རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་མདོར་བསྡུས་བཞུགས།
དཔལ་རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་མདོར་བསྡུས་བཞུགས། ༈ སྦྱོར་དྲུག་པའམ་དེང་སང་དཔལ་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས་པ་ནི། ཐོག་མར་གྱི་ཇོ་ལོ་ཙྭ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྒྱུད་འགྲེལ་བསྒྱུར་བ་ནས་བཟུང་རྗེ་ཀུན་སྤངས་པ་ཆེན་པོའི་བར་དུ་བརྒྱུད་པ་རྣམས་ལ་སྦྱོར་དྲུག་པ་ཞེས་པའི་མཚན་སྙན་གྱི་རྔ་གསང་ལྡིར། དེའི་རྗེས་སུ་ཀུན་སྤངས་པ་ཆེན་པོའི་ཇོ་མོ་ནང་དུ་དགོན་པ་བཏབ་སྟེ་གདན་ས་མཛད་པས་ཇོ་ནང་པ་ཞེས་གྲགས་པ་ཡིན་ནོ། ། འདི་ཉིད་ཀྱི་བྱུང་བ་བཤད་པ་ལ། མདོ་ཕྱོགས་ནས་རྒྱུད་ཚུལ་དང༌། སྔགས་ཕྱོགས་ནས་རྒྱུད་ཚུལ་གཉིས་ལས། དང་པོ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོའི་སྤྱོད་ཡུལ་ལ་དགོངས་ནས་བཀའ་འཁོར་ལོ་གསུམ་ལེགས་པར་སྐོར་བ་ལས། བཀའ་ཐ་མའི་རྗེས་འབྲང་ངེས་དོན་མཐར་ཐུག་གི་དབུ་མ་གཞན་སྟོང་ཆེན་པོའི་བརྒྱུད་རིམ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་དང༌། རྗེ་བཙུན་བྱམས་པ་མགོན་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། འཕགས་པ་ཐོག་མེད་སྐུ་མཆེད་སོགས་ནས་རིམ་བཞིན་གྲུབ་ཆེན་ཤ་བ་རི། མཻ་ཏྲི་བ་ཆེན་པོ། དགའ་བ་གྲགས་པ། ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས། བྲམ་ཟེ་སཛྫ་ན་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ངེས་དོན་མཐར་ཐུག་གི་དབུ་མ་གཞན་སྟོང་ཤིན་དུ་གསལ་བར་མཛད་ཅིང༌། གངས་རིའི་ལྗོངས་སུ་ལོ་པཎ་དུ་མས་གཞུང་རྣམས་བསྒྱུར་ཀྱང༌། གྲུབ་མཐའ་གཙང་མར་འཛིན་པ་གཟི་ལོ་ཙྭ་བ་དགའ་བའི་རྡོ་རྗེ། བཙན་རིགས་ཁ་བོ་ཆེ་དྲི་མེད་ཤེས་རབ། ལ་སྟོད་པ་དར་མ་བརྩོན་འགྲུས། དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཇའ་སྟོད་སྐུ་མཆེད་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་འཇམ་དབྱངས་བཅས་བྱམས་ཆོས་སྒོམ་ལུགས་པ་རྣམས་ཡིན་ཞིང༌། ཁྱད་པར་དུ་ངེས་དོན་མཐར་ཐུག་གི་དབུ་མ་གཞན་སྟོང་ཆེན་པོའི་ཤིང་རྟའི་སྲོལ་རྒྱ་ཆེར་འབྱེད་མཁན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོའི་བར་དུ་ངེས་དོན་དབུ་མའི་བརྒྱུད་རིམ་བར་མ་ཆད་པར་གསལ་བར་བཞུགས་པའོ།
རྩོམ་འཕྲོ་ཀློགས། »