་ཆོས་ལ་ངེས་པར་བརྟག་དགོས་སོ།། ལེགས་བཤད་དུ་མ་བསྟན་དུ་ཡོད་མོད་ཀྱི།། དགོན་པའི་རྫིང་བུར་གངྒཱའི་ཆུ་བཞིན་དུ།། གཞན་བློའི་སྣོད་དུ་ཤོང་བ་ཤིན་ཏུ་དཀའ།། དེ་ཕྱིར་ཅུང་ཟད་བསྡུས་ཏེ་བཀོད་པ་ཡིན།། དེ་ལྟར་ལམ་དང་ལམ་མིན་རྣམ་ཕྱེ་བའི།། དགེ་བ་འདི་ཡིས་མཁའ་ཁྱབ་སེམས་ཅན་ཀུན།། ལོག་ལམ་སྤངས་ཏེ་ལེགས་པའི་ལམ་ཞུགས་ནས།། དོན་གཉིས་མཐར་ཕྱིན་གོ་འཕང་ཐོབ་གྱུར་ཅིག། བདག་ཀྱང་དང་ནས་སྐྱེ་བ་ཐམས་ཅད་དུ།། འཕགས་པའི་ནོར་བདུན་རྣམས་ཀྱིས་ལེགས་འབྱོར་ཞིང༌།། འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་ལ།། འཇམ་པའི་དཔལ་བཞིན་དབང་འབྱོར་ཐོབ་པར་ཤོག། བསྟན་བཅོས་འདི་ཡང་བསྟན་པ་གནས་ཀྱི་བར།། གཟུར་གནས་བློ་ལྡན་དོན་གཉེར་ཚོགས་རྣམས་ཀྱི།། མེ་ཏོག་བུང་བས་བསྟེན་བཞིན་བསྟེན་པ་དང༌།། སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་གྱུར་ཅིག།
ཅེས་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་འབྲས། གཞི་དབུ་མ་ལམ་དབུ་མ་དང༌། འབྲས་བུ་དབུ་མ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་བཀླག་པས་དོན་གྲུབ་འདི། བསྟན་གཅིག་པའི་བརྟུལ་ཞུགས་ལ་ལེགས་པར་གནས་ཤིང༌། ཡོན་ཏན་དུ་མ་ལ་མངའ་འབྱོར་བས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རྩ་ལག་ཏུ་གྱུར་བ་མཁན་ཆེན་ནམ་མཁའ་རྒྱལ་མཚན་པ་དང༌། རྒྱུད་དང་མན་ངག་དུ་མའི་བདག་ཉིད་བླ་མ་གསང་འདུས་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་བོས་བསྐུལ་བའི་ངོར། ཐུབ་པའི་རྒྱལ་མཚན་ཆོས་ཀྱི་རྗེ་བུ་དོལ་གཉིས་ལ་སོགས་པ་མཁས་གྲུབ་དུ་མའི་གསུང་གི་བདུད་རྩི་མྱངས་བས། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ། ལུང་རིགས་མན་ངག་གསུམ་ལ་བློའི་སྣང་བ་༼རྒྱ་༽ཆེར་རྒྱས་པའི་ཀུན་དགའ་དཔལ་ཉའི་མིང་ཅན་གྱིས། སྔོན་བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ། གནམ་ལ་ཁྲི་བདུན་ཞེས་གྲགས་པའི་ཁྲི་བདུན་པའི་ཕོ་བྲང་བྱུང་བའི་ས། ཉང་སྟོད་བརྩེ་ཆེན་གྱི་བྱ་འདབས་གཡང་ལུང་རི་ཁྲོད་དུ་སྦྱར་བའོ།། འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ཅེས་པའི་ཡི་གེ་པ་ནི་ལུང་གི་སྟོན་པ་རྡོ་རྗེ་འཛིན་པ་དུས་ཀྱི་འཁོར་ལོ་པ་ཨ་མོ་གྷའོ།། བཀྲ་ཤིས། དགེའོ།། ལེགས་སོ།། སྐྱེ་དགུའི་སེམས་ཅན་རྣམས་མཐར་ཐུག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག། བོད་རྒྱལ་ལོ། ༢༡༣༨ ཟླ་ ༡༡ ཚེས་ ༢༧ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༠ ཉིན། བེ་རི་རིག་པའི་རྡོ་རྗེས་དཀར་ཆག་མདོ་ཙམ་གསར་དུ་བསྒྲིགས་ཤིང་། ཞུས་དག་སྐྱ་ཤར་ཞིག་བྱས་བསྟུན་དྲ་ཐོག་ཏུ་བཀོད་དོ།།
འདིའི་མ་ཕྱི་འབྲས་སྤུངས་དཔེ་རྙིང་ཁང་ནས་ཐོན་པའི་ཡིག་རྙིང་ཡིན་པས། ཡི་གེ་མི་གསལ་བ་མང་དུ་ཡོད་པ་མ་ཟད། མ་དག་པ་ཡང་གང་འཚམ་འདུག་མོད། ང་ཚོས་ཡི་གེ་མ་དག་པ་སོར་བཞག་གིས་དག་བཅོས་ཅུང་ཟད་བྱས་ཡོད་མོད། ད་དུང་མ་དག་པ་དང་ལྷག་པར་དུ་དཀར་ཆག་སྒྲིག་སྟངས་ཐད་ནོར་འཁྲུལ་ཡོད་ངེས་པས། མཁས་པ་སྤྱི་དང་ཁྱད་པར་དུ་ངེས་དོན་ལུགས་བཟང་འཛིན་པའི་མཁས་གྲུབ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་གནང་བའི་རེ་འདུན་ཞུ།