དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་སྙིང་པོ།

དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་སྙིང་པོ།

ཤཱཀྱ་ཐུབ་པ།

རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་གརྦྷ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་སྙིང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོར་བྱེད་པའི་འོད་ལྟ་བུ། །པདྨའི་འདབ་མ་འདྲ་བའི་སྤྱན། །སངས་རྒྱས་སེང་གེའི་གདན་ལ་བཞུགས། །ལྷ་ཡི་མཆོག་གིས་ཕྱག་བྱས་པར། །སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ལོ། །རྒྱལ་པོ་ཟླ་བ་བཟང་པོས་ཞུས། །ཡན་ལག་པདྨ་སྦྱར་བ་ནི། །ཡན་ལག་མཆོག་ལ་བཞག་བྱས་ཏེ། །དུས་ཀྱི་འཁོར་ལོའ་སྦྱོར་བ་ནི། །རྩོད་པ་དག་གི་དུས་ཀྱི་ནི། །མི་རྣམས་གྲོལ་བའི་རྒྱུ་རུའོ། །

སོ་སོར་སྡུད་པ་རྣམ་པ་བཅུ། །རྒྱལ་བ་ཡི་ནི་དབང་པོར་འགྱུར། །དེ་བཞིན་བསམ་གཏན་མི་སྐྱོད་པ། །སྲོག་དང་རྩོལ་བ་རལ་གྲི་ཅན། །སླར་ལ་ཡང་ནི་རྣམ་པ་བཅུ། །གཟུང་བ་རིན་ཆེན་ཕྱག་རྒྱ་ཅན། །གཡུང་མོ་རྗེས་སུ་དྲན་པ་ནི། །པདྨ་འཛིན་པ་རུ་ནི་འགྱུར། །དཔལ་གྱི་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་ཡང་ནི་ལྔ་རུ་དབྱེ། །སླར་ལ་ཡང་ནི་གང་དབྱེ་བ། །ཨ་ལ་སོགས་དང་ཀ་ལ་སོགས། །
སོ་སོར་སྡུད་པ་ཡུལ་དང་ནི། །ཡུལ་ཅན་རྣམ་པ་བཅུ་པོ་རྣམས། །ལུས་ལ་འཇུག་པ་མེད་པའོ། །ཤེས་རབ་རྟོག་དང་དཔྱོད་པའོ། །དགའ་བ་མི་གཡོ་བདེ་བ་དང་། །བསམ་གཏན་སེམས་ནི་རྩེ་གཅིག་པའོ། །སྲོག་དང་རྩོལ་བ་གཉིས་ཀྱི་ལམ། །མི་འཁྲུག་པ་རུ་འགྱུར་བ་ནི། །དབུ་མར་སྲོག་ནི་འཇུག་པའོ། །ཐིག་ལེ་རུ་ནི་སྲོག་འཇུག་ཅིང་། །གཉིས་ཀ་འགྲོ་དང་འོང་བ་དག །གཟུང་བ་ཡིད་ནི་སེམས་གཅིག་པ། །གཏུམ་མོ་ཡི་ནི་སྣང་བ་གང་། །ལུས་ལ་ངེས་པར་གསལ་འགྱུར་བ། །ནམ་མཁའ་དེ་ནི་རྗེས་དྲན་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱི། །ལྷན་ཅིག་སྐྱེས་པའི་བདེན་དབང་གིས། །ཡེ་ཤེས་སྐུ་ནི་ཏིང་འཛིན་ཏེ། །འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའ་སྒྲུབ་ཐབས་སོ། །ཕྱག་རྒྱ་གསུམ་དང་ཚད་ནི་གསུམ། །རྣམ་པ་གསུམ་གྱི་སྲིད་དབང་གིས། །ལས་དང་ཀུན་རྟོག་བཟང་པོ་ཡི། །
སོ་སོར་སྡུད་པ་རྣལ་འབྱོར་པབ། །ཡུལ་དུ་རྣམ་པར་བྲལ་བ་དང་། །སྔགས་ཀུན་གྱིས་ནི་བྱིན་གྱིས་བརླབ། །བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་དང་རྩོལ་བ་དག་པས་ནི། །ཟླ་བ་དྲི་མ་དག་པས་བྲལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །གཟུང་བ་ཡི་ནི་སྟོབས་ཀྱིས་ནི། །ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །དྲི་མེད་འོད་འཕྲོ་དཀྱིལ་འཁོར་ཏེ། །གཞན་སྤང་ཡེ་ཤེས་སྐུ་ལས་སོ། །དེ་ཕྱིར་དག་པ་ཏིང་འཛིན་གྱིས། །ཉི་མ་ཅུང་ཟད་ཙམ་གྱིས་ནི། །ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །
སོ་སོར་སྡུད་ལ་སོགས་པ་ཡིས། །གལ་ཏེ་གཟིར་བར་དེ་འགྱུར་ན། །སྔགས་པ་རྣམས་ཀྱིས་འདོད་མི་འགྲུབ། །སྒྲ་ལ་གོམས་པ་ཡན་ལག་མའི། །པད་སོགས་རྡོ་རྗེ་ནོར་བུ་ཡི། །ཐིག་ལེ་བསྒྲུབ་པ་སོང་བར་བྱ། །བསྙེན་པ་དང་པོ་སྦྱོར་བ་ནི། །ནམ་མཁའ་རུ་ནི་རྣམ་པ་བཅུ། །འཁོར་ལོ་ཅན་ནི་ཁྲོ་ལྟ་བའོ། །བགེགས་ནི་མཐར་བྱེད་ཀྱི་ལྟ་བ། །བདུད་རྩི་ལམ་དུ་སོང་བ་ཡང་། །ཉེ་བའི་བསྙེན་པ་ཡན་ལག་དྲུག །ཤེས་རབ་ལས་འཕྲོས་ཟླ་ཐིག་ལེ། །གཞན་ཡང་རྡོ་རྗེ་ནོར་བུ་སྟེ། །ཡི་གེ་གསུམ་ནི་སྒྲུབ་པར་འགྱུར། །བདེ་བ་མ་ཉམས་གཅིག་ཞི་བ། །ལྷན་ཅིག་སྐྱེས་པ་རུ་ནི་འགྱུར། །སྒྲུབ་ཆེན་ཡེ་ཤེས་སྦྱོར་བའོ། །
སྲོག་དང་རྩོལ་བ་ཀུན་ནས་ནི། །མགོ་བོའ་བར་ནི་ཕན་པ་སྟེ། །མཉམ་པའི་བདེ་བ་འབྲས་སྟེར་བ། །དེ་ལས་སྟེང་ནི་མི་ཕན་པ། །འཆི་བའི་འཇིག་པ་བྱེད་པའོ། །སེམས་ཅན་ངེས་པར་ཀློག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་སུ། །མཆོག་ཏུ་བདེ་བའི་གོ་འཕང་དུ། །འདི་ནི་སྦྱར་བ་བྱ་བ་ཉིད། །ཕུང་པོ་མེད་པའི་རྣལ་འབྱོར་མ། །མཉམ་པའི་བདེ་བ་ལ་བཞུགས་མོད། །འོན་ཀྱང་འཇིག་རྟེན་གྲགས་པ་མེད། །
དབུས་སུ་སྲོག་དང་འཇུག་པ་ནི། །ཡུལ་དང་རྣམ་པར་བྲལ་བ་ཉིད། །སྣ་ཚོགས་ཡུམ་གྱིས་འཁྱུང་པའོ། །པདྨར་འཇུག་པའི་རང་རྡོ་རྗེ། །སྤྲོ་བ་ཡང་ནི་དེ་བཞིན་ཏེ། །རྡོ་རྗེ་དབུས་སུ་གཞག་པར་བྱ། །ས་བོན་མ་ལྷུང་བ་བདེ་བ། །ཤིན་ཆུ་ཆགས་པའི་ཆགས་པར་སོང་། །རྣལ་འབྱོར་པ་ཡི་འབྱོར་བ་ཉིད། །མཆོག་ཏུ་ཡང་ནི་ཁྱབ་པའི་བདག །དཔལ་ནི་གསང་ལ་གསང་བ་པོ། །གཙུག་ཏོར་དུ་ནི་རྩེ་ལྔ་པའོ། །རྡོ་རྗེ་ཡི་ནི་འགྱུར་བ་ཡིན། །ཕྱི་ཡི་རྩེ་མོ་ཉིས་འགྱུར་དུ། །འགྱུར་བ་ཆོས་ཀྱི་དཀྱིལ་འཁོར་རོ། །དེ་ནི་གཉིས་སུ་འདྲེས་པ་དང་། །དེ་ནི་གཞན་ཡང་ཉིས་འགྱུར་རོ། །དེ་ཡི་ཡང་ནི་གཞན་ཉིས་འགྱུར། །ལྷན་ཅིག་སྐྱེས་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་ཡི་ནི་འཁོར་ལོར་རོ། །དེ་ཡི་ནང་དུ་རྩེ་གཅིག་གོ །མཉམ་པའི་བདེ་བའི་འབྲས་སྟེར་བ། །གསང་བའི་པདྨའི་ནང་གསང་བའོ། །
རྣལ་འབྱོར་པ་དང་སྲོག་གཅོད་པ། །ཉིན་དང་མཚན་དུ་ཕྱེ་བ་ནི། །དེ་ནི་སྲོག་འཇིགས་པ་རུ་གསུངས། །སྒྲ་གང་ཁ་དང་བྲལ་བ་ནི། །སྙིང་ལ་ཡོད་པར་རབ་འགྱུར་པ། །དེ་ནི་བརྫུན་དུ་སྨྲ་བ་ཉིད། །ཀུན་མཁྱེན་གྱི་ནི་ཡེ་ཤེས་པར། ། འཛིན་པར་ཡང་ནི་དབྱེ་བ་གང་། །རྣལ་འབྱོར་པབ་ལ་དེ་གསུངས་སོ། །བདེ་བའི་ཐིག་ལེ་མ་ལྷུང་བ། །གཞན་གྱི་བུད་མེད་དུ་ནི་འགྱུར། །བདེན་པ་ཆགས་བྲལ་མིན་པའོ། །སྲོག་དང་རྩོལ་བའི་མེ་ཡིས་ནི། །རི་བོང་ཅན་ལ་ཞུ་བ་ཡི། །བཏུང་བ་ཆང་གི་བཏུང་བའོ། །མཐེ་བོའ་ཚིགས་ནས་གཙུག་ཏོར་དུ། །ཆོས་ཀྱི་དབང་གིས་འགྲོ་བ་ནི། །ཉ་མཐར་ཐུག་པ་རང་གི་སེམས། །གཙུག་ཏོར་གནས་ནས་མཐེ་བོབོང་རུ། །ཡང་ནི་འདིར་ནི་འགྲོ་འགྱུར་ཏེ། །ནག་པོའ་ཕྱོགས་ཀྱི་མཐར་ཐུག་པར། །རྣལ་འབྱོར་མ་སྤྱོད་པ་དེས་ནི། །ཉི་མ་རེ་རེའི་དུས་སུ་ནི། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། །
སྤྱོད་དང་འདོད་པས་ལུས་ཚ་ན། །མཆོག་གི་ཁ་ཡི་པདྨ་ལས། །ཚིག་མི་འབྱུང་དང་གཉིད་ལོག་དང་། །འགུལ་དང་ན་བ་ལྐུགས་པ་དང་། །ཡིད་ནི་འཁྲུགས་དང་བརྒྱལ་བ་ནི། །དུ་བ་ལ་སོགས་རྡོ་རྗེ་ཅན། །དེ་རྣམས་གསལ་བ་རྣམ་པ་བཅུ། །སྲོག་ཅན་ལུས་ཀྱི་གནས་སྐབས་སོ། །འཇིག་རྟེན་འདོད་པའི་གནས་སྐབས་ནི། །ངེས་པ་ཁོ་ན་གསལ་བ་ལས། །སུ་ཞིག་རྒྱལ་བ་སུ་འདོད་པ། །ཐིག་ལེ་དཀར་པོའ་རྒྱུན་ནི་གང་། །ཉིན་དང་མཚན་མོར་ལྟུང་བ་ནི། །མ་མཱ་ཀཱི་ནི་དེ་ཆད་དོ། །གོ་ཀུ་ལ་སོགས་མིག་ལ་སོགས། །ཉི་མ་རེ་རེ་བཞིན་སྤྲོ་བས། །ཤ་གཞན་རེ་འགའ་ཡང་མ་ཡིན། །བདུད་རྩི་ལྔ་རྣམས་བརྟན་པ་ནི། །རང་གི་རིགས་ཀྱི་སར་སོང་བ། །ལྷ་རྣམས་དགེ་བའི་ལུས་ལས་སོ། །སྟོང་པའི་སེམས་དེ་རྩོད་པ་ཡིས། །ལྷན་ཅིག་སྐྱེས་པ་ཁྱབ་བདེ་བས། །དེ་ནི་སྐྱེ་གནས་འཁྲིག་པ་མེད། །
ནོར་གྱི་སྦྱིན་པ་བཏང་བ་དང་། །བུད་མེད་སྦྱོར་ལ་ཡིད་ཀྱིས་ནི། །མི་འཛག་པ་ནི་ཚུལ་ཁྲིམས་སོ། །བཟོད་པ་སྒྲ་སོགས་མི་འཇུག་པ། །གཉི་གར་འགྲོ་བའི་ལེ་ལོ་ནི། །རྣམ་པར་འཇིག་པ་བརྩོན་འགྲུས་སོ། །བསམ་གཏན་ཤེས་རབ་སེམས་དང་ནི། །བདེ་བ་ལྷན་ཅིག་པར་སོང་བ། །ཀུན་འགྲོ་ཐམས་ཅད་བརྗོད་པའོ། །སེམས་ཅན་དོན་དུ་དེ་རྫུ་འཕྲུལ། །སྲིད་པ་དོན་ནི་མེད་བྱེད་པ། །ཐོབ་པ་གཞན་ནི་བཞི་པའོ། །
ལུས་གཅིག་ལ་ནི་ནུས་ ལྡན་པ། །ཆ་དགུ་དང་ནི་ལྷན་ཅིག་པ། །ཉི་ཤུ་རྩ་ལྔ་བདག་ཉིད་སོགས། །བསམ་གཏན་ཕྱག་རྒྱའི་གཉིས་དག་ཉིད། །ཅུང་ཟད་ཙམ་གྱི་ཉི་མ་ཡིས། །དངོས་གྲུབ་ཡང་དག་འབྱུང་བར་འགྱུར། །ཞི་བ་དབང་དང་རེངས་པ་དང་། །སྲིད་པ་འཇིགས་པར་བྱེད་པ་ནི། །ཞལ་གྱི་དབྱིབས་ཕྱེ་བ་ཉིད། །འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་གནས། །ལྷ་མིན་ལག་འགྲོ་དག་གི་རིགས། །འདི་བསྒོམས་ནས་ནི་བསྒྲུབ་པར་བྱ། །
དཔལ་དམ་པ་དང་པོའ་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་གསུངས་པ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པ། སྦྱོར་བ་ཡན་ལག་དྲུག་གི་སྒྲུབས་ཐབས་བཀོལ་བའི་དུམ་བུའོ། །རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲ་བོ་དྷིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བནྡྷེ་ཟླ་བའི་འོད་ཟེར་གྱིས་འབྲོ་དགེ་སློང་གི་ཕྱིར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། སྦྱོར་བ་ཡན་ལག་དྲུག་པའི་སྒྲུབ་ཐབས་ཟུར་དུ་བཀོལ་བ་སྦྱོར་དྲུག་གི་རྒྱུད་ཆུང་ཞེས་གྲགས་པ་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་གི་རྩ་བར་གྱུར་པ་སྟེ། སྔ་རབ་རྣམས་ཀྱིས་བསྡུས་དོན་མཆན་བུ་སོགས་མང་དུ་སྣང་ཞིང་། བསྡུས་དོན་གྱི་སྙིང་པོའོ། །གླེང་གཞི་དང་ནི་སྦྱོར་དྲུག་གི །རིགས་བདག་བརྐྱང་ཐབས་འབྲས་བུ་དང་། །ཡན་ལག་བཞི་དང་འཕོ་བ་དང་། །ཆགས་ཅན་ལམ་དང་གེགས་སེལ་བ། །གནས་སྐབས་མཐར་ཐུག་འབྲས་བུའོ། །ཞེས་སོ།