སྤྱོད་འཇུག་ས་འགྲེལ།

། (གསུམ་པ་)ཡི་དྭགས་ཀྱི་དོན་དུ་བསྔོ་བའི་སྤྱི་དོན་ལའང་སྔ་མ་ལྟར་བཞི་ལས། (དང་པོ་)དེ་དག་གི་རྩ་བའི་གནས་ནི་གླིང་འདིའི་དཔག་ཚད་ལྔ་བརྒྱའི་འོག་ལ་སོགས་པ་དང་འཕྲོས་པའི་གནས་མིའི་ཡུལ་དང་རྒྱ་མཚོའི་འགྲམ་དང་(མཁའ་ལ་རྒྱུ་བ་རྣམས་)ནམ་མཁའི་སྤྱོད་ཡུལ་ལ་སོགས་པ་རྣམས་སུ། (ཉི་མའི་སྙིང་པོར་)ལུས་ཆུང་བ་ལ་མཐོ་གང་དང༌། ཆེ་བ་ལ་དཔག་ཚད་སྟོང་ཡོད་པ་ལ་སོགས་པ་གྲུབ་ནས། སྡུག་བསྔལ་གྱི་ཁྱད་པར་བཀྲེས་པ་དང་སྐོམ་པས་ཉམ་ཐག་པས་པགས་པ་དང་ཤ་དང་ཁྲག་རྣམས་སྐམས་ནས་ལུས་སྡོང་དུམ་མེས་ཚིག་པ་ལྟར་གྱུར་ཏེ། ཁ་སྐམས་པ་ལ་ལྕེ་ལྡག་ཅིང་རྫིང་བུ་ལ་སོགས་པར་བརྒྱུགས་པ་ན། མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུངས་ནས་འཐུང་དུ་མི་འཇུག་ལ། གལ་ཏེ་མ་བསྲུངས་ཀྱང་རྣག་ཁྲག་ལ་སོགས་པར་མཐོང་ནས་བཏུང་དུ་མི་རུང་བར་འགྱུར་བ་ཕྱིའི་སྒྲིབ་པ་ཅན་དང༌། གལ་ཏེ་ཟས་སྐོམ་ཅུང་ཟད་རྙེད་ཀྱང༌། ཁ་ཁབ་མིག་ལྟར་དོག་པ་དང༌། མགྲིན་པ་གཞུ་རྒྱུད་ལྟར་ཕྲ་བ་ནས་མི་ཤོང་བ་དང༌། ལྟོ་བ་རྒྱ་མཚོ་ལྟར་ཡངས་པ་མི་ཁེངས་པ་དང༌། ཡན་ལག་གྲོ་སོག་ལྟར་ཕྲ་བས་མི་ཐེག་པར་འགྱུར་བ་ནང་གི་སྒྲིབ་པ་ཅན་དང༌། གལ་ཏེ་བཟའ་བཏུང་ནུས་ཀྱང་དེ་དག་མེ་ལྕེའི་ཕྲེང་བ་ལ་སོགས་པར་གྱུར་པས་སྲེག་པ་དང༌། བཤང་གཅི་དྲི་ང་བ་དང་དུག་དང་མཆིལ་མ་དང་ངར་སྣབས་དང་ལྗན་ལྗིན་ཀྱི་དངོས་པོ་ལ་སྤྱོད་པ་ཟས་སྐོམ་གྱི་སྒྲིབ་པ་ཅན་ལ་སོགས་པའི་གདུང་བ་དྲག་པོ། ཚེའི་ཚད། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པ་ལྟར་མིའི་ཟླ་བ་ལ་ཉིན་ཞག་ཏུ་བྱས་པའི་ལོ་ལྔ་བརྒྱ་ལ་སོགས་པར་མྱོང་བར་གསུངས་པས། དེ་དག་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མཐའ་དག་དང་བྲལ་བར་གྱུར་ཅིག་ཅེས་པའི་དོན་ཏེ། དེ་ཡང་གཞུང་ལ་སྦྱར་བ་ནི། དཔེར་ན་བྱང་སྒྲ་མི་སྙན་པའི་མི་རྣམས་སུས་ཀྱང་བདག་གིར་མ་བཟུང་ཞིང༌། མ་རྨོས་པའི་ལོ་ཏོག་དང༌། དཔག་བསམ་གྱི་ཤིང་ལ་སོགས་པའི་འབྱོར་པ་བཟང་པོ་ལ་ལོངས་སྤྱོད་པ་བཞིན་དུ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་ཡི་དྭགས་རྣམས་ནི་བཟའ་བ་དང་བཏུང་བ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་ནས་འབབ་པའི་བདུད་རྩི་འོ་མའི་རྒྱུན་དཔག་ཏུ་མེད་པ་རྣམས་ཀྱིས་འབྱུང་པོ་ཡི་དྭགས་ཀྱི་འགྲོ་བ་མཐའ་ཡས་པ་རྣམས་ནི་ཇི་ལྟར་འདོད་པ་བཞིན་དུ་ཚིམ་པར་བྱས་ཤིང་བདུད་རྩིའི་ཆུ་ལ་ཁྲུས་བྱས་པས་དུས་རྟག་ཏུ་བསིལ་བའི་བདེ་བ་ཡིད་དུ་འོང་བ་དང་ལྡན་པར་ཤོག་ཅིག་ཅེས་པའོ། ། (གསུམ་པ་)བདེ་འགྲོའི་དོན་དུ་བསྔོ་བ་ལ། རྒུད་པ་བཞི་པར་བསྔོ་བ་དང༌། འབྱོར་བ་ཐོབ་པར་བསྔོ་བའོ། །དང་པོ་ནི། མི་རྣམས་ལའང་ཚ་གྲང་དང་བཀྲེས་སྐོམ་དང་འགྲོ་འོང་དང་ངལ་དུབ་དང་འཐབ་རྩོད་དང་གནོད་འཚེ་དང་ཡོད་པ་སྲུང་པ་དང་མེད་པ་ཚོལ་བ་དང་དབང་པོ་མ་ཚང་བ་དང་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས་དེ་དག་ཞི་བའི་དོན་ལ་གཉིས་ལས། (དང་པོ་)སྤྱིའི་དོན་དུ་བསྔོ་བ་ནི། མིའི་ནང་དུའང་ལོང་བ་རྣམས་ཀྱིས་མིག་གསལ་བོ་ཐོབ་སྟེ་གཟུགས་མཛེས་པ་རྣམས་མཐོང་བར་ཤོག་ཅིག འོན་པ་རྣམས་ཀྱིས་ཀྱང་རྣ་བ་གསོང་པོ་ཐོབ་སྟེ་རྟག་ཏུ་སྒྲ་ཡིད་དུ་འོང་བ་རྣམས་ཐོས་པར་ཤོག་ཅིག ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལས་སྲས་གཞོན་ནུ་དོན་གྲུབ་བཙས་པ་ཇི་ལྟ་བ་བཞིན་དུ་ནི་སྦྲུམ་མ་རྣམས་ལའང་ན་བའི་གནོད་པ་མེད་པར་སྲས་ཡིད་དུ་འོང་བ་རྣམས་བདེ་བའི་སྒོ་ནས་བཙའ་བར་ཤོག་ཅིག གཅེར་བུར་གྱུར་པ་རྣམས་ཀྱི་གོས་སྲབ་འཇམ་ཡང་བ་རེག་ན་བདེ་བ་དག་དང༌། བཀྲེས་པས་ཉེན་པ་རྣམས་ཀྱིས་ཟས་ཞིམ་པོ་རོ་བརྒྱ་དང་ལྡན་པ་དང་ནི། སྐོམ་པས་གདུང་བ་རྣམས་ཀྱིས་ཆུ་ཡན་ལག་བརྒྱད་དང་ལྡན་པ་དག་དང༌། སྦྲང་ཆང་དང་རྒུན་ཆང་ལ་སོགས་པའི་སྨན་གྱི་བཏུང་བ་ཞིམ་པོ་དག་ཀྱང་ཐོབ་པར་ཤོག་ཅིག བཀྲེན་ཞིང་ཕོངས་པར་གྱུར་པ་རྣམས་ཀྱིས་གསེར་དང་དངུལ་དང་རྟ་དང་གླང་པོ་དང་ཞིང་དང་འབྲུ་ལ་སོགས་པའི་ནོར་ཕུན་སུམ་ཚོགས་པ་རྣམས་ཐོབ་པར་ཤོག་ཅིག ཡིད་མྱ་ངན་དྲག་པོས་གདུངས་ཤིང་ཉམ་ཐག་པ་རྣམས་ཀྱང་མྱ་ངན་དང་བྲལ་ནས་དགའ་བ་དང་བདེ་བ་རྒྱ་ཆེན་པོ་ཐོབ་པར་ཤོག་ཅིག འདོད་པ་བཙལ་ཏེ་མ་རྙེད་པས་ཡི་ཆད་པ་རྣམས་ཀྱང་ཅི་འདོད་པ་རྙེད་པས་ཡིད་སོས་ཤིང་བློ་བརྟན་པ་ཕུན་སུམ་ཚོགས་པའི་བདེ་བ་དང་ལྡན་པར་ཤོག་ཅིག སེམས་ཅན་ནད་པ་ནད་སྣ་ཚོགས་ཀྱིས་གཟིར་བ་ཇི་རྙེད་པ་དེ་དག་ཀྱང་མྱུར་དུ་ཚ་བ་དང་གྲང་བ་ལ་སོགས་པའི་ནད་རྣམས་ལས་ཐར་བར་གྱུར་ཅིག འགྲོ་བ་མཐའ་ཡས་པའི་ནད་ནི་རླུང་མཁྲིས་བད་ཀན་ལ་སོགས་པ་མ་ལུས་པ་རྣམས་དུས་རྟག་ཏུ་སུ་ལའང་འབྱུང་བ་མེད་པར་ཤོག་ཅིག རྒྱལ་པོ་དང་ཆོམ་རྐུན་དང་ཤ་ཟ་དང་མེ་དང་ཆུ་ལ་སོགས་པས་འཇིགས་ཤིང་སྐྲག་པ་རྣམས་ལ་ནི་འཇིགས་པ་དེ་དག་ཐམས་ཅད་མེད་ཅིང་མི་འབྱུང་པར་ཤོག་ཅིག ཡན་ལག་དང་ཉིང་ལག་ལྕགས་སྒྲོག་ལ་སོགས་པས་གཅིངས་པ་རྣམས་ནི་འཆིངས་པ་སྣ་ཚོགས་ལས་རྣམ་པར་གྲོལ་བར་གྱུར་ཅིག མཐུ་དང་སྟོབས་མེད་པའི་དམན་པ་རྣམས་ནི་ཕྱི་ནང་གི་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཕན་ཚུན་སེམས་ནི་ཁེངས་པ་དང་བྲལ་ནས་མཉེན་ཞིང་འཇམ་པ་དང་ལྡན་པར་གྱུར་ཅིག་ཅེས་པའོ། ། (གཉིས་པ་)འགྲོན་པོའི་དོན་དུ་བསྔོ་བ་ནི། ཁྱད་པར་ལམ་དུ་ཞུགས་པའི་འགྲོན་པོ་དག་ནི་ཐམས་ཅད་ལ་ཡང་གང་དུ་འགྲོ་བའི་ཕྱོགས་རྣམས་ཐམས་ཅད་དུ་ཆོམ་རྐུན་ལ་སོགས་པའི་འགལ་རྐྱེན་མེད་པས་ལམ་བདེ་ཞིང་བཀྲ་ཤིས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག དགོས་པ་གང་གི་དོན་དུ་འགྲོ་བར་བྱེད་པའི་བྱ་བ་དེ་དག་ཐམས་ཅད་ཀྱང་འབད་པ་དང་རྩོལ་བ་གང་ཡང་མི་དགོས་པར་ཐབས་ལ་མཁས་པའི་སྒོ་ནས་ལྷུན་གྱིས་གྲུབ་པར་གྱུར་ཅིག ཆུ་བོ་ཆེན་པོ་རྣམས་ལ་བགྲོད་པའི་གྲུ་དང་རྒྱ་མཚོ་ཆེན་པོ་ལ་བགྲོད་པའི་གྲུ་ཆེན་དང་གཟིངས་སུ་ཞུགས་པ་རྣམས་ནོར་བུ་ལེན་པ་ལ་སོགས་པ་གང་ཡིད་ལ་བསམས་པའི་དོན་ཐམས་ཅད་གྲུབ་པར་གྱུར་ཏེ། ཆུ་ཡི་ངོགས་དང་འགྲམ་རྣམས་སུ་བདེ་བར་ཕྱིན་ནས་རང་རང་གི་གཉེན་བཤེས་རྣམས་དང་ལྷན་ཅིག་དགའ་བ་དང་ལྡན་པར་ཤོག་ཅིག མྱ་ངན་གྱི་ཐང་དང་ནགས་ཚལ་ལ་སོགས་པ་རྣམས་སུ་ལམ་གོལ་ནས་གོང་དུ་འགྲོ་གཏོལ་མེད་པར་འཁྱམས་པ་རྣམས་ལམ་སྟོན་པའི་འགྲོན་པོ་དག་དང་ཕྲད་པར་གྱུར་ནས་ཆོམ་རྐུན་དང་སྟག་དང་དོམ་དང་དྲེད་དང་དུག་སྦྲུལ་ལ་སོགས་པའི་འཇིགས་པ་མེད་པར་ལམ་དུ་མི་ངལ་བར་བདེ་བླག་ཏུ་འདོད་པར་ཤོག་ཅིག འཇིགས་པ་དང་བཅས་པའི་འབྲོག་དགོན་པ་ལ་སོགས་པ་ལམ་མེད་ཅིང་ཉམ་ང་བ་དང་བཅས་པའི་སར་བྱིས་པ་དང་རྒན་པོ་ལ་སོགས་པ་འཇིགས་པ་ལས་སྐྱོབ་པའི་མགོན་མེད་པ་དག་ལམ་གྱིས་དུབ་པས་གཉིད་ལོག་པ་དང་མྱོས་ཏེ་དྲན་པ་ཉམས་ཤིང་རབ་ཏུ་མྱོས་བས་བག་མེད་པར་གྱུར་པ་རྣམས་དེ་ན་གནས་པའི་ལྷ་དག་གིས་བར་ཆད་ལས་སྲུང་ཞིང་སྐྱོབ་པར་བྱེད་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)འབྱོར་བ་ཐོབ་པར་བསྔོ་བ་ལ་དྲུག་ལས། (དང་པོ་)ལུས་དང་ལོངས་སྤྱོད་འབྱོར་བར་བསྔོ་བ་ནི། ལུས་ཅན་ཐམས་ཅད་མི་དལ་ཞིང་མི་ཁོམ་པའི་གནས་བརྒྱད་པོ་ཀུན་ལས་ཐར་ནས་དལ་བའི་ལུས་ཕུན་སུམ་ཚོགས་པ་ཐོབ་པ་དང༌། དེར་ཡང་མངོན་པར་ཡིད་ཆེས་པ་དང་དང་བ་དང་འདོད་པའི་དད་པ་གསུམ་དང༌། ཀུན་རྫོབ་དང་དོན་དམ་པ་རྟོགས་པའི་ཤེས་རབ་དང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་ལྡན་ཞིང་ཟས་དང་གཟུགས་དང་ཚུལ་ཁྲིམས་ཀྱི་ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ནས། སྐྱེ་བ་ཐམས་ཅད་དུ་རྟག་ཏུ་ཚེ་རབས་དྲན་པ་ལ་སོགས་པའི་མངོན་ཤེས་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པ་ན་ཅི་འདོད་པ་ཐམས་ཅད་ནམ་མཁའ་ལས་འབྱུང་བ་བཞིན་དུ་ཆོས་དང་མཐུན་པའི་ལོངས་སྤྱོད་ཐམས་ཅད་ནམ་ཡང་ཟད་པ་མེད་པར་ཤོག་ཅིག ལོངས་སྤྱོད་ཀྱི་ཆེད་དུ་ཕན་ཚུན་འཐབ་པ་དང་རྩོད་པ་མེད་ཅིང་གནོད་པ་དང་འཚེ་བ་མེད་པར། རང་རང་གིས་དབང་ཐོབ་པ་ཉིད་དུ་ནི་ཅི་བདེ་བར་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)གཟུགས་དང་གཟི་བརྗིད་ལྡན་པར་བསྔོ་བ་ནི། སེམས་ཅན་གཟི་བརྗིད་དང་གཟི་མདངས་ཆུང་ངུར་གྱུར་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་གཟི་བརྗིད་ཆེན་པོ་བལྟ་ན་སྡུག་པ་དང་ལྡན་པར་ཤོག་ཅིག དཀའ་ཐུབ་ཅན་གྱི་གང་ཟག་གང་ཞིག་དཀའ་ཐུབ་ཀྱི་དབང་གིས་གཟུགས་རིད་ཅིང་ངན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག་ཅིག འཇིག་རྟེན་ཀྱི་ཁམས་ན་བུད་མེད་ཀྱི་འགྲོ་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་བུད་མེད་ཀྱི་དབང་པོ་སྤངས་ནས་སྐྱེས་བའི་ལུས་ཕུན་སུམ་ཚོགས་པ་ཉིད་ཐོབ་པར་གྱུར་ཅིག རིགས་དང་ལོངས་སྤྱོད་ལ་སོགས་པ་དམན་པས་མ་རབས་སུ་གྱུར་པ་རྣམས་ནི་རིགས་བཟང་བོ་དང་ལོངས་སྤྱོད་ཆེན་པོ་ལ་སོགས་པས་མཐོན་པོའི་གོ་འཕང་ཐོབ་པར་གྱུར་ཅིང༌། དེ་དག་གི་དྲེགས་པ་དང་ང་རྒྱལ་དག་ཀྱང་བཅོམ་ནས་ཞི་ཞིང་དུལ་བ་དང་ལྡན་པར་ཤོག་ཅིག་ཅེས་པའོ། ། (གསུམ་པ་)དགེ་ཞིང་ཕུན་སུམ་ཚོགས་པར་བསྔོ་བ་ནི། བདག་གིས་དུས་གསུམ་དུ་གསགས་པའི་བསོད་ནམས་འདི་ཡིས་ནི་ནམ་མཁའི་མཐར་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ལུས་པ་རྣམས་སྡིག་པ་མི་དགེ་བར་འགྱུར་བའི་ལས་ཐམས་ཅད་སྤངས་ནས་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་དགེ་བ་ཕུན་སུམ་ཚོགས་པ་འབའ་ཞིག་བྱེད་པར་ཤོག་ཅིག ཁྱད་པར་དུ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་མི་འབྲལ་ཞིང་སྦྱོར་བ་ཕ་རོལ་ཏུ་ཕྱིན་པས་གཞན་གྱི་དོན་སྒྲུབ་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་གཞོལ་བ་དང་གྲོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཟུང་ཞིང་མི་མཐུན་ཕྱོགས་འདུ་འཛི་དང་རྣམ་གཡེང་ལ་སོགས་པ་བདུད་ཀྱི་ལས་ཐམས་ཅད་ཀྱང་སྤངས་པར་ཤོག་ཅིག བདེ་འགྲོར་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ནི་ཚེ་ཡང་དཔག་ཏུ་མེད་པ་ཐུབ་ཅིང་ཡུན་རིང་དུ་གནས་པར་ཤོག་ཅིག གནས་པའི་བར་ལ་ཡང༌། ལོངས་སྤྱོད་དང་ལྡན་པས་དུས་རྟག་ཏུ་བདེ་བས་འཚོ་བར་འགྱུར་ཞིང༌། དུས་མ་ཡིན་པར་འཆི་བའི་སྒྲ་ཡང་གྲགས་པར་མ་གྱུར་ཅིག་ཅེས་པའོ།