ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ།

བེ་རི་རིག་པའི་རྡོ་རྗེ།

དེ་རིང་ངས་ཉེ་ཆར་རྡོར་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་འབྲེལ་བའི་སྐོར་ནས་ཅུང་ཟད་ཅིག་གླེང་དགོས་བྱུང་སོང་། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན།  རྒྱ་གར་རྡོ་རྗེ་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་ཐོག  བོད་གཞུང་ཆོས་དོན་བཀའ་བློན་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་ཀྱིས།  གསུང་བཤད་གནང་སྐབས།  “ཇོ་ནང་པར་ཐོབ་ཐང་གཅིག་ཀྱང་མ་སྤྲད་པ་དང་། ཕྱིར་ཕུད་བཏང་བ་ཞིག་མིན་པས་གོ་ལོག་ཐེབས་རྒྱུ་མེད་”ཅེས་གསུངས།  འོ་ན།  ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཐོག་མཐའ་བར་གསུམ་དུ།  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་པ་ལས་རྒྱལ་བ་ཇོ་ནང་བའི་མཚན་ཟུར་ཙམ་ཡང་མེད་པ་དེ་ཐོབ་ཐང་སྤྲད་པ་ཡིན་ཟེར་རྒྱུ་ཡིན་ནམ། དེ་བཞིན་དུ་ཁྲིམས་ཡིག་དེའི་དོན་ཚན་གསུམ་པ།  ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར།  “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།”  ཞེས་ཁྱབ་བྱེད་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གིས་ཁྱབ་བྱ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་མ་གཏོགས་ཇོ་ནང་ལ་མ་ཁྱབ་ཅེས་ཚིག་ཐག་བཅད་དེ་བཤད་ཡོད་པ་འདི་ཇོ་ནང་བོད་ཀྱི་ཆོས་གྲལ་ནས་ཕུད་པ་རེད་དམ་བཞག་པ་རེད།
ཡང་།  ཁོང་གིས།  “དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ཆོས་བརྒྱུད་ལ་ངོས་འཛིན་ཡོད་མེད་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་མེད་བསྲེ་བསྲེ་གཏོང་རྒྱུ་མི་འདུག རྐུབ་བཀྱག་ཁོ་རང་ཐོབ་ཐང་གི་ངོ་བོ་གཅིག་བྱས་ནས་དེ་ཐོབ་ཡོད་པ་རེད་དམ་ཟེར་ན་དེ་ཐོབ་ཡོད་པ་མ་རེད། ཡིན་ན་ཡང་དེ་གཉིས་བསྲེ་བསྲེ་གཏོང་རྒྱུ་མི་འདུག་”ཅེས་གསུངས།  དེས་ན་ཆོས་དོན་ལྷན་ཚོགས་ཀྱི་དབང་ཚད་ཀྱི་ཐོག་ནས་དེ་གཉིས་ཁ་ཁར་ཕྱེས་ཏེ།  དེ་གའི་ལྷན་ཁང་དང་འབྲེལ་ཡོད་ཡིག་ཆ་ཡོངས་རྫོགས་ཀྱི་ནང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འབྲི་ཐུབ་བམ།  གལ་ཏེ་དེ་ལྟར་ཐུབ་ན།  ང་ཚོས་ངོས་ནས་སྤྱི་འཐུས་ཀྱི་གྲུབ་ཆར་རེ་ཞིག་རྩོད་གླེང་མི་བྱེད་ཐག་ཆོད་ཡིན་ལ།  ང་ཚོས་ནམ་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དམིགས་སུ་བཀར་ནས་བརྩད་ཀྱང་མྱོང་མེད།  ང་ཚོའི་རྩ་དོན་གཙོ་བོ་དེ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་འདི་ཡིན་པ་གཞུང་དམངས་གཉིས་ཀྱིས་མཁྱེན་རྒྱུ་གལ་ཆེ། ཡང་ཁོང་གིས།  “ཆོས་བརྒྱུད་ཆུང་ཁག་ཇོ་ནང་སོགས་” གསུངས་པ་ནི།  ང་ཚོས་རྩ་བ་ནས་ངོས་ལེན་མེད།  རྒྱུ་མཚན་རྒྱལ་བ་ཇོ་ནང་པ་ནི།  ནང་བསྟན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་དོན།  རྒྱུད་ཐམས་ཅད་ཀྱི་རྒྱལ་པོ།  ཐེག་པ་ཐམས་ཅད་ཀྱི་མཐར་ཐུག  གཉིས་མེད་རྒྱུད་ཀྱི་ཡང་རྩེ།  དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཡིན་པས་ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ་ཡིན་ཏེ།  ༧རྒྱལ་དབང་ཐམས་ཅད་མཁྱེན་པས།  མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།  ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།  མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ།།  ཇོ་ནང་པ་ཡི་བསྟན་པ་ཞེས་གསུངས་པ་ལྟར་དང་།  ད་དུང་༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དམིགས་སུ་བཀར་ཏེ་ཆོས་བརྒྱུད་ཆེན་པོ་ཞེས་པའི་ཐ་སྙད་ཀྱང་སྦྱར་ཡོད་དེ།  
ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན།  ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པར་བསྩལ་བའི་བཀའ་ཤོག་ཏུ།  “བོད་ཀྱི་བསྟན་སྲིད་གོད་ཆགས་ཀྱིས་རྐྱེན་པས་རྒྱལ་བསྟན་སྤྱི་ཡོངས་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཆག་བྱུང་བའི་ཁྲོད་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡང་ཉག་ཕྲར་གྱུར་པ་ཀུན་ཤེས་ཡིན།  རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཉམས་བཞེས་སྤྱི་དང་།  ལྷག་པར་སྦྱོར་དྲུག་རྩལ་དུ་བཏོན་པའི་ཉམས་བཞེས་ཀྱི་བསྟན་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་ཆོས་བརྒྱུད་གང་གི་དབུ་ཁྲིད་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་དང་།  འཕགས་ཡུལ་དུ་ཇོ་ནང་མ་དགོན་གྱི་གནས་གཞི་མཐུན་རྐྱེན་བཅས་ཆེད་དུ་སྦྱར་བས་མཚོན་ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་མཐུན་རྐྱེན་གང་ཐུབ་སྒྲུབ་པ་ཚང་མའི་ཐུགས་ངེས་ཡིན་ལ།”  ཞེས་“ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་”ཞེས་ཆོས་བརྒྱུད་ཆེན་པོའི་ཐ་སྙད་དངོས་སུ་སྦྱར་དེ་ནན་ཏན་དུ་གསུངས་ཡོད། འོན་ཀྱང་སྐུ་དྲག་ཚོས་ད་དུང་མིག་དང་རྣ་བ་བཀག་ནས་རྒྱལ་བ་ཇོ་ནང་པ་ཆོས་བརྒྱུད་ཆེན་པོ་མིན་ཚུལ་གསུངས་པ་ནི།  ༧རྒྱལ་བའི་བཀའ་ལ་ལོག་འགྲེལ་དང་།  འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཆོས་ཚུལ་ཆེན་པོ་འདི་ལ་མཐོང་ཆུང་བྱས་པར་ཟད་དོ།། ཡང་ཁོང་གིས།  “གལ་སྲིད་ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་ཚོ་བྱུང་ན་རྗེས་ནས་ང་ཚོ་ལ་དགོས་ཀྱི་ཡོད་ཅེས་ཁག་ཅིག་ཡོང་ཆོག་ཆོག་འདྲ་བྱས་ནས་བསྡད་ཡོད་པ་རེད་”ཅེས་དང་།  
“སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་སྟངས་མ་འདྲ་བ་ཁ་ཤས་ཡོད་རེད་ལ། ད་ལྟ་སྤྱི་འཐུས་ཀྱི་ཐོབ་ཐང་མ་རག་མཁན་ཇོ་ནང་བརྩིས་པའི་བཞི་ཞིག་ཡོང་གི་འདུག ཞི་བྱེད་དང་། ཞ་ལུ། བོ་དུང་བཅས་རེད།  ད་དུང་བོད་པ་ཁ་ཆེའི་གཞིས་ཆགས་ནས་ཁོང་ཚོར་སྤྱི་འཐུས་དགོས་ཀྱི་འདུག་ལབ་ཀྱི་ཡོད།  དེར་བརྟེན་དེ་སྤྱི་འཐུས་ལྷན་ཚོགས་སུ་ཅུང་ཁག་པོ་ཡོད་རེད།”ཅེས་གསུངས། ང་ཚོས་ངོས་ནས་དམིགས་བསལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་རྩོད་ཀྱིན་མེད་མོད།  འོན་ཀྱང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོངས་རྫོགས་ཐོབ་པ་ཡིན་ན།  དེ་ཡང་རང་བཞིན་གྱིས་ཐོབ་ཀྱིན་ཡོད་སྟབས།  དེ་དུས་ཞི་བྱེད་དང་ཞ་ལུ་སོགས་མ་ཟད།  བོད་པ་ཁ་ཆེ་དང་།  ད་དུང་བོད་པ་ཡི་ཤི་ཆོས་ལུགས་པ་དེ་དག་གིས་ཀྱང་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་གསུང་ན་ངེས་པར་སྤྲོད་རྐྱང་བྱེད་དགོས་རེད།  འདི་གཞུང་གི་ལས་འགན་རེད།  གལ་ཏེ་མ་སྤྲད་ན་ཆོས་བརྒྱུད་དབྱེ་འབྱེད་བྱས་པ་རེད།  མུ་མཐུད་དུ་ཆོས་བརྒྱུད་དབྱེ་འབྱེད་བྱེད་རྒྱུ་ཡིན་ནམ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་ཚུལ་མི་འདྲ་བ་ཞིག་གང་དུ་ཡོད་དམ།  ཡོད་ན་གསལ་བོར་བཤད་རོགས།  གལ་ཏེ་བརྩི་སྟངས་མི་འདྲ་བ་ཞིག་ཡོད་ན།  དེས་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་།  ཆོས་དོན་ལྷན་ཁང་གི་བྱེད་ཕྱོགས་ལ་ཕན་ཐོགས་ཅི་ཞིག་ཡོད་དམ།  སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་དུ་མེད་པའི་ཆོས་བརྒྱུད་དེ་བོད་ཀྱི་ཆོས་གྲལ་ནས་ཕུད་རྒྱུ་ལས་སླ་བོ་རེད་དགོས་ཀྱིན་ཡོད་དམ།
ཡང་གཅིག་བཤད་ན།  སྤྱི་འཐུས་ལྷན་འཚོགས་ཀྱིས་དཀའ་མོ་རྩ་མོ་དང་།  རྩོད་ཉོག་འདི་ཞི་འཇམ་གྱི་སྒོ་ནས་ཐག་གཅོད་བྱེད་འདོད་ཡོད་ན།  འདི་ཧ་ཅང་གི་དཀའ་མོ་ཞིག་མ་རེད།  གང་ཡིན་ཟེར་ན།  འདི་ལ་འདེམས་ཀ་གསུམ་ཡོད།  གཅིག  ད་ཡོད་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཟེར་བའི་ཞབས་འདྲེན་དེ་ཚོ་མེད་པ་བྱས་ཤིང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  ལྷན་ཁང་རྣམས་ཀྱི་སྒྲིག་གཞི་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་ཐ་སྙད་དེ་གཏན་འབེབ་བྱེད་རྒྱུ་དེ་རེད། གཉིས།  ཆོས་བརྒྱུད་ཁག་གི་ཐོབ་ཐང་ཡོད་ན་ཡོད་མཉམ་དང་མེད་ན་མེད་ཉམས་བཟོ་རྒྱུ་དེ་རེད། གསུམ།  བཅའ་ཁྲིམས་ནང་གི་  “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་པའི་ཐ་སྙད་གཅིག་པོ་བསྒྱུར་བཅོས་བྱས་ཏེ།  “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལུགས། གཡུང་དྲུང་བོན་བཅས” ཞེས་བཀོད་དགོས། དེ་གསུམ་ལས་གང་རུང་ཞིག་ཐག་གཅོད་གནང་ཐུབ་ན།  རྩོད་ཉོག་འདི་ནམ་མཁའི་སྤྲིན་དང་སའི་རྡུལ་བཞིན་དངས་ཚར་བ་རེད།  དེ་མིན་ཆོས་བརྒྱུད་དབྱེ་འབྱེད་ཇི་སྲིད་བྱས་པ་དེ་སྲིད་དུ་རྩོད་ཉོག་འདི་རྒྱུན་མི་ཆད་པར་ཡོང་རྒྱུ་ཡིན་པ་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ལ།  ང་ཚོས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་ཟིན་དང་།  ལྷག་པར་དུ་༧གོང་ས་ཐམས་ཅད་མཁྱེན་པས།  “ཡག་པོ་རེད།  ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད།  བདེན་པ་ཡང་ཡོད་རེད་པ།  རྩོད་དགོས་རེད།  སྔོན་མ་ནས་བཤད་ཡིན་པ།” ཞེས་ཚིག་གི་བདག་པོས་ཚིག་ཐག་བཅད་དེ་བཀའ་བསྩལ་བ་གཞིར་བཟུང་བྱས་ནས་འདྲ་མཉམ་གྱི་ཐོབ་ཐང་མ་རག་བར་དུ་འཐབ་རྩོད་བྱེད་ངེས་ཡིན། མཐའ་དོན་མཇུག་མ་བསྡུས་པའི་གོང་དུ་སླར་ཡང་གསལ་བཤད་ཅིག་འདོད་པ་ནི།  ང་ཚོས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དེ་རིང་གི་བར་དུ།  ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་གནང་རོགས་ཞེས་འབོད་བསྐུལ་དང་ཞི་འབོད་བྱེད་བཞིན་ཡོད་པ་ལས།  དམིགས་སུ་བཀར་ཏེ་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་དགོས་ཞེས་ནམ་ཡང་ཞུ་མྱོང་མེད་ལ།  མ་འོངས་པར་ཡང་མི་ཞུ་ཐག་ཆོད་ཡིན།  འོ་ན་ཅི་ཞིག་དགོས་སྙམ་ན།  གོང་དུ་ཞུས་པ་ལྟར།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  ལྷན་ཁང་ཁག་གི་སྒྲིག་གཞི།  ད་དུང་གཞུང་འབྲེལ་ཡིག་ཆ་ཡོངས་སུ་རྫོགས་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འཁོད་དགོས་པ་དེ་ཡིན།  དེས་ན་བྱ་མ་དཀྲོག་པར་སྒོ་ང་ལེན་ཚུལ་ཞིག་ཡོད་ན།  ང་ཚོས་གཞུང་གིས་གང་གསུང་དངས་ལེན་དང་།  མཛུབ་མོས་གར་བསྟན་ཤར་ལ་ངོས་འཛིན་བྱས་ནས་ཁུ་སིམ་མེར་སྡོད་ངེས་ཡིན་ཞེས་ཞུ་བ་ཡིན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༤ ཉིན།