དབུས་ལམ་གྱི་ཉི་མར་རྟགས་མ་ཐོབ་པ།

བོད་ཀྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པར་ཝུན་ཀི་ཧཱའི་གློག་བརྙན་དུས་ཆེན་སྟེང་སྟག་འབྲུག་བྱ་དགའ་ཐོབ་པ།

ཟླ༡༠བའི་ཚེས་༦ཉིན། ཝུན་ཀི་ཧྭའི་གློག་བརྙན་དུས་ཆེན་སྐབས་༣༠བའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་ཐོག་མའི་གློག་བརྙན་《དབུས་ལམ་གྱི་ཉི་མ》 ཞེས་པར་སྟག་འབྲུག་ཚན་པའི་གཟེངས་རྟགས་ཐོབ་ཅིང་། བྱ་དགའ་འདི་ནི་ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་གི་གསར་བྱུང་འཁྲབ་ཁྲིད་པ་དག་ལ་གཟེངས་བསྟོད་བྱེད་པར་དམིགས་ནས་བསྐྲུན་པ་རེད། སྟག་འབྲུག་ཚན་པ་ནི་ཝུན་ཀི་ཧྭའི་གློག་བརྙན་དུས་ཆེན་གྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལ། ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་དང་ས་གནས་ཁག་གི་གློག་བརྙན་བརྩམས་ཆོས་མང་པོ་ཞིག་གཅིག་ཏུ་བསྡུས་ནས་འགྲེམ་སྟོན་བྱེད་གྱི་ཡོད་པ་རེད། སྟག་འབྲུག་བྱ་དགའི་དམིགས་ཡུལ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁ་ན་ཊ་དང་ཞི་བདེ་རྒྱ་མཚོའི་གླིང་གི་རྒྱལ་ཁབ་བར་གྱི་རིག་གནས་འབྲེལ་བར་ཡར་སྐུལ་བྱེད་ཆེད་ཡིན་པ་རེད། ཝུན་ཀི་ཧཱའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྟག་འབྲུག་ཚན་པའི་སྟེང་། ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་གློག་བརྙན་གཅིག་སྡུད་ཀྱིས་འགྲེམ་སྟོན་བྱེད་པ་ཡིན་ཞིང་།དེ་ནི་ཡ་གླིང་གི་གློག་བརྙན་དག་རང་ས་གནས་བརྒལ་ཏེ་ཕྱི་ཡུལ་དུ་འགྲེམ་སྟོན་བྱེད་པའི་སྟེགས་བུ་ཞིག་ཡིན་པ་རེད།སྟག་འབྲུག་བྱ་དགའ་འདི་སྤེལ་ནས་ལོ་ངོ༡༨ལྷག་འདས་ལ།ཐེངས་རེ་རེར་གློག་བརྙན་འཁྲབ་ཁྲིད་པ་གསར་བའི་གསར་གཏོད་རང་བཞིན་གྱི་བརྩམས་ཆོས་དག་ལ་བྱ་དགའ་འདི་སྦྱིན་པ་རེད། དམིགས་ཡུལ་ནི་མདུན་ལམ་ཡོད་ལ་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་ཨེ་ཤ་ཡའི་འཁྲབ་ཁྲིད་པ་གསར་པ་གསར་དུ་རྙེད་པ་དང་ཁོང་ཚོར་སྐུལ་ལྕག་བྱ་ཆེད་ཡིན་པ་རེད། ༡༩༨༢ལོར་གསར་དུ་བསྐྲུན་པའི་ཝུན་ཀི་ཧཱའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་མེ་གླིང་བྱང་མའི་གློག་བརྙན་དུས་ཆེན་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་།དུས་ཆེན་འདིས་ལྟ་མཁན་རྣམས་ལ་ཧའོ་ལའེ་ཝུའུ་དང་འཛམ་གླིང་གི་ས་ཆ་སོ་སོའི་ཚབ་མཚོན་རང་བཞིན་གྱི་ཕུལ་བྱུང་གློག་བརྙན་དག་འདོན་སྤྲོད་བྱེད་པ་དང་མཉམ་དུ།གློག་བརྙན་ལས་རིགས་ཀྱི་གསར་བྱུང་མི་སྣ་དག་ལ་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད་པ་རེད།ད་ལོའི་གློག་བརྙན་དུས་ཆེན་ནི་ཟླ༩བའི་ཚེས༢༩ཉིན་འགོ་བརྩམས་པ་དང་།རྒྱལ་ཁབ་དང་ས་ཁུལ༧༥ཡི་གློག་བརྙན༣༧༠ལྷག་འགྲེམ་སྟོན་དུ་ཞུགས་ཤིང་།ཉིན༡༦གི་གློག་བརྙན་དུས་ཆེན་སྐབས་སུ་གློག་བརྙན་ཐེངས་གྲངས༦༠༠ལྷག་སྟོན་རྒྱུ་རེད། ན་གཞོན་དྲ་ཚིགས་ནས་བཏུས།