གསང་འདུས་རྩ་རྒྱུད།

དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།

སྟོན་པ་ཤཱཀྱ་ཐུབ་པ།

༄༅༅།།  རྒྱ་གར་སྐད་དུ།  ཤྲཱི་གུ་ཧྱ་ས་མ་ཛ་མ་ཧཱ་ཏན་ཏྲ་རཱ་ཛ་ནཱ་མ། བོད་སྐད་དུ།  དཔལ་གསང་བ་འདུས་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།  དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐུ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་བྱ་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང༌། དེ་དག་ལ་སྩོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་རྣམས་དང༌། དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང༌། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང༌། དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་དཔལ་དང༌། དེ་བཞིན་གཤེགས་པ་རྡོ་རྗེ་འོད་དཔག་ཏུ་མེད་པ་དང༌། དེ་བཞིན་གཤེགས་པ་རྡོ་རྗེ་གདོན་མི་ཟ་བ་དང༌། དེ་དག་ལ་སྩོགས་པ་ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཤིན་ཏུ་གང་བར་སྣང་བར་གྱུར་ཏོ།།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས།  དེ་བཞིན་གཤེགས་པའི་བཀོད་པ་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ།།  དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར།  ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས།  བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ།།  དེ་ལ་ལ་ལ་ནི་སངས་རྒྱས་སྤྱན་ལྟ་བུ།  ལ་ལ་ནི་མཱ་མ་ཀི་ལྟ་བུ།  ལ་ལ་ནི་གོས་དཀར་མོ་ལྟ་བུ།  ལ་ལ་ནི་དམ་ཚིག་སྒྲོལ་མ་ལྟ་བུ།  ལ་ལ་ནི་གཟུགས་ཀྱི་ངོ་བོ་ལྟ་བུ།  ལ་ལ་ནི་སྒྲའི་ངོ་བོ་ལྟ་བུ།  ལ་ལ་ནི་དྲིའི་ངོ་བོ་ལྟ་བུ།  ལ་ལ་ནི་རོའི་ངོ་བོ་ལྟ་བུ།  ལ་ལ་ནི་རེག་གི་ངོ་བོ་ལྟ་བུ།  དེར་ཡང་དག་པར་གནས་པར་གྱུར་ཏོ།།
དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་གྲུ་བཞིར་བྱིན་གྱིས་བརླབས་པ་ནི།  གསལ་བ་དེ་ཡི་ངོ་བོ་ཉིད།།  སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས།།  སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ།།  འོད་ཟེར་འཕྲོ་བ་མང་པོ་འཁྲུགས།།  གསལ་བ་ལ་སྩོགས་དཀྱིལ་འཁོར་ལྡན།།  དེ་བཞིན་གཤེགས་པ་ཀུན་གྱི་གནས།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དེ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞག་པར་གྱུར་ཏོ།།   དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང༌།  དེ་བཞིན་གཤེགས་པ་རིན་ཆེན་དཔལ་དང༌།  དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དང༌།  དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་དང༌།  དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས།  དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ།  དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་མ་ཐག་ཏུ།  དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ།།  དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱི་བརླབས་ཀྱིས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་འདི།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་སོ།།  བྱིན་གྱིས་བརླབས་མ་ཐག་ཏུ།  བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ།།    དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སྩོགས་པ།  བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་བྱུང་སྟེ།  ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།།
ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། བྱང་ཆུབ་སེམས་ནི་རབ་བྱུང་བ།།  དེ་བཞིན་གཤེགས་པ་ཀུན་གྱི་གསང༌།།  རབ་ཏུ་མི་རྟོག་གནས་མེད་པའོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རིན་པོ་ཆེའི་སྤྲིན་གྱིས་ཡང་དག་པར་མཆོད་དེ།  ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།།  འདུས་པ་གསང་བ་ལས་བྱུང་བ།།  དེ་བཞིན་གཤེགས་པ་ཀུན་གྱི་གསང༌།།  རྡོ་རྗེ་སྙིང་པོ་འདུས་པ་ཡི།།  དེ་ཉིད་བཅོམ་ལྡན་བཤད་དུ་གསོལ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས།  དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ།།  འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན།  བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས།  དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར།  རྨད་དུ་གྱུར་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ།  བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།།  གང་བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་པ་མཛད་དེ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བ་བགྱི་པ་ནས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང༌།  མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་གྱི་ཕྱིར་ཡང་དག་པར་བསྟན་དུ་གསོལ།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དེ་མཁྱེན་ནས།  ཡེ་ཤེས་ཀྱི་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  ཞེ་སྡང་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  བཛྲ་དྷྲིཀ
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས།  ནག་པོ་དཀར་པོ་དམར་པོའི་ཚུལ་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  གཏི་མུག་གི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  ཛི་ན་ཛིཀ
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ།  རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས།  དཀར་པོ་ནག་པོ་དམར་པོའི་ཚུལ་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྤྱན་སྔར་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།  རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  རཏྣ་དྷྲིཀ
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།  སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ།  རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོར་སྦྱོར་བས་ནམ་མཁའི་གནས་གྱིས།  སེར་པོ་ནག་པོ་དཀར་པོའི་ཚུལ་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ལྷོ་ཕྱོགས་སུ་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  འདོད་ཆགས་ཀྱི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  ཨཱ་རོ་ལིཀ
དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།  འཇིག་རྟེན་དབང་ཕྱུག་གི་རིག་པའི་བདག་པོའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས།  དམར་པོ་ནག་པོ་དཀར་པོའི་ཚུལ་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྒྱབ་ཏུ་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པ་གདོན་མི་ཟ་བའི་མཆོག  དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  དམ་ཚིག་འགུག་པའི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  པྲཛྙཱ་དྷྲིཀ
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ།  གྲུབ་པ་གདོན་མི་ཟ་བའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས།  ལྗང་གུ་དང་ནག་པོ་དང་དཀར་པོའི་ཚུལ་དུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བྱང་ཕྱོགས་སུ་བཞུགས་སོ།།  ཞེ་སྡང་གཏི་མུག་འདོད་ཆགས་དང༌།།  ཡིད་བཞིན་ནོར་བུ་དམ་ཚིག་སྟེ།།  རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས།།  འདོད་དང་ཐར་པ་རབ་བསྒྲུབ་པའོ།།  དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན།  རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  རྡོ་རྗེ་འཛིན་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  དེ་ཥ་ར་ཏི།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།  བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ།  ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  མོ་ཧ་ར་ཏི།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།  བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ།  ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ།།  དེནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ།  རྗེས་སུ་ཆགས་པ་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པའི་བཙུན་མོའི་མཆོག་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  རཱ་ག་ར་ཏི།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ།  ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་འཆང་བའི་བཙུན་མོའི་མཆོག་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  བཛྲ་ར་ཏི།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།  བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ།  བྱང་ཕྱོགས་ཀྱི་གྲྭར་བཞུགས་སོ།།  དེ་བཞིན་གཤེག་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དམ་ཚིག་ཕུན་སུམ་ཚོགས་པའོ།།   དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ།།  ཡ་མཱནྟ་ཀྲིད།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།  དེ་བཞིན་གཤེགས་པ་ཐམས་ཅད་བསྙེངས་པར་བྱེད་པའི་ཚུལ་དུ་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  དེ་བཞིན་གཤེགས་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཁྲོ་བོ་ཆེན་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།  པྲཛྙཱནྟ་ཀྲིད།
དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།   རྡོ་རྗེའི་དམ་ཚིག་བསྙེངས་པའི་ཚུལ་དུ།  ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བའི་དཀྱིལ་འཁོར་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  པད་མཱནྟ་ཀྲིད།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཚུལ་དུ།  ནུབ་ཕྱོགས་ཀྱི་སྒོར་བཞུགས།   དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི།  ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌།།  བིགྷྣནྟ་ཀྲིད།
དེ་ནས་འདི་ཕྱུང་མ་ཐག་ཏུ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱྀ་ཚུལ་དུ།  བྱང་ཕྱོགས་ཀྱི་སྒོར་བཞུགས་སོ།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པ་དང༌།  དཀྱིལ་འཁོར་ཀྱི་དམ་ཚིག་སེམས་དཔའ་རྣམས་སོ།།    དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབས་པ་ཞེས་བྱ་བའི་ལེའུ་སྟེ།  དང་པོའོ།།  །།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ཏེ།  ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།།  སྐུ་དང་གསུང་དང་ཐུགས་ཀྱི་མཆོག།  དེ་བཞིན་གཤེགས་པ་ཀུན་གྱི་གསུང༌།།  བླ་ན་མེད་པའི་བྱང་ཆུབ་སེམས།།  བཅོམ་ལྡན་སྙིང་པོ་བཤད་དུ་གསོལ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོའི།    དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ཅིང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས།  བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།  ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང༌།  ལུས་སེམས་ལྟ་བུ་དང༌།  སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག  དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱར་ནས།  ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།།
ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི།། སྐུ་དང་གསུང་ཐུགས་རྡོ་རྗེ་ཅན།།  སྐྱེ་བ་མེད་པའི་ཚུལ་གྱིས་སུ།།  སྐྱེ་བ་འདི་ནི་རབ་ཏུ་བསྒྲགས།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།
དངོས་པོ་མེད་པས་སྒོམ་པ་མེད།། བསྒོམ་པར་བྱ་བ་སྒོམ་པ་མིན།།  དེ་ལྟར་དངོས་པོ་དངོས་མེད་པས།།  སྒོམ་པ་དམིགས་སུ་མེད་པའོ།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།  དངོས་པོ་ཐམས་ཅད་དང་བྲལ་བ།།  ཕུང་པོ་ཁམས་དང་སྐྱེ་མཆེད་དང༌།།  གཟུངས་དང་འཛིན་པ་རྣམས་སྤངས་པ།།  ཆོས་བདག་མེད་པ་མཉམ་ཉིད་པས།།  རང་སེམས་གདོད་ནས་མ་སྐྱེས་པ།།  སྟོང་པ་ཉིད་ཀྱིས་རང་བཞིན་ནོ།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་བཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།
དངོས་པོ་འདི་རྣམས་མ་སྐྱེས་པ།། ཆོས་དང་ཆོས་ཉིད་མེད་པ་སྟེ།།  ནམ་མཁའ་ལྟ་བུར་བདག་མེད་པ།།  བྱང་ཆུབ་ཚུལ་འདི་བརྟན་པའོ།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་གསུངས་སོ།།   དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།    བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།  ཆོས་རྣམས་ཐམས་ཅད་དངོས་མེད་ཅིང༌།།  ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས།།  བདག་མེད་ཆོས་ལས་ཀུན་ཏུ་བྱུང༌།།  བྱང་ཆུབ་ཚུལ་འདི་བརྟན་པའོ།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་དཔལ་གྱིས་གསུངས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།
མ་སྐྱེས་པ་ཡི་ཆོས་རྣམས་ལ།། ངོ་བོ་མེད་དེ་སྒོམ་པའང་མེད།།  ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས།།  དངོས་པོ་དག་ཏུ་རབ་ཏུ་བསྒྲགས།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་གསུངས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།
ཆོས་རྣམས་རང་བཞིན་འོད་གསལ་བ།། གདོད་ནས་དག་པ་ནམ་མཁའ་བཞིན།།  བྱང་ཆུབ་མེད་ཅིང་མངོན་རྟོགས་མེད།།  བྱང་ཆུབ་ཚུལ་འདི་བརྟན་པའོ།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བས་གསུངས་སོ།།  དེ་ནས་བྱམས་པ་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡི་གེ་ཐོས་ནས་ངོ་མཚར་དུ་གྱུར།  རྨད་དུ་གྱུར་ཏེ།  ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།།
ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས།། ཆོས་བཤད་པ་ནི་ངོ་མཚར་ཆེ།།  ཡང་དག་དོན་ནི་དག་པའི་དོན།།  བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།།  བདག་མེད་པ་ཡི་ཆོས་ལས་བྱུང༌།།  སངས་རྒྱས་བྱང་ཆུབ་རྫོགས་མཛད་པ།།  རྣམ་པར་མི་རྟོག་དམིགས་སུ་མེད།།  བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།།  ཀུན་ཏུ་བཟང་པོ་ཐམས་ཅད་དོན།།  བྱང་ཆུབ་སེམས་ནི་རབ་སྐོར་བ།།  བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ།།  བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།།  དག་པ་དེ་བཞིན་གཤེགས་པའི་ཐུགས།།  སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན།།  སངས་རྒྱས་བྱང་ཆུབ་རབ་སྟོན་པ།།  བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  བྱང་ཆུབ་སེམས་ཀྱི་ལེའུ་སྟེ།  གཉིས་པའོ།།  །།
དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲོ་བའི་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།   རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་འདི་གསུངས་སོ།།
ཨོཾ་ཤཱུན་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  སངས་རྒྱས་དཀྱིལ་འཁོར་སྒོམ་པ་ནི།།  འོད་ཟེར་སྤྲིན་གྱི་བཀོད་པ་ཆེ།།  སངས་རྒྱས་འབར་བའི་འོད་དང་མཉམ།།  འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ།།  ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ།།  འདོད་པའི་ཡོན་ཏན་ལྔ་ཡིས་ཁྱབ།།  མཆོད་པ་རྣམ་པ་ལྔས་བརྒྱན་པ།།  མདོར་ན་དེ་ལྟར་བསྒོམས་ནས་སུ།།  གཟུགས་ནི་དབུས་སུ་བསྒོམ་པར་བྱ།  རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ།།  སྐུ་གསུང་ཐུགས་ཀྱི་མཚན་པའོ།།  སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི།།  ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ།།  ཚོགས་གཉིས་དང་ནི་ལྡན་པ་ཡིས།།  བསྡུས་དང་གཅིག་ཏུ་སྦྱོར་བ་ཡིས།།  མི་བསྐྱོད་པ་ཡི་རྒྱ་མཆོག་དང༌།།  དཀོན་མཆོག་དཔལ་གྱི་རྒྱ་ཆེན་དང༌།།  ཚེ་དཔག་མེད་པའི་འོད་བྱེད་དང༌།།  ཐོགས་མེད་གྲུབ་པའི་རྒྱ་ཆེན་རྣམས།།  སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།།  སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།།  ཨིནྟྲ་ནཱི་ལའི་ཁ་དོག་འདྲ།།  རབ་འབར་ཕྱག་ན་རྡོ་རྗེ་བསྣམས།།  རྣམ་པར་གཙིགས་ལ་འཇིགས་འཇིགས་བལྟ།།  ཤེལ་དང་ཟླ་བའི་འོད་འདྲ་བ།།  ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ།།  རབ་འབར་ཕྱག་ན་འཁོར་ལོ་བསྣམས།།  སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན།།  ཛམྦུ་ཆུ་བོའི་གསེར་འོད་འདྲ།།  སངས་རྒྱས་སྤྲིན་གྱིས་ཀུན་ཏུ་འཁྲིགས།།  དེ་ཡི་ཕྱག་ན་རྡོ་རྗེ་ཆེ།།  རྩེ་མོ་དགུ་པ་རྣམ་པར་བསྒོམ།།  མརྒ་ཏ་ཡི་འོད་འདྲ་བ།།  རྡོ་རྗེ་འབར་བས་རྣམ་པར་བརྒྱན།།  ཀུན་ཏུ་འབར་བའི་སྤྲིན་གྱིས་ཁྱབ།།  ཕྱག་ན་རིན་ཆེན་བསྣམས་པར་བསྒོམ།།  པདྨ་རཱ་གའི་མདོག་འདྲ་བ།།  གཙོ་བོ་འདོད་ཆགས་འབར་བ་མངའ།།  རབ་འབར་ཕྱག་ན་པདྨ་བསྣམས།།  འདོད་ཆགས་རྡོ་རྗེ་ཅན་བསྒོམ་བྱ།།  འོད་ཟེར་སྣ་ལྔའི་འོད་འདྲའི་སྐུ།།  གདོན་མི་ཟ་བ་རྡོ་རྗེ་ཅན།།  ཞི་བ་ཕྱག་ན་རལ་གྲི་བསྣམས།།  སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ།།
ཨོཾ་དྷརྨཱ་བྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།  རིན་ཆེན་ཆེན་པོ་ཁ་དོག་ལྔ།།  ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ།།  སྣ་ཡི་རྩེ་མོར་ནན་ཏན་དུ།།  རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ།།  རིན་ཆེན་བརྟན་པར་གྱུར་ནས་སྤྲོ།།  བརྟན་པར་མ་གྱུར་ཡོང་མི་སྤྲོ།།  སངས་རྒྱས་འབར་བ་འདྲ་བའི་འོད།།  མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ།།  འཁོར་ལོ་རྡོ་རྗེ་རིན་ཆེན་དང༌།།  པདྨ་རལ་གྲི་མཚོན་ཆེན་འཛིན།།  བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས།།  སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  ཟླ་བའི་དཀྱིལ་འཁོར་བྲི་བར་བྱ།།  གསལ་བའི་དཀྱིལ་འཁོར་དབུས་གནས་པར།།  འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ།།  པདྨའི་དཀྱིལ་འཁོར་འདྲ་བར་ནི།།  པདྨ་སྒོམ་པས་བསྒོམ་པར་བྱ།།  རིན་ཆེན་དཀྱིལ་འཁོར་འདྲ་བར་ནི།།  རིན་ཆེན་བརྩོན་པས་བསྒོམ་པར་བྱ།།  སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ།།  ནམ་མཁའ་འདྲ་བར་བྲི་བར་བྱ།།  འདི་དག་སངས་རྒྱས་རབ་ཀྱི་མཆོག།  སྐུ་གསུང་ཐུགས་ནི་བསྒོམས་པ་ཡིས།།  དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བ།།  ཐམས་ཅད་མཁྱེན་པའི་ཚུལ་འཐོབ་པའོ།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ།  གསུམ་པའོ།།  །།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ།  བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པོ།།  དེ་བཞིན་གཤེགས་པ་ཀུན་ཞི་བ།།  དེ་བཞིན་གཤེགས་པ་ཀུན་གྱི་གནས།།  ཆོས་ཀུན་བདག་མེད་པ་ཡི་མཆོག།  དཀྱིལ་འཁོར་དམ་པ་བཤད་དུ་གསོལ།།  མཚན་རྣམས་ཐམས་ཅད་ཡང་དག་རྫོགས།།  མཚན་མིན་ཐམས་ཅད་ཡང་དག་སྤངས།།  ཀུན་ཏུ་བཟང་པོ་སྐུ་ཡི་མཆོག།  དཀྱིལ་འཁོར་དམ་པ་བཤད་དུ་གསོལ།།  ཞི་བའི་ཆོས་ནི་མཆོག་ལས་བྱུང༌།།  ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ།།  ཀུན་ཏུ་བཟང་པོ་གསུང་གི་མཆོག།  དཀྱིལ་འཁོར་དམ་པ་བཤད་དུ་གསོལ།།  སེམས་ཅན་ཀུན་གྱི་སེམས་ཆེན་པོ།།  རང་བཞིན་དག་ཅིང་དྲི་མ་མེད།།  ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར།།  དཀྱིལ་འཁོར་དམ་པ་བཤད་དུ་གསོལ།།  དེ་ནས་སྟོན་པ་རྡོ་རྗེ་འཛིན།།  འཇིག་རྟེན་གསུམ་པ་ཁམས་གསུམ་པ།།  འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ།།  འཇིག་རྟེན་གསུམ་མཆོག་སྟོན་པ་པོ།།  དེ་བཞིན་གཤེགས་པ་ཀུན་གྱི་གནས།།  དེ་བཞིན་གཤེགས་པ་ཀུན་གྱི་ཐུགས།།  དཀྱིལ་འཁོར་དཀྱིལ་འཁོར་རབ་འདྲ་བ།།  དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད།།  དེ་ནས་ཐུགས་གྱི་དཀྱིལ་འཁོར་མཆོག།  ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ།།  སྐུ་དང་གསུང་དང་ཐུགས་རྣམས་ཀྱི།།  དཀྱིལ་འཁོར་རབ་ཏུ་བཤད་པར་བྱ།།  ལུས་ངག་སེམས་ནི་བསྒོམ་པ་ཡིས།།  ཤེས་རབ་ཅན་གྱིས་ཐིག་གདབ་པ།།  ཐིག་སྐུད་གསར་པ་ལེགས་བཀལ་བ།།  ཚད་མ་རབ་ཏུ་མཛེས་པ་ཡིས།།  ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ།།  ཁྲུ་ནི་བཅུ་གཉིས་ཚད་དུ་བྱ།།  ངོས་བཞི་དང་ནི་གྲྭ་བཞིར་ལྡན།།  སྒོ་བཞི་པར་ནི་རབ་ཏུ་བརྟག།  དེ་ཡི་དབུས་སུ་འཁོར་ལོ་ནི།།  རབ་ཏུ་ཟླུམ་པོ་བྲི་བར་བྱ།།  དེ་ནས་ལས་ཀྱི་ཆོ་ག་ནི།། མཐོང་བས་ཕྱག་རྒྱ་དགོད་པར་བྱ།།  དེའི་དབུས་རྡོ་རྗེ་བྲི་བ་ནི།།  ཨིནྟྲ་ནཱི་ལའི་ཁ་དོག་འདྲ།།  འབར་བ་ཆེན་པོ་རྩེ་ལྔ་པ།།  འཇིགས་པ་དག་ཀྱང་རབ་འཇིགས་བྱེད།།  འཁོར་ལོ་ཆེན་པོ་ཤར་ཕྱོགས་སུ།།  རྡོ་རྗེ་འབར་བས་རྣམ་པར་བརྒྱན།།  རིན་ཆེན་ཆེན་པོ་ལྷོ་ཕྱོགས་སུ།།  འོད་ཟེར་མང་པོས་རབ་ཏུ་འཁྲིགས།།  པདྨ་ཆེན་པོ་ནུབ་ཕྱོགས་སུ།།  པདྨ་རཱ་གའི་ཁ་དོག་འདྲ།།  རལ་གྲི་ཆེན་པོ་བྱང་ཕྱོགས་སུ།།  འོད་ཟེར་མང་པོས་རབ་ཏུ་འཁྲིགས།།  དབུས་ན་སྤྲིན་དང་འདྲ་བའི་འོད།།  སྤྱན་ནི་ཤར་གྱི་གྲྭ་རུ་བྲི།།  མཱ་མ་ཀཱི་ཡི་རིགས་འབྱུང་བའི།།  རྡོ་རྗེ་དེ་བཞིན་ལྷོ་ཕྱོགས་སུ།།  པདྨ་ཁ་ཕྱེ་སྡོང་བུར་བཅས།།  ནུབ་ཕྱོགས་སུ་ནི་བྲི་བར་བྱ།།  ཨུཏྤལ་མཛེས་པ་བྱང་ཕྱོགས་སུ།།  མཐིང་ཁ་སྤྲིན་དང་འདྲ་བར་བྲི།།  ཐོ་བ་འབར་བ་འོད་གསལ་བ།།  ཤར་ཕྱོགས་སྒོར་ནི་བྲི་བར་བྱ།།  རྡོ་རྗེ་འབར་སྩོགས་འོད་བཟང་བ།།  བེ་ཅོན་ལྷོ་ཡི་ཕྱོགས་སུ་བྲི།།  པདྨ་འབར་བ་འོད་བྱེད་པ།།  ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ།།  རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཅན།།  བྱང་གི་ཕྱོགས་སུ་རྡོ་རྗེ་བྲི།།  ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ།།  ཡོངས་སུ་གསལ་བར་ཤེས་བྱས་ནས།།  ལུས་དང་ངག་སེམས་མཆོད་པ་ཡིས།།  ནན་ཏན་དུ་ནི་མཆོད་པར་བྱ།། བུད་མེད་རབ་ཏུ་མདངས་བཟང་བ།།  ལོ་གྲངས་བཅུ་དྲུག་ལོན་པ་ནི།།  དྲི་དང་མེ་ཏོག་འཕྲེང་བརྒྱན་ཏེ།།  ཡོན་ཏན་སྐ་རགས་མཱ་མ་ཀིར།།  ཤེས་རབ་ཅན་གྱིས་བྱིན་བརླབས་ལ།།  དེ་ཡིས་དབུས་སུ་མཉེས་པར་བྱ།།  སངས་རྒྱས་ཞི་བའི་གནས་སྤྲོས་པས།།  ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན།།  གཤང་གཅི་ཁུ་བ་ཁྲག་ལ་སྩོགས།།  ལྷ་རྣམས་ལ་ནི་དབུལ་བར་བྱ།།  དེ་ལྟར་བྱས་ནས་སངས་རྒྱས་དང༌།།  བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ།  བཞི་པའོ།། །།
དེ་ནས་དེ་བཞིན་གཤེགས་པ་ནི།། ཀུན་གྱི་སྐུ་དང་གསུང་ཐུགས་ཀྱི།།  རྡོ་རྗེ་འཆང་བའི་རྒྱལ་པོ་ནི།།  གནས་ཀྱི་དབང་ཕྱུག་ཀུན་མཆོག་གིས།།  སྤྱོད་པ་ཀུན་མཆོག་ཆོས་ཀྱི་དོན།།  སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ།།  རྣམ་པར་མི་རྟོག་དོན་ལས་བྱུང༌།།  འདོད་ཆགས་ཞེ་སྡང་གཏི་མུག་རིགས།།  ཐེག་པ་མཆོག་ནི་བླ་མེད་པའི།།  དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད།།  རིགས་ངན་སྨིག་མ་མཁན་ལ་སྩོགས།།  གསོད་དོན་དོན་གཉེར་སེམས་པ་རྣམས།།  ཐེག་ཆེན་བླ་ན་མེད་པ་ཡི།།  ཐེག་མཆོག་འདི་ལ་འགྲུབ་པར་འགྱུར།།  སེམས་ཅན་མཚམས་མེད་ལ་སྩོགས་པའི།།  སྡུག་པ་ཆེན་པོ་བྱེད་པ་ཡང༌།།  རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེ།།  ཐེག་པ་མཆོག་ནི་འདི་ལ་འགྲུབ།།  སྙིང་ནས་སློབ་དཔོན་སྨོད་པ་དག།  བསྒྲུབ་ཀྱང་འགྲུབ་པར་ཡོང་མི་འགྱུར།།  སྲོག་གཅོད་པ་ཡི་སེམས་ཅན་གང༌།།  རྫུན་དུ་སྨྲ་ལ་དགའ་བ་དང༌།།  གཞན་གྱི་ནོར་ལ་ཆགས་པ་དང༌།།  རྟག་ཏུ་འདོད་པ་སྤྱོད་གང་དང༌།།  གཤང་གཅི་ཟས་སུ་ཟ་བ་སྟེ།།  དེ་དག་སྒྲུབ་པའི་སྣོད་དུ་འགྱུར།།  མ་དང་སྲིང་མོ་བུ་མོ་ལ།།  འདོད་པ་བས་ནི་མཉེས་བྱས་ན།།  ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི།།  དངོས་གྲུབ་རྒྱ་ཆེ་དེས་འཐོབ་བོ།།  སངས་རྒྱས་གཙོ་བོའི་ཡུམ་དག་ལ།།  རྣམ་པར་མི་རྟོག་བློ་ཅན་གྱིས།།  མཉེས་པར་བྱས་ཀྱང་མི་གོས་ཏེ།།  དེ་ནི་སངས་རྒྱས་འགྲུབ་པར་འགྱུར།།
དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སྩོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ།  ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འདི་ལྟ་བའི་ཚིག་ངན་པ་གསུང་ཞེས་གསོལ་ཏོ།།  དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།   སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སྩོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་གསན་ནས།  བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།  རིགས་ཀྱི་བུ་རྣམས་ཐོང་དེ་སྐད་མ་ཟེར་ཅིག   སྙིང་པོ་ཡེ་ཤེས་ཅན་རྣམས་ཀྱི།།  སངས་རྒྱས་ཆོས་ཉིད་དག་པ་འདི།།  སྙིང་པོ་ཆོས་ཀྱི་དོན་ལས་བྱུང༌།།  བྱང་ཆུབ་སྤྱོད་པའི་གནས་འདི་ཡིན།།
དེ་ནས་ཡང་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་མི་ལང་བའི་སངས་རྒྱས་ཀྱི་ཞིང༌།  རི་རབ་ལ་སྩོགས་པའི་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་འཇིགས་སྐྲག་ནས་བརྒྱལ་བར་གྱུར་ཏོ།།   དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།  བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ་བར་གྱུར་པ་གཟིགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།།  བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བསླང་བར་གསོལ།   དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ།  ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་སོ།།   སྙོམ་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོའི་འོད་ཀྱིས་རེག་པ་ཙམ་གྱིས།  དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རང་རང་གི་སྟན་ལ་གནས་པར་གྱུར་ཏོ།།  དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར།  རྨད་དུ་གྱུར།  དགྱེས་པས་ཁྱབ་པར་གྱུར་ནས།  ཆོས་ཀྱི་དབྱངས་འདི་སྐད་ཅེས་གསུང་སོ།།
ཨེ་མའོ་ཆོས་ཀྱི་དོན་འབྱུང་བ།། ཆོས་དོན་དག་པ་བདག་མེད་པ།།  རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད།།  སྐུ་དང་གསུང་ཐུགས་རབ་ཏུ་དག།  ནམ་མཁའ་དང་ནི་མཉམ་ཉིད་གནས།།  རྣམ་པར་མི་འགྱུར་སྣང་བ་མེད།།  རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད།།  ཐུགས་ནི་དེ་བཞིན་གཤེགས་པའི་གཙོ།།  དུས་གསུམ་དག་གི་ལམ་དུ་བྱུང༌།།  ནམ་མཁའི་ཆེན་པོ་དབྱིངས་གྱུར་པ།། ནམ་མཁའི་ལམ་ལ་ཕྱག་འཚལ་འདུད།།  ནམ་མཁའི་སྐུ་ལས་ཡང་དག་བྱུང༌།།  ནམ་མཁའི་ལམ་ལ་གནས་པ་པོ།།  ནམ་མཁའི་ཐུགས་ཏེ་ཆོས་ཀྱི་མཆོག།  སྤྱོད་པའི་གནས་ལ་ཕྱག་འཚལ་འདུད།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ་སྟེ།  ལྔ་པའོ།།  །།
དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  ཐུགས་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ།།  ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད།  རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  སྐུ་བྱིན་གྱིས་རློབས་པའི་སྔགས་འདི་གསུངས་སོ།།  ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ཚེ་དཔག་ཏུ་མེད་པ།  མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ།  གསུང་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ།།
ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། རྡོ་རྗེ་གསུམ་པོ་དེ་བཞིན་གཤེགས་པའི་གསང༌།།  གནས་ནི་གནས་ཀྱི་རྣམ་པར་བསྒོམ་པར་བྱ།།  སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བྱས་ལ།།  མཆོག་རབ་འདི་ཡིས་བསྒྲུབ་པ་ཉིད་དུ་བྱ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ།  ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།  སྔགས་འདི་གསུངས་སོ།།  ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་རྡོ་རྗེ་གདོན་མི་ཟ་བ།   རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།   སྔགས་འདི་གསུངས་སོ།།
ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྟག་ཏུ་འདོད་པའི་ཡོན་ཏན་ལྔས།།  སངས་རྒྱས་ཚུལ་བཞིན་མཆོད་པར་བྱ།།  མཆོད་པ་རྣམ་པ་ལྔ་རྣམས་ཀྱིས།།  མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར།།  ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་བས་གསུངས་སོ།།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཛིན་གྱིས།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་གསང་བ་འདི་གསུངས་སོ།།
སྔགས་ལ་དམིགས་པའི་ལུས་དང་ནི།། ངག་དང་ཡིད་ཀྱིས་བསྐུལ་ནས་སུ།།  ཡིད་ནི་དགའ་ཞིང་མགུ་བ་ཡིས།།  དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ།།  སེམས་ལ་དམིགས་པ་བདག་མེད་པ།།  ངག་དང་ལུས་ཀྱང་རྣམ་པར་བསྒོམ།།  ནམ་མཁའ་བཞིན་དུ་མཉམ་པའི་གནས།།  སྦྱོར་བ་རྣམ་གསུམ་བསྒྲུབ་པར་བྱ།།  ལུས་དང་ངག་དང་སེམས་དམིགས་ན།།  ངོ་བོ་ཉིད་ནི་དམིགས་སུ་མེད།།  སྔགས་ཀྱི་ལུས་སུ་སྦྱོར་བ་ལ།།  བྱང་ཆུབ་མེད་ཅིང་སྒོམ་པའང་མེད།།  སྐུ་གསུང་ཐུགས་ཀྱི་མཚན་ཉིད་ནི།།  འདི་ནི་མདོར་ན་རྣམ་དཔྱད་ནས།།  སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན།།  བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ།།  དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།།  དེ་བཞིན་གཤེགས་པ་ཀུན་གྱིས་མཆོད།།  སངས་རྒྱས་ཀུན་མཆོག་ཀུན་མཁྱེན་གྱིས།།  སྒོམ་པའི་མཆོག་ནི་བཀའ་སྩལ་ཏོ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ།།  སངས་རྒྱས་གཟུགས་ནི་རབ་བསྒོམས་ནས།།  ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམས།།  སྣ་ཡི་རྩེ་མོར་ཡུངས་ཀར་བསམ།།  འགྲོ་དང་མི་འགྲོ་ཡུངས་ཀར་ལ།།  ཡེ་ཤེས་གནས་ནི་ཉམས་དགའ་བ།།  གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།།  སངས་རྒྱས་སྐུ་ཡི་གནས་བསྒོམས་ཏེ།།  དེ་ཡི་སྟེང་དུ་གནས་བཞག་གོ།
ཧཱུཾ།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ།།  སྤྱན་གྱི་ཚུལ་དུ་སྦྱོར་བ་ལ།།  རྡོ་རྗེ་པདྨ་རྣམ་པར་བསྒོམ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ།།  མཆོག་གི་སྦྱོར་བ་ནན་ཏན་གྱིས།།  དེ་ཡི་སྟེང་དུ་ཡོངས་སུ་བསྒོམ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ།།  སངས་རྒྱས་ཚུལ་ནི་ཞི་བ་སྤྲོ།།  འཁོར་ཡང་ཁྱད་པར་དག་ཏུ་སྤྲོ།།  ཨུཏྤལ་མཐིང་གའི་མདོག་འདྲ་བ།།  རྩེ་མོ་ལྔ་པ་ཁྱད་པར་དུ།།  ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས།།  སྣ་ཡི་རྩེ་མོར་རྣམ་པར་བསམ།།   ཙ་ན་ཀ་ཡི་འབྲུ་ཙམ་ལ།།  འདབ་མ་བརྒྱད་པ་གེ་སར་བཅས།།   སྣ་ཡི་རྩེ་མོར་འདུ་ཤེས་ཏེ།།   བསྒོམས་པས་བྱང་ཆུབ་གཞོལ་བར་འགྱུར།།  འཁོར་ལོ་ལ་སྩོགས་ཁྱད་པར་དུ།།  སྒོམ་པ་དེར་ནི་བརྟག་པར་བྱ།།  དངོས་གྲུབ་ཐམས་ཅད་ཡོན་ཏན་གནས།།  ཉམས་དགའ་བྱང་ཆུབ་གནས་འགྲུབ་འགྱུར།།  སངས་རྒྱས་བྱང་ཆུབ་གནས་རྣམས་ནི།།  དེ་རུ་མདོར་ན་སྤྲོ་བར་བྱ།།  སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི།།  ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད།།  དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།།  དེ་ཉིད་དོན་ཀུན་སྟོན་པ་པོས།།  སྤྱོད་པ་ཀུན་མཆོག་ལེགས་དག་པ།།  གསང་བའི་དམ་པ་བཀའ་སྩལ་ཏོ།།  གཟུགས་དང་སྒྲ་དང་རོར་ལྡན་པ།།  ཤེས་རབ་ཅན་གྱི་ཟླ་དྲུག་བསྒོམ།།  གསང་པའི་དེ་ཉིད་མཆོད་ཆེན་གྱིས།།  ལེགས་པར་མཆོད་ནས་བསྒོམ་པར་བྱ།།  དངོས་གྲུབ་འབྲས་བུ་འདོད་པ་ཡིས།།  ཟས་སུ་གཤང་གཅི་ཟོས་ན་ནི།།  སངས་རྒྱས་བྱང་ཆུབ་སྐྱོན་མེད་པ།།  ཡང་དག་བླ་མེད་གྲུབ་པར་འགྱུར།།  ཟས་སུ་ཤ་རྣམས་ཟ་བ་དང༌།།  ཤ་ཆེན་དག་ནི་རབ་བརྟགས་ན།།  སྐུ་དང་གསུང་ཐུགས་གསང་བ་ཡི།།  དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།།  གླང་པོའི་ཤ་དང་རྟ་ཡི་ཤ།  དེ་བཞིན་དམ་པ་ཁྱི་ཡི་ཤ།  ཟས་ཀྱི་ཕྱིར་ན་བཟའ་བར་བྱ།།  ཟས་གཞན་དག་ནི་མ་ཟོས་ན།།  བྱང་ཆུབ་སེམས་དཔའ་བློ་ཅན་དང༌།།  སངས་རྒྱས་རྣམས་ནི་མཉེས་པར་འགྱུར།།  འདི་ལྟ་བུ་ཡི་སྦྱོར་བ་ཡིས།།  མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར།།  འདོད་ཁམས་དབང་ཕྱུག་འཇིག་རྟེན་ན།།  གོ་འཕང་ལས་ནི་བྱེད་པར་འགྱུར།།  གཙོ་བོ་གཟི་ཅན་སྟོབས་དང་ལྡན།།  མདངས་བཟང་མཐོང་ན་ཡིད་དུ་འོང༌།།  མཐོང་བ་ཙམ་གྱིས་བསྐུལ་མེད་པར།།  འཇིག་རྟེན་འདི་དག་དབང་དུ་འགྱུར།།  འདི་ནི་སངས་རྒྱས་ཐམས་ཅད་ཀྱི།།  གསང་བ་བྱང་ཆུབ་དམ་པ་སྟེ།།  ཡང་དག་སྔགས་ཀྱི་གསང་བ་འདི།།  ལུས་ངག་སེམས་ལས་འདའ་བའོ།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུ་སྟེ།  དྲུག་པའོ།།  །།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས།  དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྔགས་ཀྱི་སྤྱོད་པའི་མཆོག་མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ་འདི་གསུངས་སོ།།  འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།།  ཇི་ལྟར་འདོད་པར་བསྟེན་ན་ནི།།  འདི་ལྟ་བུ་ཡི་སྦྱོར་བ་ཡིས།།  སངས་རྒྱས་མྱུར་དུ་ཐོབ་པར་འགྱུར།།  འདོད་པའི་ལོངས་སྤྱོད་ཐམས་ཅད་ནི།།  ཇི་ལྟར་འདོད་པར་བསྟེན་བྱ་སྟེ།།  རང་གི་ལྷ་ཡི་སྦྱོར་བ་ཡིས།།  བདག་དང་གཞན་ལ་མཆོད་པར་བྱ།།  དཀའ་ཐུབ་སྡོམ་པ་མི་བཟད་པས།། བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི།།  འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།།  བསྟེན་ན་མྱུར་དུ་འགྲུབ་པར་འགྱུར།།  སློངས་མོ་ཟ་ཞིང་མི་བཟླ་སྟེ།།  སློང་ལའང་དགའ་བར་མི་བྱའོ།།  འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌།།  སྔགས་ཀྱི་ཡན་ལག་མ་ཉམས་བཟླས།།  ལུས་དང་ངག་དང་སེམས་རྣམས་ནི།།  བདེ་བར་གནས་ན་བྱང་ཆུབ་འཐོབ།།  གཞན་དུ་དུས་མིན་འཆི་བ་དང༌།།  དམྱལ་བར་ངེས་པར་བསྲེག་པར་འགྱུར།།  སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌།།  སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་རྣམས།།  ཆོས་མཆོག་མི་གཡོ་བརྙེས་པ་ཡང༌།།  འདོད་པ་ཐམས་ཅད་བསྟེན་པས་སོ།།  ཆགས་ཅན་ཡེ་ཤེས་འདོད་པ་ཡིས།།  རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན།།  བྱང་ཆུབ་སེམས་དཔའ་མཉེས་པར་བྱ།།  བྱང་ཆུབ་ཉི་མ་ཆགས་པར་བྱ།།  གཟུགས་ལ་རྣམ་གསུམ་ཤེས་བྱས་ནས།།  མཆོད་པར་བྱེད་པས་མཆོད་པར་བྱ།།  དེ་ཉིད་བཅོམ་ལྡན་སྣ་ཚོགས་པ།།  སངས་རྒྱས་རྣམ་པར་སྣང་མཛད་གཞི།།  སྒྲ་ལ་རྣམ་གསུམ་ཤེས་བྱས་ནས།།  ལྷ་རྣམས་ལ་ནི་དབུལ་བར་བྱ།།  དེ་ཉིད་བཅོམ་ལྡན་སྣ་ཚོགས་པ།།  སངས་རྒྱས་རིན་ཆེན་འབྱུང་གནས་གཙོ།།  དྲི་ལ་རྣམ་གསུམ་ཤེས་བྱས་ནས།།  སངས་རྒྱས་སྩོགས་ལ་དབུལ་བར་བྱ།།  དེ་ཉིད་བཅོམ་ལྡན་སྣ་ཚོགས་པ།།  འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ།།  རོ་ལ་རྣམ་གསུམ་ཤེས་བྱས་ནས།།  ལྷ་རྣམས་ལ་ནི་དབུལ་བར་བྱ།།  དེ་ཉིད་སངས་རྒྱས་སྣ་ཚོགས་པ།།  སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན།།  རེག་ལ་རྣམ་གསུམ་ཤེས་བྱས་ནས།།  བདག་གི་རིགས་ལ་དབུལ་བར་བྱ།།  དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན།།  མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ།།  གཟུགས་སྒྲ་རོ་ལ་སྩོགས་པ་ལ།།  རྟག་ཏུ་སེམས་ནི་སྦྱར་བར་བྱ།།  འདི་དེ་སངས་རྒྱས་ཐམས་ཅད་ཀྱི།།  གསང་བའི་སྙིང་པོ་བཏུས་པའོ།།  གཟུགས་སྒྲ་དྲི་སྩོགས་སྔགས་པ་ཡིས།།  ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ།།  ཡང་ན་དེ་ལ་སྒོམ་པ་ནི།།  རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ།།  སངས་རྒྱས་རྗེས་སུ་དྲན་པར་སྦྱོར།།  ཆོས་ནི་རྗེས་སུ་དྲན་སྒོམ་པ།།  རྡོ་རྗེ་རྗེས་སུ་དྲན་སྒོམ་པ།།  སྐུ་དང་གསུང་དང་ཐུགས་རྣམས་བསྒོམ།།  རིགས་ནི་རྗེས་སུ་དྲན་པར་སྦྱོར།།  ཁྲོ་བོ་རྗེས་སུ་དྲན་སྒོམ་པ།།  ལྷ་ནི་རྗེས་སུ་དྲན་པར་སྦྱོར།།  བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར།།  བུད་མེད་གཟུགས་ལྡན་མདངས་བཟང་པ།།  ལོ་གྲངས་བཅུ་དྲུག་ལོན་པ་ལ།།  བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས།།  དབེན་པར་མཆོད་པ་རབ་ཏུ་བརྩམ།།  དེ་བཞིན་གཤེགས་པའི་བཙུན་མོའི་མཆོག།  སྤྱན་ལ་སྩོགས་པར་བསྒོམ་པར་བྱ།།  དབང་པོ་གཉིས་ནི་མཉམ་སྦྱར་བས།།  སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར།།  ཡི་གེ་ཧཱུཾ་དང་ཨོཾ་དག་དང༌།།  ཨཱཿདང་ཕཊ་ཀྱང་རབ་བརྟག་བྱ།།  འོད་ཟེར་རྣམ་ལྔས་ཁྱབ་པ་ཡི།།  པདྨོ་རྡོ་རྗེ་བསྒོམ་པར་བྱ།།  འབར་བཅས་ཟླ་འོད་བཞིན་དུ་དཀར།།  ཡིད་དུ་འོང་བ་བསྒོམ་པར་བྱ།།  སངས་རྒྱས་རྗེས་དྲན་སྦྱོར་ལ་སྩོགས།།  བྱང་ཆུབ་འདོད་པས་བསྒོམ་པར་བྱ།།
དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།།  བྷ་ག་ལ་ནི་ལིང་ག་བཞག།  སངས་རྒྱས་གཟུགས་ནི་བསྒོམ་པར་བྱ།།  བ་སྤུ་རྣམས་ཀྱི་བུ་ག་ནས།།  མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ།།  དེ་ལ་ཆོས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  བྷ་ག་ལ་ནི་ལིང་ག་བཞག།  རྡོ་རྗེ་ཆོས་ནི་བསྒོམ་པར་བྱ།།  བ་སྤུ་རྣམས་ཀྱི་བུ་ག་ནས།།  མཁས་པས་ཆོས་ཀྱི་སྤྲིན་རྣམས་སྤྲོ།།  དེ་ལ་རྡོ་རྗེ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  བྷ་ག་ལ་ནི་ལིང་ག་བཞག།  རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ།།  བ་སྤུ་རྣམས་ཀྱི་བུ་ག་ནས།།  རྡོ་རྗེ་སྤྲིན་རྣམས་སྤྲོ་བར་བྱ།།  དེ་ལ་རིགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  བྷ་ག་ལ་ནི་ལིང་ག་བཞག།  སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ།།  བ་སྤུ་རྣམས་ཀྱི་བུ་ག་ནས།།  མཁས་པས་རིགས་ཀྱི་སྤྲིན་རྣམས་སྤྲོ།།  དེ་ལ་ཁྲོ་བོ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།   བྷ་ག་ལ་ནི་ལིང་ག་བཞག།  ཁྲོ་བོའི་དབང་པོ་རབ་ཏུ་བསྒོམ།།  བ་སྤུ་རྣམས་ཀྱི་བུ་ག་ནས།།  མཁས་པས་ཁྲོ་བའི་སྤྲིན་རྣམས་སྤྲོ།།  དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  བདག་གི་རྡོ་རྗེ་པདྨར་ལྡན།།  དབང་པོ་གཉིས་ནི་མཉམ་སྦྱར་ཏེ།།  རང་གི་ཁུ་བའི་ཐིག་པ་ཡིས།།  སངས་རྒྱས་རྡོ་རྗེ་སེམས་དཔའ་མཆོད།།  དེ་ལ་དཀྱིལ་འཁོར་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  དབང་པོ་གཉིས་ནི་མཉམ་བཞག་སྟེ།།  མཁས་པས་རང་གི་ཁུ་བ་དག།  རྣལ་འབྱོར་པས་ནི་རྟག་ཏུ་དབྱུང༌།།  དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ།།  དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  སངས་རྒྱས་ཀུན་གྱི་སྐུ་གང་ཡིན།།  ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས།།  སངས་རྒྱས་སྐུ་ཡི་རང་བཞིན་གྱིས།།  བདག་ཀྱང་དེ་དང་འདྲར་གྱུར་ཅིག།  དེ་ལ་གསུང་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན།།  གསུང་དེ་ངེས་ཚིག་ཕུན་སུམ་ཚོགས།།  བདག་གི་ཚིག་ཀྱང་དེ་འདྲ་སྟེ།།  ཆོས་འཛིན་པ་དང་འདྲར་གྱུར་ཅིག།  དེ་ལ་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  གསང་བའི་བདག་པོ་བློ་ལྡན་པ།།  ཀུན་ཏུ་བཟང་པོའི་ཐུགས་གང་ཡིན།།  རྡོ་རྗེ་འཛིན་པ་ལྟ་བུར་ནི།།  བདག་གི་སེམས་ཀྱང་དེ་འདྲར་གྱུར།།  དེ་ལ་སེམས་ཅན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  སེམས་ཅན་ཀུན་གྱི་སེམས་གང་ཡིན།།  སྐུ་དང་གསུང་དང་ཐུགས་ཀྱི་མཚན།།  དེ་ནི་སངས་རྒྱས་ཐམས་ཅད་ཀྱི།།  མཁའ་དང་མཚུངས་པར་སྤྱོད་གྱུར་ཅིག།  དེ་ལ་སྔགས་ཐམས་ཅད་ཀྱི་གཟུགས་དང་སྐུ་དང་གསུང་དང་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  སྔགས་ཀྱི་རྡོ་རྗེ་སྐུ་གང་ཡིན།།  གསུང་གིས་སྐུ་ཡང་རྣམ་བསྒོམ་པ།།  བདག་ཀྱང་རྟག་ཏུ་དེ་འདྲ་བར།།  སྔགས་འཛིན་པ་དང་མཉམ་གྱུར་ཅིག།  དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན།།  འབྲས་བུ་འདོད་པས་བཏུང་བར་བྱ།།  དེ་བཞིན་གཤེགས་པའི་ཚོགས་བསད་ན།།  དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར།།  དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  རང་བཞིན་གྱིས་ནི་འོད་གསལ་བ།།  ཐམས་ཅད་མ་སྐྱེས་ཟག་པ་མེད།།  བྱང་ཆུབ་མེད་ཅེས་མངོན་རྟོགས་མེད།།  ཁམས་ཀྱང་མེད་ཅིང་འབྱུང་བའང་མེད།།  དེ་ལ་མ་སྐྱེས་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  ཐམས་ཅད་རང་བཞིན་འོད་གསལ་བ།།  མཚན་མེད་མི་འགྱུར་ནམ་མཁའ་བཞིན།།  གཉིས་མེད་གཉིས་སུ་མེད་མིན་ཞི།།  ཤིན་ཏུ་དྲི་མེད་ནམ་མཁའ་བཞིན།།  དེ་ལ་ཞེ་སྡང་གི་རིགས་ལ་སྩོགས་པའི་མཆོད་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།  བུད་མེད་སེམས་ནི་རབ་བརྟན་པ།།  ལོ་གྲངས་བཅུ་གཉིས་ལོན་རྙེད་པ།།  རིགས་ཀྱི་སྦྱོར་བས་རབ་བསྒོམས་ཏེ།།  བདག་གི་ཁུ་བས་མཆོད་པར་བྱ།།  འདིས་ནི་དེ་བཞིན་གཤེགས་པའི་སྐུ།།  རྡོ་རྗེ་འཛིན་པའི་ཐུགས་དང་ནི།།  ཆོས་འཛིན་མཆོག་གི་གསུང་དག་ཀྱང༌།།  ཚེ་འདི་ཉིད་ལ་ཐོབ་པར་འགྱུར།།  སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ།།  གང་གཞན་ཕྲ་མོར་བཤད་པ་རྣམས།།  རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ།།  བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་སྟེ།  བདུན་པའོ།།  །།
དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དཀོན་མཆོག་དཔལ་གྱིས།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་ལ།  བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པོ།།  རྡོ་རྗེ་སེམས་དཔའ་ཐེག་པ་ཆེ།།  ནམ་མཁའི་སྤྱོད་པ་རྣམས་སྦྱོང་བ།།  ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག།  རྒྱལ་མཆོག་མཆོད་པ་བཤད་དུ་གསོལ།།  འདོད་ཆགས་ཞེ་སྡང་གཏི་མུག་ཆེ།།  རྡོ་རྗེ་ཐེག་པ་རབ་སྟོན་པ།།  ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག།  རྒྱལ་གཞི་མཆོད་པ་བཤད་དུ་གསོལ།།  ཐར་པའི་ལམ་ནི་རབ་སྟོན་པ།།  ཐེག་པ་གསུམ་གྱི་ལམ་ལ་གནས།།  སངས་རྒྱས་སྐལ་མཆོག་དག་པའི་བདག།  མི་མཆོག་མཆོད་པ་བཤད་དུ་གསོལ།།  བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན།།  ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།།  སྐུ་དང་གསུང་ཐུགས་ཤིན་ཏུ་དག།  ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ།།
དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་ནམ་མཁའ་མི་འགྱུར་ཆེ།།  ཐམས་ཅད་དབང་བསྐུར་ཀུན་གྱི་དོན།།  ཀུན་དབང་རྡོ་རྗེ་རིན་ཆེན་འཛིན།།  དེ་བཞིན་གཤེགས་པའི་མཆོད་པའི་མཆོག།  རྡོ་རྗེ་མི་ཕྱེད་གསུམ་གནས་པ།།  སྐུ་དང་གསུང་དང་ཐུགས་སྐལ་མཆོག།  རྒྱལ་བ་འབྱུང་བར་འགྱུར་བ་བཤད།།  ན་ཆུང་གཞོན་ནུ་མིག་ཡངས་པ།།  གཟུགས་བཟང་གཞོན་པས་བརྒྱན་པ་ནི།།  ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད།།  བྱོལ་སོང་ལས་ཀྱང་རབ་ཏུ་བརྟག།  ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ།།  རྒྱལ་ཉིད་སྐྱེས་ཞི་ཞི་བའི་གནས་རྣམས་སུ།།  གཤང་གཅི་ཆུ་ལ་སྩོགས་པས་བྱུག་པའམ།།  རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ།།  ནུ་མའི་དབུས་བར་སྤྱི་གཙུག་མཐའ་ཡི་བར།།  ཆོ་ག་ཤེས་པས་ཡང་ན་རྐང་པའི་བར།།  ལྟེ་བ་སྐེད་པ་གསང་བར་རྒྱལ་བའི་སྲས།།  རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ།།  བདག་ཉིད་ཟླ་བའི་དབུས་གནས་པར།།  མཁས་པས་སྙིང་གར་བསྒོམ་པར་བྱ།།  ཞི་བ་རྡོ་རྗེ་འཛིན་འདོད་ན།།  བསྡུ་བ་དག་ཀྱང་རབ་ཏུ་བྱ།།  རིན་ཆེན་སྣ་བཞིའི་མཆོད་རྟེན་ལ།།  འོད་ཟེར་འཕྲེང་བས་རྣམ་པར་བརྒྱན།།  ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱི།།  གནས་དེ་ཡིན་པར་རྣམ་པར་བསམ།།  བདག་གི་བ་སྤུའི་བུ་ག་ནས།།  མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ།།  མཁས་པས་ཨུཏྤལ་ལ་དག་དང༌།།  པདྨ་རྣམ་པ་ལྔར་ཤེས་བྱ།།  ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས།།  ལྷ་རྣམས་ལ་ནི་དབུལ་བར་བྱ།།  མེ་ཏོག་ཀརྞི་ཀཱ་ར་དང༌།།  མ་ལི་ཀཱ་དང་ཡུ་ཐི་ཀ།  མེ་ཏོག་ཀ་ར་བཱི་ར་བསམ།།  མཆོད་པ་ཐམས་ཅད་རབ་ཏུ་བརྟག།  དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ།།  འཁོར་ལོའི་དཀྱིལ་འཁོར་བསྒོམ་བྱས་ལ།།  རྣམ་པར་མཁས་པས་རྟག་པར་ནི།།  རིགས་རྣམས་རབ་ཏུ་དགོད་པར་བྱ།།  དེ་བཞིན་པདྨ་རྡོ་རྗེ་དང༌།།  རལ་གྲི་ཨུཏྤལ་མཁས་པས་བསྒོམ།།  དཔག་ཚད་བྱེ་བའི་ཁྱོན་ཙམ་དུ།།  གྲུ་བཞི་ཤིན་ཏུ་མཛེས་པ་ཡིས།།  མཆོད་རྟེན་རིན་ཆེན་སྣ་བཞི་པ།།  གསལ་ཞིང་རང་བཞིན་དྲི་མ་མེད།།  རིགས་རྣམས་ཐམས་ཅད་མཆོད་པའི་ཕྱིར།།  ཤེས་རབ་ཅན་གྱིས་གནས་སུ་བསྒོམ།།  འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས།།  དེ་ལ་མཆོད་པ་རྒྱ་མཚོ་བརྩམ།།  རིན་ཆེན་ན་བཟའ་ལ་སྩོགས་པས།།  བྱང་ཆུབ་འདོད་པས་རྟག་ཏུ་མཆོད།།  མཆོད་པ་རྣམ་ལྔ་མཆོད་རྣམས་ཀྱིས།།  རྟག་ཏུ་ལྷ་རྣམས་མཉེས་པར་བྱ།།  རིན་ཆེན་འབྱུང་གནས་ན་ཆུང་མཆོག།  རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན།།  བསྒྲུབ་ཚེ་རབ་ཏུ་འགྲུབ་པའི་ཕྱིར།།  སངས་རྒྱས་ཀུན་ལ་དབུལ་བར་བྱ།།  ཞིང་འདི་རིན་ཆེན་སྣ་བདུན་གྱིས།།  མཁས་པ་དག་གིས་ཡོངས་བཀང་ལ།།  དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར།།  ཉིན་རེ་ཤེས་རབ་ཅན་གྱིས་དབུལ།།  བདག་པོའི་ཕྱག་རྒྱར་མཉམ་གཞག་ལ།།  སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ།།  འདོད་ཆགས་བློ་ཅན་སངས་རྒྱས་ལ།།  རིག་པའི་སྦྱོར་བ་དབུལ་བར་བྱ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ།།  དེ་བཞིན་གཤེགས་པ་བདག་གི་ལུས།།  བླ་མ་གཤང་དང་གཅི་བས་མཆོད།།  བཞིན་བཟང་ཤིན་ཏུ་མཛེས་པ་ཡི།།  ན་ཆུང་སྐལ་པ་མཆོག་ལྡན་པ།།  བྱིན་གྱིས་རླབས་ཀྱི་གནས་བསམ་ཏེ།།  སངས་རྒྱས་མཆོད་པ་རབ་ཏུ་བརྟག།  མིག་བཟང་བརྟན་པའི་བློ་ལྡན་པས།།  ཁུ་བ་བླངས་ནས་བཟའ་བར་བྱ།།  འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།།  སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ།།  ཡེ་ཤེས་རྡོ་རྗེ་ཅན་གྱི་གསང༌།།  སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།  གཤང་གཅིའི་དམ་ཚིག་གི་ལེའུ་སྟེ།   བརྒྱད་པའོ།།  །།  དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།  ཐམས་ཅད་ནམ་མཁའ་མི་འགྱུར་ཆེ།།  ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག།  དབང་ཕྱུག་དམ་པ་ཀུན་དོན་གྱིས།།  སྐུ་གསུང་ཐུགས་ལ་ལོངས་སྤྱོད་པ།།  རྡོ་རྗེ་མི་ཕྱེད་གསུམ་དཀྱིལ་འཁོར།།  སངས་རྒྱས་ཡེ་ཤེས་ཅན་གྱི་གསང༌།།  ཉམས་དགའ་མཆོག་ནི་རབ་ཏུ་བཤད།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།།  རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས།།  ལག་ཏུ་རྡོ་རྗེ་བསྒོམ་པར་བྱ།།  འོད་འཕྲོ་མང་པོ་འབར་བ་དང༌།།  འོད་ཟེར་སྣ་ལྔས་རབ་ཏུ་གང༌།།  དུས་གསུམ་པ་ཡི་སངས་རྒྱས་རྣམས།།  བསྒོམས་ནས་རྡོ་རྗེས་ཕྱེ་མར་རློག།  སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི།།  རྡོ་རྗེས་ཕྱེར་བརླགས་མེད་གྱུར་པ།།  བསམ་གཏན་མཆོག་དེ་བསྒོམས་ན་ནི།།  ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།།  རྡོ་རྗེ་གསང་བ་འདི་ལྟ་བུས།།  སེམས་ཅན་ཐམས་ཅད་བསད་ན་ནི།།  མི་བསྐྱོད་སངས་རྒྱས་ཞིང་དག་ཏུ།།  རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར།།  འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་སྟེ།  རིགས་ཐམས་ཅད་ཀྱི་རྒྱ་མཚོ་ཡིན་པར་ཤེས་པར་བྱའོ།།  དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།  མི་ཤེས་ཐར་པ་རབ་སྒྲུབ་པ།།  ངོ་བོ་ཉིད་དག་གོས་པ་མེད།།  བྱང་ཆུབ་སྤྱོད་པ་རབ་སྟོན་པས།།  སངས་རྒྱས་བྱང་ཆུབ་སྒྲུབ་པ་ཡི།།  ཡང་དག་དམ་ཚིག་བཀའ་སྩལ་ཏོ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ།།  རྣམ་པར་སྣང་མཛད་རབ་བསྒོམས་ཏེ།།  སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ།།  རིན་ཆེན་ཀུན་གྱི་སྦྱོར་བ་ཡིས།།  རྡོ་རྗེའི་གཟུགས་ནི་རབ་ཏུ་བརྟག།  ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ།།  རྡོ་རྗེ་གསུམ་དུ་རྣམ་བསྒོམས་ན།།  ནོར་གྱི་རྒྱ་མཚོས་གང་བ་ཡི།།  ཡིད་བཞིན་ནོར་བུ་འདྲ་བར་འགྱུར།།  སངས་རྒྱས་ཀུན་གྱི་སྲས་རྣམས་དང༌།།  ཐུབ་པའི་སྐྱེས་བུ་མཆོག་ཏུ་འགྱུར།།  འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ལས།  གཏི་མུག་གི་རིགས་ཀྱི་དམ་ཚིག་ཡང་དག་པ་ཉིད་དུ་ཤེས་པར་བྱའོ།།  དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།  འདོད་ཆགས་ཐར་པ་རབ་བསྒྲུབ་པ།།  གསང་བ་དག་པ་དམིགས་མེད་པས།།  དཀྱིལ་འཁོར་རབ་ཏུ་བཀའ་སྩལ་ཏོ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  པདྨའི་དཀྱིལ་འཁོར་བསྒོམ་པར་བྱ།།  དཔག་མེད་ཚེ་ནི་རབ་བསྒོམས་ཏེ།།  སངས་རྒྱས་རྣམས་ཀྱིས་ཐམས་ཅད་དགང༌།།   བུད་མེད་ལྟ་བུར་སྦྱོར་བ་ནི།།  དམ་ཚིག་བཞི་ཡི་སྦྱོར་བ་ཡིས།།   ཐམས་ཅད་དེ་རུ་བསྒོམ་པར་བྱ།།  འདི་ནི་རྡོ་རྗེའི་ཚུལ་མཆོག་གོ།  དབང་པོ་གཉིས་ནི་མཉམ་སྦྱོར་བས།།  དེ་དག་ཐམས་ཅད་ཉེ་བར་སྤྱད།།  འདི་ནི་རྡོ་རྗེ་ཐམས་ཅད་ཀྱི།།  མི་ཕྱེད་སྐུ་གསུམ་བསྒོམ་པའོ།།
འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་ཡང་དག་པའི་དམ་ཚིག་སྟེ།  སྔགས་པ་རྣམས་ཀྱིས་བསྒོམ་པར་བྱའོ།།  དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།  རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པ།།  བདག་མེད་ཡེ་ཤེས་ལས་བྱུང་བས།།  གསུང་ནི་འདི་སྐད་བཀའ་སྩལ་ཏོ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།།  རྡོ་རྗེ་ཐོགས་མེད་རབ་བསྒོམས་ཏེ།།  སངས་རྒྱས་ཐམས་ཅད་བསྒོམ་པར་བྱ།།  ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས།།  རྡོ་རྗེ་ཚིག་གི་རྫུན་སྨྲ་བས།།  རྒྱལ་བ་ཀུན་གྱི་གནས་རྣམས་དང༌།།  རྒྱལ་བ་ཐམས་ཅད་བསླུ་བར་བྱ།།  འདི་ནི་སངས་རྒྱས་ཐམས་ཅད་ཀྱི།།  ནམ་མཁའི་གསུང་སྟེ་དྲི་མེད་པ།།  ཡེ་ཤེས་བློ་ཅན་ཀུན་གྱི་གསང༌།།  སྔགས་ཀྱི་དངོས་གྲུབ་ཐོབ་པར་བཤད།།  འདི་ནི་དམ་ཚིག་འགུགས་པའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་དེ།  དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ།།
དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས།།  རྡོ་རྗེ་དངོས་གྲུབ་རབ་སྟོན་པས།།  གསུང་ནི་འདི་སྐད་བཀའ་སྩལ་ཏོ།།  ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།  དམ་ཚིག་དཀྱིལ་འཁོར་བསྒོམ་པར་བྱ།།  དཀོན་མཆོག་དཔལ་ནི་རབ་བསྒོམས་ཏེ།།  གཟུགས་རྣམས་ཀུན་གྱིས་འདི་དག་དགང༌།།  རྩུབ་པའི་ངག་ལ་སྩོགས་པ་ནི།  བསྟེན་ན་ཡེ་ཤེས་ཐོབ་པར་འགྱུར།།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ།།
དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་དཔལ་ལ་སྩོགས་པའི་བྱང་ཆུབ་སེམས་དཔའ་སེམས་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་རྡོ་རྗེའི་དམ་ཚིག་འདི་སྐད་ཅེས་སྨྲས་སོ།།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ།  ཁམས་གསུམ་ལས་འདས་ཤིང་འཇིག་རྟེན་ཐམས་ཅད་ལས་འདས་པས།   དེ་བཞིན་གཤེསགས་པ་ཐམས་ཅད་དང༌།   བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ།  འདི་ལྟ་བུའི་ཡང་དག་པ་མ་ཡིན་པའི་ཚིག་གི་ལམ།  རྡོ་རྗེའི་ཚིག་འདི་ཅིའི་སླད་དུ་གསུང༌།  དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།  བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེ་དཔལ་ལ་སྩོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཆེས་བཀའ་སྩལ་ཏོ།།
རིགས་ཀྱི་བུ་དམན་པའི་འདུ་ཤེས་དང༌།  སྨད་པའི་འདུ་ཤེས་དེ་ལྟ་བུ་ཡང་མ་སྐྱེད་ཅིག  དེ་ཅིའི་ཕྱིར་ཅེ་ན།  རིགས་ཀྱི་བུ་འདི་ལྟ་སྟེ།  སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ།  འདི་ལྟ་སྟེ།  སྔགས་ཀྱི་སྤྱོད་པ་ནི་དེ་བཞི་གཤེགས་པའི་སྤྱོད་པའོ།།  རིགས་ཀྱི་བུ་འདི་ལྟ་སྟེ།  དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ།  ཆོས་ཐམས་ཅད་ཀྱང་ནམ་མཁའི་ཁོངས་སུ་གཏོག་པའོ།།   ཆོས་དེ་དག་ཐམས་ཅད་ཀྱང་འདོད་པའི་ཁམས་ན་མི་གནས།  གཟུགས་ཀྱི་ཁམས་ན་མི་གནས།   གཟུགས་མེད་པའི་ཁམས་ན་མི་གནས།   འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ།།   རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ།།   དེ་བཞིན་གཤེགས་པ་རྣམས་ནི་དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང༌།   སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་ཆོས་འཆད་པར་མཛད་དོ།།  རིགས་ཀྱི་བུ་དེ་ལྟར་ནམ་མཁའི་ཚིག་ངེས་པར་བརྗོད་པས།   དེ་བཞིན་གཤེགས་པའི་དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ།།   རིགས་ཀྱི་བུ་འདི་ལྟ་སྟེ།   དཔེར་ན་གཙུབ་ཤིང་དང་གཙུབ་སྟན་དང་མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་དུ་བ་འབྱུང་ཞིང་མེ་འབྱུང་བར་འགྱུར་མོད་ཀྱི།   མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས་གཙུབ་སྟན་ལ་ཡང་མི་གནས།   མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ།།   རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འགྲོ་བ་དང་འོང་བ་ལ་སྩོགས་པ་རྗེས་སུ་རིག་པར་བྱའོ།།   དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར།   རྨད་དུ་གྱུར་ནས།   ངམ་ཞིང་མིག་གདངས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ།།
རྨད་བྱུང་ཆེན་པོའི་ཆོས་རྣམས་ནི།། ནམ་མཁའ་དང་ནི་མཚུངས་པ་དང༌།།   རྣམ་པར་མི་རྟོག་དག་པ་ལས།།  ཀུན་རྫོབ་ཏུ་ཡང་བཤད་པ་མཚར།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།   དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་སྟེ།  དགུ་པའོ།།  །།   དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ཏེ།   བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་སྐུ་དང་གསུང་དང་ཐུགས་གསང་བ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ།   འདི་སྐད་ཅེས་གསོལ་ཏོ།།
དེ་ཉིད་སྔགས་སྙིང་ཀུན་བསྡུས་པ།། སྐུ་དང་གསུང་ཐུགས་གསང་བ་བསྒྲགས།།   དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག།   ཡང་དག་བཅོམ་ལྡན་བཤད་དུ་གསོལ།།   དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།   ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ།།   འབར་བ་དྲག་པོ་སྤྱན་ཡངས་པས།།   གསུང་ནི་འདི་སྐད་བཀའ་སྩལ་ཏོ།།   ལུས་དང་ངག་དང་སེམས་རྣམས་ནི།།   རྣམ་པར་མི་རྟོག་མི་དམིགས་པ།།   གང་ནའང་མི་གནས་མཉམ་པ་ཉིད།།   སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྒོམ།།   དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ།   རང་བཞིན་གྱི་དག་པ་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།   དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་བསྐྱོད་པ་ལ་སྩོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་རིག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་ཅིག་ཏུ།།   སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་རོལ་བ་སྟོན་པར་མཛད་དེ།   ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་ཀླས་པ།   འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རོལ་ཅིང༌།   དགྱེས་པར་ཡོངས་སུ་སྤྱོད་པ་ཡོད་ཀྱང༌།   དེ་དག་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ།   ཀྱེ་མ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་གྱི།   ཆོས་རྫོགས་པར་གྱུར་ཏོ།།    སྙམ་ནས་སྤྱན་རས་ཀྱིས་མི་འཚོ་སྟེ།   དེ་བས་ན་སྐྱེས་བུ་དམ་པ་དེ་དག་ལ་སྤྱན་རས་ཀྱིས་བཙའ་བའི་ཕྱིར།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོརྗེའི་གསང་བ།   སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་བསྐུལ་བར་བྱེད་པ་ཞེས་བྱ་བ།   རབ་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ།   རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ།   ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་འདི།   ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུང་སོ།།
ཨོཾ་ཨཱཿཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས།།   སངས་རྒྱས་སྲས་དང་བཅས་པ་ཀུན།།   རབ་ཏུ་འདར་ཞིང་བརྒྱལ་བར་གྱུར།།   རྡོ་རྗེ་སེམས་དཔའ་རྗེས་སུ་དྲན།།   དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས།   དམ་ཚིག་འདི་གསུངས་སོ།།   ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།   བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ།།   དེ་ཡི་དབུས་གནས་ཡི་གེ་ཧཱུྃ།།   རང་གི་གཟུགས་སུ་རབ་ཏུ་བརྟག།   རྡོ་རྗེའི་འོད་ཟེར་ཆེར་འབར་བ།།   རྣམ་པར་ཕྲོ་བ་བསམ་པར་བྱ།།   སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས།།   དྲངས་པར་དེ་ཡིས་རྣམ་བསྒོམ་ན།།   དེ་མ་ཐག་ཏུ་དེར་འགྱུར་བ།།   སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན།།   རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།།   ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག།   རང་གི་དཀྱིལ་འཁོར་རང་རྡོ་རྗེའི།།   སྐྱེད་པར་བྱེད་པའི་ཚུལ་དུ་གྱུར།།   འདི་ནི་སངས་རྒྱས་ཐམས་ཅད་ཀྱི།།  སྙིང་པོ་རྡོ་རྗེ་བསྡུས་པ་ཡིན།།   རང་སྔགས་སྐྱེས་བུར་བསྒོམས་ནས་ནི།།   གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ།།   ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས།།   ཁ་དོག་གསུམ་དུ་རབ་ཏུ་བསྒོམ།།   བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ།།   དེ་ལ་འདི་ནི་རྡོ་རྗེ་མཆོག་གི་གསང་བའོ།།
སྙིང་གའི་དབུས་སུ་ཕྲ་མོ་ཡི།། དཀྱིལ་འཁོར་རྣམས་ནི་བསམ་པར་བྱ།།   ཡི་གེ་མཆོག་ཏུ་གྱུར་པའི་ཚིག།   དེ་ཡི་དབུས་སུ་བསམ་པར་བྱ།།   རྡོ་རྗེ་ཆེན་པོ་རྩེ་ལྔ་པ།།   རྟག་ཏུ་སྦྱོར་བས་བསྒོམ་པར་བྱ།།   རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས།།   རྡོ་རྗེ་གསུམ་རྣམས་བསྒོམ་པར་བྱ།།   དེ་ཡིས་སྙིང་ཁར་བརྡབ་བྱས་ཏེ།།   ལྷ་རྣམས་ཇི་སྙེད་བསྐུལ་བར་བྱ།།   འདི་ནི་རྡོ་རྗེ་ཐམས་ཅད་ཀྱི།།   སངས་རྒྱས་བྱང་ཆུབ་རབ་སྒྲུབ་པའོ།།   རྡོ་རྗེ་པདྨོའི་རིགས་ལ་སྩོགས།།  རྡོ་རྗེ་ཀྱོ་བ་རྣམས་བསྒོམ་ཞིང༌།།   སྙིང་ག་དུ་ནི་བསྐུལ་པར་བཤད།།   འདི་ནི་རོལ་མོའི་འབྱུང་བ་སྟེ།།   རྡོ་རྗེ་ཡི་ནི་ཚུལ་མཆོག་འདི།།   ཞག་བདུན་བར་དུ་བྱས་ན་ནི།།   ཡེ་ཤེས་རྡོ་རྗེ་ཅན་གྱི་གསང༌།།  སྐུ་དང་གསུང་ཐུགས་འགྲུབ་པར་འགྱུར།།   མཆོག་སྩོལ་བ་དག་རྣམ་པར་གཟིགས།།   ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས།།  ཡིད་ལ་མགུ་ཞིང་དགའ་གྱུར་བའི།།   དངོས་གྲུབ་རྒྱ་ཆེར་སྟེར་བར་འགྱུར།།   སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།།   སྔགས་ཀྱི་སྤྱོད་པའི་མཆོག་སྒྲུབ་པས།།   རྨོངས་པས་འདའ་པར་བྱས་ན་ནི།།   དེ་ཡི་སྲོག་ནི་དེར་ཟད་འགྱུར།།   དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།   རྡོ་རྗེ་གསུམ་གྱི་སྟོན་པ་མཆོག།།   འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོས།།   གསུང་ནི་འདི་སྐད་བཀའ་སྩལ་ཏོ།།   སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ།།   རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས།།   དབང་པོ་གཉིས་ཀྱི་སྦྱོར་བ་ཡིས།།   དངོས་པོ་ཐམས་ཅད་བརྟགས་པར་བྱ།།   འདི་ནི་སངས་རྒྱས་ཐམས་ཅད་ཀྱི།།   སྔགས་ཀྱི་དམ་ཚིག་བསྒོམ་པའོ།།   རིག་མའི་དབང་ཕྱུག་ཞུགས་པ་ལ།།   རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང༌།།   ཆགས་ལ་ཆགས་པས་བལྟ་བར་བྱ།།   འདི་ནི་དམ་ཚིག་དཀྱིལ་འཁོར་རོ།།   དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།།   དེ་བཞིན་གཤེགས་པ་ཀུན་གྱི་སྲས།   ཐམས་ཅད་དབང་བསྐུར་སངས་རྒྱས་གཙོས།།   གསུང་ནི་འདི་སྐད་བཀའ་སྩལ་ཏོ།།
འཇིག་རྟེན་ཁམས་ནི་ཐམས་ཅད་ན།། བུད་མེད་ཇི་སྙེད་ཡོད་པ་ཀུན།།   ཕྱག་རྒྱ་ཆེ་སྩོགས་སྦྱོར་བ་ཡིས།།   དེ་དག་ཐམས་ཅད་ཉེ་བར་སྤྱད།།   བྱེ་བ་གྲངས་མེད་རྡོ་རྗེ་འཛིན།།   སངས་རྒྱས་གནས་ནི་དེར་སྤྲོ་བྱ།།   བཅོམ་ལྡན་འདས་བྱང་ཆུབ་ཀྱི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ།།   རྡོ་རྗེ་གསུམ་པོ་མཁའ་འདྲ་བའི།།   བྱང་ཆུབ་འདི་ཡིས་ཐོབ་པར་འགྱུར།།   བྱང་ཆུབ་སེམས་དཔའ་རྒྱལ་རྒྱ་མཚོ།།   རྡོ་རྗེ་སེམས་དཔའི་ཚེ་དེས་འཐོབ།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་ལེའུ་སྟེ།   བཅུ་པའོ།།  །།
དེ་ནས་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྔགས་ཀྱི་སྐྱེས་བུ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་རྡོ་རྗེ་རིག་པའི་སྐྱེས་བུའི་ལེའུ་འདི་གསུངས་སོ།།
རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག། ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ།།   བྱང་ཆུབ་ཐམས་ཅད་ཐོབ་བྱའི་ཕྱིར།།   ཡེ་ཤེས་རྡོ་རྗེ་དག་གིས་བྱ།།   ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ།།   རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ།།   ཨཱཿནི་བྱང་ཆུབ་བདག་མེད་པ།།   རྡོ་རྗེ་གསུང་ནི་ཐོབ་བྱེད་པའོ།།   ཧཱུྃ་ནི་སྐུ་གསུང་ཐུགས་ཉིད་དེ།།   རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ།།   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་སྔགས་ཀྱི་སྐྱེས་བུས་དེ་སྐད་ཅེས་བཀའ་སྩལ་ཏོ།།   ནམ་མཁའ་རྡོ་རྗེའི་དབུས་གནས་པར།།  དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ།།   རྡོ་རྗེ་སྤྲིན་ནི་འཕྲོ་བསྐྱེད་པ།།   དེ་རུ་ཡི་གེ་བྷྲུཾ་བསམ་མོ།།   དེ་ལ་འདི་ནི་ཡེ་ཤེས་རྡོ་རྗེའི་སྙིང་པོའོ།།   བྷྲུཾ།   རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར།།   ཧཱུྃ་ཞེས་བྱ་བ་རབ་ཏུ་བསྒོམ།།   གསལ་བའི་དཀྱིལ་འཁོར་དབུས་གནས་པར།།   ཡི་གེ་ཨོཾ་ནི་རྣམ་པར་བསམ།།   ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར།།   ཡི་གེ་ཨཱཿནི་རབ་ཏུ་བསྒོམ།།   ཡི་གེ་བྷྲུཾ་གྱིས་གནས་བསྒོམས་ཏེ།།   རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ།།   སྙིང་པོ་དུས་གསུམ་སངས་རྒྱས་ཀྱི།།   སྐུ་གསུང་ཐུགས་ནི་མཉེས་བྱེད་པ།།   ཨོཾ་ནི་སངས་རྒྱས་སྐུ་ཡི་མཆོག།   ཨོཾ་ཨཱཿནི་སངས་རྒྱས་གསུང་གི་ལམ།།   ཨཱཿཧཱུྃ་ནི་ཡེ་ཤེས་ཐུགས་ཀྱི་འཇིང༌།།   ཧཱུྃ།   བྱང་ཆུབ་ཚུལ་མཆོག་འདི་ཡིནཏེ།།   འདི་ནི་སངས་རྒྱས་ཐམས་ཅད་ཀྱི།།   སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ།།   ཡེ་ཤེས་རྡོ་རྗེའི་སྤྲུལ་པ་སྟེ།།   སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང༌།།   འདི་དག་སངས་རྒྱས་སྐྱེས་བུ་སྟེ།།   སྔགས་ཀྱི་རིག་པ་ཞེས་ཀྱང་བསྒྲགས།།   རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའི།།   དམ་ཚིག་དག་གིས་རྫོགས་པར་འགྱུར།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་བྱིན་གྱིས་རློབ་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།
དབེན་ཞིང་རབ་ཏུ་ཉམས་དགའ་བར།། སྦྱོར་བ་འདི་ནི་ཀུན་བརྩམས་ན།།  རྡོ་རྗེ་སྐུ་དང་གསུང་དང་ཐུགས།།  ཟླ་བ་ཕྱེད་ཀྱིས་ངེས་པར་འགྲུབ།།   གསལ་བའི་དཀྱིལ་འཁོར་དམ་པ་ནི།།   ནམ་མཁའ་རྡོ་རྗེའི་དབུས་བསམ་ཏེ།།   རང་གི་སྔགས་ཀྱི་དམ་ཚིག་བསྐྱེད།།   ཡི་གེ་ཨོཾ་ནི་སྙིང་གར་བཞག།   འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ།།   རྣམ་པ་སྣང་མཛད་མཆོག་ཏུ་བསྒོམ།།   འདི་ཡིས་སངས་རྒྱས་རྣམས་ཀྱི་སྐུ།།   རྡོ་རྗེ་རྣམ་སྣང་རྒྱ་མཚོར་འགྱུར།།   ཡེ་ཤེས་ལྔ་ལྡན་བརྟེན་ན་ནི།།   སངས་རྒྱས་སྐུ་ནི་འདྲ་བའི་མདོག།   རྡོ་རྗེ་བསྐལ་པ་གསུམ་དུ་གནས།།   ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར།།   བཅོམ་ལྡན་འདས་སྐུ་རྡོ་རྗེ་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་འོད་ཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ཆོས་ཀྱི་དཀྱིལ་འཁོར་དམ་པ་ནི།།   ནམ་མཁའ་རྡོ་རྗེའི་དབུས་སུ་བསམ།།   རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད།།  ཨཱཿནི་ངག་གི་ལམ་བཞག་སྟེ།།   ཁ་དོག་ལྔ་ཡི་པདྨ་ཆེ།།   འཇིག་རྟེན་དབང་མཆོག་བསྒོམས་པ་ཡིས།།   དམ་ཚིག་ཡེ་ཤེས་རྫོགས་བྱས་ཏེ།།   ཚིག་གི་དམ་ཚིག་ལྔ་ཡི་མཆོག།   ཆོས་ཀྱི་ཚིག་གི་ལམ་གནས་པ།   རྡོ་རྗེ་ཆོས་དང་མཚུངས་པར་འགྱུར།།   ཡེ་ཤེས་ལྔ་ལྡན་བསྟེན་ན་ནི།།   རྡོ་རྗེ་བསྐལ་པ་གསུམ་དུ་གནས།།   བཅོམ་ལྡན་འདས་རྡོ་རྗེའི་གསུང་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ།།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   རྡོ་རྗེའི་དཀྱིལ་འཁོར་དམ་པ་ནི།།   ནམ་མཁའ་རྡོ་རྗེའི་དབུས་སུ་བསམ།།   རང་སྔགས་སྐྱེས་བུ་རྫོགས་བྱས་ལ།།   སེམས་ལ་ཡི་གེ་ཧཱུྃ་གནས་པ།།   དམ་ཚིག་ཆེན་པོའི་དེ་ཉིད་ནི།།   ཁ་དོག་རྣམ་ལྔར་བསྒོམ་པར་བྱ།།   རྡོ་རྗེ་ཀུན་དང་རྒྱལ་བའི་གནས།།   ཡེ་ཤེས་རྡོ་རྗེ་དག་གིས་བྱ།།   སྟོན་པ་རྡོ་རྗེའི་ཐུགས་འདྲ་བ།།   ཡེ་ཤེས་ཡོན་ཏན་རྒྱ་མཚོར་འགྱུར།།   ཡེ་ཤེས་ལྔ་ལྡན་བརྟེན་ན་ནི།།   རྡོ་རྗེ་བསྐལ་པ་གསུམ་དུ་གནས།།   བཅོམ་ལྡན་འདས་རྡོ་རྗེའི་ཐུགས་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི།།   རྡོ་རྗེ་ཆེན་པོ་བསྒོམ་པར་བྱ།།   ལུས་རྣམས་ཀུན་ལ་ཁཾ་དམིགས་ན།།   རྡོ་རྗེ་ཡེ་ཤེས་མཁའ་མཉམ་འགྱུར།།   ཁཾ།   སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།།   ཡང་དང་ཡང་དུ་མཆོད་པ་དང༌།།   བསྐལ་པ་གསུམ་དུ་དམ་ཚིག་གནས།།   སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར།།
བཅོམ་ལྡན་འདས་ནམ་མཁའ་རྡོ་རྗེ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ།།   སྐུ་དང་གསུང་དང་ཐུགས་མི་སྣང་བ་འབྱུང་བ་བཀོད་པའི་འཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི།།   རང་སྔགས་སྐྱེས་བུ་རབ་བསམས་ནས།།  སྙིང་གར་རྡོ་རྗེ་ཧཾ་ཞེས་པ།།   བཞག་སྟེ་འོད་ཟེར་རྣམ་པར་བསྒོམ།།   ཧཾ། འཇམ་དཔལ་དམ་ཚིག་ལོངས་སྤྱོད་ལ།།   སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།།   ས་བཅུ་དག་ལ་གནས་པ་ཡི།།   བྱང་ཆུབ་སེམས་དཔར་དེ་འགྱུར་རོ།།   བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དམ་ཚིག་རྡོ་རྗེ་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   འོད་ཟེར་འབར་བའི་ཡི་གེ་ཐིལཱཾ།། ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ།།   མཚོན་མཆོག་རྡོ་རྗེའི་ལུས་ངག་གིས།།   རྡོ་རྗེའི་སྐུ་དང་འདྲ་བར་འགྱུར།།   ཐིལཱཾ། ནམ་མཁའི་རྡོ་རྗེའི་དམ་ཚིག་གི་བཀོད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   སངས་རྒྱས་མངོན་ཤེས་དམ་ཚིག་མཆོག།   རྡོ་རྗེ་འཆང་དང་འདྲ་བར་འགྱུར།།   འདི་ནི་དངོས་གྲུབ་ཐམས་ཅད་གྱི།།   སངས་རྒྱས་མངོན་ཤེས་མཆོག་སྒྲུབ་བའོ།།   ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།།   སངས་རྒྱས་དཀྱིལ་འཁོར་དམ་པ་བསམ།།   རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ།།   ཡེ་ཤེས་ཨོཾ་ནི་བསྒོམ་པར་བྱ།།   ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས།།   མི་བསྐྱོད་རྡོ་རྗེ་གསུམ་འདྲར་འགྱུར།།   བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ།།
མི་བསྐྱོད་པ་ཡི་སྐུ་འདྲ་དང༌།། གསུང་དང་ཐུགས་མཆོག་འདྲ་བ་འཛིན།།   འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ།།   མི་བསྐྱོད་རྡོ་རྗེས་མཆོད་པར་འགྱུར།།   བཅོམ་ལྡན་འདས་མི་བསྐྱོད་པའི་སྐུ་དང་མཉམ་པར་མངོན་པར་འབྱུང་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།།   སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ།།   ནམ་མཁའི་རྡོ་རྗེ་རབ་བསྒོམ་ལ།།   རིན་ཆེན་ཨོཾ་ནི་བསམ་པར་བྱ།།   ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམ་པས།།   རྡོ་རྗེ་གསུམ་དཔག་མེད་འདྲར་གྱུར།།   ལུས་དང་ངག་སེམས་རྡོ་རྗེ་ཡིས།།   དཀོན་མཆོག་དཔལ་གྱི་འོད་དང་འདྲ།།   དེ་ནི་བདག་མེད་བྱང་ཆུབ་དང༌།།   ཡེ་ཤེས་གསང་བ་འདིར་གནས་འགྱུར།།   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དཀོན་མཆོག་དཔལ་གྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།།   རིན་པོ་ཆེའི་དམ་ཚིག་ལོངས་སྤྱོད་པ་རྡོ་རྗེའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།།   སངས་རྒྱས་དཀྱིལ་འཁོར་དམ་པ་བསམ།།   འཇིག་རྟེན་དབང་ཕྱུག་རབ་བསྒོམ་ལ།།   ཆོས་ཀྱི་ཨོཾ་ནི་བསྒོམ་པར་བྱ།།   ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམ་པས།།   རྡོ་རྗེ་གསུམ་དཔག་མེད་འདྲར་གྱུར།།   ལུས་དང་ངག་སེམས་རྡོ་རྗེ་ཡིས།།   འོད་དཔག་མེད་དང་འདྲ་བར་འགྱུར།།   དེ་ནི་སེམས་ཅན་ཐམས་ཅད་ཀྱི།།   ཐེགས་ཆེན་ལམ་ནི་འབྱུང་བར་འགྱུར།།   བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་ཏུ་མེད་པས་དེ་སྐད་ཅེས་བཀའ་སྩལ་ཏོ།།
ཡོན་ཏན་དཔག་ཏུ་མེད་པ་རྡོ་རྗེ་འོད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།།   སངས་རྒྱས་དཀྱིལ་འཁོར་དམ་པ་བསམ།།   རྡོ་རྗེ་པདྨ་ལ་བསྒོམས་ལ།།    དམ་ཚིག་ཨོཾ་ནི་རབ་ཏུ་བསྒོམ།།   ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས།    རྡོ་རྗེ་གདོན་མི་ཟ་བར་འགྱུར།།   ལུས་དང་ངག་སེམས་རྡོ་རྗེ་ཡིས།།   རྡོ་རྗེ་ཐོགས་མེད་འདྲ་བའི་འོད།།   དེ་ནི་དཔལ་ལྡན་ཡེ་ཤེས་མཚོ།།   སེམས་ཅན་ཀུན་དོན་འབྱུང་བར་འགྱུར།།   བཅོམ་ལྡན་འདས་རྡོ་རྗེ་གདོན་མི་ཟ་བས་དེ་སྐད་ཅེས་བཀའ་སྩལ་ཏོ།།   གདོན་མི་ཟ་བའི་དམ་ཚིག་འོད་ཟེར་གྱི་ཡེ་ཤེས་ཀྱི་མཆོག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།།   སངས་རྒྱས་དཀྱིལ་འཁོར་དམ་པ་བསམ།།  རྡོ་རྗེ་སྣང་མཛད་རབ་བསྒོམས་ལ།།  སྐུ་གསུམ་ཨོཾ་ནི་རབ་ཏུ་བསྒོམ།།  ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས།།   རྣམ་པར་སྣང་མཛད་མཉམ་པར་འགྱུར།།   ལུས་དང་ངག་ཡིད་རྡོ་རྗེ་ཡི།།   རྣམ་པར་སྣང་མཛད་འདྲ་བའི་འོད།།   དེ་ནི་ཡེ་ཤེས་རྫོགས་བྱང་ཆུབ།།   སྐུ་གསུམ་མི་ཕྱེད་སྒྲུབ་བྱེད་འགྱུར།།   བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།།   ལུས་དང་ངག་དང་ཡིད་དམིགས་པ་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   རྣམ་པར་དབེན་པའི་རི་བོ་དང༌།།   ཀླུང་དང་འབབ་ཆུ་རྣམས་དང་ནི།།   དུར་གྱི་ཁྲོད་ལ་སྩོགས་པར་ཡང༌།།   བསམ་གཏན་བསྡུས་པ་འདི་དག་བསྒོམ།།   མི་བསྐྱོད་ཡེ་ཤེས་དག་ལ་སྩོགས།།   རྡོ་རྗེ་ནམ་མཁའི་དཀྱིལ་དུ་བསམ།།   མངོན་ཤེས་ལྔ་པོའི་སྦྱོར་བ་ཡིས།།   སངས་རྒྱས་མཆོག་གི་གནས་སུ་བསྒོམ།།   བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེའི་མངོན་པར་མཁྱེན་པས་དེ་སྐད་ཅེས་བཀའ་སྩལ་ཏོ།།
རྡོ་རྗེ་ཆེན་པོ་རྩེ་ལྔ་པ།། འབར་བ་ལྔ་ཡིས་རྣམ་པར་བརྒྱན།།   གནས་ལྔ་དག་ཏུ་སྦྱོར་བ་ཡིས།།   རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར།།   མེ་སྟག་མང་པོ་འཁྲུགས་པ་ཡི།།   རང་སྔགས་འཁོར་ལོ་བསྒོམ་པར་བྱ།།   རྡོ་རྗེ་ལྔ་ཡི་སྦྱོར་བ་ཡིས།།   རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར།།   རྡོ་རྗེ་ནམ་མཁའི་དཀྱིལ་ཉིད་དུ།།   འཁོར་ལོ་སངས་རྒྱས་འབར་འོད་འདྲ།།   སངས་རྒྱས་འཇུག་པར་རབ་བསྒོམས་ན།།   སངས་རྒྱས་གནས་དང་འདྲ་བར་འགྱུར།།   སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།།   བདག་གི་ལུས་ལ་སྣང་མཛད་བཞག།   སྙིང་གར་ཡི་གེ་ཨོཾ་བསམས་ལ།།   སྔགས་ལ་རྣམ་པར་ཤེས་པ་བསྒོམ།།   འགོག་པའི་རྡོ་རྗེ་སེམས་ཉིད་དུ།།   གང་ཚེ་དེ་ལ་སྐྱེ་འགྱུར་ན།།   སངས་རྒྱས་ཀུན་གྱི་མཆོག་འཛིན་པ།།   ཡིད་བཞིན་དཔལ་ལྡན་ལྟ་བུར་གྱུར།།   སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།།   རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ།།   སྙིང་གར་ཡི་གེ་ཧཱུྃ་བསྒོམས་ནས།།   སེམས་ནི་ཐིག་ལེར་གྱུར་པར་བཞག།   སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།།   ཚེ་དཔག་མེད་པ་རབ་ཏུ་བསྒོམ།།   སྙིང་གར་ཡི་གེ་ཨཱཿབསམས་ཏེ།།   རྡོ་རྗེ་ཐིག་ལེར་གྱུར་པར་བཞག།   འདི་ནི་དམ་ཚིག་མཆོག་གི་མཆོག།   རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ།།   འགོག་པའི་དམ་ཚིག་ཡེ་ཤེས་ཏེ།།   སངས་རྒྱས་དངོས་གྲུབ་ཐོབ་འགྱུར་བ།།   རྡོརྗེ་ནམ་མཁའི་དབྱིངས་གནས་པར།།   གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ།།   ལུས་ངག་སེམས་ལ་ཡི་གེ་ཨོཾ།།   བསམས་ན་དེ་ནི་བསྐལ་བར་གནས།།   རྡོ་རྗེ་ནམ་མཁའི་དབྱིངས་གནས་པར།།   ཆོས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ།།   ལུས་ངག་སེམས་ལ་ཡི་གེ་ཨཱཿ།།   བསམས་ན་དེ་ནི་བསྐལ་པར་གནས།།   རྡོ་རྗེ་ནམ་མཁའི་དབྱིངས་གནས་པར།།   རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ།།   ལུས་ངག་སེམས་ལ་ཡི་གེ་ཧཱུྃ།།   བསམས་ན་དེ་ནི་བསྐལ་པར་གནས།།   བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ།།   སྐུ་དང་གསུང་ཐུགས་རྡོ་རྗེ་ཡི།།   རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི།།   ཀློག་གམ་ཡང་ན་སེམས་ཀྱང་རུང༌།།   དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར།།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེའི་རིག་པའི་སྐྱེས་བུ་མཆོག་གི་ལེའུ་སྟེ།  བཅུ་གཅིག་པའོ།།  །།
དེ་ནས་སྟོན་པ་རྡོ་རྗེ་འཛིན།། སྐྱེད་པ་ཡེ་ཤེས་མཆོག་སྒྲུབ་པ།།   དམ་ཚིག་དེ་ཉིད་རྡོ་རྗེ་གསུམ།།   རྡོ་རྗེ་གསུང་གིས་བཀའ་སྩལ་པ།།   མཁའ་དང་མཚུངས་པར་མཉམ་གྱུར་པར།།   རྣམ་པར་མི་རྟོག་ངོ་བོ་ཉིད།།   ཆོས་རྣམས་རང་བཞིན་དག་པ་ལས།།   རོལ་མོ་འདི་དག་རབ་དུ་བསྒོམ།།   དགོན་པ་ཆེན་པོའི་ས་ཕྱོགས་སུ།།   མེ་ཏོག་འབྲས་བུ་སྩོགས་ཀྱིས་བརྒྱན།།   རི་བོ་དབེན་པའི་ས་ཕྱོགས་སུ།།   དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ།།   མཾ། ལུས་དང་ངག་སེམས་རྡོ་རྗེ་ལ།།   རྡོརྗེ་འཇམ་པ་རབ་ཏུ་བསྒོམ།།   ལུས་དང་ངག་སེམས་ལ་སྤྲོས་པས།།   རྡོ་རྗེ་འཇམ་པ་འདྲ་བར་འགྱུར།།   དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ།།   རྡོ་རྗེ་འབར་བའི་འོད་དག་གིས།།   རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི།།   དག་པའི་བདག་ཉིད་སྣང་བར་འགྱུར།།   ཚངས་པ་དྲག་པོ་ལ་སྩོགས་ལྷས།།   ནམ་ཡང་མཐོང་བར་མི་ནུས་སོ།།   རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་མི་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།
རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང༌།། གཤང་གཅི་དམ་ཚིག་ལྔ་རྣམས་ནི།།   ལྕགས་གསུམ་ལས་བྱུང་ལྔན་བྱས་ཏེ།།   ཁར་བཅུག་ནས་ནི་བསྒོམ་པར་བྱ།།  སངས་རྒྱས་ཀུན་གྱི་མི་ཕྱེད་པའི།།   ཐུགས་ནི་དེ་རུ་རབ་བསྒོམ་ན།།   རྡོ་རྗེ་འཇམ་པའི་འོད་འདྲ་བར།།   དེ་མ་ཐག་ཏུ་དེ་འགྱུར་རོ།།   འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན།།   རང་གི་སྔགས་ཀྱིས་རང་བསྒོམས་ནས།།    སངས་རྒྱས་ཐམས་ཅད་བཞུགས་པའི་གནས།།   བསྒོམས་ན་སངས་རྒྱས་འདྲ་བར་འགྱུར།།   རི་རབ་སུམ་ཅུ་རྩ་དྲུག་གི།   རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི།།   རྡོ་རྗེ་འཛིན་དང་འདྲ་བ་ཀུན།།   དེ་ཡི་རྗེས་སུ་འབྲང་བར་འགྱུར།།   འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།།   རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས།།   དཀྱིལ་འཁོར་དབུས་སུ་རབ་བསྒོམ་ནས།།   རྡོ་རྗེ་ཀུན་གྱི་གནས་ཡིན་པར།།   བསམས་ན་རྡོ་རྗེ་འདྲ་བར་འགྱུར།།   རི་རབ་སུམ་ཅུ་རྩ་དྲུག་གི།   རྡུལ་ཕྲན་ཅི་སྙེད་ཡོད་པ་ཡི།།   དེ་སྙེད་ཀྱི་ནི་བུད་མེད་རྣམས།།   ཡོན་ཏན་ཅན་གྱི་གནས་སུ་གྱུར།།   དྲག་པོ་དག་གིས་ཕྱག་བྱས་པ།།   ཁམས་གསུམ་རྡོ་རྗེ་ཆེན་པོར་འགྱུར།།   རྡོ་རྗེ་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།།   པདྨ་ཆེན་པོ་འདབ་བརྒྱད་ལ།།   རང་སྔགས་རྡོ་རྗེ་བསམས་ནས་སུ།།   ཆོས་རྣམས་ཀུན་གྱི་གནས་ཡིན་པར།།   བསམས་ན་ཆོས་དང་འདྲ་བར་འགྱུར།།   རི་རབ་སུམ་ཅུ་རྩ་དྲུག་གི།   རྡུལ་ཕྲན་ཅི་སྙེད་ཡོད་པ་ཡི།།   སངས་རྒྱས་མཆོད་མཆོག་དཀྱིལ་འཁོར་དུ།།   དག་པའི་བདག་ཉིད་འཇོག་པར་བྱེད།།   པདྨོ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།།   ཡེ་ཤེས་ལྔ་ལྡན་རབ་བསྟེན་ན།།   བསྐལ་པ་གསུམ་དུ་ཡུན་དུ་གནས།།   ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།།   གསང་བ་གསུམ་ལ་བསྙེན་བཀུར་བྱེད།།   འོད་ཟེར་ལྔ་ཡི་མདོག་འདྲའི་འོད།།   རང་གི་སྔགས་ཀྱིས་རལ་གྲི་བསྒོམ།།   མིག་ཡངས་ལག་ན་ཐོགས་ན་ནི།།  རྡོ་རྗེ་གསུམ་རིག་འཛིན་པར་འགྱུར།།  ཁམས་གསུམ་ཀུན་གྱིས་རབ་མཆོད་ཅིང༌།།  ཚངས་དབང་ལྷ་མིན་ཕྱག་བྱས་པ།།  སྟོང་གསུམ་ན་ནི་གཅིག་པུ་པ།།  མི་མཆོག་གསང་བ་འཛིན་པར་འགྱུར།།  གང་རྣམས་འདོད་དང་བསམ་པ་དག།  སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན།།  རྡོ་རྗེའི་ཐུགས་ལས་རབ་ཏུ་བྱུང༌།།  དེ་ལྟ་བུ་ཡི་དངོས་གྲུབ་སྟེར།།  རལ་གྲི་ཐམས་ཅད་ཀྱི་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།  ཨོཾ་ནི་རི་ལུ་ཙ་ན་ཀའི།།   འབྲུ་ཚད་ཙམ་དུ་བསམ་ནས་ནི།།  དབུས་སུ་རང་གི་ལྷ་ཡི་གཟུགས།།  བསམས་ཏེ་ཁར་བཅུག་རྣམ་བསྒོམས་ན།།  དེ་ནི་དེ་མ་ཐག་ཏུ་ཡང༌།།  བྱང་ཆུབ་སེམས་དཔའི་འོད་འདྲར་འགྱུར།།  ཉི་མ་ཤར་བའི་འོད་འདྲ་ཞིང༌།།  ཛམྦུ་ཆུ་བོའི་གསེར་གྱི་མདོག།  ཨཱཿནི་རི་ལུ་ཙ་ན་ཀའི།།  འབྲུ་ཚད་ཙམ་དུ་བསམས་ནས་ནི།།  དབུས་སུ་རང་གི་ལྷ་ཡི་གཟུགས།།  བསམས་ཏེ་ཁར་བཅུག་རྣམ་བསྒོམས་ན།།  དེ་ནི་དེ་མ་ཐག་ཏུ་ཡང༌།།  བྱང་ཆུབ་ཡེ་ཤེས་འོད་འདྲར་འགྱུར།།  ཉི་མ་ཤར་བའི་འོད་འདྲ་ཞིང༌།།  ཛམྦུ་ཆུ་བོའི་གསེར་གྱི་མདོག།  ཧཱུྃ་ནི་རི་ལུ་ཙ་ན་ཀའི།།  འབྲུ་ཚད་ཙམ་དུ་བསམས་ནས་ནི།།   དབུས་སུ་རང་གི་ལྷ་ཡི་གཟུགས།།   བསམས་ཏེ་ཁར་བཅུག་རྣམ་བསྒོམས་ན།།  དེ་ནི་དེ་མ་ཐག་ཏུ་ཡང༌།།  རྡོ་རྗེའི་སྐུ་དང་འོད་འདྲར་འགྱུར།།  མཁའ་དབྱིང་གསལ་བའི་དབུས་གནས་པར།།  རྣམ་པར་སྣང་མཛད་རབ་ཏུ་བསྒོམས།།  ལག་ཏུ་འཁོར་ལོ་རབ་བསྒོམས་ན།།  འཁོར་ལོའི་རིག་པ་འཛིན་པར་འགྱུར།།  འཁོར་ལོ་ཆེན་པོའི་རིགས་བསྒོམས་ཏེ།།  སངས་རྒྱས་སྐུ་ནི་རབ་སྦྱོར་ཞིང༌།།  ཡེ་ཤེས་འདི་ནི་རབ་སྒྲུབ་པ།།  ཡེ་ཤེས་རྡོ་རྗེ་དག་གིས་བྱ།།  མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར།།  ཡེ་ཤེས་མི་བསྐྱོད་རབ་བསྒོམས་ཏེ།།  ལག་ཏུ་རྡོ་རྗེ་རབ་བསྒོམས་ན།།   རྡོ་རྗེའི་རིག་པ་འཛིན་པར་འགྱུར།།   རྡོ་རྗེ་ཆེན་པོའི་རིགས་བསྒོམས་ཏེ།།   རྡོ་རྗེའི་སྐུ་ནི་རབ་སྦྱོར་ཞིང༌།།  རྡོ་རྗེའི་མཆོག་འདི་སྒྲུབ་པ་ནི།།  ཡེ་ཤེས་རྡོ་རྗེ་དག་གིས་བྱ།།  མཁའ་དབྱིངས་རིན་ཆེན་དབུས་གནས་པར།།  རིན་ཆེན་རྡོ་རྗེ་རབ་དུ་བསྒོམས།།  ལག་ཏུ་རིན་ཆེན་རབ་བསྒོམས་ན།།  རིན་ཆེན་རིག་པ་འཛིན་པར་འགྱུར།།  རིན་པོ་ཆེ་ཡི་རིགས་བསྒོམས་ནས།།  རིན་ཆེན་སྐུ་ནི་རབ་སྦྱོར་ཞིང༌།།  རིན་ཆེན་མཆོག་འདི་སྒྲུབ་པ་ནི།།  རྡོ་རྗེ་ཡེ་ཤེས་དག་གི་བྱ།།  མཁའ་དབྱིངས་ཆོས་ཀྱི་དབུས་གནས་པར།།  ཚེ་དཔག་མེད་པ་རབ་ཏུ་བསྒོམས།།  ལག་ཏུ་པདྨོ་རབ་བསྒོམས་ན།།  པདྨོའི་རིག་པ་འཛིན་པར་འགྱུར།།  པདྨོའི་རིགས་ཆེན་བསྒོམས་ནས་སུ།།  ཆོས་ཀྱི་སྐུར་ནི་རབ་སྦྱོར་ཞིང༌།།  པདྨོའི་མཆོག་འདི་སྒྲུབ་པ་ནི།།  ཡེ་ཤེས་རྡོ་རྗེ་དག་གིས་བྱ།།  མཁའ་དབྱིངས་དམ་ཚིག་དབུས་གནས་པར།།  གདོན་མི་ཟ་བའི་ཡེ་ཤེས་བསྒོམས།།  ལག་ཏུ་རལ་གྲི་རབ་བསྒོམས་ན།།  རལ་གྲིའི་རིག་པ་འཛིན་པར་འགྱུར།།  དམ་ཚིག་ཆེན་པོའི་རིགས་བསྒོམས་ནས།།  ཐོགས་མེད་དམ་ཚིག་རབ་སྦྱོར་ཞིང༌།།  དམ་ཚིག་མཆོག་འདི་སྒྲུབ་པ་ནི།།  ཡེ་ཤེས་རྡོ་རྗེ་དག་གིས་བྱ།།  རྩེ་གསུམ་ཡེ་ཤེས་ལྕགས་ཀྱུ་སྩོགས།།  རྡོ་རྗེ་ཁྱད་པར་གྱིས་བསྒྲུབས་ན།།  སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡི།།  བསམ་གཏན་དེས་ནི་འགྲུབ་པར་འགྱུར།།
བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ།།  ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང༌།།  མཚན་མ་གཅིག་དང་ཞི་གནས་སུ།།  རྡོ་རྗེ་དགུག་པའི་ཁྱད་པར་གྱིས།།  སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ།།  སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱི།།  སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་བསམ།།  སངས་རྒྱས་ཡེ་ཤེས་བློ་ལྡན་གྱིས།།  སྐུ་གསུང་ཐུགས་ཀྱི་ཀྱོ་བ་བཏང༌།།  རླུང་གི་དཀྱིལ་འཁོར་མཆོག་གནས་པ།།  སངས་རྒྱས་དགུག་པ་དམ་པ་ཡིན།།  དམ་ཚིག་ལས་བྱུང་ཕྱོགས་བཅུ་པ།།  རྡོ་རྗེས་བཀུག་ནས་ཉེ་བར་སྤྱོད།།  ནམ་མཁའི་དབྱིངས་ཀྱི་རྡོ་རྗེ་དམ་ཚིག་དགུག་པའི་ཆོ་གའོ།།  རྣམ་པར་སྣང་མཛད་འཁོར་ལོ་ཆེ།།  རྡོ་རྗེ་པདྨོ་ལ་སྩོགས་པས།།  རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི།།  དམ་ཚིག་དགུག་མཆོག་ཀྱོ་བས་བྱ།།   ཁམས་གསུམ་གྱི་དམ་ཚིག་དགུག་པའོ།།
རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།། སངས་རྒྱས་སྐུ་ནི་རྣམས་བསྒོམས་ལ།།   ལག་ཏུ་སྐུ་དང་གསུང་ཐུགས་ཀྱི།།   ཀྱོ་བ་ལ་སྩོགས་རབ་ཏུ་བསྒོམས།།   འདི་དག་ལྟ་བུའི་སྦྱོར་བ་ཡིས།།   དེ་ནི་གནས་ལས་བྱེད་པར་འགྱུར།།   རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།།   རྡོ་རྗེའི་སྐུ་ནི་རྣམ་བསྒོམ་ལ།།   རྡོ་རྗེའི་སྦྱོར་བས་ལྕེ་བསྒོམས་ན།།   རྡོ་རྗེའི་གསུང་དང་འདྲ་བར་འགྱུར།།   རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།།   སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ།།   ལག་ཏུ་བསྒྲུབ་བྱ་བསམས་ན་ནི།།   རྡོ་རྗེ་དང་ནི་འདྲ་བར་འགྱུར།།   གསང་གསུམ་དམ་ཚིག་མཆོད་པའི་མཆོག།   མཆོད་པས་མཆོད་ནས་རབ་ཏུ་བསྒྲུབ།།   འདི་ནི་སངས་རྒྱས་ཐམས་ཅད་ཀྱི།།   གསང་བའི་སྙིང་པོ་བསྡུས་པ་ཡིན།།   བཅོམ་ལྡན་འདས་གསང་བ་ཆེན་པོའི་དམ་ཚིག་གིས་དེ་སྐད་ཅེས་གསུང་སོ།།   ཤ་ཆེན་དམ་ཚིག་མཆོག་གིས་ནི།།   རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ།།   གཅང་ལྕི་དམ་ཚིག་མཆོག་གིས་ནི།།   རིག་པ་འཛིན་པའི་གཙོ་བོར་འགྱུར།།   གླང་པོའི་ཤ་ཡི་དམ་ཚིག་གིས།།   མངོན་ཤེས་ལྔ་དག་ཐོབ་པར་འགྱུར།།   རྟ་ཤ་དག་གི་དམ་ཚིག་གིས།།   མི་སྣང་བ་ཡི་བདག་པོར་འགྱུར།།   ཁྱི་ཤ་དག་གི་དམ་ཚིག་གིས།།   དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།།   བ་ལང་ཤ་ཡི་དམ་ཚིག་གིས།།   རྡོ་རྗེ་འགུག་པའི་མཆོག་ཏུ་འགྱུར།།   ཤ་རྣམས་ཐམས་ཅད་མེད་ན་ཡང༌།།   ཐམས་ཅད་བསམས་པས་རྣམ་པར་བརྟག།   རྡོ་རྗེ་སྦྱོར་བ་འདི་བྱས་ན།།   སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ།།   རྣམ་པའི་མཆོག་རྣམས་ཀུན་ལྡན་པ།།   སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན།།   སྙིང་གར་ཡེ་ཤེས་དམ་ཚིག་དང༌།།   དབུ་རྒྱན་རྡོ་རྗེ་མཆོག་འཛིན་པ།།   སངས་རྒྱས་ཐམས་ཅད་མཉེས་གྱུར་པ།།   དམ་ཚིག་མཆོག་གིས་བྱ་བ་ནི།།   དངོས་གྲུབ་ཐམས་ཅད་འགྲུབ་པའི་མཆོག།   དམ་ཚིག་མཆོག་གིས་རབ་ཏུ་བྱ།།   དམ་ཚིག་ཐམས་ཅད་ཡེ་ཤེས་རྡོ་རྗེར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།
ལྕེ་ཡི་དམ་ཚིག་རྡོ་རྗེ་མཆོག། རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ།།   བདུད་རྩི་ལྔ་ཡི་སྦྱོར་བ་ཡིས།།   ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར།།   ཨཱཿདང་ཨོཾ་གྱི་དམ་ཚིག་ཀྱང༌།།  འདི་ནི་རྡོ་རྗེའི་ཚུལ་མཆོག་སྟེ།།  འདི་ལྟ་བུ་ཡི་སྦྱོར་བ་ཡིས།།   རྡོ་རྗེ་མི་ཕྱེད་འདྲ་བར་འགྱུར།།  རྡོ་རྗེའི་དམ་ཚིག་བདུད་རྩི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།།   རྡོ་རྗེ་དམ་ཚིག་གསུམ་གྲུབ་ཤོག།   སྐུ་གསུམ་རྡོ་རྗེ་ཅན་དུ་གྱུར།།   ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི།།  ནོར་བུ་ཡིད་བཞིན་རྒྱ་མཚོར་འགྱུར།།   འཇིག་རྟེན་ཁམས་ནི་ཐམས་ཅད་དུ།།   རྡོ་རྗེའི་བདག་ཉིད་སྣང་བར་བྱེད།།   འཁོར་ལོའི་དམ་ཚིག་གྲུབ་པའི་མཆོག།   སངས་རྒྱས་སྐུ་དང་འདྲ་བར་འགྱུར།།   གངྒཱའི་ཕྱེ་སྙེད་ཐམས་ཅད་དུ།།   གྲུབ་པ་ཀུན་ཏུ་རྣམ་པར་སྤྱོད།།   དམ་ཚིག་དམ་པ་ཐམས་ཅད་ཀྱི།།   རིག་པ་འཛིན་པའི་གཙོ་བོར་འགྱུར།།   རྡོ་རྗེའི་སྐུ་ནི་རབ་བསྒོམས་པས།།   ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ།།   མི་སྣང་གྱུར་བ་ཐམས་ཅད་ལ།།   སྟོང་ཁམས་དག་ནི་སྣང་བར་བྱེད།།   སངས་རྒྱས་ཀུན་ལས་འཕྲོག་པ་དང༌།།   ལྷ་ཡི་བུ་མོ་མཆོག་ལ་སྤྱོད།།   གངྒཱའི་ཕྱེ་སྙེད་སངས་རྒྱས་རྣམས།།  རྡོ་རྗེ་གསུམ་གྱི་གནས་བཞུགས་པ།།   རང་ལག་སྐྱུ་རུ་ར་བཞག་བཞིན།།   རྡོ་རྗེ་མིག་གིས་མཐོང་བར་འགྱུར།།   གངྒཱའི་ཕྱེ་སྙེད་ཞིང་རྣམས་ན།།   སྒྲ་གྲགས་པ་ནི་ཇི་སྙེད་པ།།   མངོན་ཤེས་རྣ་བས་ཐོས་པ་ནི།།   རྣ་བའི་དྲུང་ན་འཁོད་པ་བཞིན།།   གངྒཱའི་ཕྱེ་སྙེད་ཞིང་དག་གི།   སེམས་ཅན་ཀུན་གྱི་སེམས་རྣམས་ནི།།   སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི།།   རོལ་མོ་ལས་བྱུང་སེམས་རིག་འགྱུར།།   བསྐལ་བ་གངྒཱའི་ཕྱེ་སྙེད་དུ།།   འཁོར་བ་དག་ན་གནས་པ་ཡི།།   སྔོན་གྱི་གནས་ཀྱི་གཏན་ཚིག་རྣམས།།  ཞག་གསུམ་ལོན་པ་བཞིན་དུ་དྲན།།   གངྒཱའི་ཕྱེ་མ་སྙེད་ཀྱི་ལུས།།   སངས་རྒྱས་སྤྲིན་ལ་སྩོགས་བརྒྱན་པ།།   བསྐལ་བ་གངྒཱའི་ཕྱེ་སྙེད་དུ།།   རྡོ་རྗེ་རྫུ་འཕྲུལ་མཆོག་གིས་འགེངས།།   བཅོམ་ལྡན་འདས་དམ་ཚིག་མངོན་པར་མཁྱེན་པས་དེ་སྐད་ཅེས་བཀའ་སྩལ་ཏོ།།
དེ་ལ་མངོན་པར་ཤེས་པ་ལྔ་ནི།  རྡོ་རྗེའི་སྤྱན་དང་རྡོ་རྗེའི་སྙན་དང༌།  རྡོ་རྗེའི་ཐུགས་དང༌།  རྡོ་རྗེའི་གནས་དང༌།  རྡོ་རྗེའི་རྫུ་འཕྲུལ་ལོ།།  སངས་རྒྱས་མངོན་ཤེས་ལྔ་དོན་འགྲུབ།།  སངས་རྒྱས་སྐུ་དང་འདྲ་བར་འགྱུར།།  གངྒཱའི་བྱེ་སྙེད་གྲངས་མེད་པའི།།  འཁོར་གྱིས་ཡོངས་སུ་བསྐོར་ནས་སུ།།  རྡོ་རྗེའི་སྐུ་དང་གསུང་ཐུགས་ཀྱིས།།  འཇིག་རྟེན་ཁམས་ཀུན་བགྲོད་པར་འགྱུར།།  བསྙེན་པའི་དམ་ཚིག་སྦྱོར་བ་དང༌།།  ཉེ་བར་སྒྲུབ་པ་འབྱུང་བ་དང༌།།  སྒྲུབ་པའི་དོན་གྱི་དམ་ཚིག་དང༌།།  སྒྲུབ་པ་ཆེན་པོ་དག་དང་བཞི།།  རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ།།  དེ་ནས་ལས་རྣམས་བསྒྲུབ་པར་བྱ།།  བསྙེན་པའི་ཏིང་འཛིན་རབ་སྦྱོར་བ།།  བྱང་ཆུབ་མཆོག་ནི་བསྒོམ་པར་བྱ།།  ཉེ་བར་སྒྲུབ་པ་གྲུབ་མཆོག་ལ།།  རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད།།  སྔགས་ཀྱི་བདག་པོ་བསྒོམས་པ་ཡིས།།  བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས།།  སྒྲུབ་པ་ཆེན་པོ་བྱེད་པའི་ཚེ།།  རང་སྔགས་རྡོ་རྗེ་ཅན་གྱི་གཟུགས།།  དབུ་བརྒྱན་ལ་ནི་བདག་པོ་བསམ།།  ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར།།  བསྙེན་པའི་ཡེ་ཤེས་བདུད་རྩི་དག།  ཐམས་ཅད་དུ་ནི་རྟག་པར་བྱ།།  འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།།  སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ།།  དགོན་པ་ཆེན་པོའི་ས་ཕྱོགས་དང༌།།  རབ་ཏུ་རྣམ་པར་དབེན་པ་དང༌།།  རི་བོ་ནགས་འདབ་ཆུ་ངོགས་སུ།།  རྟག་ཏུ་དངོས་གྲུབ་ཐོབ་པར་འགྱུར།།  བཅོམ་ལྡན་འདས་རྡོ་རྗེ་སྒྲུབ་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ།།  ཡང་ན་རྡོ་རྗེ་བཞི་དག་གིས།།  བརྟུལ་ཞུགས་བརྟན་པས་བསྙེན་པར་བྱ།།  སྐུ་གསུམ་མཉམ་པ་ཉིད་གྱུར་པ།།  བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར།།  དུས་བཞི་དག་ཏུ་རབ་སྦྱོར་བས།།  བློ་དང་ལྡན་པས་གནས་ལྔར་ནི།།  ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ།།  བསྒོམས་ན་སྡོམ་པ་ཡིན་པར་བཤད།།  ཞག་བདུན་དང་ནི་ཟླ་ཕྱེད་དང༌།།  ཟླ་གཅིག་ཟླ་བ་ཕྱེད་དང་གཉིས།།  རྡོ་རྗེ་དམ་ཚིག་བསྒྲུབ་ན་ནི།།  དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།།  ཞག་གྲངས་བྱེ་བྲག་རབ་བསྐུལ་བ།།  ང་ཡིས་རྒྱས་པར་རབ་ཏུ་བསྟན།།  གསང་བ་མཆོག་ལས་བྱུང་བ་ལ།།  ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས།།  དེ་ལ་འདིར་ནི་ཉེ་བར་སྒྲུབ་པའི་སྡོམ་པའི་ཡུལ་ལོ།།  སངས་རྒྱས་སྐུ་འཛིན་དཔལ་དང་ལྡན།།  རྡོ་རྗེ་མི་ཕྱེད་གསུམ་འབྱེད་པ།།  བྱིན་གྱིས་བརླབས་ཀྱི་གནས་བྱས་ཏེ།།  རྡོ་རྗེ་སྐུ་དང་ལྡན་པར་བྱ།།  མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས།།  ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།།  དེ་ལ་སྐུ་ཡི་མཚན་པ་ཡིས།།  བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ།།  དེ་ལ་འདི་ནི་སྒྲུབ་པའི་སྡོམ་པའི་ཡུལ་ལོ།།  ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།།  རྡོ་རྗེ་མི་ཕྱེད་གསུམ་འབྱེད་བྱ།།  བྱིན་གྱིས་བརླབས་ཀྱི་གནས་བྱས་ཏེ།།  རྡོ་རྗེ་གསུང་དང་ལྡན་པར་བྱ།།  རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།།  ཕྱོགས་བཅུ་ན་བཞུགས་སངས་རྒྱས་རྣམས།།  དེ་ལ་གསུང་ལས་བྱུང་བ་ཡི།།  བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ།།  དེ་ལ་འདི་ནི་སྒྲུབ་པ་ཆེན་པོའི་སྡོམ་པའི་ཡུལ་ལོ།།  རྡོ་རྗེའི་ཐུགས་འཛིན་དཔལ་དང་ལྡན།།  རྡོ་རྗེ་མི་ཕྱེད་གསུམ་འབྱེད་པ།།  བྱིན་གྱིས་བརླབས་ཀྱི་གནས་བྱས་ཏེ།།  རྡོ་རྗེ་ཐུགས་དང་ལྡན་པར་བྱ།།  རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།།  ཕྱོགས་བཅུ་ན་བཞུགས་སངས་རྒྱས་རྣམས།།  དེ་ལ་ཐུགས་ལས་བྱུང་བ་ཡི།།  བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ།།  སངས་རྒྱས་རྡོ་རྗེ་སེམས་དཔའ་འམ།།  ཡང་ན་ཆོས་ཀྱི་སེམས་དཔའ་འང་རུང༌།།  རྨོངས་པས་འདའ་བར་བྱེད་ན་ནི།།  ཚལ་པར་འགས་པར་གདོན་མི་ཟ།།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།   དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བའི་དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི་ལེའུ་སྟེ།   བཅུ་གཉིས་པའོ།།  །།
དེ་ནས་བཅོམ་ལྡན་བདེ་གཤེགས་ཀུན།། ཡེ་ཤེས་རྡོ་རྗེ་མཆོག་འཛིན་པ།།   སེམས་ཅན་ཀུན་དོན་ཡང་དག་འབྱུང༌།།   བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས།།   ཐུབ་པ་དོན་ཀུན་རྡོ་རྗེ་ཅན།།   སྟོན་པ་ཆེ་ལ་ཕྱག་འཚལ་ནས།།   དམ་ཚིག་དེ་ཉིད་མཁྱེན་པ་ལ།།   མཆོད་དེ་རྡོ་རྗེའི་དབྱངས་འདི་གསུངས།།  ཨེ་མོའི་སངས་རྒྱས་ཚུལ་རེ་བཟང༌།།   ཨེ་མོའི་བྱང་ཆུབ་ཚུལ་གྱི་མཆོག།   ཨེ་མོའི་ཆོས་ཀྱི་ཚུལ་རེ་ཞི།།   ཨེ་མོའི་སྔགས་ཀྱི་ཚུལ་རེ་བརྟན།།   མ་སྐྱེས་པ་ཡི་ཆོས་རྣམས་ནི།།   ངོ་བོ་ཉིད་ཀྱིས་ཁྱད་པར་ཅན།།   རྣམ་པར་མི་རྟོག་ཡང་དག་རིག།   ཡེ་ཤེས་འབྱུང་བ་རབ་ཏུ་བཤད།།   ཡིད་འོང་སྔགས་རྣམས་ཀུན་བསྡུས་པ།།   རྡོ་རྗེ་བཟླས་པ་ཡེ་ཤེས་ཆེ།།   སྐུ་གསུམ་མི་ཕྱེད་དཀྱིལ་འཁོར་དང༌།།   སངས་རྒྱས་ཡེ་ཤེས་ཐོབ་འགྱུར་བ།།   རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའི།།   རྡོ་རྗེ་བཟླས་པའི་སྦྱོར་བ་ཡིས།།   སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ།།   རིགས་དང་གསང་སྔགས་ཐམས་ཅད་ཀྱི།།   སྐུ་དང་གསུང་དང་ཐུགས་ཀྱི་མཚན།།   གསང་སྔགས་བཟླས་པ་དེ་རིང་གསུངས།།   ཡེ་ཤེས་རྒྱ་མཚོ་གསན་པ་དང༌།།   སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།།   སངས་རྒྱས་དུས་གསུམ་ལས་བྱུང་རྣམས།།   རྡོ་རྗེ་སྔགས་ནི་རབ་བསྒོམས་པས།།   ཡེ་ཤེས་མཉམ་མེད་ཐོབ་འགྱུར་བ།།   བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།།
དེ་ནས་སྟོན་པ་རྡོ་རྗེ་འཛིན།། ནམ་མཁའ་རྡོ་རྗེ་ཡེ་ཤེས་འབྱུང༌།།   བྱེད་སྐྱེད་དམ་པ་མཆོག་གིས་གཙོས།།   རྡོ་རྗེ་བཟླས་པ་འདི་གསུངས་སོ།། །།
དཔལ་གསང་བ་འདུས་པའི་རྩ་རྒྱུད་ལ་ཐོས་བསམ་ཀློག་འདོན་སོགས་བགྱིས་པའི་ཕན་ཡོན་མདོར་བསྡུས་ནི།   དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལམ་གྱི་འཇུག་སྒོ་དང༌།    ཐེག་པ་དང་རྒྱུད་སྡེའི་རིམ་པ་མི་འདྲ་བ་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་ཀྱི་མཐར་ཐུག་པ་ནི་དཔལ་གསང་བ་འདུས་པ་ཉིད་ཡིན་ཏེ།   རྩ་བའི་རྒྱུད་ཀྱི་མཚན་བརྗོད་པ་ན་རྡོ་རྗེ་ཐེག་པའི་གནད་ཐམས་ཅད་འདིར་འདུས་པར་བསྟན་ཅིང༌།   རྒྱུད་ཕྱི་མ་ལས།    ཨེ་མ་ཧོ་ཤིན་ཏུ་རྙེད་དཀའ་བ།།   བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན།།   རྒྱུད་ཀྱི་ཕྱི་མའི་ཕྱི་མོར་འགྱུར།།   གསང་བ་འདུས་པ་ཞེས་བྱའི་རྒྱུད།།   ཅེས་དང༌།   གང་ཞིག་ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ།།   ཐབས་དང་ཤེས་རབ་ལས་བྱུང་སྤྲོས་དང་རྣམ་པར་བྲལ།།   གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ཚིག་སྦྱོར་ལ་རྟག།   བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་ཕྱག་འཚལ་ལོ།།   གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་སྒོམ་ཞིང༌།།   བསྙེན་པའི་ཆོ་ག་ཉེ་བར་སྒྲུབ་པ་སྒྲུབ་པ་དང༌།།   སྒྲུབ་པ་ཆེན་པོས་བློ་མི་འགྱུར་བའི་སྒྲུབ་དབང་པོ།།   བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་ཕྱག་འཚལ་ལོ།།   གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ།།   མི་སྣང་ལ་སྩོགས་སྣ་ཚོགས་མཆོག་དང་དམན་འགྲུབ་ཅིང༌།།   བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ།།   བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ།།   གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང༌།།   འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང༌།།   མཆོད་པ་བྱེད་པ་དང་ནི་འདྲིའམ་འདྲིར་འཇུག་པ།།   བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ།།   གང་དུ་ཞི་སྩོགས་ལས་སོགས་ཤིན་ཏུ་བརྟགས་པ་ཡིས།།   འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི།།   བསྒྲུབ་བྱ་འདི་དང་ལྡན་པའི་སྒྲུབ་པའི་དབང་པོ་ནི།།   བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ།།   གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང༌།།   ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང༌།།   དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག།  བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ།།    ཞེས་དང༌།   འདི་ཤིན་ཏུ་རྙེད་དཀའ་ཞིང་དོན་ཆེ་བས།   འདིའི་བསྐྱེད་རྫོགས་ལ་ཐུན་བཞིའི་རྣལ་འབྱོར་བྱེད་པ་དང༌།    ཉན་པ་དང་འདྲི་བ་དང་འདོན་པ་དང༌།   མཆོད་པ་བྱེད་པ་དང༌།    རྒྱུད་འདིའི་ལམ་སྒོམ་པའི་སྒྲུབ་པ་པོའི་དབང་པོ་དང༌།   སྒྲུབ་པ་པོ་དེ་གང་གིས་མཐོང་བའམ།   ཐོས་པ་འམ།   དྲན་ཅིང་རེག་པ་དང༌།   དད་ཅིང་རྒྱུད་ཀྱི་ཕྱོགས་གཅིག་ཙམ་ཞིག་ཡན་ཆད་འཛིན་པ་ཐམས་ཅད་ཀྱང༌།    བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་དང་འདྲ་བར་བལྟས་ནས་ཕྱག་འཚལ་ལོ།།   ཞེས་རྒྱུད་ཕྱི་མ་ལས་གསུངས་ཤིང༌།    རྩ་བའི་རྒྱུད་ཉིད་ལས་ཀྱང༌།   སྐུ་དང་གསུང་ཐུགས་རྡོ་རྗེ་ཡི།།   རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི།།   ཀློག་གམ་ཡང་ན་སེམས་ཀྱང་རུང༌།།   དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར།།   ཞེས་དང༌།   དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌།   རྡོ་རྗེ་འཆང་གིས་བརྙེས་པ་ཐམས་ཅད་ཀྱང༌།    འདུས་པའི་ལམ་མ་ནོར་བར་སྟོན་པའི་སློབ་དཔོན་དང་འཕྲད་ན།   མཆོད་ཅིང་ཕྱག་འཚལ་བ་དང༌།   འདི་ནི་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ།།   ཞེས་བྱ་བ་ལ་སོགས་པའི་ཚིག་འབྱིན་པར་གསུངས་ལ།    དེའི་རྒྱུ་མཚན་དུ་འདུས་པའི་ལམ་ལ་མ་བརྟེན་པར་འཚང་རྒྱ་བའི་ཐབས་མེད་པར་གསུངས་སོ།།   གཞན་ཡང་འཇམ་དཔལ་གྱི་ཞལ་གྱི་ལུང་ལས་ཀྱང༌།    སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད།།   གསང་ཆེན་གསང་བ་ཆེས་གསང་བ།།   གོང་ན་མེད་པའི་ལུང་ཆེན་པོ།།    ཞེས་བསྔགས་ཤིང༌།   བསྟན་པའི་སྙིང་པོ་གནས་མི་གནས་ཀྱང་འདི་ཉིད་ཡོད་མེད་ཀྱི་རྗེས་སུ་བྱེད་པར་གསུངས་ཏེ།   དེ་ཉིད་ལས།   འདི་དོན་རྣ་བར་འཕོ་བྱེད་པ།།   གང་གི་དུས་སུ་གནས་པ་དེར།།   སངས་རྒྱས་བསྟན་པ་རིན་ཆེན་ཀྱང༌།།   གནས་པར་རབ་ཏུ་བཤད་པ་ཡིན།།   བརྒྱུད་པའི་རིམ་པ་འདི་ཆད་པས།།   སངས་རྒྱས་བསྟན་པ་ནུབ་པ་རུ།།   ཀུན་གྱིས་རབ་ཏུ་ཤེས་པར་བྱ།།   ཞེས་སོ།།   གསང་བ་གྲུབ་པ་ལས་ཀྱང༌།   དཔལ་ལྡན་འདུས་ལས་མཆོག་གཞན་མེད།།   འཇིག་རྟེན་གསུམ་གྱི་རིན་ཆེན་གྱུར།།   སྙིང་བོ་ལས་ནི་སྙིང་བོ་མཆོག།   རྒྱུད་ཀུན་གྱི་ནི་བླ་མའི་བླ།།   བསྟན་དང་བཤད་པ་རྣམས་གནས་ན།།   རྫོགས་པའི་རིམ་པའི་རྣལ་འབྱོར་ཉིད།།   འདུས་པ་གང་གིས་མི་ཤེས་པ།།   དེ་ཡིས་དངོས་གྲུབ་ཇི་ལྟར་འགྲུབ།།   ཐེ་ཚོམ་ཐམས་ཅད་གཅོད་བྱེད་ཅིང༌།།   མི་ཤེས་རབ་རིབ་སེལ་བྱེད་པ།།   སངས་རྒྱས་རིན་ཆེན་ཟ་མ་ཏོག།   དཔལ་ལྡན་འདུས་པ་ཡོངས་སྤངས་ནས།།   རྣམ་རྟོག་དུ་མས་བརྟགས་པ་ཡིས།།   རྨོངས་པ་དངོས་གྲུབ་འདོད་གྱུར་བ།།   མཁའ་ལ་ཁུ་ཚུར་བརྡེགས་པ་དང༌།།   སྨིག་སྒྱུའི་ཆུ་ལ་འཐུང་བ་བཞིན།།   ཞེས་གསུངས་ལ།   སྒྲོན་གསལ་ལས་ཀྱང༌།   རྒྱུད་སྡེ་གཞན་ཀུན་གྱི་རྩ་བ་དང༌།   མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཏུ་གྱུར་བས་རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོའམ།   མཆོག་ཡིན་པར་གསུངས་ལ།   རྒྱུད་འདི་རང་གི་སྐོར་དུ་མ་ཟད།   རྒྱུད་སྡེ་གཞན་ལས་ཀྱང་མཆོག་ཏུ་བསྔགས་ཏེ།   དམར་ནག་གི་རྒྱུད་གཉིས་ཀ་ལས།    རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ།  མ་བྱུང་འབྱུང་བར་མི་འགྱུར་རོ།།   ཞེས་གསུངས་ལ།   སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པས་ཀྱང༌།   དཔལ་ལྡན་འདུས་རྗེས་ལམ་གྱིས་ནི།།   རིམ་པ་གཉིས་ཀའི་ངོ་བོ་ལ།།  དཔལ་ལྡན་འདུས་པ་ལྷག་ཡིད་འོང༌།།   རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན།།   ཞེས་གསུངས་སོ།།   མཁས་གྲུབ་ཐམས་ཅད་མཁྱེན་པས།    འདི་ལྟར་རྒྱུད་སྡེ་དང་མཁས་གྲུབ་ཀྱི་གཞུང་མཐའ་ཡས་པ་གཅིག་ལས།   གསང་བ་འདུས་པ་མདོ་རྒྱུད་ཐམས་ཅད་ཀྱི་མཆོག་དང༌།   འདི་ཡི་ལམ་ལ་མ་བརྟེན་པར་མཆོག་གི་དངོས་གྲུབ་འགྲུབ་པའི་ཐབས་མེད་པ་དང༌།   རིམ་པ་གཉིས་ཀ་ལ་འདི་མཆོག་ཏུ་གྱུར་བར་གསུངས་པའི་ཚུལ་རྣམས་ལ།   ཚིག་ཙམ་མ་ཡིན་པར་ངེས་པ་རྙེད་པའི་སྒོ་ནས་ལམ་འདི་ལ་དད་པ་བརྟན་པོ་སྐྱེ་བ་ལ་ནི།   ཚེ་འདིར་མ་དག་པའི་ལུས་འདི་སྤངས་ནས་མཚན་དཔེས་བརྒྱན་པའི་སྐུ་སྒྲུབ་པའི་ཚུལ་ནི།    དཔལ་ལྡན་འདུས་པའི་རྒྱུད་དུ་ཆེས་རྒྱས་པར་བཤད་པ།    འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གིས་གསལ་བར་ཕྱེ་བ།   ཡང་དག་པའི་བླ་མ་མཉེས་པར་བྱས་པའི་དྲིན་ལས་ཁོང་དུ་ཆུད་དགོས་ཀྱི།   རྒྱུད་སྡེ་གཞན་ལས་བདེ་སྟོང་སྦྱོར་བ་སོགས་རྒྱས་པར་བཤད་ཀྱང༌།   མ་དག་པའི་ལུས་འདི་སྤངས་ནས།   ཚེ་འདིར་མཚན་དཔེས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་ཤིན་ཏུ་མི་གསལ་ཞིང་མི་རྒྱས་པས་རྒྱུད་གཞན་ལ་བརྟེན་ནས་ཤིན་ཏུ་རྟོགས་དཀའ་བའི་ཚུལ་ལ་མཐའ་ཆོད་པའི་ངེས་པ་རྙེད་དགོས་ཏེ།   དེ་རྙེད་ན་ནི་དཔལ་ལྡན་འདུས་པ་གསུང་རབ་གྱི་མཆོག་དང༌།   ལམ་འདི་ལས་མཆོག་ཏུ་གྱུར་བ་མེད་པ་ལ་མི་ཕྱེད་པའི་དད་པ་རྙེད་པར་འགྱུར་ལ།   ཞེས་གསུངས་པ་ལྟར་རོ།། །།
དཔར་བྱང་སྨོན་ཚིག   རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ།།  གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང༌།།  ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི།།  དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི།།   དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས།།   ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ།།   གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ།།  ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག།
ཅེས་འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན་རྣམ་འདྲེན་ཤཱཀྱ་སེང་གེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས།   ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་རྣམས་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལ་འང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།།