དུས་ཀྱི་འཁོར་ལོའི་བསྟོད་པའི་མངོན་རྟོགས་ཉེར་བསྡུས།

དུས་ཀྱི་འཁོར་ལོའི་བསྟོད་པའི་མངོན་རྟོགས་ཉེར་བསྡུས།

ཀུན་མཁྱེན་རྟོན་པ་བཞི་ལྡན།

༄༅། །ན་མཿཤྲཱི་ཀ་ལ་ཙཀྲ་ཡ།། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེ་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མི་ཡི་ཚིགས། ། ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། ། རོལ་བས་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །

རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་ལྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕབ་དང་ཁ་ཌཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོགས་ཚངས་བགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེ་སྐུ་ཅན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་གྱི་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌ་མ་རུ་དང་བགྲང་འཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །

 

ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་ཀུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ཡོངས་འདུས་མེ་ཏོག་སྣ་ཚོགས་མེ་ཏོག་འཕྲེང་ལྡན་མ། ། དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པཎ་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲུས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནོར་བུ་དང་ནི་ཌ་མ་རུ། །པི་ཝཾ་རྔ་དང་མཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོ་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡི་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །

ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་བསྙེན་གྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་བཞི་རྣམ་དག་པ། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་བཞི། །ཆོས་ཀྱི་དུང་དང་གནྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ།

ཁུ་ཁྲག་སྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། ། བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །

འདུ་བྱེད་རླུང་དང་ངག་གི་དབང་བོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་བོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཌཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱི་འཁྱུད་ལ་འདུད། །ཚོར་བ་མེ་དང་ལག་པའི་དབང་པོ་མིག་དང་རེག་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་མོ་དང་སྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ། །སྣང་བ་མཐའ་ཡས་མ་མ་ཀི་དང་ཁེངས་བྱེད་འཇིག་རྟེན་དབང་པོའི་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་འཕྲེང་དང༌། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོགས་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱི་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟྭ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། ། རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེར་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་གཡས་བསྐྱང་སྟབས་བཞུགས་རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་དང༌། །འདབ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པདྨའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། །

དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་འཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲུས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །

ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱུད་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ཅན་མ། །ཐུན་ཚོད་དང་ནི་དབྱུ་གུ་རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་གསུམ་ཕྱོགས་བཞི་རོལ་པའི་ཡོངས་སྐོར་ས་གའི་སྟབས་ཀྱིས་ལེགས་གནས་མ། །ཡི་དྭགས་ལ་གནས་ཙར་ཙི་ཀ་ནི་དབང་པོས་འཁྱུད་ཅིང་འཇིགས་མ་དང༌། །རླུང་ཤུགས་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང༌། །རབ་གཏུམ་དྲག་མིག་སྣ་ཆེན་མས་བསྐོར་དུས་མཐུའི་སྤྲིན་མཚུངས་ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་དྲཱཾ་ག་ཡིས་བརྒྱན་ལ་འདུད། །མཁའ་ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་དཔལ་མོ་དང༌། །རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་འཁོར་ལོ་དབྱུག་ཐོ་པདྨ་དང༌། །དུང་གི་ཕྱག་ལྡན་སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །མ་ཧེར་གནས་པའི་ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀིང་རུས་མ། །རྩིགས་མ་དུས་མཚན་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དང༌། །དྲག་མོ་དང་ནི་གཟུགས་ངན་མས་བསྐོར་མེ་ཡིས་མདོག་ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ཀྱིས་རྣམ་བརྒྱན་རྣམས་ལ་ཕྱག་འཚལ་ལོ། །རྨ་བྱར་གནས་པའི་གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པདྨ་མ། །རིན་ཆེན་འཕྲེང་བ་ལུས་མེད་གཞོན་ནུ་རི་དྭགས་བདག་པོའི་འགྲོ་མ་དང༌། །མིག་མཛེས་རུལ་མ་བཟང་མོས་ཡོངས་བསྐོར་བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཤག་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་མཛེས་ལ་ཕྱག་འཚལ་ལོ། ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་འཁྱུད་ཅིང་ཕྱོགས་ཀུན་ནས། །གོ་རི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་མཚོན་བྱེད་མ། །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ཞལ། །རྩེ་གསུམ་ཅིང་ཏེའུ་ཁ་ཌཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་གནས་པའི་དཔལ་མོ་ལ་ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ཅན་དང་རི་བོང་འཛིན་ཞལ་ངང་བའི་མདོག །པདྨའི་དབང་མོ་སྐར་མིག་མ་དང་དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ཞལ་པདྨ་བགྲེང་འཕྲེང་ཆུ་སྐྱེས་རིན་ཆེན་འཛིན་ལ་འདུད། །གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ལྡན་མ་དང་ཨུར་བ་སི། །རམ་བྷ་ཟུག་རྔུ་མེད་མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། །གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་དྲིལ་བུ་གཞི་ཡིས་མཚན་ལ་འདུད། ། ངང་པར་གནས་པའི་ཚངས་མ་ལ་ནི་ནོར་ལྷས་འཁྱུད་ཅིང་མཆོད་སྦྱིན་འདོན། །ངག་གི་དབང་ཕྱུག་པདྨའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་མ། །ཕྱག་གི་པདྨ་པདྨ་ཚངས་དབྱུག་སྤྱི་བླུགས་བར་བུའི་མཚན་ལ་འདུད། །

ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །སྤྱན་གསུམ་ཉི་ཟླའི་མདོག་ཅན་པདྨའི་སྟེང༌། །རོལ་པའི་ཡོངས་སྐོར་རྡོ་རྗེའི་གདན་བཞུགས་པ། །སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་མཐུའི་སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུས་མེ་ཏོག་ནོར་བུ་ཨུཏྤལ་འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ལུག་ལ་གནས་ཤིང་ཆུ་བདག་མོས་འཁྱུད་པའི། ། མེ་ལྷ་ལ་སོགས་སྣྲོན་གྱི་ཚེས་རྣམས་གཞན། །མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞལ་གཅིག་པདྨ་ར་གའི་མདོག་ལ་འདུད། །དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། །གདོང་དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་གཞན། །ཤཀ་ཏི་མདུང་དང་ནོར་བུ་མེ་ལོང་ཅན། །བྱི་རུས་འོད་འཕྲོ་གདོང་དྲུག་ལྡན་པས་སྐྱོངས། །ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་ཞུན་ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྤྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་འོད་ཅན་ཟླ་བའི་ཞལ་མཆོད་དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། །ཚོགས་བདག་ལ་སོགས་ཁྲུམ་སྟོད་ཚེས་རྣམས་གཞན། །དགྲ་སྟ་རྡོ་རྗེ་ཞགས་པ་ནོར་བུའི་ཕྱག །ཟླ་ཞལ་ཟླ་འོད་ལྟ་བུར་དཀར་ལ་འདུད། །གླང་པོར་གནས་ཤིང་རླུང་ལྷ་མོས་འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་འཁྱུད་ཅིང་ངང་པ་ལ་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། ཁབ་དང་བགྲང་ཕྲེང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མདོག་ཆུ་ཡི་ཞལ་གྱིས་སྐྱོང༌། །ཨུ་མས་འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་མགོ་ཡི་ཚེས་རྣམས་གཞན། །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཌཾ་གཞུ། ། རི་བོང་འཛིན་ཞལ་མཁའ་ལྟར་སྔོ་ལ་འདུད། །གླང་པོར་གནས་ཤིང་ནོར་སྦྱིན་མོས་འཁྱུད་པའི། །ནོར་བདག་ལ་སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེའུ་ལེ་པདྨའི་ཕྱག །སྔོན་པོ་རི་དྭགས་མཚན་པའི་ཞལ་མཆོད་བགྱི། །དཔལ་མོས་འཁྱུད་ཅིང་མཁའ་ལྡིང་ལ་གནས་པའི། ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ཐོ་པདྨ་དུང་གིས་མཚན། །ཞལ་གཅིག་མར་གད་མདོག་ལ་ཕྱག་འཚལ་ལོ། །གཤིན་རྗེ་མས་འཁྱུད་མ་ཧེ་ལ་གནས་པའི། །གཤིན་རྗེ་ལ་སོགས་དབོ་ཡི་ཚེས་རྣམས་གཞན། །དབྱུག་པ་རལ་གྲི་ལྕགས་སྒྲོགས་ཞགས་པས་བརྒྱན། །ལྗང་ཁུ་རི་དྭགས་ཅན་ཞལ་ལ་ཕྱག་འཚལ། །

འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་འཛིན། །ཙུན་དས་ལེགས་འཁྱུད་ཌཱ་ཀི་དམར་པོ་མེ་མདའ་དང་ནི་ལྕགས་ཀྱུ་གཞུ་དང་ཞགས་པས་མཚན། ཁྲོ་གཉེར་མས་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་མདུང་དང་པདྨ་མེ་ལོང་འཛིན། །ལྕགས་སྒྲོགས་མས་འཁྱུད་སྟོབས་ཆེན་སོར་པོ་འཁོར་ལོ་དང་ནི་དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་ཏོར་ལྗང་ཁུ་དགྲ་སྟ་དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཏཱཾག །དྲག་སྤྱན་མས་འཁྱུད་གནོད་མཛེས་སྔོན་མོ་གྲི་གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་སེང་གེ་གླང་པོ་མཁའ་ལྡིང་རྐང་བརྒྱད་ཀྱི་ནི་ཤིང་རྟ་ལ་གནས་གཡས་སྐྱངས་སྟབས། །མཐིལ་བཞི་བཤང་ལམ་གཙུག་གི་རྩ་དག་ཁྲོ་བོའི་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། །

སྟོབས་ཀྱི་སྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱི་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་རབ་ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེའི་གདན་བཞུགས་རིན་ཆེན་རྒྱན་གྱིས་བརྒྱན། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་འཁྱུད་ལ་འདུད། །མདུང་གིས་འབིགས་དང་ལྷག་མ་བསྲེགས་པའི་རོ། །དྲག་པོ་གཡུལ་དང་རུལ་བ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་ཟོས་པ་ཡི། །དུར་ཁྲོད་ཆེན་པོར་བསེ་དང་བྷེ་རུན་ཊ། །དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་འཁོར་ལོའི་སྟེང༌། །ཟླུམ་པོའི་སྟབས་ཅན་མི་མགོའི་ཕྲེང་ལྡན་མ།  གཅེར་བུ་སྤྱན་གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་འཁྱུད་མ། །ལུས་ལ་ལག་པའི་སོར་མོ་རྣམ་དག་མ། ཁྱི་གདོང་མ་དང་ཁ་གདོང་ཕག་གདོང་མ། །བྱ་རྒོད་གདོང་མ་སྟག་གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡིང་གདོང་མ། །སྟེང་འོག་ཤིང་རྟར་སྔོན་མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་ཚོགས་ཀྱིས་བསྐོར་ལ་ཕྱག་འཚལ་ལོ། །

ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་མ་རིང་བྱེད་མ། །ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་མ་ཙིནྡ་དང་ནི་འོད་ཟེར་ཅན། །དྲག་སྤྱན་མ་དང་ཤིན་ཏུ་སྔོན་མོ་རང་རང་རིགས་ཀྱི་ཁྲ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་ཏོག་བརྒྱན་ལྡན་ཁྲོ་མོ་རྣམས་ལའང་ཕྱག་འཚལ་ལོ། །དེ་བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁ་གདོང་མ། །རབ་སྔོན་རབ་བརྩོན་ཙརྪི་ཀ་དང་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ། །དབྱེ་བ་གོས་དང་འཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་ཏུ་གདོང༌། །སྐྲོད་དང་ལུས་ཕྲུག་ཡན་ལག་བསྐྱོད་པར་འདོད་དང་ཕྱིར་འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་མ་དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་སྤྱན་རྨུགས་མ་ཕག་མོ་དང་ནི་ཕག་གདོང་མས་བསྐྱེད་ལྷོ་ཕྱོགས་སུ། །བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་ནི་སྐེམ་པ་དང༌། །ལུས་ཀྱི་དྲི་མ་བཤང་གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་མཆོད། །མཱ་མ་གི་དང་གཟུགས་མ་དཔལ་མོ་ཙུནྡ་དང་ནི་འུག་གདོང་མ། །སྒྲ་མ་ཁེངས་མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་རྒྱན་དང་རྒྱལ་སྲིད་འཆིང་བ་བྱིས་པ་སྡིག་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མང་འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། །སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ཅན་མ་མཁའ་ལྡིང་མ། །ཆོས་ཀྱི་ཁམས་མ་རངས་མ་དབང་མོ་ལྕེ་སྤྱང་མས་བསྐྱེད་ཆུ་བདག་ཏུ། །རང་པ་དྲི་དང་ཆུ་ལ་རྐྱལ་བར་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག ། གཉེན་འདུན་མལ་བརྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་གཞན་ལ་འདུད། །ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤང་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། ། བསམ་གྱིས་མི་ཁྱབ་རྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །

གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎྜ་ཀརྞ་དགའ་བྱེད་ནག་པོ་ཆེ། ། བྷིཾ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ་རྫོགས་སོ།། སེམས་ཅན་ཐམས་ཅད་ཀྱིས་རང་རང་ལ་བཞུགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་པ་འདི་ཡང་རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།།