གསུམ་པའི་ཉེར་དྲུག་གི་སྔོན་གླེང་།

ངས་འདི་ནས་གླེང་འདོད་པ་ནི།  སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་ཚོགས་དུས་དགུ་བའི་ཐོག  དྲང་བདེན་མ་ཡིན་པའི་ཐག་ཆོད་ཅིག་བྱུང་བ་དེའི་མཇུག་འབྲས་སུ།  བོད་ཕྱི་ནང་གཉིས་ནས་སེམས་ཚོར་འདྲ་མིན་ཐོག་སྤེལ་བའི་རྩོམ་ཡིག་ཕྱོགས་བསྒྲིགས<<ཇོ་ནང་བའི་ཞི་འབོད>>ཅེས་པ་དེའི་སྐོར་ཡིན་མོད།  དེ་དང་ཁ་འབྲལ་ཐབས་མེད་པའི་འདས་ཟིན་པའི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ན།  ཟླ་འོད་ལྟར་དཀར་ཆིལ་ལེར་ཡོད་ཅིང་།  སྤྱི་ཚོགས་ཀྱི་བཞུད་ལམ་ཐོག་ན།  ཉི་འོད་ལྟར་གསལ་ལྷམ་མེར་ཡོད་པའི་རྒྱལ་བ་ཇོ་ནང་བའི་དངོས་ཡོད་གནས་ཚུལ་ལ་ཕྱིར་དྲན་ཐེངས་ཤིག་མི་བྱེད་ཐབས་མེད་རེད།
རྒྱལ་བ་ཇོ་ནང་བ་ཞེས་གྲགས་པའི་གྲུབ་མཐའ་འདི་ནི།  དེ་རིང་ནས་ཡར་བརྩིས་ན་མི་ལོ་བདུན་བརྒྱའི་ཡར་སྔོན་ཞིག་ཏུ།  ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་(༡༢༤༣-༡༣༡༣)ཀྱིས་གྲུབ་མཐའི་སྲོལ་ཐོག་མར་ཕྱེས་ཤིང་།  རྒྱལ་བའི་ལུང་བསྟན་ཀུན་མཁྱེན་དོལ་པོ་སངས་རྒྱས་(༡༢༩༢-༡༣༦༡)ཀྱིས་རི་བོ་བརྩེགས་པས་རྒྱ་མཚོ་བརྡོལ་ཞེས་གྲགས་པ་བཞིན།  ལུང་རིགས་ཀྱིས་རྩོད་བྲལ་མཛད་པའི་མདོ་དོན་མཐར་ཐུག་ངེས་དོན་གཞན་སྟོང་དབུ་མ་ཆེན་པོ་དང་།  རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི་རིང་ལུགས་འཛིན་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན། ཆོས་བརྒྱུད་ཆེན་པོ་འདི་ཉིད་དུས་རབས་བཅུ་གཉིས་ནས་བཅུ་བདུན་བར།  བོད་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད་པ་དཔེ་ཐོག་མཛུབ་སྟོན་མི་དགོས་པར།  ད་ལྟའི་ཆར་ཡང་མིག་མཐོང་ལག་ཟིན་དུ་ཡོད་པ་བཙུན་ཀུན་དགའ་གྲོལ་མཆོག་གི་ཇོ་ནང་ཁྲིད་བརྒྱ་དང་།  རྗེ་བཙུན་ཏཱ་ར་ནཱ་ཐའི་རིན་འབྱུང་བརྒྱ་རྩ་སོགས་ཀྱི་དབང་ལུང་ཁྲིད་གསུམ་གྱིས་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ལ་ཁྱབ་ཡོད་པ་མ་ཟད།  ལྷ་སའི་གཙུག་ལག་ཁང་དུ་བཞུགས་པའི་ཀུན་མཁྱེན་དོལ་པོའི་སྐུ་བརྙན་ང་འདྲ་མ་དང་།  ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོ།  རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ཆེན་མོའི་རིགས་ལྡན་ཇོ་ནང་ལྷ་ཁང་དུ་བཞུགས་པའི་ཀུན་ཡབ་སྲས་གསུམ་གྱི་སྐུ་བརྙན།  རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་གསར་བཟོ་མཛད་པའི་འཕྲེད་དར་ཆེན་མོ་བཀྲ་ཤིས་ཁྲ་རིང་།  ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་དུས་འཁོར་རྒྱུད་ཀྱི་དགོངས་དོན་ལྟར་གསར་བཟོ་མཛད་པའི་ཇོ་ནང་ལུགས་ཀྱི་རྣམ་བཅུ་དབང་ལྡན་ལྷ་སའི་གཙུག་ལག་ཁང་གི་སྒོའི་གཡས་གཡོན་གྱི་སྤེན་པད་ཐོག་ཉི་མ་དེ་རིང་ཡང་སེར་ལྷམ་མེར་ཡོད་པ་སོགས་ཀྱིས་བདེན་དཔང་བྱས་ཡོད། འོ་ན།  ད་ལྟའི་ཆར་བོད་དབུས་གཙང་གཉིས་སུ་ཇོ་ནང་པ་མིང་ཙམ་ལས་མེད་པ་ཅི་ཡིན་ནམ་ཞེ་ན།  བདེན་པའི་ལོ་རྒྱུས་དཔང་བོར་བཞག་ནས།  བོད་སོག་གཉིས་ཀྱི་ཆགས་འཇིག་དཔེ་མཚོན་དུ་དྲངས་ཏེ་ཅུང་ཟད་བཤད་ན།  དར་བའི་ཐ་མ་རྒུད་ཟེར་བ་ལྟར།  འཛམ་གླིང་སུམ་གཉིས་ལ་དབང་བསྒྱུར་མྱོང་བའི་བོད་བཙན་པོའི་རྒྱལ་ཁབ་དང་།  ཆེན་པོ་ཧོར་གྱི་ཡུལ་གྲུའི་འབྱོར་རྒུད་བཞིན།  རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་དུས་སུ་རྟག་བརྟན་དགོན་པར་ཡ་ང་བའི་གྲུབ་མཐའ་གསར་བརྗེའི་གོད་ཆག་ཚབས་ཆེན་ཕོག་སྟེ།  དཔེ་ཆ་དང་སྨྱུ་གུ་ལས་ཕྱག་ཏུ་མཚོན་ཆ་ཁབ་རྩེ་ཙམ་ཡང་མེད་པའི་དགེ་འདུན་པ་བརྒྱ་ཕྲག་མང་པོ་དམར་གསོད་བཏང་།  གྲུབ་མཐའ་བཙན་དབང་གིས་བསྒྱུར།  དགོན་པའི་མཚན་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས་པ་མ་ཟད།  རྟག་བརྟན་དགོན་ལག་ཁག་དང་།  ཉ་དབོན་ཀུན་དགའ་དཔལ་གྱི་གདན་ས་བརྩེ་ཆེན་སོགས་དབུས་གཙང་གཉིས་ཀྱི་ཇོ་ནང་པའི་དགོན་སྡེ་བཅུ་ཕྲག་གསུམ་ལྷག་ལ་གྲུབ་མཐའ་གསར་བརྗེས་ཀྱི་ལས་འགུལ་སྤེལ་ནས་བོད་དབུས་གཙང་གཉིས་སུ་ཇོ་ནང་བ་མཚན་གྱི་ལྷག་མ་ཙམ་དུ་བྱས་ཚུལ།  བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལས།  “དུས་དེར་སྡེ་སྲིད་བསོད་ནམས་རབ་བརྟན་དང་།  གུ་ཤྲི་ཧན་གཉིས་ཀྱིས་བཀའ་ཕབ་སྟེ།  དམག་དཔོན་ཆེན་མོ་བསྟན་འཛིན་དྭ་ལན་ཧན་སོགས་བོད་སོག་གི་དམག་མི་ཁྲི་ཕྲག་འགའ་ཞིག་བཏང་ནས་ཕྱོགས་ཐམས་ཅད་ལ་དྲག་གནོན་བྱས།  སྔོན་གཙང་པ་རྒྱལ་པོ་དང་འབྲེལ་བ་ཆེ་བའི་ཇོ་ནང་པ་དང་།  ཀརྨ་བཀའ་བརྒྱུད་ཀྱི་དགོན་ཁག་རྣམས་ལའང་དྲག་པོའི་དམག་གིས་ཚར་གཅོད་ཐེབས།  ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་གྲྭ་པ་ཕལ་ཆེར་བཀྲོངས།  པར་ཤིང་རྣམས་མེ་ལ་བསྲེགས།  དགོན་པའི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཅོས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར།”  ཞེས་གསུངས་པ་ལྟར་དང་།  དེ་བཞིན་ཐེའུ་བཀཱན་གྲུབ་མཐར།  “ཏཱ་ར་ནཱ་ཐ་གཤེགས་རྗེས་གོང་ས་ལྔ་བ་ཆེན་པོས་དགོན་པ་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས།  ཆོས་ལུང་བྱང་རྩེ་སོགས་ཇོ་ནང་གི་དགོན་པ་གཞན་རྣམས་ཀྱང་དགེ་ལུགས་པར་བསྒྱུར།  གསུང་རབ་ཀྱི་པར་ཕལ་ཆེ་བ་ཡང་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་པས།”  ཞེས་གསུང་རབ་ཀྱི་པར་ཤིང་གཏོས་ཆེ་བ་རྣམས་མེར་སྲེག་བཏང་བ་ལ་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ཅེས་ཕ་བསད་རྒྱལ་རྔ་བརྡུང་བའི་འཁྲབ་སྟོན་ཅི་ཡང་བྱས་ཡོད།
         འདི་ནི་ཇོ་ནང་པར་མཚོན་ན།  བཙན་གནོན་གཞན་ལས་ལྡབ་འགྱུར་གྱིས་ཆེ་བའི་ལོ་རྒྱུས་ཐོག་གི་གྱོང་གུད་ཚབ་མཚོན་བྲལ་བ་ཞིག་ཡིན།  ད་དུང་དེ་བས་ཀྱང་ཆེས་སྙིང་ལ་གཟན་པ་ཞིག་ནི།  སོག་པོའི་སྟོབས་ཤུགས་འོག་རྒྱལ་དབང་ལྔ་བ་ཆེན་པོས་བོད་ལ་དབང་བསྒྱུར་ནས་ལོ་བརྒྱད་ཀྱི་རྗེས་ཏེ།  ཕྱི་ལོ་ ༡༦༤༩ ལོར།  རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྐུ་དམར་གདུང་འཛམ་གླིང་མཛེས་རྒྱན་རྟག་བརྟན་དམ་ཆོས་གླིང་གི་མཆོད་ཁང་རྩེའི་རིན་ཆེན་གཉིས་པའི་མཆོད་སྡོང་ཆེན་པོར་སྐྱེ་རྒུའི་མཐོང་ཐོས་དྲན་རེག་གི་བསོད་ཞིང་དམ་པར་བཞུགས་བཞིན་པ་དེ་ཡང་གཙང་བོར་གཤེགས་སྐབས།  གདུང་ཁང་འཇའ་འོད་ཀྱིས་ཁྱབ་ཚུལ་རྣམ་ཐར་སྒྲུབ་བརྒྱུད་རིན་ཆེན་ཕྲེང་བ་དང་།  སྡེ་སྲིད་གཙང་པ་རིམ་བྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས་སོགས་སུ་གསལ་བ་ལྟར་རེད། སྐྱོ་གར་འདིའི་འཁྲབ་ཚན་དངོས་ནི།  བོད་རབ་བྱུང་ ༡༡ ལྕགས་སྟག་ཕྱི་ལོ་ ༡༦༥༠ ལོར།  རྗེ་བཙུན་ཏཱ་ར་ནཱ་ཐའི་དེ་མ་ཐག་པའི་སྤྲུལ་སྐུ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་བོ་དགུང་གྲངས་བཅོ་ལྔའི་ཐོག  སོག་ཡུལ་ནས་བོད་དུ་ཕེབས་གཏན་ཁེལ་བའི་སྔ་ལོ་སྟེ་ཕྱི་ལོ་ ༡༦༤༩ ལོར།  རྒྱལ་དབང་ལྔ་བ་ཆེན་པོས་སྡེ་སྲིད་བསོད་ནམས་རབ་བརྟན་ལ་བཀའ་ཕབ་སྟེ།  རྟག་བརྟན་ཆོས་སྡེ་ཆེན་པོ་བཙན་དབང་གིས་དགེ་ལུགས་པར་བསྒྱུར་བྱས་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས་ཤིང་།  རྗེ་བཙུན་རིན་པོ་ཆེའི་སྤྲུལ་སྐུའི་བདག་དབང་བཙན་འཕྲོག་དང་།  མཆོག་སྤྲུལ་གང་ཉིད་འབྲས་སྤུངས་ལས་གཞན་འཁོར་ས་ཆགས་ས་མེད་པ་བཟོས་པ་དེ་རེད།  དེ་ཙམ་མ་ཟད།  རྟག་བརྟན་པར་ཁང་ཆེན་མོའི་གསུང་རབ་ཀྱི་པར་ཤིང་ཁག་མེར་བསྲེགས་དང་།  ལྷག་མ་རྣམས་ལྷ་སར་གདན་དྲངས་ནས་རྩེ་ཞོལ་པར་ཁང་ཞེས་གྲགས་པ་དེའི་རྨང་གཞི་བྱས།  དེ་བཞིན་རྟག་བརྟན་གྱི་གཞལ་ཡས་ལྷ་ཁང་དུ་བཞུགས་པའི་གསེར་ཟངས་ཀྱི་དུས་འཁོར་བློས་བསླངས་ངོ་མཚར་བ་དེ་ཡང་ལྷ་སར་གདན་དྲངས།  ད་དུང་ཇོ་ནང་ལུགས་ཀྱི་གསུང་རབ་ཡིག་ཚང་གླེགས་བམ་སྟོང་ཕྲག་བརྒལ་བ་དམ་བསྒྲགས་བྱས་ཏེ།  ཁྲིམས་མུན་དུ་བཅུག་པ་ད་ལྟ་གཞི་ནས་བཙོལ་གྲོལ་ཐོབ་བཞིན་ཡོད་པ་འབྲས་སྤུངས་དཔེ་རྙིང་ཁྲོད་ཀྱི་དཔེ་རྟགས་“ཕྱི་”ཟེར་བ་དེ་དག་མང་ཆེ་བ་ཡིན་པས་མཚོན་ཐུབ།  འོན་ཀྱང་ཁ་ཅིག་གིས།  མིང་སྙན་པོ་ཞིག་བཏགས་ཏེ།  བསྒྱུར་གླིང་གི་གྲས་རེད་ཅེས་ཟེར་མོད།  དོན་ལ་གྲུབ་མཐའ་བཙན་བསྒྱུར་བྱས་པ་ཡིན་ནོ།། དེ་ལྟ་བུའི་ཁྲག་དྲི་བྲོ་བའི་ལོ་རྒྱུས་དེ་ལས་སླ་བོ་ཞིག་གི་ཐོག་ནས་ཕྱིར་དྲན་བྱ་འདོད་ན།  སོག་པོ་སྟག་ཁྲིད་ཀྱི་མཚོན་དོན་ལ་བསམ་བློ་ཐེངས་གཅིག་བཏང་ན་དེས་ཆོག  ཕྱི་དགྲ་གུ་ཤིར་གྱིས།  ཉམ་ཆུང་བོད་མི་ཁྲི་སྟོང་གི་མགོ་སྐེ་བྲེགས་པའི་ཁྲག་རྒྱུན་གྱིས་གངས་རིའི་ཁ་དོག་དམར་པོར་བསྒྱུར་ཞིང་།  འཆི་བདག་གཤིན་རྗེ་མི་ཡུལ་དུ་ཐོན་པ་ལྟ་བུའི་དམར་གསོད་ཆེན་མོའི་མཐའ་མཇུག་ཏུ།  ལག་དམར་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མིང་བཏགས་ཤིང་།  བོད་བཙན་པོའི་ཤུལ་འཛིན་སྡེ་སྲིད་གཙང་བའི་བུ་རྒོད་སྟག་དར་མ་ནགས་ནས་མཆོང་འདྲ་དེ།  སོག་རྒྱལ་གྱིས་ཆམ་ལ་ཕབ་པའི་མཚོན་བྱེད་རི་མོར་བྲིས་ནས་མི་རབས་ནས་མི་རབས་སུ་དགོན་པའི་ལྷ་ཁང་དང་།  བླ་མའི་གཟིམ་ཁང་།  མགྲོན་ཁང་དང་ཇ་ཁང་།  ཐ་ན་གཙང་སྤྱོད་ཁང་གི་རྩིག་ངོས་སོགས་སུ་འང་ད་ལྟའི་བར་དུ་ཡོད་པ་འདི་རེད།  འོན་ཀྱང་ངོ་ཚ་དགོས་པ་ཞིག་ལ།  སོག་པོ་སྟག་ཁྲིད་ཀྱི་རི་མོ་དེ་ཡང་རང་གི་བློ་རྩལ་ལས་ཐོན་པ་ཞིག་མ་ཡིན་པར།  སྔོན་སོག་པོ་མན་ཇུའི་འོག་ནས་རང་བཙན་ཐོབ་སྐབས་ཀྱི་རྗེས་དྲན་རི་མོར་ལད་ཟློས་བྱས་པ་ཞིག་ཡིན་པ།  སོག་པོའི་རྒྱལ་སའི་འགྲེམ་སྟོན་ཁང་ཁག་ཏུ་ཡོད་པའི་སོག་པོ་སྟག་ཁྲིད་ཀྱི་རི་མོ་དེ་དག་མཐོང་བ་ཙམ་གྱིས་ཤེས་ཐུབ་པོ།། གོང་དུ་བཤད་པ་དེ་དག་ནི།  དངོས་བྱུང་ལོ་རྒྱུས་ཟུར་ཙམ་བརྗོད་པ་ལས།  གཞན་རྒྱུ་མཚན་དམིགས་བསལ་མེད་མོད།  འོན་ཀྱང་།  ལོ་རྒྱུས་ནི་འདས་ཟིན་པའི་བྱུང་རབས་ཐག་གཅོད་ཀྱི་བདེན་དཔང་ཡིན་པས།  ལོ་རྒྱུས་ལོ་རྒྱུས་སུ་བཞག་ནས་བལྟ་དགོས།  གལ་ཏེ་ང་ཚོས་འདས་ཟིན་པའི་ལོ་རྒྱུས་ཁག་ལ་སྒེར་གཅོད་དང་།  གནས་སྐབས་ཀྱི་དགོས་མཁོར་དམིགས་ནས་བསྐྱར་བཅོས་དང་རྫུན་བཟོ་བྱས་པ་ཡིན་ན།  ལོ་རྒྱུས་ལོ་རྒྱུས་མ་ཡིན་པར་འགྱུར་ཞིང་།  ང་ཚོ་ཡང་ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་རྒྱུ་ཉག་གཅིག་ཡིན་པས་།  ལོ་རྒྱུས་ལ་དྲང་བདེན་གྱི་མིག་གིས་བལྟས་ནས་ཅུང་ཟད་བཤད་པ་ཡིན། དེར་བརྟེན།  བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ།  ཁྲིམས་བཟོ་ལྷན་ཁང་ནས་ཀྱང་བཅའ་ཁྲིམས་གཏན་འབེབ་བྱེད་སྐབས།  སྤྱི་ཚོགས་རྙིང་བའི་བསམ་བློ་གུ་དོག་ཅན་དེར།  ཧ་ཅང་ཁྱབ་ཆུང་བའི་ཐ་སྙད་གསར་བ་ཞིག་ཁ་སྣོན་བྱས་ཏེ།  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་ཇོ་ནང་ཆོས་བརྒྱུད་རྩ་མེད་གཏོང་རྒྱུའི་ངན་གཡོ་ཁོག་བཅུག་གིས་ཡོངས་བསྒྲགས་བྱས་ཤིང་།  ཐ་སྙད་གསར་བ་དེས་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར།  བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་ཁག་གི་སློབ་དེབ་དང་།  དགོན་སྡེ་ཁག་གི་སྒྲིག་གཞི།  གཞུང་འབྲེལ་ཡིག་ཆ་ཡོད་དོ་ཅོག  ཐ་ན་མི་སྒེར་གྱི་རྩོམ་ཡིག་ཁག་ཏུ་ཡང་ཐ་སྙད་གསར་བ་དེ་མ་དག་རྒྱུན་འབྱམས་སུ་སོང་བས།  ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དང་།  ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དུ་མེད་པའི་གནས་ཚུལ་རབ་དང་རིམ་པར་བྱུང་སྟབས།  རང་ཅག་གི་སྐྱབས་མགོན་མཚུངས་ཟླ་མེད་པ།  ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་ཆེན་པོ་མཆོག་གིས།  ཕྱི་ལོ་ ༡༩༩༧ ལོར།  ༧གོང་ས་ཐམས་ཅད་མཁྱེན་པའི་མཚན་ཐོག་ཏུ་ཆེས་ཐོག་མའི་སྙན་ཞུ་ཕུལ་ཏེ།  ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་ནི།  དོན་ངོ་མའི་སྤྱི་འབངས་ཀྱི་ཐོབ་ཐང་ཞིག་ཡིན་པས།  ཐོབ་ཐང་འདི་འགྲོ་བ་མི་ཐུན་མོང་ལ་དབང་བ་ཞིག་དང་།  ངེས་པར་དུ་དགོས་པ་ཞིག་ཀྱང་རེད།  ཁྱེད་དང་ཁྱེད་ཀྱི་དད་ཡུལ་ཆོས་བརྒྱུད་ལ་ཐོབ་ཐང་ཅི་ཞིག་ཡོད་པ་དང་།  ཅི་ཞིག་དགོས་པ་དེ་ཇོ་ནང་པ་ཡང་མི་དགོས་པའི་རྒྱུ་མཚན་ཅི་ཡང་མེད།  དེར་བརྟེན་ཇོ་ནང་བས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་རྩོད་ཀྱིན་ཡོད་པ་ལས།  དམིགས་བསལ་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་ཀྱི་ས་མིག་དགོས་ཟེར་གྱིན་མེད་མོད།  དེ་ཡང་སྤྱི་འབངས་ཐུན་མོང་གི་ཐོབ་ཐང་ཞིག་ཡིན་པས།  དེ་བརྩད་ཀྱང་མི་འགྲིག་པ་ཞིག་གཏན་ནས་མིན།

བརྒྱུད་རིམ་དེའི་ཁྲོད་ཕྱི་ལོ་ ༢༠༠༠ ལོར།  བོད་གཞུང་ཆོས་དོན་ལས་ཁུངས་ནས་ཁོ་བོ་ཆེད་འབོད་བྱས་པ་བཞིན།  རྒྱ་བལ་འབྲུག་གསུམ་གྱི་རིས་མེད་དགོན་སྡེ་ཁག་གི་ལོ་རྒྱུས<<གཏོར་བཤིག་དང་གསར་སྐྲུན་གྱི་བང་རྩལ>>ཞེས་པ་རྩོམ་བསྒྲིགས་དང་དཔར་སྐྲུན་ལེགས་གྲུབ་བྱུང་མ་ཐག  དེ་དུས་ཀྱི་ཆོས་དོན་བཀའ་བློན་སྐུ་དྲག་བཀྲ་ཤིས་དབང་འདུས་དང་།  དྲུང་ཆེ་སྐུ་དྲག་གསར་བ་ཀརྨ་དགེ་ལེགས་ཟེར་བ་གཉིས་ཀྱིས།  དགོན་དེབ་ཏུ་རྒྱལ་བ་ཇོ་ནང་བའི་མཚན་བཀོད་པ་ཁྲིམས་འགལ་གྱི་ཚབས་ཆེའི་ནག་ཉེས་བསགས་པ་ཡིན་པས།  ད་ལྟ་རང་ནག་གསུབ་ཐོངས་ཤིག་ཅེས་བཙན་བཀའ་བསྒྲགས་ཀྱང་།  ང་ཚོས་གནས་ལུགས་གྱི་བདེན་པ་བརྡར་ཏེ་རྩོད་གླེང་བྱས་མཐར།  དགོན་དེབ་ཏུ་རེ་ཤིག་བར་ཇོ་ནང་བའི་མཚན་རང་སོར་མི་འཇོག་ཐབས་མེད་བྱུང་ཡང་།  དེའི་མཇུག་འབྲས་སུ་ཁོ་བོ་ཆོས་དོན་ལས་ཁུངས་ནས་གནས་དབྱུང་བཏང་བའི་གནས་ཚུལ་སྐྱུག་བྲོ་བ་དེ་བྱུང་བ་རེད། དེ་ལྟར་གཡོན་ལྷུན་ཅན་གྱི་བཙན་བྱོལ་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཆེད།  སྐྱབས་མགོན་རྗེ་བཙུན་དམ་པའི་དབུས་ཇོ་ནང་གཞིས་བྱེས་གཉིས་ཀྱི་དགོན་སྡེ་ཁག་ནས་ལོ་ནས་ལོ་མཐུད་དེ།  ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་ཚུལ་གྱི་སྙན་ཞུ་གྲངས་མེད་པ་ཕུལ་ཡང་དོན་འབྲས་མ་བྱུང་བའི་ཁར།  རྟ་རྒྱུག་སའི་ལམ་གྱི་རྡོ་མདུང་ཟེར་བ་ལྟར།  བར་སྐབས་ཤིག་ནས་ག་ཟི་ཚེ་རིང་པོ་ཟེར་བ་ཞིག་གིས་ས་སྐྱའི་སྤྱི་འཐུས་ཀྱི་མིང་ཐོག་ནས་ཇོ་ནང་ས་སྐྱའི་ཁོངས་ཡིན་ཚུལ་གྱི་རྨོངས་བཤད<<གསལ་བར་བཤད་ན་བདེ་བླག་ཏུ་གྲུབ་པའི་གཏམ་ཨེ་མ་ཧོ>>ཟེར་བ་ཞིག་བྲིས་ཏེ།  ཇོ་ནང་བླ་མ་གོང་མ་རྣམས་ཀྱིས་ས་སྐྱ་བའི་བླ་མ་རེ་ཟུང་བསྟེན་ཡོད་པ་དང་།  ཇོ་ནང་བའི་སྲུང་མའི་གཙོ་བོ་མགོན་པོ་གུར་ས་སྐྱའི་སྲུང་མ་ཡིན་ཚུལ་རྒྱུ་མཚན་གཙོ་བོར་བགྲང་ནས་གླེང་ཕྱོགས་བཟོས་པས།  བཙན་བྱོལ་བོད་གཞུང་ནས་རྐྱེན་ངན་གྲོགས་ཁྱེར་དང་གོ་སྐབས་དམ་འཛིན་བྱས་ཏེ།  ཇོ་ནང་ཆོས་བརྒྱུད་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་ཚུལ་གྱིས་ཡུན་རིང་ནར་འགྱངས་བྱས། འོན་ཀྱང་།  ཕྱི་ལོ་ ༢༠༡༡ ལོར།  བོད་ཀྱི་ཆོས་བརྒྱུད་རིས་མེད་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བླ་ཆེན་མཁས་དབང་ལྷན་འཛོམས་ཀྱིས།  ཇོ་ནང་ས་སྐྱའི་ཁོངས་མ་ཡིན་པར་ཆོས་བརྒྱུད་རང་རྐྱ་ཐུབ་པ་ཞིག་ཡིན་པ་ཐག་གཅོད་གཏན་འབེབ་གནང་ཞིང་ཚོགས་ཆེན་མཇུག་སྡོམ་སྐབས།  ཇོ་ནང་ས་སྐྱའི་ཁོངས་གཏོགས་མ་ཡིན་པར་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ལ་ངོས་འཛིན་དང་།  མ་འོངས་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་དབང་གནང་ཕྱོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་རྒྱུར་གྲོས་ཆོད་གཏན་འབེབ་བྱུང་ཚུལ།  ཤེས་བྱ་དུས་དེབ་(ཤེས་བྱ་དུས་དེབ།  ལོ་ ༤༤ ཨང་། ༡༠  ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༠ ཤོག་ངོས་ ༢༦ )ཏུ་གསལ་བ་ལྟར་ཡིན་མོད།  བོད་མི་མང་སྤྱི་འཐུས་ལྷན་འཚོགས་ནས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་ཁ་གཡར་ཏེ།  སྤྱི་འཐུས་སྐབས་ ༡༦ པའི་འོས་བསྡུའི་ལས་རིམ་མགོ་མ་ཚུགས་སྔོན་ལ་ཐག་གཅོད་བྱེད་ཅེས་ཡང་ཕྱིར་འགྱངས་བྱས། དེར་བརྟེན་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ནས་ ༢༨ བར།  སྐབས་བཅོ་ལྔ་བའི་གྲོས་ཚོགས་འཚོགས་དུས་དགུ་བ་འཚོགས་སྐབས།  བོད་ཕྱི་ནང་གཉིས་ཀྱི་དགོན་སྡེ་བཞི་བཅུ་ལྷག་གིས་སླར་ཡང་སྙན་ཞུ་ཕུལ་ཏེ།  སེར་སྐྱ་མི་མང་ཉིས་འབུམ་ལྷག་གིས་ཡིད་ཆེས་དང་བློ་བཀལ་གྱིས་ཉན་སྒུག་བྱེད་སྐབས།  ས་སྐྱའི་སྤྱི་འཐུས་ག་ཟི་ཚེ་རིང་པོས་གྲོས་ཚོགས་ནང་སླར་ཡང་།  གྱོད་གཅིག་ལ་གྱོད་བཤད་གཉིས་ཟེར་བ་ལྟར།  ཕྱི་ལོ་ ༢༠༡༡ ལོར།  ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཐག་གཅོད་གཏན་འབེབ་གནང་བ་རྩིས་མེད་རྡོག་རོལ་བྱས་ནས།  ཇོ་ནང་སྐོར་དང་འབྲེལ་ཡོད་ཁྲིམས་འཆར་བསྐྱར་བཅོས་ལ་དགག་པ་བྱས་པས།  གཞིས་བྱེས་ཇོ་ནང་བ་མི་ཉུང་བ་ཞིག་གིས་ག་ཟིས་སྤྱི་འཐུས་ཀྱི་འགན་མ་ཁུར་བར་ངོས་འཛིན་བྱེད་བཞིན་ཡོད་མོད།  དོན་ངོ་མར་ག་ཟིས་ས་སྐྱའི་སྤྱི་འཐུས་ཀྱི་འགན་གཙང་འཁུར་བྱས་པར་ངོས་འཛིན་བྱེད་ཆོག  རྒྱུ་མཚན་ས་སྐྱའི་ཁྲི་འཛིན་གྱིས་དེ་སྔོན་ཇོ་ནང་བར་ཡི་གེ་ཞིག་ཕུལ་ཏེ།  ས་སྐྱ་སྤྱིའི་ངོས་ནས་གནད་དོན་དེར་དགག་པ་གང་ཡང་མེད་ཅེས་བཤད་པ་ཁ་དོན་མི་མཚུངས་པའི་སྐད་ཆ་ཞིག་ཡིན་པ།  ས་སྐྱའི་སྤྱི་འཐུས་ཀྱིས་ཁུངས་བསྐྱེལ་ར་སྤྲོད་བྱས་ཡོད།  གང་ལྟར་དུས་རབས་ཉེར་གཅིག་པའི་ནང་མངའ་ཐང་རྒྱ་བསྐྱེད་ཆེད།  གྲུབ་མཐའ་ཆོས་ལུགས་བཙན་བསྒྱུར་དང་།  ཧམ་ཟོས་བྱེད་པའི་གོ་སྐབས་ཤིན་ཏུ་འཕྲ་བ་ཤེས་ན་བཟང་ཞེས་ཞོར་ལ་ཤོད་འདོད་བྱུང་། ཕྱི་ཟླ་ ༣ ཚེས་ ༢༦ ཉིན།  ག་ཟི་ཚེ་རིང་པོ་སོགས་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་བོད་སྤྱིའི་ལས་དོན་བསྒྲུབ་རྒྱུའི་དམ་བཅའ་མཆི་མའི་ཐལ་བ་བཞིན་དོར།  དྲང་བདེན་དང་གནས་ལུགས་ལ་རྡོག་བརྫིས་བྱས།  གཡོ་ཁྲམ་དང་ལྐོག་དངུལ་གྱི་ངོ་སོ་ཁྱེར།  རུལ་སུངས་དང་ནང་རྩོད་ཀྱི་ཀུ་ཅོ་སྒྲོག  གཅིག་གིས་གཅིག་ལ་ལྐོག་ཟ་རུལ་སུངས་དང་།  སྤྱི་རྒྱུ་སྒེར་བདག  མི་གསོད་ཁྲག་སྦྱོར་སོགས་བོད་ཀྱི་ཚིག་མཛོད་ནང་གི་ཐ་སྙད་ངན་ཚད་སྡུག་ཚད་བཀོལ་ནས་གཡུལ་འགྱེད་དྲག་པོའི་ཡོ་ལང་ཁྲོད།  ཁྲིམས་འཆར་བསྐྱར་བཅོས་གཏན་འབེབ་ལ་དངོས་སུ་འགོག་རྒོལ་བྱས་པ་ནི།  འདྲ་མཉམ་གྱི་ཐོབ་ཐང་དང་།  དྲང་བདེན་ལ་རྒོལ་བ་ལས་ཇོ་ནང་བར་རྒོལ་བ་མིན་ལ།  དེ་ནི་ཡང་དག་པའི་དམངས་གཙོར་ཁས་འཆེ་བའི་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་ངོ་ཚ་དང་ཕམ་ཉེས།  བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་བཞག་པའི་ནག་ཐིག་ཤིག་ལས།  ཇོ་ནང་བའི་ཕམ་ཉེས་ཤིག་གཏན་ནས་མིན། འོན་ཀྱང་གནས་ཚུལ་དེ་དྲ་བའི་འཇིག་རྟེན་ནས་འཛམ་གླིང་ལ་ཐད་གཏོང་བྱས་ཡོད་པས།  གཞིས་བྱེས་ཇོ་ནང་པ་ཉིས་འབུམ་ལྷག་ལ་ཆེས་བློ་ཕམ་དང་ཡིད་ཆད་བྱུང་སྟབས།  རང་རང་གི་སེམས་ཚོར་གནོན་མ་ཐུབ་པར་ཐོལ་བྱུང་དུ་སྤེལ་བའི་རྩོམ་ཡིག་ཁག་ཅིག་དང་།  ཟླ་དེའི་ཚེས་ ༢༨ ཉིན་ཏེ།  གྲོས་ཚོགས་འཚོགས་དུས་དགུ་བ་ངོ་ཚ་དང་ཕམ་ཁའི་ངང་མཇུག་བསྒྲིལ་སྐབས།  རྒྱ་གར་དུ་ཡོད་པའི་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱི་སྣེ་ཁྲིད་འོག  ཇོ་ནང་བ་སེར་སྐྱ་མི་མང་བརྒྱ་ཕྲག་གཅིག་ལྷག་གིས།  ཡང་དག་པའི་དམངས་གཙོ་ལུགས་སྲོལ་དང་ཡོངས་སུ་མཐུན་པར་ཞི་བའི་འབོད་སྒྲའི་དགོས་འདུན་དོན་ཚན་ལྔ་བཏོན་ཏེ།  གྲོས་ཚོགས་ཀྱི་མདུན་ཐང་དུ་ཞི་འབོད་བྱས་པའི་གནས་ཚུལ་འཛམ་གླིང་གང་སར་རྒྱ་ཁྱབ་ཏུ་སོང་བས།  དེའི་སྔ་གཞུག་གི་བྱུང་རྐྱེན་ཁག་རྒྱབ་ལྗོངས་སུ་བྱས་ནས་རིས་མེད་ཤེས་ལྡན་མི་སྣ་མི་ཉུང་བ་ཞིག་གིས་ཇོ་ནང་བར་བདེན་པའི་རྒྱབ་ལངས་དང་།  སྒེར་གཅོད་སྤྱི་འཐུས་ཁག་ཅིག་གི་བྱེད་ཕྱོགས་ལ་ཡིད་སུན་པའི་རྣམ་པ་མཚོན་པའི་རྩོམ་ཡིག་རིམ་ཐོན་བྱུང་བ་རྣམས།  མཁྱེན་ཡངས་རྩི་ནང་བ་དབྱངས་རིག་ལགས་ཀྱིས།  བཙན་བྱོལ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང་།  ཇོ་ནང་བའི་བརྗེད་མི་སྲིད་པའི་ཟིན་ཐོར་དགོངས་ཏེ།  དུས་ཡུན་ཐུང་ཐུང་ཞིག་གི་ནང་ངལ་བ་ལྷུར་བཞེས་ཀྱིས་ཕྱོགས་བསྒྲིགས་པར་བསྐྲུན་གནང་བ་ནི།  བསྟན་ལ་ཤ་ཚ་དང་།  ལྷག་བསམ་རྣམ་དག་གི་སྲི་ཞུའི་ཆ་ཤས་གལ་ཆེན་ཞིག་ཏུ་བགྲང་ཆོག དེབ་ཆུང་འདིར་བཀོད་པའི་རྩོམ་ཡིག་དེ་དག་ནི།  སྐབས་དེའི་སེམས་ཚོར་འབའ་ཞིག་དབང་བཙན་པར་བྱས་ཏེ་ཐད་ཀར་བྲིས་པ་ཤ་སྟག་ཡིན་པས།  ཕན་ཚུན་བསྐྱར་བཟློས་དང་།  བོད་གཞིས་བྱེས་ཁ་ཐག་རིང་སྟབས་གནས་ཚུལ་དངོས་དང་འབྲེལ་མིན་ཅི་རིགས་པ་སོགས་ཡོད་སྲིད་ཀྱང་།  གཙོ་སྒྲིག་པས།  དཔྱོད་ཤེས་རྣམས་ཀྱི་སེམས་ཚོར་ལ་མཐོང་ཆེན་གནང་སྟེ།  ཚིག་དོན་གཉིས་ཀ་མ་བཅོས་སོར་འཇོག་བྱས་ཤིང་།  རྩོམ་ཡིག་རྣམ་གྲངས་  ༤༠ ཙམ་ཕྱོགས་བསྒྲིགས་གནང་ཡོད་པ་ནི་དེ་བས་ཀྱང་བསྔགས་བརྗོད་ཀྱི་གནས་སུ་མཐོང་ལ།  རྩོམ་དེབ་འདིས་ད་ལྟའི་བཙན་བྱོལ་གཞུང་གི་བྱེད་ཕྱོགས་ལ་བསྡོམས་ཚིག་བརྒྱབས་ཡོད་ཅིང་།  འབྱུང་འགྱུར་ཇོ་ནང་ཆོས་བརྒྱུད་ཀྱི་དར་རྒུད་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོར་ཁ་གསལ་གྱི་ཟིན་ཐོ་ཡང་གསོན་པོར་བཞག་ཡོད། གླེང་བརྗོད་འབྲི་མཁན་ཁོ་བོར་མཚོན་ན།  རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འཛིན་པའི་དམའ་མཐའི་གྲལ་འཛིན་པ་ཞིག་ལས་དཔྱོད་ཤེས་གང་ཡང་མེད་མོད།  ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་བརྡོལ་ཞིང་།  བཙན་བྱོལ་བོད་གཞུང་གིས་རྒྱལ་བ་ཇོ་ནང་བར་བཟུང་བའི་སྤྱི་ཚོགས་རྙིང་བའི་བསམ་བློ་དང་།  ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ནས་སྔ་ཕྱི་བར་གསུམ་དུ་ཇོ་ནང་བ་རྣམས་ཀྱི་ཐོག་བཟུང་བའི་སྲིད་ཇུས་ནི།  ཐད་ཀར་བརྗོད་ན།  འགྲོ་བ་མིའི་ཐོབ་ཐང་དང་།  ཆོས་དད་རང་དབང་གི་རྨང་གཞིའི་རྩ་ཁྲིམས་དང་ཡོངས་སུ་རྒྱབ་འགལ་ཆགས་པའི་བྱ་སྤྱོད་ངོ་མ་དངོས་སུ་མཐོང་ཐོས་མྱོང་གསུམ་བྱས་ཤིང་།  དུས་ཡུན་མི་ལོ་བཅོ་བརྒྱད་རིང་རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འཐབ་རྩོད་པའི་གྲས་སུ་ཡང་བགྲང་ཆོག་པ་ཞིག་ཡིན་སྟབས།  <<ཇོ་ནང་བའི་ཞི་འབོད>>ཅེས་པའི་རྩོམ་དེབ་འདིའི་གླེང་བརྗོད་འབྲི་བསྐུལ་གནང་བ་དགའ་སྤྲོའི་ངང་ནས་ཁས་ལེན་བྱས་པ་ཡིན། <<ཇོ་ནང་བའི་ཞི་འབོད>>ཅེས་པའི་རྩོམ་དེབ་ཕྱོགས་བསྒྲིགས་གནང་མཁན་རྩི་ནང་དབྱངས་རིག་ལགས་ནི།  མདོ་སྔགས་རིག་གནས་སྤྱི་དང་།  བྱེ་བྲག་རྒྱལ་བ་ཇོ་ནང་བའི་སྒེར་ཆོས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་ཉམས་བཞེས་ཚད་ལྡན་གནང་ཞིང་།  ངེས་དོན་བསྟན་ལ་ཤ་ཚ་དང་།  ལྷག་བསམ་འགྲན་ཟླ་བྲལ་བའི་སྐྱེས་བུ་ཞིག་ཡིན་པས།  རྩོམ་དེབ་འདི་ཡང་ཇོ་ནང་ལོ་རྒྱུས་ཁྲོད་གཟི་འོད་འཕྲོ་བའི་དྲང་བདེན་གྱི་གཏམ་རྒྱུད་ཅིག་དང་།  བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ནས་བོད་གཞིས་བྱེས་གཉིས་ཀྱི་མཐུན་ལམ་ལ་ཉེ་བར་མཁོ་བའི་ཞབས་འདེགས་ཇི་ལྟར་ཕུལ་བ་གསལ་བོར་མཚོན་པའི་གནམ་སའི་བར་གྱི་རྡོ་རིང་དཀར་པོ་ཞིག་ཏུ་འགྱུར་བར་གོར་མ་ཆག་གོ། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༩ ཉིན།  བེ་རི་རིག་པའི་རྡོ་རྗེས།  རང་དབང་དང་དམངས་གཙོའི་རྒྱལ་ས།  ཨ་རིའི་བུ་རྒྱས་གནས་མངའ་སྡེའི་གྲོང་ཁྱེར་ཤར་ལྷོ་བསུ་དཔལ་གྱི་རང་ཤག་ནས་བྲིས་ཏེ་ཕུལ།