ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་སྨོན།

ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་སྨོན།

ཀུན་མཁྱེན་རྟོན་པ་བཞི་ལྡན།

ཨོཾ་ཨཱཿཧཱུཾ་ཧོཿ གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་དབུས།། ཆུ་སྐྱེས་འདབ་བརྒྱད་ལྟེ་བར་ཀེ་ལ་ཤའི།། རི་བོའི་སྟེང་ན་ལྷ་ཡིས་བཀོད་པའི་གྲོང༌།། ཤམ་ལ་ཡི་གཙོ་བོ་ཀ་ལཱ་བར།། ཉེ་བའི་ཡུལ་དང་པདྨ་དཀར་བོའི་མཚོ།། ཙན་དན་ནགས་དབུས་དཀྱིལ་འཁོར་འཁོར་ལོ་དང༌།། ཕྱི་རོལ་པད་འདབ་སོ་སོར་གནས་པའི་གྲོང༌།། བྱེ་བ་དགུ་བཅུ་རྩ་དྲུག་ལ་སོགས་པ།། སྔགས་ཀྱི་ཞིང་མཆོག་ཁྱད་འཕགས་རིགས་བཞུགས་པའི།། ཆོས་རྒྱལ་རིགས་ལྡན་ཡེ་ཤེས་ལྷ་ཚོགས་དང༌།། སྤྲུལ་བའི་རྒྱལ་བོ་དགུ་བཅུ་རྩ་དྲུག་སོགས།། མཆོད་འོས་ཀུན་ལ་ཕྱག་འཚལ་སྐྱབས་སུ་མཆི།། འདི་ཡང་བཙུན་པ་དོལ་པོ་པས་ཤམ་ལའི་ཞིང་བཀོད་ཀྱི་བསྟོད་པ་སྨོན་ལམ་དུ་བཀོད་པའོ།། འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས།། བདག་ལུས་བོར་ཚེ་དཔལ་ལྡན་ཤམ་ལར།། རིགས་ལྡན་རྒྱལ་བོའི་སྲས་སུ་ལེགས་སྐྱེས་ནས།། དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག། དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས།། སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ།། འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས།། གཞན་མཆོག་བདེ་གཤེགས་སྙིང་བོ་མྱུར་ཐོབ་ཤོག། གང་དང་འཕྲད་ན་གཏན་གྱི་བདེ་འཕྲོག་པ།། བཤེས་གཉེན་ངན་དང་ལོག་པའི་ཆོས་ལུགས་དང༌།། བདུད་ཀྱི་ཕོ་ཉ་སྡིག་པའི་གྲོགས་རྣམས་དང༌།། སྐད་ཅིག་ཙམ་ཡང་འཕྲད་པར་མ་གྱུར་ཅིག། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌།། འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང༌།། བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས།། སྨོན་ལམ་གང་བཏབ་མྱུར་ཏུ་འགྲུབ་པར་ཤོག། ལེགས་པ་ཀུན་དང་རྟག་ཏུ་འཕྲད་པ་དང༌།། ཉེས་པ་ཀུན་དང་རྟག་ཏུ་བྲལ་བ་དང༌།། གང་བྱས་ཐམས་ཅད་ཤིན་ཏུ་ལེགས་པ་དང༌།། ཅི་བསམ་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ཅེས་པ་འདི་ཡང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། དགེའོ།།