དངོས་གྲུབ་འབྱུང་གནས།

ཀུན་མཁྱེན་ཤེས་རབ་རྒྱལ་མཚན།

ན་མཿཤྲི་གུ་རུ་ཝེ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ།། འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་ཅན། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐྱབས་གསུམ་ངོ་བོ་བླ་མ་རིན་པོ་ཆེ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གྲངས་ལས་འདས། །བླ་མ་ཁྱོད་རང་ལྟ་བུར་བྱིན་གྱིས་རློབས། །སྐྱབས་གསུམ་ལྡན་པའི་སངས་རྒྱས་ཀུན་གྱི་གཙོ། །ཐེག་གསུམ་ལྡན་པའི་དམ་ཆོས་ཀུན་གྱི་གཏེར། །བསླབ་གསུམ་ལྡན་པའི་དགེ་འདུན་ཀུན་གྱི་བདག །སྒོ་གསུམ་གུས་པའི་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་རྒྱལ་བའི་རྣམ་བར་སྤྲུལ་བའི་སྐུ། །དུག་གསུམ་ནད་སེལ་དམ་ཆོས་བདུད་རྩིའི་གསུང༌། ། འཕགས་པའི་དགེ་འདུན་རྟག་ཏུ་མཐུན་པའི་ཐུགས། །དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ལ་འདུད། །གང་གི་མཁྱེན་པའི་ཕུང་པོ་རབ་རྒྱས་ནས།། རྣམ་དག་མཁའ་ལ་ཉི་མའི་དཀྱིལ་འཁོར་བཞིན། །མ་རིག་མུན་སེལ་འོད་ཀྱི་དྲྭ་བ་འགྱེད། །སྙིང་གི་མུན་པ་སངས་བར་བྱིན་གྱིས་རློབས། །གང་གི་ཐུགས་རྗེའི་ཕུང་བོ་ཀུན་ལ་སྙོམས། །བརྟན་གཡོ་ཀུན་ལ་མི་འགྱུར་ནམ་མཁའ་བཞིན། །ལུས་ཅན་ཀུན་ལ་བདེའི་གཤེགས་སྙིང་བོ་བཞུགས།། རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །གང་གི་ནུས་པ་འཕྲིན་ལས་བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་བོ་ལྟར། །འགྲོ་བའི་རེ་འདོད་སྐོང་བར་གདོན་མི་ཟ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བྲལ་དང་སྨིན་པའི་ཡོན་ཏན་ཚད་མེད་གཏེར། ། ཆུ་དང་རིན་ཆེན་ཆུ་སྐྱེས་རྒྱ་མཚོ་བཞིན། །གང་གི་ཐུགས་ནི་འགྱུར་མེད་བདེ་བས་གང༌། །འཕོ་མེད་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་དང་བླ་མ་གཉིས་སུ་མེད། །དེ་དང་ཡོན་ཏན་ཚོགས་གཉིས་ཐ་མི་དད། །དེ་ཕྱིར་དངོས་གྲུབ་རྩ་བ་བླ་མ་ཡིན། །ཞལ་གྱི་བདུད་རྩི་རྒྱུན་དུ་འཐུང་བར་ཤོག །གང་གི་དྲིན་གྱིས་སྐྱེ་བ་ཐམས་ཅད་དུ། །བདུད་དང་ཉོན་མོངས་ཚོགས་ཀྱིས་མི་ཚུགས་པར། །ཟབ་ལམ་རིན་ཆེན་རྩེ་གཅིག་སྒོམ་པ་ཡིས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །གསོལ་བ་འདེབས་སོ་འགྲོ་མགོན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་ཡབ་སྲས་སྐུ་དྲིན་ཅན། བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་རྩ་བའི་བླ་མའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བླ་མ་རྗེ་བཙུན་གྱི་བྲན་དུ་གྱུར་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོས་བཀོད་པའོ།།  བཀྲ་ཤིས་ཤོག།