གཞན་སྟོང་ཁས་ལེན་སེང་གེའི་ང་རོ།

གཞན་སྟོང་ཁས་ལེན་སེང་གེའི་ང་རོ་ཞེས་བྱ་བ།

མི་ཕམ་རྣམ་རྒྱལ་རྒྱ་མཚོ།

ན་མོ་གུ་རུ་མཉྫུ་ཤྲཱྀ་ཡེ།  རྒྱལ་བ་མི་ཡི་སེང་གེ་ཉི་མའི་གཉེན།  །བྱམས་ཆེན་བྱམས་པ་ཐོགས་མེད་བརྒྱུད་པ་དང༌།  །གངས་ཅན་འཇིགས་མེད་སེང་གེའི་སྒྲ་སྒྲོག་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ།   །རབ་འབྱམས་སྲས་བཅས་རྒྱལ་བའི་གསང་བའི་མཛོད།  །ངེས་དོན་མདོ་རྒྱུད་མན་ངག་སྙིང་པོའི་བཅུད།  །འཕགས་བོད་མཁས་གྲུབ་དུ་མའི་དགོངས་ཉམས་ཕུལ།  །ཟབ་མོ་དབུ་མའི་ཁས་ལེན་མདོ་ཙམ་བཤད།  །

དེ་ལ་འདིར་གཞན་སྟོང་སྨྲ་བ་རྣམས་ཀྱིས།  རྒྱལ་བའི་བཀའ་ངེས་དོན་འཁོར་ལོ་ཐ་མ་ཕྱིར་མི་ལྡོག་པ་འཇིག་མེད་རྟག་པའི་ལམ་བསྟན་པ་རྣམས་དང༌།   རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི་གསུང་ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱིས་གསུངས་པའི་ཟབ་དོན་རྣམས་དང༌།   མགོན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་སོགས་མདོ་ཡི་ངེས་དོན་གྱི་ལུང་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ་སོགས་སྔགས་རྒྱུད་རྣམས་དང༌།  དེའི་དགོངས་འགྲེལ་གསལ་བྱེད་སེམས་འགྲེལ་སྐོར་གསུམ་སོགས་དགོངས་པའི་གནད་གཅིག་པར།  ཟབ་མོ་ངེས་དོན་དབུ་མ་ཆེན་པོའི་གཞུང་འཛུགས་པར་མཛད་པ་འདི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་དགོངས་གནད་ཅན་ཡིན་ཡང༌། དེང་སང་ནི་གཞུང་སྨྲ་བའི་ཁུར་འཛིན་པ་ཤེས་མི་ཤེས་ཐམས་ཅད་ཀྱི་ཁ་ཐོ་མཆུ་ཐོ་ཅི་ཕོག་བྱེད་པ་ནི་ཤིན་ཏུ་འཁྲུལ་ཏེ།  དེའི་ཚུལ་མདོ་ཙམ་བརྗོད་ན།  གཞན་སྟོང་གི་གྲུབ་མཐའ་ངེས་པར་གཏན་ལ་འབེབ་ན།   དང་པོ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་བཞིན་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་འབེབས་དགོས་ཏེ།  དེ་མ་ཤེས་ན་ཀུན་རྫོབ་རང་ངོ་ནས་སྟོང་ཚུལ་དང༌།   དོན་དམ་གཞན་གྱིས་སྟོང་ཚུལ་གཏན་ལ་མི་ཕེབ་པས། ཐོག་མར་སྤྲོས་བྲལ་སོ་སོར་རང་གིས་རིག་པར་བྱ་བའི་གཏན་ལ་དབབ་པར་བྱའོ།།

 

དེ་ཡི་རྗེས་སུ་དོན་དམ་སྤྲོས་པ་དང་བྲལ་བའི་དོན་དེ་ལྟ་བུ་ནི།   ཡུལ་ཅན་མི་རྟོག་ཡེ་ཤེས་ཀྱིས་རྟོགས་ནས་གནས་སྣང་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་དོན་དམ་ཞེས་བརྗོད་པ་དང༌། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་ལ་ཀུན་རྫོབ་ཅེས་བྱ་སྟེ། ཐ་སྙད་དཔྱོད་པའི་ཚད་མས་དཔྱད་ན་བསླུ་བ་དང་མི་བསླུ་བ།  འཁྲུལ་བ་དང་མ་འཁྲུལ་བའི་ཁྱད་ཡོད་པས།   གང་མི་བསླུ་ཞིང་མ་འཁྲུལ་བ་དེ་དོན་དམ་དང༌།   ཅིག་ཤོས་ལ་ཀུན་རྫོབ་ཀྱི་རྣམ་བཞག་བྱེད་དེ།  བདེན་གཉིས་འཇོག་ཚུལ་སྟོང་བ་དང་སྣང་བ་ལ་བཞག་པ་ཡོངས་གྲགས་ལྟར་དང༌།  གནས་སྣང་མཐུན་མི་མཐུན་ལ་བཞག་པ་བཤད་མ་ཐག་པ་ལྟར་གཉིས་པོ་འདི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་གདོད་ནས་བསྟན་གྱི།  གཞན་སྟོང་སྨྲ་བས་གསར་དུ་རྣམ་བཞག་བྱས་པ་མ་ཡིན་ཏེ།  ཆོས་དང་ཆོས་ཉིད་རྣམ་འབྱེད་ལས་གསུངས་པ་དང༌།  རྒྱུད་བླ་མར་ཡང༌།   རྣམ་དབྱེར་བཅས་པའི་མཚན་ཉིད་ཅན།  །གློ་བུར་དག་གིས་ཁམས་སྟོང་གི  །རྣམ་དབྱེར་མེད་པའི་མཚན་ཉིད་ཅན།  །བླ་མེད་ཆོས་ཀྱིས་སྟོང་མ་ཡིན།།  ཞེས་དང༌།  དེའི་འགྲེལ་བར།  དེ་བཞིན་གཤེགས་པའི་སྙིང་པོ་ནི།  རྣམ་པར་དབྱེ་བ་ཡོད་པ།   བྲལ་ཤེས་པ།  ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་བ་ཡིན་ལ།  རྣམ་པར་དབྱེ་བ་མེད་པ།   བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ༌།།   ཞེས་གསུངས་པ་དང༌།    ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས།   ཇི་ལྟར་མེ་ཡིས་དག་པའི་གོས།  །སྣ་ཚོགས་དྲི་མས་དྲི་མ་ཅན།  །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར།  །དེ་བཞིན་འོད་གསལ་བ་ཡི་སེམས།  །འདོད་ཆགས་ལ་སོགས་དྲི་མ་ཅན།    །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས།    །དེ་ཉིད་འོད་གསལ་མ་ཡིན་ནོ།    །སྟོང་བ་ཉིད་ནི་སྟོན་པའི་མདོ།   །རྒྱལ་བས་ཇི་སྙེད་གསུངས་པ་གང༌།   །དེ་དག་ཀུན་གྱིས་ཉོན་མོངས་ལྡོག   །ཁམས་དེ་ཉམས་པར་བྱེད་མ་ཡིན།།   ཞེས་དང༌།  ཆོས་ཀྱི་རྒྱལ་པོ་རིགས་ལྡན་འཇམ་དཔལ་གྲགས་པས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད།  །ཆུ་ཤིང་བཞིན་དུ་སྙིང་པོ་མེད།  །རྣམ་པ་ཀུན་གྱི་མཆོག་ལྡན་པའི།  །སྟོང་ཉིད་དེ་དང་འདྲ་མ་ཡིན།།  ཞེས་གསུངས།  དེ་ལྟ་ན་དོན་དམ་རང་ངོས་ནས་མི་སྟོང་ཞེས་ཟེར་བ་འདི་རྣམ་པ་ཀུན་ཏུ་བདེན་གཉིས་ཕྱི་མའི་འཇོག་ཚུལ་ལྟར་བྱས་ཏེ།   བདེན་པ་གཉིས་པོ་གཅིག་པ་བཀག་པའི་ཐ་དད་དུ་ཁས་ལེན་པ་ལ་གོ་དགོས་ཀྱི།   སྣང་སྟོང་གི་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་འཇོག་ཚུལ་ལྟར་གོ་བ་དེ་གཏན་མིན་ནོ།།    དེ་ལྟ་ན་གནས་སྣང་མི་མཐུན་པ་འཁྲུལ་བའི་སྣང་བ་རྣམས་ནི།  འཁྲུལ་ངོར་སྣང་དུ་ཟིན་ཀྱང་དོན་ལ་དེ་ལྟར་མ་གྲུབ་པའི་ཕྱིར་ཀུན་རྫོབ་ཅེས་བྱ་ལ།    ཅིག་ཤོས་ནི་མ་འཁྲུལ་བའི་གཟིགས་ངོར་སྣང་བ་ལྟར་གྲུབ་པ་ལ་ཚད་མས་གནོད་པ་མེད་པའི་ཕྱིར་དོན་དམ་དུ་ཡོད་པ་དང་བདེན་པར་གྲུབ་ཅེས་བྱའོ།།    འདི་སྟོང་པ་ལས་ཐ་དད་དུ་གྱུར་པའི་སྣང་བ་བདེན་གྲུབ་ཡིན་མི་དགོས་ཏེ།  དང་པོ་ནས་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་གྲུབ་ཟིན་ནས།  དེ་ལྟ་བུ་གནས་ལུགས་དོན་དམ་བདེན་པར་ཁས་བླངས་ཟིན་པའི་ཕྱིར་རོ།།    དེས་ན་དེ་འདྲའི་དོན་དམ་དེ་རང་ངོས་ནས་མི་སྟོང་སྟེ།    ཐ་སྙད་དུ་དཔེར་ན་ཐག་ཁྲ་ལྟ་བུ་དོན་དམ་བདེན་པ།  སྦྲུལ་ལྟ་བུ་ཀུན་རྫོབ་བདེན་པར་བཞག་དགོས་ཏེ།     གཅིག་ཐ་སྙད་དུ་གྲུབ་པ་དང༌།  གཅིག་མ་གྲུབ་པའི་ཁྱད་ཕྱེད་དགོས་ཀྱི་གཉིས་ཀ་འཁྲུལ་བ་དང༌།  གཉིས་ཀ་བདེན་པ་ཡིན་མི་སྲིད་པ་བཞིན་ནོ།།   དེས་ན་དོན་དམ་རང་གི་ངོ་བོས་མི་སྟོང་སྟེ་དོན་དམ་མ་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པའི་ཕྱིར་དང༌།   ཡོད་པ་དེ་ལ་དེ་ལྟར་མ་ཡིན་པའི་ཚད་མས་གནོད་པ་མི་སྲིད་པ་དང༌།     སྟོང་ཉིད་སྒྲུབ་པའི་རིགས་པ་སྔོན་དུ་བཏང་བས་གྲུབ་དོན་ཡིན་པ་དང༌།     ཐ་སྙད་བདེན་པ་དཔྱོད་བའི་ཚད་མ་ཡང་དག་པས་གྲུབ་པ་ལ།    ལྟ་དང་བཅས་པའི་འཇིག་རྟེན་སུས་ཀྱང་ཆོས་བཞིན་རྒོལ་མི་ནུས་སོ།།   དེ་ལྟར་ན་དོན་དམ་རང་ངོས་ནས་བདེན་པ་དང་མི་བསླུ་བ་ཡིན་པའི་ཕྱིར།   དེ་ལྟར་ཡིན་པའི་ཆོས་ཀྱིས་ནམ་ཡང་མི་སྟོང་སྟེ།   སྟོང་ན་མི་བདེན་པ་དང་འཁྲུལ་པར་འཇོག་པའི་ཚད་མ་ཡོད་དགོས་ན་དེ་མི་སྲིད་པའི་ཕྱིར་རོ།།  གལ་ཏེ་སྲིད་ན་ཞི་བ་མྱ་ངན་འདས་པ་ནི་ཡིད་བརྟན་གྱི་གནས་མ་ཡིན་པར་འགྱུར་དགོས་ན་དེ་ལྟ་བུ་ཁས་ལེན་པ་ནི།    བདུད་དང་མུ་སྟེགས་པ་ཚད་མ་དང་མི་ལྡན་པའི་སྨྲ་བ་ཅན་རྣམས་ལས་བསྟན་པ་འདི་ལ་གུས་པ་དག་གིས་སྨྲ་བ་མ་ཡིན་ནོ།།   གནས་ལུགས་དོན་དམ་དེ་ལྟར་ཡེ་ནས་ཡིན་ཡང༌།     དེ་ལྟར་མ་རྟོགས་པའི་འཁྲུལ་སྣང་གང་ཞིག་མི་བདེན་པ་དང་འཁྲུལ་བ་ཉིད་དུ་བསྒྲུབ་པའི་ཚད་མ་ཡོད་པ་ཅན་ནི་སྐབས་འདིར་ཀུན་རྫོབ་ཅེས་བྱ་སྟེ།    སྒྲིབ་པའི་དོན་ཅན་གྱི་མིང་གི་དོན་དང་མཐུན་པའོ།།  དེས་ན་དོན་དམ་ཀུན་རྫོབ་དེས་སྟོང་སྟེ།  ཀུན་རྫོབ་ཀྱི་མིང་ཅན་འཁྲུལ་སྣང་གིས་བསྡུས་པའི་ཡུལ་དང་ཡུལ་ཅན་དེ་དག་རང་གི་ངོ་བོས་སྟོང་སྟེ།   དཔེར་ན་ཐག་པ་ལ་སྦྲུལ་གྱིས་སྟོང་པ་བཞིན་ནོ།།  དེ་ལྟར་ཤིན་ཏུ་ཡང་ཁས་ལེན་དགོས་ཏེ།  གཞན་སྟོང་ལ་དགག་པ་བྱེད་པའི་གྲུབ་མཐའ་གཞན་མའི་ལུགས་ལྟར་ན།   བདེན་མེད་ནི་དོན་དམ་དཔྱོད་པས་བསྒྲུབ་བྱ་ཡིན་གྱི་དགག་བྱར་ཁས་ལེན་མི་རུང་བ་ལྟར།  སྤྲོས་བྲལ་ནི་མཐར་ཐུག་དཔྱོད་པའི་རིགས་པས་བསྒྲུབ་བྱ་ཡིན་གྱི་དགག་བྱ་མ་ཡིན་པས།  བདེན་མེད་དང་སྤྲོས་པ་མེད་པའི་ཁས་ལེན་མེད་ན་རང་ལུགས་ཀྱི་གྲུབ་མཐའ་འདི་ཡིན་ཞེས་ཅུང་ཟད་ཀྱང་སྒྲུབ་ཏུ་མེད་པར་འགྱུར་བ་ལྟར།  དོན་དམ་པ་ཡང་ཀུན་རྫོབ་དང་འདྲ་བར་རང་སྟོང་ཡིན་ན་དོན་དམ་མ་འཁྲུལ་བ་དང་གནས་ལུགས་སུ་གྲུབ་པ་དང༌།       ཀུན་རྫོབ་འཁྲུལ་པ་དང་དེའི་ངོ་བོར་མ་གྲུབ་པར་བཞག་མི་ཤེས་ཏེ།  འདིའི་སྐབས་ཀྱི་སྟོང་ཞེས་པ་སྟོང་གཞི་གང་ལ་ཆོས་གང་གིས་སྟོང་དཔྱད་པའི་སྐབས་ཡིན་པའི་ཕྱིར་རོ།།   གལ་ཏེ་དོན་དམ་རང་ངོས་ནས་སྟོང་ན་འཁྲུལ་སྣང་དང་མ་འཁྲུལ་པའི་སྣང་བ་ལ་བདེན་རྫུན་དཔྱོད་པའི་ཚད་མས་ཁེགས་མ་ཁེགས་ཀྱི་ཁྱད་པར་མེད་པས།    ཐག་པ་དང་སྦྲུལ་གཉིས་ཀ་ཡོད་མཉམ་མེད་མཉམ་དུ་འགྱུར་བ་བཞིན་ནོ།།   ཀུན་རྫོབ་ཀྱིས་སྟོང་པ་དེས་སྟོང་གོ་ངེས་པར་ཆོད་དེ།  བདེན་གྲུབ་དེ་མ་གྲུབ་པས་བདེན་འཛིན་དེ་འཁྲུལ་ཤེས་ཡིན་པས་བསླུ་ཞིང་འཁོར་བར་འཁྱམས་པ་ཡིན་པས།    དེ་འདྲའི་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་སྐབས་འདིའི་ཀུན་རྫོབ་ཡིན་པས།   དེས་སྟོང་པར་གྱུར་པས་སྟོང་གོ་མ་ཆོད་ན་བདེན་གྲུབ་མེད་པས་ཀྱང་སྟོང་གོ་མི་ཆོད་པ་དང༌།     བདེན་འཛིན་ཁེགས་པས་སྟོང་ཉིད་བསྒོམ་པའི་གོ་མི་ཆོད་པར་འགྱུར་རོ།།        དེ་བཞིན་དུ་སྤྲོས་པའི་ཡུལ་ཅན་ཁེགས་པའི་དབང་གིས་གཟུང་འཛིན་མེད་པའི་སྟོང་ཉིད་ཀྱང་ལུགས་འདི་ལ་ཡོངས་སུ་རྫོགས་པ་ཡིན་ཏེ།  བཟུང་འཛིན་གཉིས་སྣང་གི་སྤྲོས་པ་ཐམས་ཅད་འཁྲུལ་བའི་ཡུལ་དང་ཡུལ་ཅན་གྱིས་བསྡུས་པ་ཡིན་པས་སྐབས་འདིའི་ཀུན་རྫོབ་ཏུ་བཞག་པ་དེས།   དོན་དམ་པར་སྟོང་པས་སྟོང་གོ་མ་ཆོད་ན།            སྤྲོས་བྲལ་གྱིས་སྟོང་གོ་མི་ཆོད་པ་དང༌།   སྤྲོས་བྲལ་བསྒོམ་པའི་བློ་དེས་སྟོང་ཉིད་བསྒོམ་པའི་གོ་མི་ཆོད་པར་འགྱུར་རོ།།   འོ་ན་དོན་དམ་དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་ནམ་ཞེ་ན།  དེ་བདེན་མེད་དང་སྤྲོས་བྲལ་མ་ཡིན་པ་ཞིག་དོན་དམ་ཀྱང་ག་ལ་ཡིན་ཏེ་སྐབས་འདིའི་ཀུན་རྫོབ་བཞིན་ནོ།།   འོ་ན་དོན་དམ་བདེན་མེད་དང་སྟོང་པ་ཡིན་ན།  བདེན་གྲུབ་དང་རང་ངོས་མི་སྟོང་ཞེས་ཅིས་སྨྲ་སྙམ་ན།   སྐབས་འདིའི་བདེན་གྲུབ་དང་མི་སྟོང་པ་ནི་ཐ་སྙད་དཔྱོད་པའི་ཚད་མའི་ངོར་གྲུབ་པ་དང་ཡོད་པ་ལ་བརྗོད་པའི་དོན་ཁྱེད་ཅག་གིས་གཏན་མ་གོ་བར་རྒོལ་བ་ཙམ་དུ་ཟད་དོ།།  འོ་ན་བདེན་གྲུབ་ཀྱང་ཡིན་ལ་བདེན་གྲུབ་མེད་པའང་ཡིན།    སྟོང་ཉིད་ཀྱང་ཡིན་ལ་མི་སྟོང་བའང་ཡིན་པར་ཁས་ལེན་ནམ་ཞེ་ན།    དེ་ག་ལ་ཡིན་ཏེ་ཁྱེད་སྣང་བ་ལ་ཀུན་རྫོབ་དང༌།   སྟོང་པ་ལ་དོན་དམ་དུ་བཞག་པའི་ཡ་གྱལ་གྱི་དོན་དམ་དཔྱོད་པའི་ཚེ་ན་བདེན་མེད་དང་སྤྲོས་བྲལ་དགག་མི་རུང་བར་འདོད་པ་ལྟར།  ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལའང་མ་འཁྲུལ་བའི་དོན་དམ་དང༌།  དེ་མ་འཁྲུལ་བའི་བདེན་པར་གྲུབ་པ་དགག་མི་རུང་བར་འདོད་པ་འདྲ་བའི་ཕྱིར་རོ།།  དེའི་ཕྱིར་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་ཞལ་ནས།  གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ༌།།  འདི་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་ཡོད་དོ།།  ཞེས་གསུངས་པ་ལྟར་རྣམ་པ་ཀུན་ཏུ་དགག་སྒུབ་ཀྱི་གཞུང་འཛུགས་པའི་ཚེ་རིགས་པས་མ་གྲུབ་པ་བཀག་དགོས་ཀྱང༌། རིགས་པས་གྲུབ་པའི་དོན་མི་དགག་པར་ཁས་ལེན་དགོས་ཀྱི་ཐམས་ཅད་མཚུངས་པར་དགག་ན།  རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་ཡང་དག་ཡིན་པ་དང་མིན་པའི་ཁྱད་པར་སྒྲུབ་བྱེད་ཀྱི་ཚད་མ་ལོག་པའི་ཕྱིར་ངེས་ཤེས་གང་ཡང་སྐྱེ་བར་མི་རུང་ངོ༌།།  འོ་ན་དགག་སྒྲུབ་ལས་འདས་པའི་ཆོས་དབྱིངས་སོ་སོར་རང་རིག་པའི་ཡུལ་ཁས་མི་ལེན་ནམ་སྙམ་ན།  ཅིའི་ཕྱིར་ཞེས་ཁོ་རང་ལ་འདྲི་བར་བྱའོ།།  ཁྱོད་མཐའ་གཅིག་ཏུ་དགག་བྱ་འགོག་པ་དང༌།  བསྒྲུབ་བྱ་སྒྲུབ་པའི་ཁས་ལེན་དང་བཅས་པའི་གཞུང་བཙུགས་ནས་ཐམས་ཅད་དགག་པར་མི་འདོད་པའི་དམིགས་པ་ཅན་གྱི་ས་ལ་གནས་པའི་ཕྱིར་ཞེ་ན།  སོ་སོར་རང་རིག་པའི་ཡུལ་གྱི་ཆོས་དབྱིངས་དགག་སྒྲུབ་ལས་འདས་པའི་ཕྱིར།  འདི་ལྟ་བུ་ལ་བདག་ཅག་གིས་དོན་དམ་དུ་འདོད་པ་ཡིན་ལ།  དེ་འདྲའི་དོན་དམ་གྲུབ་ཟིན་དེ་ཉིད་དོན་དམ་དུ་གྲུབ་པ་ཡིན་པར་ཐ་སྙད་ཀྱིས་བསྒྲུབ་པའི་སྐབས་འདིར་དགག་སྒྲུབ་ཅན་བྱས་པ་འདི་གཉིས་འགལ་མེད་ཡིན་ཏེ།  གལ་ཏེ་དོན་དམ་ཐ་སྙད་དུ་རང་ངོས་མི་སྟོང་བར་སྒྲུབ་པའི་ཁས་ལེན་འདི་མེད་ན།   དགག་སྒྲུབ་བྲལ་བའི་དོན་དམ་ཀྱང་མེད་པར་འགྱུར་རོ།།  དེའི་ཕྱིར་ཐ་སྙད་དུ་རང་བཞིན་མེད་པའི་ཁས་ལེན་ལོག་ན་རང་བཞིན་ཡོད་པ་ཉིད་དུ་གྲུབ་པར་འགྱུར་བ་ལྟར།  དོན་དམ་རང་ངོས་ནས་སྟོང་སྟེ་དེ་ལྟར་མ་གྲུབ་པར་གྱུར་ན།   དོན་དམ་དེ་དོན་དམ་མ་ཡིན་པར་ཀུན་རྫོབ་ཏུ་འགྱུར་རོ།།  གལ་ཏེ་དེ་ལྟར་དོན་དམ་རང་གི་ངོས་ནས་བདེན་གྲུབ་དང་སྤྲོས་པ་ཐམས་ཅད་མེད་པར་གྲུབ་ཟིན་དེས་སྟོང་ཉིད་ཀྱི་གོ་མ་ཆོད་པར།    དོན་དམ་རང་ངོས་མི་སྟོང་ཞེས་པའི་ཐ་སྙད་ཀྱི་འཇོག་མཚམས་ཀྱི་ཚིག་ཙམ་དེས་སྟོང་ཉིད་དངོས་པོར་ཞེན་པའི་གསོར་མི་རུང་བའི་ལྟ་བར་གྱུར་པ་དང༌།  སྲིད་ཞི་མཉམ་ཉིད་མིན་པར་དོན་དམ་རྐྱང་པ་རྟག་པ་སེར་ཟུག་ཏུ་གྱུར་པ་སོགས་ཀྱི་སྐྱོན་དུ་འགྱུར་སྙམ་པ་ནི།    གྲུབ་མཐའ་ཆེན་པོ་འདིའི་ཕྱོགས་འགོ་ཙམ་ཡང་མ་གོ་པ་སྟེ།   སྟོང་ཉིད་བདེན་མེད་སྤྲོས་བྲལ་དུ་ཁས་བླང་བཞིན་དེ་ལ་བདེན་གྲུབ་དང་སྤྲོས་པ་ཇི་ལྟར་ཡོད།   དོན་དམ་དོན་དམ་དུ་གྲུབ་པར་བརྗོད་ཙམ་དེ་ཀུན་རྫོབ་མིན་པར་བསྟན་པའི་སྒོ་ནས་སྟོང་མི་སྟོང་གི་ཐ་སྙད་བྱེད་པ་དེ།   སྐབས་འདིའི་བསྒྲུབ་བྱ་ཡིན་པས་ཐ་སྙད་དུ་དེ་ལྟར་ཁས་བླངས་པས་སྟོང་ཉིད་དངོས་པོར་དམིགས་པའི་ལྟ་བ་ཅན་དུ་འགྱུར་ན། བདེན་མེད་དུ་ཁས་བླངས་པས་སྟོང་ཉིད་དངོས་པོར་མེད་པའི་མཚན་མར་ཞེན་པའི་གསོར་མི་རུང་བའི་ལྟ་བར་འགྱུར་བ་དང༌། སྤྲོས་བྲལ་ཁས་བླངས་པས་སྟོང་ཉིད་ནི་བརྗོད་དུ་མེད་པའི་དངོས་པོར་དམིགས་པའི་ གསོར་མི་རུང་བའི་ལྟ་བར་འགྱུར་བ་མཚུངས་སོ།།   མདོར་ན་སྐབས་འདིའི་དོན་དམ་དང་ཀུན་རྫོབ་ཀྱི་གདགས་གཞི་ནི།  འཁྲུལ་བ་མེད་པ་དང་འཁྲུལ་བའི་ཡུལ་ཡུལ་ཅན་སོ་སོ་ལ་འཇོག་ཅིང༌།   མ་འཁྲུལ་བའི་དོན་དམ་དེ་བློ་མ་འཁྲུལ་བའི་ཡུལ་དུ་ཡོད་པ་དང་བདེན་པ་དང་དེ་ཉིད་ཀུན་རྫོབ་འཁྲུལ་བའི་ཕྱོགས་ཀྱིས་སྟོང་པར་ཁས་ལེན་ལ།   ཐ་སྙད་དུ་རང་ངོས་ནས་མི་སྟོང་སྟེ་འཕགས་པའི་གཟིགས་ངོར་ཡོད་པར་འདོད་དོ།།

དོན་དམ་རང་ངོས་ནས་སྟོང་ན་དེ་ཀུན་རྫོབ་ཀྱི་སྟོང་གཞིར་བཞག་ཏུ་མེད་པར་འགྱུར་ལ།  དེ་ལྟ་ན་འཕགས་པའི་མཉམ་བཞག་གི་ཡུལ་དུ་ཆོས་གང་ཡོད་པ་དང་མེད་པའི་ཁྱད་པར་བཞག་མི་ཤེས་པས།  དོན་དམ་དོན་དམ་མིན་པ་དང༌།  ཀུན་རྫོབ་ཀུན་རྫོབ་མིན་པར་དོན་དམ་དང་མགོ་མཉམ་པར་འགྱུར་རོ།།  དེས་ན་རྣམ་པ་ཀུན་ཏུ་ཁས་ལེན་འདི་ལྟར་མ་བྱས་ན་མི་རུང་ཞིང༌།  དེ་ལ་སྐྱོན་ཅི་བརྗོད་པ་ཐམས་ཅད་སྟོང་ཉིད་བདེན་མེད་སྤྲོས་བྲལ་དུ་སྨྲ་བ་རྣམས་ལ་ཇི་སྲིད་མཚུངས་པར་སྐྱོན་འབབ་པོ།།

འཁོར་འདས་གཉིས་ཡོད་པ་དང་མེད་པའི་སྒོ་ནས་ཐ་དད་དུ་སོང་བས་སྲིད་ཞི་མཉམ་ཉིད་མེད་པ་མ་ཡིན་ཏེ།   འཁྲུལ་པའི་འཁོར་བ་དང་མ་འཁྲུལ་པའི་མྱང་འདས་གཉིས་ཀ་ཡིན་པ་ཐ་སྙད་དུ་ནམ་ཡང་མི་སྲིད་ལ། འཁོར་བར་སྣང་ཡང་དེ་ལྟར་མ་གྲུབ་པར།  འཁོར་བའི་རང་བཞིན་གདོད་ནས་དག་པའི་དོན་དམ་མྱང་འདས་ཆེན་པོར་གནས་པ་ཉིད་སྐབས་འདིའི་བསྒྲུབ་བྱ་ཡིན་པས་དེ་ལ་སྲིད་ཞི་མཉམ་ཉིད་ཅེས་བརྗོད་ཀྱི། སུའི་ལུགས་ལའང་ཆོས་ཐམས་ཅད་དོན་དམ་པའི་དབྱིངས་ཉིད་དུ་ཡེ་ནས་ གནས་པ་ལ་སྲིད་ཞི་མཉམ་ཉིད་ཅེས་བརྗོད་ཀྱི།  འཁོར་བ་མྱང་འདས་ཀྱི་གཞི་མཐུན་ཁས་ལེན་པ་མེད་དོ།། གཞན་ཡང་དོན་དམ་པ་དོན་དམ་པའི་མི་སྟོང་སྟེ།  དོན་དམ་པ་དོན་དམ་པར་རང་གིས་སྟོང་ན་དོན་དམ་དེ་དོན་དམ་མིན་པར་ཀུན་རྫོབ་འཁྲུལ་བའི་སྣང་བར་ཐལ་ལོ།།  དེ་ལྟར་སྨྲས་པས་ཤིན་ཏུ་རྒོལ་བར་འདོད་པ་རྣམས་ཉོན་ཅིག     ཁྱེད་ཅག་གིས་བུམ་པ་བུམ་པས་མི་སྟོང་བུམ་པ་བདེན་གྲུབ་ཀྱིས་སྟོང་ངོ་ཞེས་མ་སྨྲས་སམ།   དེ་ལྟར་ན་ཐ་སྙད་དུ་ཡོད་པའི་ཆོས་ཐམས་ཅད་རང་སྟོང་མིན་པར་གཞན་བདེན་གྲུབ་ཀྱིས་སྟོང་པར་ཁས་ལེན་རིགས་ན།དོན་དམ་དོན་དམ་གྱིས་མི་སྟོང་པར་ཁས་བླང་བ་འཐད་པ་དང་བཅས་པར་ཁྱེད་ཅག་གིས་ཁས་བླངས་སོ།།

དོན་དམ་དོན་དམ་གྱིས་མ་སྟོང་ ན་བདེན་གྲུབ་ཀྱིས་མི་སྟོང་བར་འགྱུར་རོ་ཞེས་བུམ་པ་སོགས་ལའང་མཚུངས་སོ།། དེས་ན་ངེད་ཀྱི་དོན་དམ་དོན་དམ་གྱིས་མི་སྟོང་ཡང་ཀུན་རྫོབ་ཀྱིས་པའི་ཕྱིར་འཁྲུལ་སྣང་རྫུན་པ་བདེན་པར་གྲུབ་པ་ལྟ་ཅི་སྨོས་ཀྱི།   ཀུན་རྫོབ་གཉིས་སྣང་ཐམས་ཅད་ཀྱིས་སྟོང་པར་ཁས་བླངས་པས་སྟོང་གོ་མ་ཆོད་ན།  ཀུན་རྫོབ་གཉིས་སྣང་ཐམས་ཅད་ཀྱིས་མ་སྟོང་བར་བདེན་གྲུབ་ཡན་གར་བ་ཀུན་བཏགས་ཀྱི་སྤྱོད་ཡུལ་ཁེགས་པས་སྟོང་གོ་ཇི་ལྟར་ཆོད།  བདེན་གྲུབ་ཁེགས་ཀྱང་བདེན་མེད་མི་ཁེགས་མི་འགོག་བཀག་མི་རུང་བར་འདོད་པ་ལྟར།  ཀུན་རྫོབ་འཁྲུལ་པ་རྣམས་ཁེགས་ཀྱང་དོན་དམ་མ་འཁྲུལ་བ་མི་ཁེགས་མི་འགོག་བཀག་མི་རུང་བར་མཚུངས་སོ།།   མདོར་ན་ཁྱོད་ཀྱིས་བདེན་མེད་སྒྲུབ་པའི་རིགས་པས་ཀུན་རྫོབ་མ་བཀག་པས་སྟོང་གཞི་ཀུན་རྫོབ་ཏུ་སོང་བས་དོན་དམ་པ་ཀུན་རྫོབ་ཀྱིས་མ་སྟོང་པར་ཁས་བླང༌།  བདག་ཅག་གིས་སྟོང་གཞི་དོན་དམ་ཀུན་རྫོབ་གྱིས་སྟོང་པར་ཁས་བླང་བས།  སྟོང་གཞི་བདེན་མེད་མེད་དགག་ལ་བདེན་གྲུབ་ཀྱིས་སྟོང་པས་སྙིང་པ་ཕྱང་ཆད་དང༌།   རང་ངོས་ནས་མ་སྟོང་བའི་ཀུན་རྫོབ་ཀྱི་སྣང་བ་ཕྱང་ཆད་བདེན་གྲུབ་ཡན་གར་བར་སྟོང་པའི་སྟོང་གཞི།   སྣང་སྟོང་གཉིས་ཟུང་དུ་ནམ་ཡང་འདྲེ་བ་མེད་པར་གནས་པ་སྲིད་ཞི་མཉམ་ཉིད་བདེན་པ་གཉིས་ཀྱི་ངོས་ནས་ནམ་ཡང་མི་སྲིད་དོ།།   དེས་ན་དེ་འདྲ་བ་སྤྲོས་ལ་གནད་དུ་ཁེལ་བར་གྱིས་ཤིག   ངེད་ཀྱི་ལུགས་ལ་ཡུལ་སྟོང་བ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་ཀ་དོན་དམ་ཡིན་ཞིང༌།  དེ་གཉིས་ཡང་དག་པའི་དོན་དུ་སྣང་སྟོང་བདེན་གཉིས་ཐ་དད་མེད་པས་དོན་དམ་པའི་ཆོས་ཀྱི་དབྱིངས་ནི་སྟོང་པ་ཕྱང་ཆད་མ་ཡིན་ཏེ།  རྣམ་དབྱེར་མེད་པའི་སྐུ་དང་ཡེ་ཤེས་ཀྱིས་མི་སྟོང་པར་ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ཀྱི་སྐུར་གནས་སོ།།  ཁྱོད་ཀྱི་དོན་དམ་མེད་དགག་ཕྱང་ཆད་ནི་ཐ་སྙད་ཀྱི་སྣང་བ་ལས་ཐ་དད་དུ་གྱུར་པའི་དངོས་མེད་ཡིན་ལ།  སྐུ་དང་ཡེ་ཤེས་ཀྱི་ཆ་ཙམ་ཡང་སྔར་མེད་ཕྱིས་མེད་ནམ་ཡང་མེད།  དེ་དང་ཐ་དད་དུ་གྱུར་པའི་ཀུན་རྫོབ་རྣམས་ཡོད་ཀྱང་དེས་སྟོང་བ་ལ་མི་ཕན་ཏེ་རང་རང་སོ་སོ་ནམ་ཡང་མི་འདྲེ་འདྲེ་མི་རུང་བ་ཡིན།  དེ་ལྟ་ན་འཁོར་རྩ་བདེན་འཛིན་དེའི་ཡུལ་མེད་པས།  དེ་འདྲའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་འཁྲུལ་བ་ཡིན་པས།  ཁྱོད་ཀྱི་ལུགས་ལ་ཀུན་རྫོབ་ནི་བདེན་གྲུབ་དང་བདེན་

འཛིན་ཁོ་ན་ལ་འཇོག་དགོས་སོ།།

ཐ་སྙད་ཀྱི་སྣང་བ་རྣམས་ནི་དོན་དམ་པ་མིན་ཏེ་སྟོང་པ་ཉིད་མིན་པའི་ཕྱིར་དང༌།  ཀུན་རྫོབ་མིན་ཏེ་མ་འཁྲུལ་བའི་སྣང་བའམ་དོན་དམ་དཔྱོད་པའི་དཔྱད་བཟོད་ཡིན་པའི་ཕྱིར་ཏེ།  བདེན་གྲུབ་ཏུ་དཔྱད་བཟོད་མིན་ཡང་ཐ་སྙད་རང་ངོས་མི་སྟོང་པའི་དཔྱད་བཟོད་ཡིན་པའི་ཕྱིར།  དེ་ལྟ་ན་བདེན་མེད་དང་ཐ་སྙད་ཐམས་ཅད་དོན་དམ་དུ་྄འགྱུར་རོ།།   བདེན་གྲུབ་འབའ་ཞིག་ཀུན་རྫོབ་ཏུ་འགྱུར་རོ།།   བདེན་འཛིན་ནི་རྫས་སུ་ཡོད་པས་བུམ་སོགས་དང་འདྲའོ།།  ཡུལ་བདེན་སྣང་དང་ཡུལ་ཅན་བདེན་འཛིན་གཉིས་གནས་སྣང་མི་མཐུན་པའི་ཀུན་རྫོབ།  བདེན་མེད་དང་བདེན་མེད་དུ་འཛིན་པ་གཉིས་ཀ་གནས་སྣ་མཐུན་པའི་དོན་དམ་དུ་འདོད་རིགས་ཀྱི།  གཉིས་སྣང་མེད་པའི་ཡུལ་ཅན་གཉིས་ཀ་ལ་དོན་དམ་དང༌།   དེ་ཡོད་པ་ཀུན་རྫོབ་ཏུ་འཇོག་པའི་ལུགས་ཁས་ལེན་མི་རིགས་ཏེ།  བུམ་སོགས་རང་ངོ་ནས་མི་སྟོང་ན་གཉིས་སྣང་ཡོད་པ་དང་གཉིས་འཛིན་ཀྱི་བློ་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་དུ་འགྱུར་ལ།  གཉིས་སྣང་མེད་པ་དང་གཉིས་འཛིན་མེད་པ་གནས་སྣང་མི་མཐུན་པའི་འཁྲུལ་ཤེས་སུ་འགྱུར་རོ།།  མདོར་ན་ཁྱོད་ཀྱི་ལུགས་ལ་རིགས་པས་དགག་བྱ་བདེན་གྲུབ་འབའ་ཞིག་ཡིན་པས།  སྟོང་ཉིད་བསྒོམ་པས་སྤངས་བྱ་ནི་བདེན་སྣང་དང་བདེན་འཛིན་ཁོ་ན་ཡིན་གྱི་གཞན་གང་ཡང་མིན་ན།  འཕགས་སློབ་ཀྱི་མཉམ་བཞག་ལ་བདེན་གྲུབ་ཀྱིས་སྟོང་པའི་ཀུན་རྫོབ་ཐམས་ཅད་ཅིའི་མི་སྣང༌།  རིགས་པས་དགག་བྱ་མིན་ཡང་ལམ་གྱིས་བཀག་སྟེ་མི་སྣང་ངོ་ཞེ་ན།  སྒྲིབ་ཤིང་འདྲ་བའི་ལམ་དེས་ཡོད་པའི་དངོས་པོ་རྣམས་མི་སྣང་བར་བྱས་ནས།  མེད་པའི་དོན་སྣང་ན།  གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བས།  །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག།   ཅེས་པ་ལྟ་བུའི་ལམ་དེ་ཡ་མཚན་ནོ།།  ངེད་ཀྱི་ལུགས་ལ་དོན་དམ་པ་མངོན་དུ་གཟིགས་པའི་ཚེ།  ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བ་མེད་པའི་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས།  དེ་ལ་བདེན་སྣང་དང་བདེན་འཛིན་ཇི་ལྟར་མངའ།  སྤྲོས་པའི་ཡུལ་དང་སྤྲོས་པ་ཇི་ལྟར་མངའ།  དེ་ལྟ་བུ་ལ་དོན་དམ་དུ་གདགས་པར་བྱས་ནས།  མ་འཁྲུལ་བའི་དོན་དམ་དེ་སྟོང་གཞིར་བཟུང་ནས། དེ་ལ་འཁྲུལ་སྣང་འཁོར་བ་ཀུན་རྫོབ་ཕྱོགས་ཀྱི་ཡུལ་དང་ཡུལ་ཅན་གྱིས་སྟོང་པ་ཡིན་ཞེས་བྱའོ།།   །།

དོན་དམ་ངོ་བོ་སྤྲོས་པ་ལས་འདས་ཀྱང༌།  །

དོ་དམ་སྒྲུབ་ཚེ་དོན་དམ་གང་ཡིན་དང༌།  །

ཀུན་རྫོབ་ཕྱེས་ནས་འཁྲུལ་དང་མ་འཁྲུལ་བའི། །

ཁས་ལེན་འདི་ལྟར་མ་བྱས་ཅིར་མི་རུང༌། །

རང་བཞིན་མེད་པས་ཆོས་ཀུན་སྤྲོས་བྲལ་ཀྱང༌། །

སྤྲོས་བྲལ་བཀག་ནས་མེད་དགག་ནན་སྒྲུབ་རྣམས། །

རང་བཞིན་མེད་པ་མཐའ་གཅིག་ཁས་ལེན་ཞེས། །

ཚིག་འདི་ ཙམ་ཞིག་གྲུབ་མཐའི་སྐྱབས་སུ་བཟུང༌། །

དེ་ལྟར་བཟུང་ཚེ་དོན་དམ་རང་ངོས་ནས། །

མི་སྟོང་ཞེས་པའི་ཁས་ལེན་དེ་དག་ཀྱང༌།  །

མི་འདོད་བཞིན་དུ་བདེན་མེད་ཁས་བླངས་པའི།  །

ཚུལ་དེས་ཁས་ལེན་མ་བྱས་རང་དབང་མེད།  །

དོན་དམ་རང་ངོས་མི་སྟོང་སྨྲས་པ་ན།  །

དོན་དམ་དོན་དམ་ཉིད་དུ་གྲུབ་པས་ལེགས།  །

བུམ་པ་རང་ངོས་མི་སྟོང་ཞེས་སྨྲས་ན།  །

ཆོས་ཀུན་མི་སྟོང་རྟག་པར་ལྟ་བ་དང༌།  །

ཉི་ཚེའི་སྟོང་པའི་སྟོང་པ་དངོས་མེད་པོ།  །

ཆ་གཉིས་འཛིན་པའི་རྟག་ཆད་ལྟ་བ་བསྒྲུབས།  །

དོན་དམ་རྟག་དང་བདེན་དང་མི་སྟོང་ཞེས།  །

ཐ་སྙད་ཚད་མས་གྲུབ་ཅིང་དེ་ཤེས་ན། །

ལམ་གྱི་ཡོན་ཏན་ཀུན་འཛིན་རྟག་ཆད་ཀྱི། །

མཐའ་ལ་ཞེས་པའི་ལྟ་བ་ངན་པ་འགོག  །

རྟག་ཚད་རྟག་ལྟ་ཆད་ཚད་ཆད་ལྟ་མིན།  །

ཡོད་ཚད་ཡོད་མཐའ་མེད་ཚད་མེད་མཐའ་མིན།  །

ཞེས་སུ་གངས་ཅན་མཁས་པར་གྲགས་རྣམས་བཞེད། །

དེ་བཞིན་ཐ་སྙད་ཚད་མས་ལེགས་དཔྱད་ན།  །

རྟག་དང་མི་རྟག་སྟོང་དང་མི་སྟོང་དང༌།   །

བདེན་དང་མི་བདེན་ཡོད་མེད་ཁྱད་ཡོད་པ།  །

དེ་དག་མཐའ་མིན་ཤན་འབྱེད་བློ་ཡིས་རྟོགས། །

མཐར་ཐུག་དོན་དམ་དཔྱོད་པའི་ཡེ་ཤེས་ལ།  །

ཡོད་མེད་ལ་སོགས་སྤྲོས་པ་མི་མངའ་བར།  །

གཞན་སྟོང་སྨྲ་བའི་མཁས་གྲུབ་ཀུན་གྱིས་བཞེད།  །

ཁྱོད་ཀྱིས་དོན་དམ་དཔྱོད་པའི་དཔྱད་ངོར་ཡང༌།  །

བདེན་མེད་སྤྲོས་པ་ཡོད་ཅེས་ཁས་ལེན་མཛད།  །

དོན་དམ་དཔྱོད་པའི་དཔྱད་ངོར་ཡོད་གྱུར་ཅིང༌།  །

དོན་དམ་གཟིགས་པའི་ཡུལ་དུ་གང་ཡོད་པ།  །

དེ་དག་མི་སྟོང་པ་དང་བདེན་གྲུབ་དང༌།  །

དེ་ལྟར་དམིགས་པར་བཤད་ན་འགལ་བ་ཅི།  །

བདེན་མེད་གཟིགས་ངོར་བདེན་མེད་སྟོང་གྱུར་ན།  །

བདེན་མེད་མ་གཟིགས་པ་དང་ཁྱད་པར་ཅི།  །

བདེན་མེད་དེ་ཡང་སྟོང་བར་གཟིགས་སྙམ་ན། །

བུམ་སོགས་སྟོང་པར་གཟིགས་ན་མི་རུང་ཅི། །

བུམ་སོགས་བདེན་པས་སྟོང་གི་རང་མི་སྟོང༌།  །

སྟོང་ན་བུམ་སོགས་ཐ་སྙད་དུ་མེད་ན།  །

དོན་དམ་གཟིགས་ངོར་དོན་དམ་མི་སྟོང་པ།  །

དེ་ཡང་དེ་དང་འདྲ་བར་ཅིས་མི་འགྱུར།   །

མདོར་ན་དོན་དམ་རང་ངོས་མི་སྟོང་ཞེས་པའི་དོན་ཅི་ཡིན་ཞེས་འདྲི་ན།  དོན་དམ་བདེན་པ་དོན་དམ་བདེན་པས་མི་སྟོང་པའི་དོན་ཡིན་ཞེས་སྨྲའོ།།  དེ་ལ་ཁོ་ན་རེ།  དེ་ལྟ་ན་དོན་དམ་བདེན་གྲུབ་ཏུ་འགྱུར་ཞེ་ན།   བུམ་པ་བུམ་པས་མི་སྟོང་ན་བུམ་པ་བདེན་གྲུབ་ཏུ་འགྱུར་རོ་ཞེས་བསྒྲེའོ།།  བུམ་པ་བུམ་པས་སྟོང་ན་བུམ་པ་དེ་བུམ་པ་མིན་པར་འགྱུར་བས་བུམ་པ་ཐ་སྙད་དུ་མེད་པར་མི་འགྱུར་རམ་ཞེ་ན།  འགྱུར་དུ་ཆུག་སྟེ།  དེ་ལྟ་ན་དོན་དམ་བདེན་པ་དོན་དམ་བདེན་པས་སྟོང་ན།  དོན་དམ་བདེན་པ་དོན་དམ་བདེན་པ་མིན་པར་འགྱུར་ཞིང༌།  དོན་དམ་པ་ཐ་སྙད་དུ་ཡང་མེད་པར་འགྱུར་བ་མཚུངས་སོ།། དེས་ན་དོན་དམ་དཔྱོད་པས་རིགས་ཤེས་ལ་བདེན་མེད་དང་སྤྲོས་བྲལ་དང་སྟོང་ཉིད་དང་དོན་དམ་རྣམས་བསྒྲུབ་བྱར་ཁས་ལེན་གྱི་དགག་བྱར་ཁས་ལེན་མི་རིགས་པས་ན།   བདེན་མེད་སོགས་

དེ་དག་ཡིན་ཞེས་མཐའ་གཅིག་ཏུ་ཁས་ལེན་དགོས་ཀྱི།  མིན་ཞེས་ཁས་མི་ལེན་པ་དེས་དོན་དམ་དང་སྟོང་པ་ཉིད་ནི་བདེན་པ་དང་ཡོད་པ་དང་མི་སྟོང་པར་ཁས་ལེན་དགོས་ཀྱི།   མི་བདེན་པ་དང་མེད་པར་སྟོང་ངོ་ཞེས་ཁས་མི་ལེན་ནོ།།

དོན་དམ་གཟིགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱིས།  བདེན་མེད་སོགས་གོང་གི་དེ་རྣམས་གཟིགས་པ་དང་འཛིན་པ་དང༌།  དེའི་ཡུལ་དུ་ཡོད་པ་དང་བདེན་པར་ཁས་ལེན་དགོས་པ་དེས་ན།  ཡེ་ཤེས་དེས་དེ་དག་མི་གཟིགས་མི་འཛིན་དེའི་ཡུལ་དུ་མེད་དེའི་ངོར་མི་བདེན་ཞེས་ཁས་ལེན་མི་རུང་བ་ལྟར། དོན་དམ་སྟོང་པ་ཉིད་ནི་འཕགས་པའི་གཟིགས་ངོར།  ཡོད་པ་དང་བདེན་པར་གྲུབ་པ་སོགས་སུའང་ཁས་ལེན་ནོ།།  བདེན་གྲུབ་ཏུ་ཁས་བླང་ན་སྟོང་ཉིད་ལ་བདེན་ཞེན་མི་འགོག་གོ་ཞེ་ན།  དེ་ལ་ཐ་སྙད་དུ་བདེན་ཞེན་བཀག་མི་རུང་སྟེ་བདེན་དོན་ལ་བདེན་པར་གྲུབ་བོ་སྙམ་པ་རིགས་པ་དང་ལམ་གྱིས་འགོག་རྒྱུའི་བདེན་ཞེན་མ་ཡིན་ཏེ་བདེན་མེད་ལ་བདེན་མེད་དུ་འཛིན་པ་དགག་བྱ་མ་ཡིན་པ་བཞིན་ནོ།།  དོན་དམ་དཔྱད་བཟོད་ཀྱི་བདེན་གྲུབ་ནི་འདིའི་སྐབས་སུ་དཔྱད་དགོས་པ་མིན་ཏེ།  དོན་དམ་ཉིད་བསྒྲུབ་པའི་རིགས་པས་སྔར་ནས་གཏན་ལ་ཕབ་ཟིན་ཡིན་པ་དང༌།  །ཀུན་རྫོབ་ཀྱིས་སྟོང་པར་བཤད་པའི་ཁོངས་སུ་བདེན་གྲུབ་ཀྱིས་སྟོང་པ་འདུས་པའི་ཕྱིར་རོ།། དེའི་ཕྱིར་ཁྱེད་ཅག་བདེན་མེད་ལ་བདེན་གྲུབ་མེད་ཀྱང་བདེན་མེད་དུ་འཛིན་པ་ནམ་ཡང་བཀག་མི་རུང་བར་སྨྲས་པ་ལྟར། དོན་དམ་པ་ལ་དོན་དམ་དཔྱོད་པའི་དཔྱད་བཟོད་ཀྱི་ཆོས་ཀྱིས་སྟོང་ཡང༌། དོན་དམ་པ་ཉིད་བདེན་པར་གྲུབ་པ་དང་རང་གི་ངོ་བོས་མི་སྟོང་བར་འཛིན་པ་བཀག་མི་རུང་བ་རྣམ་པ་ཀུན་ཏུ་མཚུངས་སོ།།

དོན་དམ་དཔྱོད་པས་དཔྱད་ན་དཔྱད་བཟོད་པ་དང༌།  དེས་མི་ཁེགས་པའི་ཆོས་དོན་དམ་པར་གྲུབ་པ་གང་ཡང་ཁས་མི་ལེན་བཞིན་དུ།  བདེན་གྲུབ་འབའ་ཞིག་དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་དགག་བྱ་དང༌།  མི་རྟོག་ཡེ་ཤེས་ཀྱི་སྤང་བྱ་ཡིན་པར་འདོད་ཀྱི། ཆོས་སུ་དམིགས་པ་ཐམས་ཅད་དེ་གཉིས་ཀས་དགག་བྱ་དང་སྤངས་བྱ་ཡིན་པར་འདོད་ན།  ཧྭ་ཤང་གི་ལྟ་བ་ལྟར་ཤིན་ཏུ་མི་རུང་བ་དང་སྨྲ་བ་དེ་དག་གི་ལྟར་ན་རིགས་ཤེས་ཡེ་ཤེས་གཉིས་ཀས་གཉིས་སྣང་གི་ཀུན་རྫོབ་དགག་པ་དང་སྤངས་བར་བྱེད་ཀྱི།  ཀུན་རྫོབ་ཀྱིས་སྟོང་པའི་ཡུལ་དོན་དམ་པ་དང༌།  ཡུལ་ཅན་ཡེ་ཤེས་དང༌།  ཡེ་ཤེས་ཀྱིས་གཟིགས་པའི་ཆོས་གང་ཞིག་དོན་དམ་དུ་འགྱུར་བ་རྣམས་མི་དགག་མི་སྤོང་བར་གྱུར་པ་འདི་ཡང་ལེགས་པར་འགྲུབ་སྟེ།  དམིགས་པ་ཐམས་ཅད་དུས་ཐམས་ཅད་དུ་དགག་བྱ་དང་སྤང་བྱར་བཟུང་ན།  ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཐམས་ཅད་རིགས་པ་དང་ལམ་གྱི་དགག་བྱར་སོང་བས་ཅི་ཡང་མེད་པའི་ཆད་སྟོང་ནམ་མཁའ་ལྟར་འགྱུར་རོ།།   དེས་ན་གཞན་སྟོང་སྨྲ་བས་བཞག་པའི་ཁས་ལེན་འདི་དག་ལ་ཐན་དུ་ལྟ་བའི་གངས་ཅན་པ་ཐམས་ཅད་ཀྱིས་ཀྱང༌།  རང་གི་ཁས་བླང་དེ་དག་གིས་མི་འདོད་བཞིན་དུ་གཞན་སྟོང་གི་ཁས་ལེན་ཐམས་ཅད་རང་གྲུབ་ཏུ་སོང་ངོ༌།།

དེའི་ཕྱིར་ཡོད་ཚད་དང་མེད་ཚད་བདེན་ཚད་དང་མི་སྟོང་ཚད་མཐའ་ཡིན་པ་དང༌།  དེ་འཛིན་པའི་བློ་ཐམས་ཅད་མཐར་འཛིན་ཏུ་མི་འགྲོ་སྟེ།   བཅོམ་ལྡན་འདས་ཀྱིས་ཡོད་པའང་ཡོད་པར།  མེད་པའང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།།   ཞེས་གསུངས་པ་ལྟར།  རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས།  ཡོད་ཚུལ་མེད་ཚུལ་བདེན་པར་གྲུབ་པ་དང་མ་གྲུབ་པ།     སྟོང་བ་དང་མི་སྟོང་པ་སོགས་ལེགས་པར་ཤན་ཕྱེས་ནས་རྣམ་པར་བཞག་པ་འདི་དག་ཐ་སྙད་མ་འདྲེས་སོ་སོར་འབྱེད་པའི་ཇི་སྙེད་པའི་དོན་ལ་དཔྱོད་པའི་ཚད་མ་འགྲུབ་པ་ཡིན་པས་དགག་པར་བྱར་མེད་དོ།།

མི་མཆོག་སྐྱོབ་པ་ཤཱཀྱ་སེང་གེ་ཡིས།  །

མི་བསྙེངས་འཁོར་ལ་སེང་གེའི་སྒྲ་བསྒྲགས་པའི།  །

ངེས་དོན་སྙིང་པོ་མཐར་ཐུག་འདི་ཁོ་ནར།  །

ངེས་པ་རྙེད་རྣམས་མི་ལྡོག་ལུང་བསྟན་འཚེངས།   །

ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་དང༌།   །

འཕགས་པའི་སར་བཞུགས་ཀླུ་སྒྲུབ་ཐོགས་མེད་ཀྱི།  །

དགོངས་པའི་ཆུ་ཀླུང་ཡེ་ཤེས་ཀློང་དུ་གཅིག   །

འགལ་འདུར་མཐོང་བ་རང་བློའི་སྐྱོན་དུ་ཟད།  །

ཆོས་ཀུན་ངོ་བོ་སྟོང་པ་ཡིན་མོད་ཀྱི།  །

རང་བཞིན་འོད་གསལ་སྐུ་དང་ཡེ་ཤེས་ཁམས།  །

ཡེ་ནས་ལྷུན་གྲུབ་ཉི་དང་ཟེར་བཞིན་གནས།  །

སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོའི་ཚུལ།  །

འཕགས་པའི་གཟིགས་ངོར་མི་བསླུ་དོན་དམ་བདེན།  །

ཀུན་རྫོབ་གཉིས་སྣང་འཁྲུལ་བ་རྫུན་པ་སྟེ།  །

གནས་སྣང་འབྱེད་པའི་ཤེས་རབ་མིག་སྦྱྀན་པའི།  །

ལེགས་བཤད་མཆོག་འདི་ནོར་བུའི་སྒྲོན་མེ་འདྲ།  །

དེ་སླད་གཟུར་གནས་སྐལ་བཟང་བློ་ལྡན་རྣམས། །

ཟབ་མོའི་ཚུལ་འདིར་ལྟ་བའི་མིག་བསྒྲུབ་སྟེ།  །

ངེས་དོན་སྙིང་བོའི་ཁང་བཟངས་ལ་ཞུགས་ནས། །

རང་གཞན་དོན་གཉིས་འབྱོར་བས་ཕྱུག་པར་མཛོད།  །

འདིར་འབད་དགེ་འབྲས་སྟོན་ཟླ་གསར་བའི་གཟིས། །

སྙིགས་ལྔའི་རྒུད་པའི་ཚ་གདུང་གཏན་བཅིལ་ཞིང༌།  །

ཐུབ་དབང་ལུང་རྟོགས་བསྟན་པའི་ཀུ་མུད་ཚལ།  །

རབ་རྒྱས་རྣམ་གྲོལ་ཆུ་གཏེར་འཕེལ་གྱུར་ཅིག  །

བདག་ཀྱང་སྐྱེ་ཀུན་འཇམ་མགོན་བླ་མ་ཡིས།  །

རྗེས་བཟུང་ལུང་རིགས་མན་ངག་རྩལ་རྫོགས་ནས།  །

ཐེག་མཆོག་གངས་རིའི་སྤོ་ལ་གནས་བཅས་ཏེ།  །

འཇིགས་མེད་སེང་གེའི་སྒྲ་དབྱངས་སྒྲོག་བྱེད་ཤོག  །

ཅེས་པའང་གངས་ཁྲོད་སྨྲ་བའི་སེང་གེ་གཅིག་པུར་གྱུར་པ་རྗེ་བླ་མ་ཐམས་ཅད་མཁྱེན་པ། ༧ མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་རྩོམ་གཞིའི་ས་བོན་ཙམ་མདོར་བསྡུས་གནང་འདུག་ པ་ལ།  ཐོག་མཐའི་ཚིགས་སུ་བཅད་པ་རྣམས་རང་ཚིག་གིས་གསར་དུ་བསྣན་ཏེ།  འཇམ་དབྱངས་བློ་གྲོས་རྒྱ་མཚོས་རང་གནས་དཔལ་ཞེ་ཆེན་བསྟན་གཉིས་དར་གླིང་གི་ཆོས་གྲྭར་ཞལ་བཤུས་བགྱིས་པ་སྟེ།  འདིས་ཀྱང་ངེས་དོན་དབུ་མ་ཆེན་པོའི་རིང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག།