རྒྱུད་བླ་དོལ་ཊིཀ

༼ལྔ༽རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན། རྟོགས་པར་བྱེད་པ་འཕྲིན་ལས་ཀྱི་དོན་ནོ།། ༼ དེ་དག་ཉིད་ལ་ལྷག་པར་མོས་པའི་ཕན་ཡོན།༽༼ས་བཅད་འདི་སྒྲིག་པ་པོས་འདིར་བསྣན་པ་ཡིན་པས་ཀློག་མཁན་དག་གིས་དཔྱད་དགོས།༽ དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་བྱས་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པའི་ཕྱིར། རྟོགས་བྱ་ཆོས་དབྱིངས་ཀྱི་དོན། རེ་ཞིག་དང་པོར་རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན་ལ་བརྒྱད་དེ། ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཚུལ། ཁྱབ་བྱེད་དེ་སྡོམ་གྱིས་མདོར་བསྟན་པ། སྡོམ་གྱི་དོན་རྒྱས་པར་བཤད་པ། བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར་བ། མཚམས་སྦྱར་བ་ལྟར་དཔེ་ཡིས་བསྟན་པ། བསྟན་པའི་དོན་དད་པས་རྟོགས་ཚུལ། རྟོགས་བྱའི་སྟོད་ཉིད་ངོས་བཟུང་བ། དེ་རྣམས་ཀྱིས་བཤད་པའི་དགོས་པའོ། ། ༡ ཆོས་དབྱིངས་ཀུན་ལ་ཁྱབ་ཚུལ། ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཚུལ་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། ཆོས་ཐམས་ཅད་ལ་འཕྲོ་ཞིང་ཁྱབ་པའི་ཕྱིར་དང༌། འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་རིགས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྒྲིབ་པ་སྦྱང་རུང་དུ་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ན་ལུས་ཅན་ཀུན་ཀྱང་ཐོག་མ་མེད་པ་ཉིད་ནས་དུས་རྟག་ཏུ་རྒྱུན་མ་ཆད་པར་དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་པ་ལྟར་རོ། ། ༢ ཁྱབ་བྱེད་སྡོམ་གྱིས་མདོར་བསྟན་པ། ཁྱབ་བྱེད་སྡོམ་གྱིས་མདོར་བསྟན་པ་ནི། འཆད་པར་འགྱུར་བ་རྣམས་མདོར་བསྡུ་ན། ཆོས་ཀྱི་སྐུ་དེ་བཞིན་ཉིད་རིགས་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངོ་བོའི་དོན་དང༌། ཁམས་ལ་ཡོད་པའི་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་མོས་པ་ལ་སོགས་པ་རྒྱུའི་དོན་དང༌། དབྱིངས་དེ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་ཀྱི་སར་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་འབྲས་བུའི་དོན་དང༌། རིགས་ཡོད་པའི་རྒྱུ་མཚན་གྱིས་འཁོར་བའི་སྐྱོན་མཐོང་ནས་ཡིད་འབྱུང་བ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་མཐོང་ནས་ཐོབ་པར་འདོད་པ་འགྲུབ་པ་ལས་ཀྱི་དོན་དང༌། ཁམས་དེ་ཉིད་ལ་མོས་པ་ལ་སོགས་པ་རྒྱུའི་ཡོན་ཏན་དང༌། མངོན་པར་ཤེས་པ་ལ་སོགས་པ་འབྲས་བུའི་ཡོན་ཏན་རྣམས་དང་ལྡན་པའི་དོན་དང་རྟེན་གྱི་གང་ཟག་གསུམ་ཆོས་ཅན་ཐ་དད་པའི་སྒོ་ནས་བརྟེན་པའི་ཆོས་ཉིད་ཀྱང་གསུམ་དུ་རྣམ་པར་འབྱེད་པ་ལ་འཇུག་པའི་དོན་དང༌། འཇུག་པའི་དོན་དེ་ཉིད་གཏན་ལ་འབེབས་པ་རང་བཞིན་ཁྱད་པར་མེད་ཀྱང་གང་ཟག་གསུམ་གྱི་དབྱེ་བས་སྐབས་གསུམ་དུ་མིང་ཙམ་ཐ་དད་པར་སྟོན་པ་གནས་སྐབས་ཀྱི་དོན་དང༌། དེ་བཞིན་དུ་གནས་སྐབས་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་རྗེས་སུ་ཞུགས་ཤིང་ཁྱབ་པ་ཀུན་ཏུ་འགྲོ་བའི་དོན་དང༌། རྟེན་ཐམས་ཅད་དུ་ཀུན་ཏུ་སོང་ཡང་དེ་དག་གི་སྐྱོན་དང༌། ཡོན་ཏན་གྱིས་ནམ་ཡང་དུས་རྟག་ཏུ་མི་འགྱུར་བའི་དོན་དང༌། མི་འགྱུར་བའི་དེ་བཞིན་ཉིད་ལ་སྤངས་པ་དང་རྟོགས་པའི་ཡོན་ཏན་མཐར་ཐུག་པ་རྣམས་རྣམ་པར་དབྱེར་མེད་པའི་དོན་ཏེ། དོན་རྣམ་པ་བཅུ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དགོངས་པའི་དོན་ལེགས་པར་རྣམ་པར་ཕྱེ་སྟེ་གཏན་ལ་འབེབས་པ་ཡིན་པར་ཤེས་པར་བྱའོ། །ཞེས་པའོ། ། ༣ སྡོམ་གྱི་དོན་རྒྱས་པར་བཤད་པ། སྡོམ་གྱི་དོན་རྒྱས་པར་བཤད་པ་ལ་བརྒྱད་དེ། ངོ་བོ་དང་རྒྱུ་ལས་དག་པའི་དོན། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན། གང་ཟག་གི་དབྱེ་བས་འཇུག་པའི་དོན། གནས་སྐབས་ཀྱི་མིང་ཙམ་ཕྱེ་བའི་དོན། ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན། དུས་རྟག་ཏུ་འགྱུར་པ་མེད་པའི་དོན། ཡོན་ཏན་རྣམས་རྣམ་པར་དབྱེ་བ་མེད་པའི་དོན་ནོ། ། ངོ་བོ་དང་རྒྱུ་ལས་དག་པའི་དོན། དག་པའི་དོན་ལ་གཉིས། དག་བྱ་དག་བྱེད་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། ། དག་བྱ་དག་བྱེད། དེ་ལ་ཐུན་མོང་དུ་བསྟན་པ་ནི། ནོར་བུ་རིན་ཆེན་རང་བཞིན་གྱིས་དག་པ་དང༌། ནམ་མཁའ་རང་བཞིན་གྱིས་དག་པ་དང༌། ཆུ་རང་བཞིན་གྱིས་དག་པ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ཀྱང་རྟག་ཏུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ལ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་ཚད་མེད་པ་དང༌། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་དག་པར་བྱེད་པའི་རྒྱུ་ཡིན་ཞིང༌། དེ་རྣམས་ལས་བྱུང་བའི་བྱང་ཆུབ་ནི་བྲལ་བའི་འབྲས་བུ་ཡིན་ནོ། །ཞེས་པའོ། ། སོ་སོའི་ངོ་བོ། སོ་སོའི་ངོ་བོ་ལ་གཉིས། དག་བྱ་ངོ་བོའི་དོན། དག་བྱེད་རྒྱུའི་དོན་ནོ། ། དག་བྱ་ངོ་བོའི་དོན། དེ་ལ་ངོ་བོའི་དོན་ནི། རང་བཞིན་གསུམ་པོ་འདི་དག་རང་གི་མཚན་ཉིད་ལས་བརྩམས་ནས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་ཞིང་དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་ན་ནམ་མཁའ་དང་ཆོས་མཐུན་ལ། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེས་བརླན་པ་དང་བཅས་པའི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་ཆུའི་ཡོན་ཏན་དང་ཆོས་འཐུན་པ་ཉིད་དུ་རིག་པར་བྱ་སྟེ། འདི་དག་ཐམས་ཅད་ཀྱང་སྤྱིའི་མཚན་ཉིད་ལས་བརྩམས་ནས་གཏན་དུ་དྲི་མ་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང༌། ནམ་མཁའ་དང༌། ཆུ་རྣམས་རང་བཞིན་གྱིས་དག་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །ཞེས་པའོ། ། དག་བྱེད་རྒྱུའི་དོན། རྒྱུའི་དོན་ལ་གཉིས། སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ་དང༌། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ལོ། ། སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ། དེ་ལ་སྒྲིབ་པ་བཞི་སྤོང་ཚུལ་ནི། ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་དང༌། གང་ཟག་ལ་སོགས་པའི་བདག་ཏུ་ལྟ་བ་དང༌། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་རང་ཉིད་ཞི་བདེ་འདོད་པ་དང༌། སེམས་ཅན་གྱི་དོན་སྒྲུབ་པ་ལ་ལྟོས་པ་མེད་པ་ཉིད་ནི་གོ་རིམ་བཞིན་དུ་འདོད་ཆེན་པ་དང༌། མུ་སྟེགས་ཅན་དང༌། ཉན་ཐོས་དང་རང་བྱུང་རང་སངས་རྒྱས་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་འགྱུར་བའི་གེགས་སྒྲིབ་པ་རྣམ་པ་བཞི་ཡིན་ལ། དེ་རྣམས་དག་པར་བྱེད་པའི་རྒྱུ་ནི་དམ་པའི་ཆོས་ལ་ལྷག་པར་མོས་པ་རྣམས་དང༌། ལ་སོགས་པའི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཏིང་ངེ་འཛིན་ཚད་མེད་པ་དང༌། སྙིང་རྗེ་ཆེན་པོ་སྟེ་ལམ་གྱི་ཆོས་ནི་རྣམ་པ་བཞི་པོ་ཉིད་རྟག་ཏུ་སྒོམ་པར་བྱེད་པའོ། །ཞེས་པའི་དོན་ཏོ། ། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ནི། དཔེར་ན་ས་བོན་དང་མ་དང་མངལ་དང་མ་མ་སྟེ། ཆོས་བཞི་དང་ལྡན་པ་ལས་རྒྱལ་པོའི་སྲས་སུ་འགྱུར་བ་དང་འདྲ་བར། འདིར་ཡང་ཐེག་པ་གསུམ་ལས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ་མོས་པ་ནི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་གཞིར་གྱུར་པ་ལས་ས་བོན་ལྟ་བུ་དང༌། བདག་མེད་རྟོགས་་པའི་ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པས་མ་ལྟ་བུ་དང༌། ནམ་མཁའ་མཛོད་ལ་སོགས་པའི་བསམ་གཏན་གྱི་བདེ་བ་ནི་མི་ཉམས་ཤིང་འཕེལ་བར་བྱེད་པས་མངལ་གྱི་གནས་ལྟ་བུ་དང༌། སྙིང་རྗེ་ཆེན་པོ་ནི་བསྐྱེད་བསྲིང་བར་བྱེད་པས་སྐྱོང་པའི་མ་མ་ལྟ་བུ་སྟེ། ཆོས་བཞི་དང་ལྡན་པ་ཅན་གང་ཡིན་པ་དེ་དག་ནི་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ལས་རྗེས་སུ་སྐྱེས་ཤིང༌། གདུང་འཚོབ་བར་བྱེད་པས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡིན་ནོ། །ཞེས་པའོ། ། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན། འབྲས་བུ་དང་བྱེད་ལས་གྲུབ་པའི་དོན་ལ་གཉིས། ཐོབ་བྱ་ཐོབ་བྱེད་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོའི་ཁྱད་པར་དུ་བཤད་པའོ། ། ཐོབ་བྱ་ཐོབ་བྱེད་ཐུན་མོང་དུ་བསྟན་པ། དེ་ལ་ཐུན་མོང་དུ་བསྟན་པ་ནི། དེ་ལྟར་གཉེན་པོ་བཞི་བསྒོམས་ནས་སྒྲིབ་པ་བཞི་སྦྱངས་བ་ལས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། རྟག་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པ་ཐོབ་པ་ནི་འབྲས་བུའི་དོན་ཡིན་ལ། འཁོར་བ་སྡུག་བསྔལ་བ་ལ་ཡིད་འབྱུང་བ་དང༌། མྱ་ངན་འདས་པ་ཞི་བ་ལ་ཐོབ་པར་འདུན་པ་དང༌། སྨོན་པའི་ལས་ཅན་ནི་ཁམས་ཡོད་པའི་བྱེད་ལས་ཀྱི་དོན་ཡིན་ནོ། །ཞེས་པའོ། ། སོ་སོའི་ངོ་བོའི་ཁྱད་པར་དུ་བཤད་པ། སོ་སོའི་ངོ་བོ་ལ་གཉིས། ཐོབ་བྱ་འབྲས་བུའི་དོན་དང༌། ཐོབ་བྱེད་ལས་ཀྱི་དོན་ནོ། ། ཐོབ་བྱ་འབྲས་བུའི་དོན། འབྲས་བུའི་དོན་ལ་གསུམ་སྟེ། སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། སྤངས་པས་འབྲས་བུ་བཞི་འཐོབ་ཚུལ། ཐོབ་པ་མཐའ་གཉིས་ལས་གྲོལ་ཚུལ་ལོ། ། སྤང་བྱ་སྤོང་ཚུལ། དེ་ལ་སྤོང་ཚུལ་ནི། དེ་ཡང་མོས་པ་དང༌། ཤེས་རབ་དང༌། བསམ་གཏན་དང༌། སྙིང་རྗེ་སྟེ། ཆོས་ཀྱི་དབྱིངས་དག་པར་བྱེད་པའི་རྒྱུ་བཞི་པོ་འདི་དག་གི་འབྲས་བུ་ནི་མདོར་བསྡུ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྐུུ་ལ་མི་གཙང་བ་དང༌། བདག་མེད་པ་དང་སྡུག་བསྔལ་བ་དང༌། མི་རྟག་པ་སྟེ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམ་པ་བཞི་ལས་བཟློག་པའི་ཕྱིར། གཙང་བ་དང༌། བདག་དང༌། བདེ་བ་དང༌། རྟག་པ་སྟེ། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པའི་གཉེན་པོས་རབ་ཏུ་ཕྱེ་བ་ཉིད་ཐོབ་པོ། །ཞེས་པའོ། ། སྤངས་འབྲས་འཐོབ་ཚུལ། འབྲས་བུ་བཞི་ཐོབ་ཚུལ་ནི། འབྲས་བུ་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ནི་སྦྱིའི་མཚན་ཉིད་རང་བཞིན་གྱིས་གདོད་མ་ནས་ཡོངས་སུ་དག་པའི་ཕྱིར་དང༌། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཕྱིར་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། མུ་སྟེགས་ལ་སོགས་པས་བརྟགས་པའི་བདག་ཏུ་འཛིན་པའི་སྤྲོས་པ་དང༌། ཉན་ཐོས་ལ་སོགས་པས་བརྟགས་པའི་བདག་མེད་པར་འཛིན་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་ན། དམ་པའི་བདག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། སྡུག་བསྔལ་མ་ལུས་པ་འགགས་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང༌། ཀུན་འབྱུང་མཐའ་དག་སྤངས་པས་དེའི་རྒྱུ་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང༌། ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ལོག་ཅིང་ཟད་པའི་ཕྱིར་བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །དེ་བཞིན་དུ་སྲིད་པ་འཁོར་བ་དང་ནི་ཞི་བ་མྱ་ངན་ལས་འདས་པ་དག་མཐར་ཐུག་པའི་དོན་དུ་ན་རང་བཞིན་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་དོན་གཉིས་རྒྱུན་མི་འཆད་ཅིང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ཡང་དོན་དམ་པའི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། འཁོར་བ་མི་རྟག་པའི་སྐྱོན་དབྲི་བར་བྱ་བ་ཅུང་ཟད་ཀྱང་མེད་པས་ཆད་པའི་མཐར་མ་ལྷུང་ཞིང༌། གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། མྱ་ངན་ལས་འདས་པ་རྟག་པའི་ཡོན་ཏན་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་པས་རྟག་པའི་མཐར་མ་ལྷུང་བས། མཐའ་གཉིས་དང་བྲལ་བའི་མྱ་ངན་ལས་འདས་པ་ཉིད་དུ་གྲུབ་པོ། །ཞེས་པའོ། ། མཐའ་གཉིས་ལས་གྲོལ་ཚུལ། མཐའ་གཉིས་ལས་གྲོལ་ཚུལ་ནི། ཕུང་པོ་ལ་བདག་ཏུ་སྲེད་ཅིང་ཆགས་པ་བག་ལ་ཉལ་དང་བཅས་པ་མ་ལུས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་དེ། སྤངས་པའི་ཕྱིར་འདོད་ཆེན་པ་བཞིན་དུ་སྲིད་པའི་མཐར་ལྷུང་བ་མ་ཡིན་ལ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྲིད་ཅིང་ཆགས་པས་དེ་དག་གི་དོན་སྒྲུབ་པའི་ཕྱིར་བརྩེ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་སྡུག་བསྔལ་ཞི་བ་ཙམ་ཐོབ་པའི་ཐར་ལྷུང་བ་ཡང་མིན་པ་དེ་ལྟར་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱི་བློ་དང༌། སེམས་ཅན་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་གཉིས་པོ་དེ་དག་ལ་བརྟེན་ནས་གོམས་པར་བྱེད་པའི་རྒྱལ་སྲས་འཕགས་པ་རྣམས་ནི་སྲིད་པ་འཁོར་བའམ་ཞི་བ་མྱ་ངན་ལས་འདས་པ་གང་རུང་གི་མཐའ་ལ་གནས་པར་མི་འགྱུར་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་དོ། །ཞེས་པའོ། ། ཐོབ་བྱེད་ལས་ཀྱི་དོན། ལས་ཀྱི་དོན་ལ། དབྱིངས་མེད་ན་སྤོང་ལེན་མི་རྟོགས་པར་ཐལ་བ་དང༌། རིགས་ཡོད་པས་སྐྱོན་ཡོན་རྟོགས་པའི་བྱེད་ལས་སོ། ། སྤོང་ལེན་མི་རྟོགས་པར་ཐལ་བ། དེ་ལ་ཐལ་བ་ནི། གལ་ཏེ་སངས་རྒྱས་ཀྱི་ཁམས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་མེད་ན་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་བའི་ཉེས་དམིགས་མཐོང་བ་ལས་ཡིད་སྐྱོ་བར་ཡང་མི་འགྱུར་བར་ཐལ་ཞིང་མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་ལས་དེ་ཐོབ་པ་ལ་ཕྱོགས་པའི་འདོད་པ་དང༌། དེའི་ཐབས་ཚོལ་བའི་དོན་དུ་གཉེར་བ་དང༌། དེའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་སྨོན་པའང་མེད་པར་ཐལ་བར་འགྱུར་ཏེ་དེ་ལྟར་མ་ཡིན་ནོ། །ཞེས་པའོ། ། རིགས་ཀྱི་སྐྱོན་ཡོན་རྟོགས་པའི་བྱེད་ལས། བྱེད་ལས་ནི། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་དག་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དེ་དང་དེའི་སྡུག་བསྔལ་བ་དང༌། བདེ་བའི་སྐྱོན་དང་ཡོན་ཏན་དག་མཐོང་ནས་སྲིད་པ་སྡུག་བསྔལ་གྱི་སྐྱོན་གྱིས་ཡིད་འབྱུང་བ་དང༌། མྱ་ངན་ལས་འདས་པའི་བདེ་བའི་ཡོན་ཏན་ལ་སྤྲོ་བ་འདི་དག་ནི་སངས་རྒྱས་ཀྱི་རིགས་ཡོད་པ་ལས་འབྱུང་བ་ཡིན་ནོ། ། རྒྱུ་མཚན་ནི། གང་གི་ཕྱིར་ཞེ་ན། བླང་དོར་གྱི་བློ་དེ་དག་རེ་ཞིག་རྒྱས་འགྱུར་གྱི་རིགས་མེད་པའི་ལོག་སྲེད་ཅན་དག་ལ་ནི་ཇི་སྲིད་དུ། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང༌། །ཡང་དག་སྨོན་ལམ་སྔོན་ཡང་དགེ་བ་བགྱིས། །འཁོར་ལོ་ཆེན་པོ་བཞིན་ནི་ཁྱོད་ལ་མངའ། །ཞེས་པ་ལྟར་ཐེག་པ་གསུམ་ལས་གང་ཡང་རུང་པའི་ཆོས་ལ་མོས་པ་མ་སྐྱེས་པ་དེ་སྲིད་དུ་སྲིད་ཞིའི་སྐྱོན་ཡོན་མཐོང་བ་འདི་མེད་པའི་ཕྱིར་རོ། །ཞེས་པའོ། ། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན་ལ། རྒྱུ་འབྲས་ཀྱི་ཡོན་ཏན་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། ། རྒྱུ་འབྲས་ཀྱི་ཡོན་ཏན་ཐུན་མོང་དུ་བསྟན་པ། དེ་ལ་ཐུན་མོང་དུ་བསྟན་པ་ནི། དཔེར་ན། རྒྱ་མཚོ་ཆེན་པོ་སྣོད་རབ་ཏུ་ཡངས་པར་རིན་པོ་ཆེ་དང་ཆུ་དཔག་ཏུ་མེད་པ་འདུ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་མོས་པའི་སྣོད་རབ་ཏུ་ཡངས་པར་ཤེས་རབ་དང་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་ཆེན་དང་ཐུགས་རྗེའི་ཆུ་མི་ཟད་པའི་གནས་སུ་གྱུར་པའི་ཕྱིར་རྒྱུའི་ཡོན་ཏན་དང་ལྡན་པའི་དོན་ཡིན་ལ།མངོན་པར་ཤེས་པ་དང་ཟག་པ་མེད་པའི་ཡེ་ཤེས་དང༌། ཟག་པ་མེད་པའི་སྤངས་པ་རྣམས་རྣམ་པར་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཔེར་ན་མར་མེའི་སྣང་བ་དང་དྲོ་བ་དང་མདོག་རྣམས་རྣམ་པར་དབྱེར་མེད་པ་བཞིན་དུ་གནས་པ་ནི་ཆོས་ཀྱི་དབྱིངས་འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན་ཏོ། །ཞེས་པའོ། ། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པ། སོ་སོའི་ངོ་བོ་ལ། རྒྱུའི་ཡོན་ཏན་དང་ལྡན་པའི་དོན་དང༌། འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན་ནོ། ། རྒྱུའི་ཡོན་ཏན་དང་ལྡན་པའི་དོན། དེ་ལ་རྒྱུའི་ཡོན་ཏན་ནི། ཆོས་སྐུ་རྣམ་པར་དག་པའི་རྒྱུ་དང༌། རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་དང༌། ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་འམ། ཁམས་ནི་མ་ལུས་པ་བསྡུས་ཤིང་གནས་པའི་ཕྱིར་ན། སྣོད་ཡངས་པ་དང་རིན་ཆེན་དང་ཆུ་ཡོད་པ་སྟེ། ཆོས་མཐུན་པ་གསུམ་པོ་ཡིས་ཆོས་ཀྱི་དབྱིངས་འདི་རྒྱ་མཚོ་ཆེན་པོ་དང་ནི་མཚུངས་པར་བསྟན་ནོ། །ཞེས་པའོ། ། འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན། འབྲས་བུའི་ཡོན་ཏན་ནི། རང་བཞིན་གྱིས་དྲི་མ་མེད་པའི་གནས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི་མངོན་པར་ཤེས་པ་ལྔ་དང༌། ཟག་པ་མེད་པའི་ཡེ་ཤེས་དང་དྲི་མ་མེད་པའི་དེ་བཞིན་ཉིད་དང༌། གནས་མ་ལུས་པར་གྱུར་པའི་སྤངས་པ་རྣམས་རྣམ་པར་དབྱེར་མེད་པར་གནས་པའི་ཕྱིར། དཔེར་ན་མར་མེ་ཡི་སྣང་བ་དང་དྲོ་བ་དང་མདོག་རྣམས་དབྱེར་མེད་པར་གནས་པ་དང་ཆོས་མཚུངས་པ་ཅན་ཡིན་ནོ། །ཞེས་པའོ། ། གང་ཟག་གི་དབྱེ་བས་འཇུག་པའི་དོན། གང་ཟག་གི་དབྱེ་བས་འཇུག་པའི་དོན་ལ། རྟེན་གསུམ་གྱི་འཇུག་པས་གསུངས་ཚུལ་དང༌། དེ་རྣམས་ཀྱང་རིམ་གྱིས་དག་ཚུལ་ལོ། ། རྟེན་གསུམ་གྱི་འཇུག་པས་གསུང་ཚུལ། གསུམ་གྱིས་གསུངས་ཚུལ་ནི། སོ་སོ་སྐྱེ་བོའི་དེ་བཞིན་ཉིད་དང༌། འཕགས་པའི་དེ་བཞིན་ཉིད་དང༌། རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གསུམ་དུ་རབ་ཏུ་དབྱེ་བའི་འཇུག་པ་ལས་བརྩམས་ནས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པ་ཐམས་ཅད་མཁྱེན་པའི་གདུལ་བྱར་གྱུར་པའི་སེམས་ཅན་སྐལ་པ་དང་ལྡན་པ་རྣམས་ལ། རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འདི་ཤིན་ཏུ་གསལ་བར་བསྟན་ནོ། །ཞེས་པའོ། ། དེ་རྣམས་ཀྱང་རིམ་གྱིས་དག་ཚུལ། རིམ་གྱིས་དག་ཚུལ་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཅིང༌། བདེན་པ་བཞིའི་ཆོས་ཉིད་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བའི་འཕགས་པ་རྣམས་ནི་དེ་དག་ལས་བཟློག་པ་སྟེ། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་མ་ལོག་ཅིང་ཡང་དག་པ་མཐོང་པ་ཡིན་ལ། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་གཟིགས་པ་ཕྱིན་ཅི་མ་ལོག་ཅིང་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བཅོམ་པས་སྤྲོས་པ་མེད་པ་ཉིད་ཡིན་ཏེ། དེ་ལྟར་རྟེན་གྱི་གང་ཟག་གསུམ་དུ་རྣམ་པར་དབྱེ་བའི་སྒོ་ནས་བརྟེན་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱང་རྣམ་པ་གསུམ་དུ་འགྱུར་རོ། །ཞེས་པའོ། ། གནས་སྐབས་ཀྱི་མིང་ཙམ་ཕྱེ་བའི་དོན། འདི་མན་ཆད་དོན་རྣམ་པ་བཞིས་ནི་འཇུག་པའི་དོན་ཉིད་ཚུལ་གཞན་གྱིས་འཆད་པ་སྟེ། གནས་སྐབས་ཀྱི་མིང་ཙམ་གྱི་དོན་ལ། སྐབས་གསུམ་དུ་མིང་འདོགས་ཚུལ་དང༌། མིང་གསུམ་གྱིས་དོན་དྲུག་བསྡུས་ཚུལ་ལོ། ། སྐབས་གསུམ་དུ་མིང་འདོགས་ཚུལ། དེ་ལ་མིང་གསུམ་འདོགས་ཚུལ་ནི། དེ་བཞིན་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མས་མ་དག་པ་དང༌། མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་ལ་གོ་རིམ་ཇི་ལྟ་བ་བཞིན་ཏུ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐ་དད་པ་གསུམ་གྱིས་བརྗོད་ཅིང་བསྟན་ཏོ། །ཞེས་པའོ། ། མིང་གསུམ་གྱིས་དོན་དྲུག་བསྡུས་ཚུལ། དོན་དྲུག་བསྡུས་ཚུལ་ནི། ངོ་བོ་ཉིད་ཀྱི་དོན་ལ་སོགས་པའི་སྒྲས་རྒྱུའི་དོན་དང༌། འབྲས་བུའི་དོན་དང་ལས་ཀྱི་དོན་དང་ལྡན་པའི་དོན་དང་འཇུག་པའི་དོན་ཏེ། དོན་འདི་དྲུག་གིས་ནི་བསྡུས་ནས་གོང་དུ་རྒྱས་པར་བཤད་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི། མ་དག་པ་དང༌། མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་པོ་དག་ཏུ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་གསུམ་གྱིས་ནི་བཏགས་ནས་ཐ་དད་པ་ཙམ་དུ་བསྟན་པ་ཉིད་ཡིན་གྱི། དོན་གྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་པའོ། ། ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན། ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ལ། རྟོག་མེད་ཀྱིས་ཀུན་ལ་ཁྱབ་ཚུལ། སྤྱི་མཚན་ལ་དབྱེ་བ་མེད་ཚུལ་ལོ། ། རྟོག་མེད་ཀྱིས་ཀུན་ལ་ཁྱབ་ཚུལ། དེ་ལ་ཁྱབ་ཚུལ་ནི། དཔེ་ཇི་ལྟར་ན་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་གཟུགས་ཅན་ཐམས་ཅད་ལ་དབྱེར་མེད་པར་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་ལྟར། སེམས་ཀྱི་རང་བཞིན་འོད་གསལ་གདོད་མ་ནས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་དུ་གང་ཟག་གི་གནས་སྐབས་ཐམས་ཅད་ལ་དབྱེར་མེད་ཅིང་ཀུན་ཏུ་འགྲོ་བར་ཁྱབ་པ་ཉིད་དོ། །ཞེས་པའོ། ། སྤྱི་མཚན་ལ་དབྱེ་བ་མེད་ཚུལ། དབྱེ་བ་མེད་པའི་ཚུལ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དམ་ཆོས་ཉིད་ཡིན་པའི་ཕྱིར་ཉེས་པ་དང་བཅས་པའི་སོ་སོ་སྐྱེ་བོ་དང་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དང༌། ཡོན་ཏན་མཐར་ཐུག་པའི་དེ་བཞིན་གཤེགས་པའི་གནས་སྐབས་ཐམས་ཅད་ལ་མཚུངས་པར་རྗེས་སུ་ཞུགས་ཤིང་ཁྱབ་པ་ཡིན་ཏེ། དཔེར་ན་གཟུགས་ཀྱི་རྣམ་པ་དམན་པས་སའི་སྣོད་དང༌། བར་མ་ཟངས་ཀྱི་སྣོད་དང༌། མཆོག་གསེར་གྱི་སྣོད་ཐམས་ཅད་ལ་ནམ་མཁའ་རྗེས་སུ་སོང་ཞིང་ཁྱབ་པ་བཞིན་ནོ། །ཞེས་པའོ། ། དུས་རྟག་ཏུ་འགྱུར་པ་མེད་པའི་དོན། དུས་རྟག་ཏུ་འགྱུར་བ་མེད་པའི་དོན་ལ། འགྱུར་མེད་ཀྱི་གནས་སྐབས་བསྟན་པ། དེའི་ཚུལ་རྒྱས་པར་བཤད་པའོ། ། འགྱུར་མེད་ཀྱི་གནས་སྐབས་བསྟན་པ། དེ་ལ་གནས་སྐབས་བསྟན་པ་ནི། ཆོས་ཀྱི་དབྱིངས་དེ་སྔར་ཉེས་པ་དང་བཅས་པ་ལས། ཕྱིས་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར་འགྱུར་བ་དང་བཅས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྔར་མ་དག་པའི་གནས་སྐབས་ན་ཉོན་མོངས་པ་ལ་སོགས་ཉེས་པ་རྣམས་སྤང་རུང་གློ་བུར་པ་ཉིད་དང་ལྡན་པ་ཡིན་གྱིས། རང་བཞིན་དུ་གནས་པ་མ་ཡིན་པའི་ཕྱིར་དང༌། ཕྱིས་དག་པའི་གནས་སྐབས་ན་སྟོབས་ལ་སོགས་པའི་ཡོན་ཏན་མངོན་སུམ་དུ་གྱུར་པ་རྣམས་རང་བཞིན་དུ་གདོད་མ་ཉིད་ནས་ལྡན་པ་ཡིན་གྱི་གློ་བུར་དུ་སྐྱེས་པ་མ་ཡིན་པའི་ཕྱིར་ན། ཇི་ལྟར་སྔར་འཁོར་བའི་ཁམས་སུ་ཡོད་པ་ཇི་ལྟ་བ་བཞིན་ཕྱིས་མྱ་ངན་ལས་འདས་པ་ན་ཡང་དེ་བཞིན་དུ་གནས་ཤིང་ནམ་ཡང་འགྱུར་བ་མེད་པ་ནི་ཆོས་ཀྱི་དབྱིངས་དིའི་ཆོས་ཉིད་དམ་རང་བཞིན་ཉིད་དོ། །ཞེས་པའོ། ། དེའི་ཚུལ་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གསུམ་སྟེ། སྒྲིབ་པས་མ་དག་པའི་གནས་སྐབས་ནའང་འགྱུར་བ་མེད་ཚུལ། མ་དག་དག་པའི་གནས་སྐབས་ན་འང་འགྱུར་བ་མེད་ཚུལ། ཤིན་ཏུ་རྣམ་དག་གི་གནས་སྐབས་ནའང་འགྱུར་བ་མེད་ཚུལ་ལོ། ། མ་དག་པའི་གནས་སྐབས་ན་འགྱུར་བ་མེད་ཚུལ། དང་པོ་ལ་ནམ་མཁའ་ལྟར་འགྱུར་བ་མེད་ཚུལ་དང༌། དེ་རྣམས་ཀྱི་ཁྱད་པར་བཤད་པའོ། ། ནམ་མཁའ་ལྟར་འགྱུར་བ་མེད་ཚུལ། འགྱུར་བ་མེད་ཚུལ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ་ལས། མདོར་བསྟན་པ། མདོར་བསྟན་པ་ནི། དཔེ་ཇི་ལྟར་ན། འདུས་མ་བྱས་པའི་ནམ་མཁའ་གཟུགས་ཅན་འདུས་བྱས་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་ཡིན་ཡང་ཕྲ་བ་སྟེ། གཟུགས་ཅན་རགས་པ་མ་ཡིན་པའི་ཕྱིར། གཟུགས་ཀྱི་ཉེས་པ་མི་རྟག་པ་ལ་སོགས་པས་ནམ་ཡང་ཉེ་བར་གོས་པ་མེད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་སེམས་ཀྱི་རང་བཞིན་དུ་ཁྱབ་པར་གནས་པའི་འོད་གསལ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། སེམས་ཅན་གྱི་ཉེས་པ་ཉོན་མོངས་པ་ལ་སོགས་པས་ནམ་ཡང་ཉེ་བར་གོས་པ་མེད་ཅེས་པའོ། ། རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་ལྔ་སྟེ། ཆོས་ཅན་ལ་སྐྱེ་འཇིག་སྣང་ཚུལ། ཆོས་ཉིད་ལ་འཇིག་པ་མེད་ཚུལ། དེ་དག་གི་གནས་ལུགས་བསྟན་པ། གློ་བུར་བས་འཁོར་བར་འགྱུར་ཚུལ། རང་བཞིན་ལ་འགྱུར་བ་མེད་ཚུལ་ལོ། ། ཆོས་ཅན་ལ་སྐྱེ་འཇིག་སྣང་ཚུལ། དེ་ལ་སྐྱེ་འཇིག་སྣང་ཚུལ་ནི། དཔེ་ཇི་ལྟར་ན་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་འདི་རྣམ་པ་ཐམས་ཅད་དུ་ནམ་མཁའ་གོ་ཕྱེ་བ་ལ་ནི་བརྟེན་ནས། དང་པོར་སྐྱེ་ཞིང་འཆགས་ལ། མཐར་འཇིག་ཅིང་འགག་ཀྱང་ནམ་མཁའ་སྐྱེ་འཇིག་མེད་པ་དེ་བཞིན་དུ་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འགྱུར་བ་མེད་པ་ལ་བརྟེན་ནས། ནང་སེམས་ཅན་གྱི་དབང་པོ་རྣམས་ནི་དང་པོ་སྐྱེ་ཞིང་འཕེལ་ལ་མཐར་འཇིག་ཅིང་འགག་ཀྱང་ཆོས་ཉིད་ལ་སྐྱེ་འཇིག་ཡོད་པ་མ་ཡིན་ནོ།། ཞེས་པའོ། ། ཆོས་ཉིད་ལ་འཇིག་པ་མེད་ཚུལ། ཆོས་ཉིད་ལ་འཇིག་པ་མེད་ཚུལ་ནི། དཔེ་ཇི་ལྟར་ན་འདུས་བྱས་ཀྱི་དངོས་པོ་རྣམས་དུས་མཐའ་དང་དམྱལ་བ་དང་རང་བཞིན་པའི་མེ་གསུམ་གྱིས་འཚིག་ཀྱང་འདུས་མ་བྱས་པའི་ནམ་མཁའ་མེ་གསུམ་པོ་རྣམས་ཐམས་ཅད་ཀྱིས་སྔོན་ཆད་ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་སེམས་ཅན་རྣམས་འཆི་བ་ལ་སོགས་པའི་མེ་གསུམ་གྱིསའཚིག་ཀྱང་སྙིང་པོ་ཆོས་ཀྱི་དབྱིངས་འདི་ནི་འཆི་བ་དུས་མཐའི་མེ་དང༌། ན་བ་དམྱལ་བའི་མེ་དང༌། རྒ་བ་རང་བཞིན་གྱི་མེ་དང་གསུམ་པོ་རྣམས་ཀྱིས་ནམ་ཡང་མི་འཚིག་པ་ཉིད་དོ། །ཞེས་པའོ། ། དེ་དག་གི་གནས་ལུགས་བསྟན་པ། དེ་དག་གི་གནས་ལུགས་བསྟན་པ་ལ། དཔེ་དང༌། དོན་དང༌། དེ་དག་སྦྱར་བའོ། ། དེ་ལ་དཔེ་ནི། འཇིག་རྟེན་གྱི་ཁམས་ཆགས་ཤིང་གནས་པ་ན་སའི་དཀྱིལ་འཁོར་ཆེན་པོ་ནི་ཆུའི་དཀྱིལ་འཁོར་ལ་བརྟེན་ཅིང༌། ཆུ་འང་རླུང་གི་དཀྱིལ་འཁོར་ལ་བརྟེན་ལ་རླུང་ནི་ནམ་མཁའ་ལ་བརྟེན་ནས་རབ་ཏུ་གནས་པ་ཉིད་ཡིན་ཡང༌། ནམ་མཁའ་ནི་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར། རླུང་གི་དཀྱིལ་འཁོར་དང་ཆུའི་ཕུང་པོ་དག་དང་སའི་ཁམས་ལ་སོགས་པ་འདུས་བྱས་ཀྱི་དངོས་པོ་གང་ལ་ཡང་བརྟེན་ནས་རབ་ཏུ་གནས་པ་ནི་མ་ཡིན་ཞེས་བྱའོ། ། དོན་ནི། དཔེ་དེ་བཞིན་དུ་ཕུང་པོ་ལྔ་དང༌། ཁམས་བཅྭོ་བརྒྱད་དང༌། དབང་པོ་དང༌། ཡུལ་གྱི་སྐྱེ་མཆེད་བཅུ་གཉིས་ཟག་པ་དང་བཅས་པས་བསྡུས་པའི་ཀུན་ནས་ཉོན་མོངས་པ་རྣམས་ནི། དེ་དག་བསྐྱེད་པའི་རྒྱུ་ལས་དང་ཀུན་ནས་ཉོན་མོངས་པ་དག་ལ་གནས། ལས་དང་ཉོན་མོངས་པ་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པ་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ལ་བརྟེན་ནས་རྟག་ཏུ་གནས་ལ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་བརྟེན་ནས་རབ་ཏུ་གནས་མོད། འོན་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་དོན་དམ་པའི་དེ་བཞིན་ཉིད་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གློ་བུར་བའི་ཆོས་རྣམས་ནི་ཐམས་ཅད་ལ་ནམ་ཡང་བརྟེན་ནས་གནས་པ་མེད་པ་ཉིད་དོ། །ཞེས་པའོ། ། དེ་དག་སྦྱར་བ་ནི། སའི་དཀྱིལ་འཁོར་ཆུ་ལ་བརྟེན་ནས་ཆགས་པ་དང་འདྲ་བར་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་པོ་རྣམས་ལས་དང་ཉོན་མོངས་པ་ལ་བརྟེན་ནས་འགྲུབ་པར་ཤེས་པར་བྱ་ཞིང་ཆུའི་ཁམས་ཀྱིས་སའི་དཀྱིལ་འཁོར་འགྲུབ་པའི་རྐྱེན་བྱེད་པ་དང་འདྲ་བར་ལུས་ཅན་རྣམས་ཀྱི་ལས་ཟག་པ་དང་བཅས་པ་དང༌།ཉོན་མོངས་པ་རྣམས་ནི་ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་རྣམས་འགྲུབ་པར་བྱེད་པའི་རྐྱེན་དུ་ཤེས་པར་བྱ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་ནི་ལས་དང་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་རླུང་གི་ཁམས་ཀྱིས་ཆུའི་དཀྱིལ་འཁོར་གྱི་རྟེན་བྱེད་པ་དང་འདྲ་བར་བལྟ་ཞིང་རིག་པར་བྱའོ། །སེམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ནམ་མཁའི་ཁམས་ཀྱིས་ཐམས་ཅད་ཀྱི་རྟེན་བྱེད་ཀྱང་གང་ལ་ཡང་མི་གནས་པ་བཞིན་དུ་གློ་བུར་བ་རྣམས་ཀྱི་རྟེན་བྱེད་ཀྱང་རང་གི་ངོ་བོ་དེ་ཉིད་གཞི་གང་ལ་ཡང་བརྟེན་པ་ཅན་མ་ཡིན་ཞིང་གང་དུ་ཡང་གནས་པ་མེད་དོ། ། ཞེས་པའོ། ། གློ་བུར་བས་འཁོར་བར་འགྱུར་ཚུལ། གློ་བུར་བས་འཁོར་བར་འགྱུར་ཚུལ་ནི། དཔེར་ན་རླུང་གི་དཀྱིལ་འཁོར་ནམ་མཁའ་ལ་གནས་པ་ལྟར་དངོས་པོའི་གནས་ལུགས་དང་མི་མཐུན་པར་འཛིན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཀྱི་དབྱིངས་ལ་སྒྲིབ་པའི་ཚུལ་གྱིས་རབ་ཏུ་གནས་ཏེ་རླུང་གིས་ཆུའི་རྟེན་བྱེད་པ་དང་འདྲ་བར་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ཀྱིས་འཁོར་བར་སྐྱེ་བའི་རྒྱུ་ལས་ཟག་པ་དང་བཅས་པ་དང༌། དེ་ལ་སོགས་པ་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་གོ་སྐབས་རབ་ཏུ་ཕྱེ་ཞིང་འཕེལ་བར་བྱས་ལ། ཆུའི་ཕུང་པོ་བསྲུབས་པ་ལས་ས་གཞི་ཆེན་པོ་འགྲུབ་པ་བཞིན་དུ་ལས་དང་ཉོན་མོངས་པའི་ཆུ་ལས་ནི་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ཟག་པ་དང་བཅས་པ་སྡུག་བསྔལ་གྱིས་བསྡུས་པའི་སྐྱེ་བ་རྣམས་འབྱུང་ཞིང༌། མདོར་ན་ནམ་མཁའ་འདུས་མ་བྱས་པའི་དབྱིངས་སུ་དུས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་ཏེ། སྔར་ཡོད་གསར་དུ་འཇིག་པ་དང༌། སྔར་མེད་གསར་དུ་ཆགས་པར་འགྱུར་བ་ལྟར། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་སུ་འང་སེམས་ཅན་རྣམས་རྣམ་པར་རྟོག་པ་དང་ཀུན་ནས་ཉོན་མོངས་པ་གསུམ་འཁོར་བའི་དབང་གིས་དང་པོར་སྐྱེ་བ་དང༌། མཐར་འཇིག་པར་འགྱུར་བ་ཡིན་ནོ། །ཞེས་པའོ། ། རང་བཞིན་ལ་འགྱུར་བ་མེད་ཚུལ། རང་བཞིན་ལ་འགྱུར་བ་མེད་ཚུལ་ནི། སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་་འདུས་མ་བྱས་པ་ལྟར་ཉེར་ལེན་གྱི་རྒྱུ་ལ་ལྟོས་པ་མེད་ཅིང༌། ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་མེད་དེ། དེས་ན་དེ་དག་ཚོགས་པ་ལའང་ལྟོས་པ་མེད་ཅིང༌། དེའི་ཕྱིར་དང་པོ་སྐྱེ་བ་དང་མཐར་འཇིག་པ་དང༌། བར་དུ་གནས་པའང་ཡོད་པ་མ་ཡིན་པས་འདུས་བྱས་ཀྱི་ཆོས་གསུམ་གྱིས་ནམ་ཡང་འགྱུར་བ་མེད་པ་ཉིད་དོ། །ཞེས་པའོ། ། དོན་བསྡུ་བ། དོན་བསྡུ་བ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཡིན་པ་དེ་ནི་ནམ་མཁའི་རང་བཞིན་སྤྲིན་དང་དུ་བ་ལ་སོགས་པས་མི་འགྱུར་བ་བཞིན་དུ། སྒྲིབ་པ་དག་པ་དང་མ་དག་པ་ལ་སོགས་པས་ནམ་ཡང་འགྱུར་བ་མེད་པ་ཉིད་དེ། ཡང་དག་པ་མིན་པར་འཛིན་པའི་རྟོག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་བསྡུས་པ་སྤང་རུང་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཆོས་ཉིད་དེ་གཏན་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་པའོ། ། དེ་རྣམས་ཀྱི་ཁྱད་པར་བཤད་པ། དེ་རྣམས་ཀྱི་ཁྱད་པར་བཤད་པ་ལ། འགྱུར་མེད་སྐྱེ་འཇིག་གིས་དབེན་པའི་ཁྱད་པར་དང༌། འགྱུར་བ་མེ་གསུམ་དང་མཐུན་པའི་ཁྱད་པར་རོ། ། སྐྱེ་འཇིག་གིས་དབེན་པའི་ཁྱད་པར། དེ་ལ་སྐྱེ་འཇིག་གིས་དབེན་པ་ནི། ལས་དང་ཉོན་མོངས་པ་ཆུའི་ཕུང་པོ་སོགས་དང་འདྲ་བའི་ཚོགས་རྣམས་ཀྱིས་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་འདི་ནི་སྔར་མེད་པ་གསར་དུ་མངོན་པར་བསྐྱེད་ཅིང་འགྲུབ་པ་ཡང་མིན་ཏེ། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཆོས་ཉིད་འདི་འཆི་བ་དུས་མཐའི་མེ་དང༌། ན་བ་དམྱལ་བའི་མེ་དང༌། རྒ་བ་རང་བཞིན་གྱི་མེ་མི་ཟད་ཅིང་ཤིན་ཏུ་དག་པ་མཐའ་ཡས་པས་ཀྱང་འཚིག་པ་འམ་འཇིག་པར་མི་འགྱུར་ཏེ། རང་བཞིན་གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། ། མེ་གསུམ་དང་མཐུན་པའི་ཁྱད་པར། མེ་གསུམ་དང་མཐུན་པ་ནི། དུས་ཀྱི་མཐར་འཇིག་རྟེན་གྱི་ཁམས་འགག་པར་བྱེད་པའི་མེ་དང༌། སེམས་ཅན་དམྱལ་བ་རྣམས་སྲེག་པར་བྱེད་པའི་མེ་དང༌། རང་བཞིན་ཐ་མལ་གྱི་བུད་ཤིང་ལ་བརྟེན་ནས་འབར་བའི་མེ་གསུམ་པོ་འདི་རྣམས་ནི་སྲོག་འགྱུར་བ་འཆི་བའི་མེ་དང༌། ཁམས་འགྱུར་བ་ན་བའི་མེ་དང༌། ན་ཚོད་འགྱུར་བ་རྒ་བའི་མེ་གསུམ་པོ་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱར་ནས་དེ་དག་དང་ཕན་ཚུན་ཆོས་མཐུན་ཅིང་འདྲ་བར་ཤེས་པར་བྱའོ། ། མ་དག་དག་པའི་གནས་སྐབས་ན་འགྱུར་བ་མེད་ཚུལ། མ་དག་དག་པའི་གནས་སྐབས་ནའང་འགྱུར་བ་མེད་ཚུལ་ལ། སྐྱེ་སོགས་ཀྱིས་མི་འགྱུར་བའི་དོན་དངོས་བསྟན་པ། ས་བཅུར་རྒྱལ་སྲས་ཀྱིས་ཡོན་ཏན་ངོས་བཟུང་བའོ། ། སྐྱེ་སོགས་ཀྱིས་མི་འགྱུར་བའི་དོན་དངོས་བསྟན་པ། དོན་དངོས་བསྟན་པ་ལ། མི་འགྱུར་ཡང་འགྱུར་བར་སྣང་ཚུལ། དེའི་དོན་རྒྱས་པར་བཤད་པའོ།། མི་འགྱུར་ཡང་འགྱུར་བར་སྣང་ཚུལ། དང་པོ་སྣང་ཚུལ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཕུང་པོ་གསར་དུ་གྲུབ་པའི་སྐྱེ་བ་དང༌། རྒྱུན་འགགས་པའི་འཆི་བ་དང༌། སྡུག་བསྔལ་བསྐྱེད་པའི་ན་བ་དང༌། རྒྱུན་འགྱུར་བའི་རྒ་བ་རྣམས་ལས་གྲོལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་འདི་ཡི་རང་བཞིན་ནམ་གནས་ལུགས་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ཏེ་གནས་པའི་ཕྱིར་རོ། །ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལ་སོགས་པའི་ཕོངས་ཤིང་སྡུག་བསྔལ་བ་དང་བྲལ་བ་རྣམ་པར་དག་ཅིང་འགྱུར་བ་མེད་པ་ཡང་ཡིན་ལ། དེ་ལྟར་ན་ཡང་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་རྟོགས་པ་དེའི་རྒྱུས་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ་གནས་པའི་ཕྱིར་རོ། །གཞན་དོན་དུ་སྨོན་ལམ་ལ་སོགས་པའི་དབང་གིས་བསམ་བཞིན་དུ་སྲིད་པར་སྐྱེབ་དང༌། རྟག་འཛིན་ལས་བཟློག་པའི་ཆེད་དུ་འཆི་བ་དང་ན་བ་དང་རྒ་བ་ལ་སོགས་པས་བརྟེན་ཅིང་འཁོར་བར་གནས་པས།གཞན་སྣང་ལ་མ་དག་ཅིང་འགྱུར་བ་དང་བཅས་པར་ཡང་སྣང་བ་ཉིད་དོ། །ཞེས་པའོ། ། དེའི་དོན་རྒྱས་པར་བཤད་པ། རྒྱས་བཤད་ལ། སྡུག་བསྔལ་གྱིས་འགྱུར་བ་མེད་ཚུལ། སྙིང་རྗེ་ལས་འགྱུར་བར་སྣང་ཚུལ་ལོ།། སྡུག་བསྔལ་གྱིས་འགྱུར་བ་མེད་ཚུལ། དེ་ལ་འགྱུར་བ་མེད་ཚུལ་ནི། ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕགས་པའི་ཚིགས་མ་ལུས་པར་རང་དབང་མེད་པར་འཆི་བའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང་རྒ་བའི་སྡུག་བསྔལ་རྣམས་རྩ་བ་ནས་སྤངས་བ་ཡིན་ཏེ། དེ་དག་གི་རྒྱུན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལས་དང་ཉོན་མོངས་པ་དང་དེའི་དབང་གིས་འཁོར་བར་སྐྱེ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་ལ་ནི་རྒྱུ་དེ་རྣམས་མེད་པའི་ཕྱིར་འབྲས་བུ་སྡུག་བསྔལ་གྱིས་འགྱུར་བ་དེ་ཡང་མེད་དོ།། ཞེས་པའོ། ། སྙིང་རྗེ་ལས་འགྱུར་བར་སྣང་ཚུལ། འགྱུར་བར་སྣང་ཚུལ་ནི། རྒྱལ་སྲས་འཕགས་པ་རྣམས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་འགྱུར་བ་མེད་པ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མངོན་སུམ་དུ་མཐོང་བའི་ཕྱིར། འཁོར་བར་རང་དབང་མེད་པར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ལས་འདས་ཤིང་རྣམ་པར་གྲོལ་བར་འགྱུར་ཀྱང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པ་ལས་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་དང༌། འཆི་བ་དང༌། ན་བ་དང༌། རྒ་བ་ལ་སོགས་པ་རྣམ་པར་འགྱུར་བ་དུ་མའི་སྣང་བར་སྟོན་ཅིང་སྐལ་བ་དང་མཐུན་པར་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ཡིན་ནོ། ། ཞེས་པའོ། ། རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བ། ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བ་ལ་ལྔ་སྟེ། དང་པོ་སེམས་བསྐྱེད་སྐྱེས་པའི་ཡོན་ཏན། སྤྱོད་པ་མཆོག་ལ་ཞུགས་པའི་ཡོན་ཏན། ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན། སྐྱེ་བ་ཐ་མར་གྱུར་པའི་ཡོན་ཏན། དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པའོ། ། སེམས་བསྐྱེད་སྐྱེས་པའི་ཡོན་ཏན། དེ་ལ་དང་པོ་སེམས་བསྐྱེད་སྐྱེས་པའི་ཡོན་ཏན་བསྟན་པ་ནི། ས་དང་པོ་ལ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་ལ་སོགས་པས་འགྱུར་བ་མེད་པའི་སེམས་ཀྱི་ཆོས་ཉིད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འདི་མངོན་སུམ་དུ་གསར་དུ་རྟོགས་ནས་རང་ཉིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཚན་ཉིད་པ་རྣམས་ལས་གྲོལ་ཡང་མ་རིག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལྡོངས་པའི་སེམས་ཅན་གཞན་རྣམས་ཀྱི་སྐྱེ་བ་དང༌། ལ་སོགས་པ་སྟེ། རྒ་བ་དང༌། ན་བ་དང༌། འཆི་བའི་ཚུལ་དག་ཏུ་ནི་མཐོང་ཞིང་སྣང་བས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ངོ་མཚར་ཞིང་རྨད་དུ་འབྱུང་བ་ཉིད་དོ། ། དེ་བཞིན་དུ་སྡིག་ཏོ་མི་དགེ་བའི་ཆོས་ལས་རིང་དུ་འཕགས་པའི་སྦྱོད་ཡུལ་ཆོས་ཉིད་མངོན་སུམ་དུ་མཐོང་ཞིང་སྐྱེ་འཆི་ལས་གྲོལ་བའི་གོ་འཕང་ཐོབ་པ་གང་ཡིན་པ་དེ་ཉིད་བྱིས་པ་སོ་སོའི་སྐྱེ་བོ་སྐྱེ་འཆི་ལས་མ་གྲོལ་བ་རྣམས་ཀྱི་སྤྱོད་ཡུལ་དུ་སྐྱེ་བ་ལ་སོགས་པའི་རྣམ་འཕྲུལ་དུ་མ་སྟོན་ཅིང་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་དེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་འགྲོ་བ་མ་ལུས་པའི་གཉེན་ནམ་རྩ་ལག་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུ་བའི་དངོས་པོས་གཞན་གྱི་དོན་སྒྲུབ་པའི་ཐབས་ལ་མཁས་པ་དང༌། དེ་ཀུན་ནས་སློང་བའི་སྙིང་རྗེ་ཆེན་པོ་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་པའོ། ། སྤྱོད་པའི་མཆོག་ལ་ཞུགས་པའི་ཡོན་ཏན། སྤྱོད་པའི་མཆོག་ལ་ཞུགས་པའི་ཡོན་ཏན་ནི། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་ཀྱང༌། སྙིང་རྗེའི་དབང་གིས་འཇིག་རྟེན་ལས་མི་གཡོ་བར་གདུལ་བྱ་འཇིག་རྟེན་པ་རྣམས་ཡོངས་སུ་སྨིན་པའི་དོན་དུ་འཇིག་རྟེན་ན་སྐྱེ་བ་ལ་སོགས་པའི་ཚུལ་བཟུང་ནས་འཇིག་རྟེན་གྱི་ཉེས་པའི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྤྱོད་དེ། དཔེ་ཇི་ལྟར་ན་མེ་ཏོག་པད་མ་རྣམས་ཆུའི་ནང་དུ་སྐྱེས་པ་ཡིན་ཀྱང་ཆུའི་སྐྱོན་ནམ་དྲི་མ་ལ་སོགས་པས་གོས་པ་མེད་པ་དེ་བཞིན་དུ་རྒྱལ་སྲས་འཕགས་པ་འདི་ནི་གཞན་དོན་ལ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་སྐྱོན་གྱི་ཆོས་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་ནམ་ཡང་མི་གོས་པ་ཉིད་དོ།། ཞེས་པའོ། ། ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན། ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན་ནི། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་སྒྲུབ་པ་ལ་དུས་རྟག་ཏུ་རང་གི་བློ་འབད་རྩོལ་མེད་པར་དཔེར་ན་བུད་ཤིང་སྐམ་པོ་ལ་མེ་སྟོབས་ལྡན་རང་ཤུགས་ཀྱིས་འབར་བ་བཞིན་དུ་ནི་འབར་བའི་ཚུལ་གྱིས་འཇུག་པ་དང༌། དེར་མ་ཟད་དེ་དང་ཅིག་ཅར་དུ་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་བསམ་གཏན་ཏིང་ངེ་འཛིན་གྱི་སྙོམས་འཇུག་ལ་དུས་རྟག་ཏུ་རྒྱུན་མི་ཆད་པར་སྙོམས་པར་ཞུགས་པ་འང་ཡིན་ནོ། །ཞེས་པའོ། ། སྐྱེ་བ་ཐ་མར་གྱུར་པའི་ཡོན་ཏན། སྐྱེ་བ་ཐ་མ་པར་འགྱུར་བའི་ཡོན་ཏན་ནི། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་ས་དགུ་པ་མན་ཆད་ཀྱི་སྨོན་ལམ་ལ་སོགས་པའི་འཕེན་པའི་དབང་གིས་ལྷུན་གྱིས་གྲུབ་པར་འཇུག་པ་དང་ནི། ཀུན་སློང་གི་རྣམ་པར་རྟོག་པ་ཐམས་ཅད་གནས་ཡོངས་སུ་གྱུར་པའི་ཚུལ་གྱིས་སྤངས་ཏེ་བྲལ་བའི་ཕྱིར་ན། སྲིད་པ་ཐ་མ་པ་དེ་ནི་གདུལ་བྱ་ལུས་ཅན་རྣམས་ཡོངས་སུ་སྨིན་པའི་དོན་དུ་འབད་པ་དང་རྩོལ་བ་བྱེད་དགོས་པ་ཡོད་པ་མ་ཡིན་ཞིང༌། དེ་ལྟར་ན་ཡང་གསུང་གི་ཕྲིན་ལས་བསམ་པ་དང་མཐུན་པར་ཆོས་བསྟན་པ་དང༌། སྐུ་ཡི་ཕྲིན་ལས་སྐལ་པ་དང་མཐུན་པར་གཟུགས་ཀྱི་སྐུའི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་དག་དང་ནི། གཞན་དོན་གྱི་སྤྱོད་པ་རླབས་པོ་ཆེ་དང༌། འཆག་པ་དང༌། བཞེངས་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་པ་རྣམས་ཀྱིས་ཀྱང་རུང་སྟེ། གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་བ་རྣམས་རྒྱལ་སྲས་དེས་ནི་ཕྲིན་ལས་དེ་ཇི་ལྟར་འོས་པ་དེ་ལྟ་ཉིད་དུ་ཡང་དག་པར་རབ་ཏུ་ཤེས་སོ། །འབད་པ་མེད་ཅིང་སྣ་ཚོགས་པར་འཇུག་པ་དེ་ལྟར་ན་ཡུལ་ནམ་མཁའི་མཐས་ཀླས་འགྲོ་བ་མཐའ་ཡས་པ་རྣམས་ལ་དུས་རྟག་ཏུ་ཚུལ་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པར་ཐམས་ཅད་དུ་དོན་ཡོད་ཅིང་ཐོགས་པ་མེད་པའི་སྒོ་ནས་བྱེད་པ་པོ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ཡིས་ནི། ཆེད་དུ་བྱ་བ་གདུལ་བྱ་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཆེད་དུ་རང་གི་ངོ་བོས་དེ་དག་གི་དོན་སྒྲུབ་པའི་ཕྲིན་ལས་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་འཇུག་པ་ཉིད་དོ། །ཞེས་སོ། ། དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པ། དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པ་ནི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྲིན་ལས་འཇུག་པའི་ཚུལ་འདི་ནི་རྗེས་ཐོབ་ཏུ་གཞན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས་སྤངས་རྟོགས་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་དང༌། ཡང་གདུལ་བྱར་གྱུར་བའི་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡང་དག་པར་སྒྲོལ་བ་ལ་འཇིག་རྟེན་ན་ནི་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་མཉམ་པ་ཉིད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང༌། དབང་བཅུ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་འཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་པ་དེ་ལྟ་མོད་ཀྱི་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་སའི་དཀྱིལ་འཁོར་ཆེན་པོ་དང་རྡུལ་ཕྲན་གྱི་ཁྱད་པར་ཙམ་དང༌། རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུའི་ཁྱད་པར་གང་ཡིན་པ་དེ་ཙམ་དུ་རྫོགས་པའི་སངས་རྒྱས་ཀྱི་མཐར་ཕྱིན་པའི་ཡོན་ཏན་དང༌། བྱང་ཆུབ་སེམས་དཔའ་ས་བཅུ་པའི་ལམ་གྱི་ཡོན་ཏན་གྱི་ཁྱད་པར་ཡང་དེ་ཙམ་ཤིན་ཏུ་ཆེ་བ་ཉིད་དོ། །ཞེས་པའོ། ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མ་རིག་པའི་བག་ཆགས་ཀྱི་ས་ལ་སོགས་པའི་སྒྲིབ་པ་ཤིན་ཏུ་ཕྲ་བ་རྣམས་མ་སྤངས་ཤིང༌། དེ་བཞིན་གཤེགས་པས་ནི་དེ་དག་ཀྱང་སྤངས་པས་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པ་ཐོབ་པའི་ཕྱིར་རོ། ། ཤིན་ཏུ་རྣམ་དག་གི་གནས་སྐབས་ན་འགྱུར་བ་མེད་ཚུལ། ཤིན་ཏུ་རྣམས་དག་གི་གནས་སྐབས་ནའང་འགྱུར་བ་མེད་ཚུལ་ལ། འགྱུར་མེད་ཀྱི་རྒྱུ་མཚན་མདོར་བསྟན་པ་དང༌། དེའི་དོན་རྒྱས་པར་བཤད་པའོ། ། འགྱུར་མེད་ཀྱི་རྒྱུ་མཚན་མདོར་བསྟན་པ། དེ་ལ་མདོར་བསྟན་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ནི། ལུས་གཞན་དོར་ནས་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་རྟག་པའི་དོན་ཅན་ཡིན་ཏེ། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི་ཟད་པས་དོན་དམ་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་རྣམས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ཀྱི་མི་བསླུ་བའི་སྐྱབས་གནས་མཆོག་ཏུ་གྱུར་པ་བསྟན་པའི་དོན་ཅན་ཡིན་ཏེ། ཕྱི་མའི་མཐའ་མེད་པ་མུར་ཐུག་པ་འཁོར་བ་ཇི་སྲིད་པར་སྐྱོབ་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་རོ།། དྲི་མ་མེད་པའི་ཆོས་དབྱིངས་དེ་ནི་དུས་རྟག་ཏུ་འཁོར་བ་དང༌། མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ཞི་བའི་དོན་ཅན་ཡིན་ཏེ། དེ་དག་གི་ཉེས་དམིགས་དང་ཕན་ཡོན་ལ་རྣམ་པར་མི་རྟོག་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གཏན་ཏུ་འཇིག་པ་མེད་པའི་ཆོས་ཉིད་གཡུང་དྲུང་གི་དོན་ཅན་ཉིད་ཀྱང་ཡིན་ཏེ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་རང་བཞིན་གྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཞེས་པའོ། ། དེའི་དོན་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གསུམ་སྟེ། སྐྱེ་སོགས་དང་བྲལ་བའི་དོན། དོན་བསྡུས་ཏེ་མཚམས་སྦྱར་བ། རྟག་སོགས་སུ་འཇོག་པའི་རྒྱུའོ། ། སྐྱེ་སོགས་དང་བྲལ་བའི་དོན། སྐྱེ་སོགས་དང་བྲལ་བའི་དོན་ལ་གཉིས་ཏེ། སོ་སོར་བསྟན་པ། སྦྱར་ཏེ་རྒྱས་པར་བཤད་པའོ། ། དེ་ལ་སོ་སོར་བསྟན་པ་ནི། ཤིན་ཏུ་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་སྙིང་པོ་འདི་ནི་དང་པོར་སྐྱེ་བ་མེད་ཅིང་མཐར་འཆི་བ་མེད་ལ་བར་དུ་ན་བའི་གནོད་པ་མེད་པ་དང༌། འགྱུར་བ་དང་རྒ་བ་མེད་པ་ཉིད་ཡིན་ཏེ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྟག་པའི་ཕྱིར་དང༌། བརྟན་པའི་ཕྱིར་དང་ཞི་བའི་ཕྱིར་དང་གཡུང་དྲུང་ཡིན་པའི་ཕྱིར་ཞེས་པའོ། ། སྦྱར་ཏེ་བཤད་པ་ནི། དེ་བཞིན་གཤེགས་པའི་ཁམས་དེ་ནི་ཐོག་མར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་ཀྱང་སྐྱེ་བ་མེད་པ་ཉིད་ཡིན་ཏེ། མི་འགྱུར་ཞིང་རྟག་པའི་ཕྱིར། དེ་བཞིན་དུ་ཐ་མར་བསམ་གྱིས་མི་ཁྱབ་པར་ཡོངས་སུ་འགྱུར་བའི་འཆི་འཕོ་བ་ཡིས་ཀྱང་དབྱིངས་དེ་ནི་མི་འཆི་བ་ཉིད་ཡིན་ཏེ། མི་བསླུ་ཞིང་བརྟན་པའི་ཕྱིར། བར་དུ་མ་རིག་པའི་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོའི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་པ་ཉིད་ཡིན་ཏེ། གཉིས་འཛིན་ལ་སོགས་ཞི་བ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཀྱང་རྒ་བ་མེད་པ་ཉིད་ཡིན་ཏེ། མི་འཇིག་ཅིང་གཡུང་དྲུང་ཉིད་ཀྱི་ཕྱིར་ཞེས་པ་སྟེ། དེ་ལྟར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ལ་སོགས་པས་ཀྱང་འགྱུར་བ་མེད་ན། ཐ་མལ་པའི་སྐྱེ་བ་ལ་སོགས་པས་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། ། དོན་བསྡུས་ཏེ་མཚམས་སྦྱར་བ། དོན་བསྡུས་ཏེ་མཚམས་སྦྱར་བ་ནི། རྟག་པ་ལ་སོགས་པའི་རྒྱུ་མཚན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་སྒྲུབ་པ་དེ་ལ། གཞན་འགྱུར་མིན་བདག་ཅེས་པ་ལ་སོགས་པའི་ཚིག་རྐང་རེ་རེས་མདོར་བསྟན་པའི་རྒྱས་བཤད།མི་ཟད་ཅེས་པ་ལ་སོགས་པའི་ཚིག་རྐང་པ་གཉིས་དང༌། དེ་བཞིན་དུ་མཐའི་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉིས་དང༌། རྣམ་པར་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉིས་དང༌། མ་བཅོས་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉིས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི་རྟག་པའི་དོན་དང༌། ལ་སོགས་པ་སྟེ་བརྟན་པའི་དོན་དང༌། ཞི་བའི་དོན་དང༌། གཡུང་དྲུང་གི་དོན་རྣམས་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཞེས་པའོ། ། རྟག་སོགས་སུ་འཇོག་པའི་རྒྱུ། རྟག་སོགས་སུ་འཇོག་པའི་རྒྱུ་མཚན་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མངོན་སུམ་དུ་གྱུར་པའི་ཆོས་སྐུ་དེ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི་ཟད་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཕྱིར་ནམ་ཡང་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་རྟག་པའི་དོན་དང་ལྡན་པ་དང༌། འཁོར་བའི་མཐའི་མུ་དང་མཚུངས་པར་རྒྱུན་མི་འཆད་ཅིང་རྗེས་སུ་འཛིན་པའི་ཕྱིར། གཏན་དུ་མི་བསླུ་བའི་སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན་དང་ལྡན་པ་དང༌། མཐའ་གཉིས་སུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར། སྲིད་ཞི་གཉིས་སུ་མེད་པའི་ཆོས་ཉིད་ཞི་བའི་དོན་དང༌། རྒྱུ་རྐྱེན་གྱིས་མ་བཅོས་ཤིང་འདུས་མ་བྱས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་ན། གཏན་ཏུ་འཇིག་པ་མེད་པའི་དོན་ནི་གཡུང་དྲུང་གི་དོན་དང་ལྡན་པ་ཉིད་དོ། །ཞེས་པའོ། ། ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་དོན། ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་དོན་ལ། མིང་དོན་གྱི་སྒོ་ནས་མདོར་བསྟན། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། ། མིང་དོན་གྱི་སྒོ་ནས་མདོར་བསྟན། དེ་ལ་མདོར་བསྟན་ནི། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་ཞིང༌། དེ་བཞིན་དུ་དེ་ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ།དེ་ནི་འཕགས་པའི་བདེན་པ་དང༌། དོན་དམ་པའི་མྱ་ངན་ལས་འདས་པ་ཡང་ཡིན་པས་དེ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་པ་དེའི་ཕྱིར། དཔེར་ན། ཉི་མའི་དཀྱིལ་འཁོར་དང་འོད་ཟེར་དག་དབྱེར་མེད་པ་བཞིན་དུ། སྟོབས་བཅུ་ལ་སོགས་པའི་དོན་དམ་པའི་ཡོན་ཏན་རྣམས་རྣམ་པར་དབྱེར་མེད་པས་ན་རྫོགས་པའི་སངས་རྒྱས་ཉིད་ལས་མ་གཏོགས་པའི་མྱ་ངན་ལས་འདས་པ་མཚན་ཉིད་པ་གཞན་མེད་པ་ཉིད་དོ། །ཞེས་པའོ། ། ངོ་བོ་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གསུམ་སྟེ། མིང་གི་རྣམ་གྲངས་རྒྱས་པར་བཤད་པ། དོན་གྱི་ངོ་བོ་རྒྱས་པར་བཤད་པ། དེ་དག་དཔེ་ཡིས་ངེས་པར་བྱ་བའོ། ། མིང་གི་རྣམ་གྲངས་རྒྱས་པར་བཤད་པ། མིང་གི་རྣམ་གྲངས་ལ། དོན་བཞིའི་དབང་གིས་མིང་བཞིར་གསུངས་ཚུལ། དེ་རྣམས་དོན་དང་སྦྱར་ཏེ་བཤད་པའོ། ། དེ་ལ་མིང་བཞིར་གསུངས་ཚུལ་ནི། མདོར་བསྡུ་ན་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི། སངས་རྒྱས་ཀྱི་ཆོས་དབྱེར་མེད་པ་ལ་སོགས་པ་འཆད་པར་འགྱུར་བའི་དོན་གྱི་ཆ་ཐ་དད་པའི་རབ་ཏུ་དབྱེ་བ་རྣམ་པ་བཞིས་དེ་དང་མཐུན་པར་ཆོས་ཀྱི་སྐུ་ལ་སོགས་པ་བཤད་མ་ཐག་པའི་མིང་གི་རྣམ་གྲངས་བཞིར་ནི་རིག་པར་བྱའོ། །ཞེས་པའོ། ། དོན་དང་སྦྱར་བ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པའི་དོན་དང་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་ཞེས་པ་དང༌། སངས་རྒྱས་དེའི་རིགས་ཐོག་མ་མེད་པ་ནས་གནས་པའི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཐོབ་པའི་དོན་དང་ལྡན་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་པ་དང༌། སྙིང་པོ་དེ་ཉིད་ནམ་ཡང་བརྫུན་པ་མེད་ཅིང་རྟག་ཏུ་བསླུ་བ་མེད་ལ་གཞན་དུ་མི་འགྱུར་བའི་ཆོས་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་དང་ལྡན་པའི་ཆ་ནས་འཕགས་པའི་བདེན་པ་ཞེས་པ་དང༌། དབྱིངས་དེ་ཉིད་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི་བ་ཉིད་ཀྱི་དོན་དང་ལྡན་པའི་ཆ་ནས་མྱ་ངན་ལས་འདས་པ་ཉིད་དོ། །ཞེས་པའོ། ། དོན་གྱི་ངོ་བོ་རྒྱས་པར་བཤད་པ། དོན་གྱི་ངོ་བོ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཉིས་མེད་ཀྱི་དོན་རྒྱས་པར་བཤད་པ་དང༌། མྱང་འདས་ཀྱི་དོན་རྒྱས་པར་བཤད་པའོ། ། དེ་ལ་གཉིས་མེད་ཀྱི་དོན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ནི་སངས་རྒྱས་ཞེས་བྱ་བ་དང༌། གློ་བུར་གྱི་དྲི་མ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པ་ལ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ལྟར་ན་རྟོགས་པ་མཐར་ཕྱིན་པ་ལ་བཏགས་པ་རྫོགས་པའི་སངས་རྒྱས་དང༌། སྦྱངས་པ་མཐར་ཕྱིན་པ་ལ་བཏགས་པའི་མི་གནས་པའི་མྱ་ངན་ལས་འདས་པ་དག་ནི་མིང་གི་ཐ་དད་པ་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བའི་ཕྱིར། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་དུ་ཟག་པ་མེད་པའི་དབྱིངས་སུ་རྣམ་པར་དབྱེར་མེད་ཅིང་བཅད་དུ་མེད་ལ་གཉིས་སུ་མེད་པ་ཉིད་དོ། །ཞེས་པའོ། ། མྱང་འདས་ཀྱི་དོན་ནི། རྒྱ་ཆེ་ཞིང་རིགས་མཐའ་དག་མ་ཚང་བ་མེད་པས་རྣམ་པ་ཐམས་ཅད་པའི་ཡོན་ཏན་དང༌། གསལ་བ་མཐའ་ཡས་ཤིང་གཞལ་དུ་མེད་པས་ན་གྲངས་མེད་པའི་ཡོན་ཏན་དང༌། ཟབ་ཅིང་གཏིང་དཔག་དཀའ་བས་ན་བསམ་ཏུ་མེད་པའི་ཡོན་ཏན་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པས་ན་དྲི་མ་མེད་པའི་ཡོན་ཏན་རྣམས་དང༌། ཟག་པ་མེད་པའི་དབྱིངས་སུ་རྣམ་པར་དབྱེ་བ་མེད་པའི་མཚན་ཉིད་ཅན་གྱི་ཆོས་སྐུ་མངོན་སུམ་དུ་གྱུར་པ་ལ་ནི་ཐར་པ་མྱ་ངན་ལས་འདས་པ་མཐར་ཕྱིན་པ་ཞེས་བྱ་སྟེ། ཐར་བ་མཚན་ཉིད་པ་གང་ཡིན་པ་དེ་ནི། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་དེ་བཞིན་གཤེགས་པ་ཉིད་ཀྱང་ཡིན་ནོ། །ཞེས་པའོ། ། དེ་དག་དཔེ་ཡིས་ངེས་པར་བྱ་བ། དེ་དག་དཔེ་ཡིས་ངེས་པར་བྱ་བ་ལ། རི་མོའི་དཔེས་ངེས་པར་བྱ་བ་དང༌། ཉི་མའི་དཔེས་ངེས་པར་བྱ་བའོ། ། རི་མོའི་དཔེས་ངེས་པར་བྱ་བ། དེ་ལ་རི་མོའི་དཔེ་ནི། དཔེ་ཇི་ལྟར་ན་ལྷ་ལ་སོགས་པའི་རི་མོ་འབྲི་བར་བྱེད་པའི་མཁན་པོ་མགོ་དང་ལག་པ་ལ་སོགས་པའི་ཡན་ལག་གཞནདང་གཞན་གྱི་བྱེ་བྲག་རེ་རེ་ཁོ་ན་ལ་མཁས་པ་དག་ལས་རི་མོ་མཁན་གང་ཞིག་མགོ་བོ་ལྟ་བུའི་ཡན་ལག་གང་རུང་གཅིག་ཤེས་པ་དེ་གཞན་དུ་སོང་ན། དེའི་སྐལ་བ་ངེས་པར་འཛིན་ཞིང་འབྲི་བ་མེད་པར་འགྱུར་རོ། །ཞེས་སྤྱིར་བསྟན་ཏེ། དེ་ནས་རེ་ཞིག་ཅིག་ནས་རས་གཞི་འདི་ལ་རི་མོ་མཁན་ཁྱེད་ཀུན་གྱིས་རྒྱལ་པོ་ངའི་གཟུགས་ནི་རྫོགས་པར་བྲིས་ཤིག་ཅེས་པའི་མངའ་བདག་རྒྱལ་པོ་ཆེན་པོས་རི་མོ་མཁན་དེ་དག་ལ་བཀའ་ཡིས་བསྒོ་ཞིང་རས་གཞི་ནི་བྱིན་པར་གྱུར་པ་དང༌། དེ་ནས་བཀའ་ལུང་དེ་ནི་ཐོས་པར་གྱུར་ཏེ་རང་རང་གིས་གང་དང་གང་ཤེས་པའི་རི་མོ་དེ་དང་དེ་འབྲི་བའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་དེ་ལ་མངོན་པར་སྦྱོར་ཞིང་འབྲི་བ་པོ་རྣམས་ལས་མགོ་བོ་ལྟ་བུར་ཤེས་པ་གཅིག་ཅིག་གནས་དེ་ནས་ཡུལ་གཞན་དུ་སོང་བར་གྱུར་ན་མགོ་བོ་འབྲི་བ་པོ་དེ་ནི་ཡུལ་གཞན་དུ་སོང་བས་ན་རི་མོ་མཁན་གཅིག་ཏུ་དེ་མ་ཚང་བའི་ཕྱིར་རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་མགོ་བོ་ལ་སོགས་པ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་བཞིན་དུ་ཞེས་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་དོན་འདི་མཚོན་པའི་དཔེར་བྱས་སོ། །ཡན་ལག་དེ་རྣམས་ཐམས་ཅད་རྫོགས་པར་འབྲི་བར་བྱེད་པ་པོ་རི་མོ་མཁན་མང་པོས་ཉེ་བར་མཚོན་པའི་དོན་གང་དག་ཡིན་པ་ནི་གང་ལ་ཡང་ཆགས་པ་མེད་པའི་སྤྱིན་པ་དང༌། ཉེས་པའི་དྲི་མ་མེད་པའི་ཚུལ་ཁྲིམས་དང༌། ནམ་དུ་ཡང་འཁྲུག་པ་མེད་པའི་བཟོད་པ་དང༌། ལ་སོགས་པའི་སྒྲས་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོད་པ་ཉིད་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི་ལེགས་པ་རི་མོ་བྲིས་པའི་རྒྱལ་པོའི་གཟུགས་ཡོངས་སུ་རྫོགས་པ་ལྟ་བུར་བརྗོད་དོ། །ཞེས་པའོ། ། མདོར་ན་འབྲི་བ་པོ་གཅིག་མ་ཚང་ཡང་རི་མོ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང༌། ཐམས་ཅད་ཚང་བ་ལས་རྫོགས་པར་འགྲུབ་པ་དེ་བཞིན་དུ་ཐབས་ཀྱི་རྣམ་པ་གཅིག་མ་ཚང་ན་འང་ཡོན་ཏན་ཡོངས་སུ་མི་རྫོགས་ཤིང༌། ཐམས་ཅད་ཚང་བ་ལས་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པར་འགྲུབ་ལ། དེ་དག་དང་དབྱེར་མེད་པའི་ཐར་པ་མྱ་ངན་ལས་འདས་པ་ནི་མཐར་ཕྱིན་པའི་འབྲས་བུར་ཐམས་ཅད་ལ་མཚུངས་པ་ཉིད་དོ། །ཞེས་པའོ། ། ཉི་མའི་དཔེས་ངེས་པར་བྱ་བ། ཉི་མའི་དཔེ་ལ། ཆོས་མཐུན་བཞིས་ཉི་མ་དང་མཚུངས་པར་བསྟན་པ་དང༌། སངས་རྒྱས་ལས་གཞན་པའི་མྱང་འདས་མཐར་ཐུག་མེད་ཚུལ་ལོ། ། དེ་ལ་ཉི་མ་དང་མཚུངས་པ་ནི། ཡོན་ཏན་རྣམ་པ་བཞི་དང་དབྱེར་མེད་པའི་ཤེས་རབ་གང་ཡིན་པ་དང༌། ཡེ་ཤེས་གང་ཡིན་པ་དང༌། རྣམ་པར་གྲོལ་བ་གང་ཡིན་པ་རྣམས་ནི་གོ་རིམ་ཇི་ལྟ་བར་གསལ་བར་བྱེད་པ་དང༌། འཕྲོ་བར་བྱེད་པ་དང༌། དག་པར་བྱེད་པའི་ཕྱིར་དང་གསུམ་ག་ཡང་ཐ་དད་པ་མེད་པའི་ཕྱིར་ན་འོད་གསལ་བ་དང༌། ཟེར་འཕྲོ་བ་དང༌། ཉི་མའི་དཀྱིལ་འཁོར་དག་པ་དང༌། དེ་གསུམ་ཐ་དད་མེད་པ་རྣམས་དང་ཆོས་མཚུངས་སོ། །ཞེས་པའོ། ། སངས་རྒྱས་ལས་གཞན་པའི་མྱང་འདས་མཐར་ཐུག་མེད་ཚུལ་ནི། ཐོག་མ་མེད་པ་ནས་ཉེ་བར་གནས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་ཐམས་ཅད་དབྱེར་མེད་ཅིང༌། དེ་མངོན་དུ་གྱུར་པ་ནི་ཐར་པ་མཐར་ཐུག་པ་ཡིན་པ་དེས་ན་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་གཟིགས་པ་མངའ་བ་རྫོགས་པའི་སངས་རྒྱས་ཉིད་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པ་མཐར་ཕྱིན་པ་མི་ཐོབ་སྟེ། དཔེར་ན། འོད་གསལ་བ་དང་འོད་ཟེར་འཕྲོ་བཞིན་པ་སྤངས་ནས་ནི་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་ལྟ་བར་མི་ནུས་པ་བཞིན་ཞེས་པའོ། ། ༤ བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར་བ། བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར་བ་ནི། གོང་དུ་རྒྱས་པར་བསྟན་པའི་ཚུལ་དེ་ལྟར་ན་ཕྱི་མའི་མཐའི་མུ་དང་མཚུངས་པར་རྟག་པའི་ཆོས་ཉིད་རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་ནི་གཏན་ལ་འབེབས་པའི་ཚུལ་ལམ་རྣམ་པར་བཞག་པ་ནི་ངོ་བོའི་དོན་ཡོན་ཏན་དབྱེར་མེད་པའི་དོན་གྱི་བར་རྣམ་པ་བཅུ་ཞེས་བྱ་བས་ལེགས་པར་བརྗོད་ཅིང་གསལ་བར་བྱས་སོ། །ཞེས་པ་ནི་བཤད་ཟིན་པ་རྣམས་ཀྱི་དོན་བསྡུ་བ་ཡིན་ལ། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་ཀྱང་མ་འབྲེལ་པའི་རང་བཞིན་གློ་བུར་གྱི་དྲི་མ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བསྡུམས་པའི་ནང་ན་གནས་པ་ཐོག་མ་མེད་པ་ནས་ཉེ་བར་གནས་ཤིང་འབྲེལ་པའི་རང་བཞིན་དག་པའི་ཆོས་ཉིད་སྙིང་པོ་དེ་རྣམ་པ་གསལ་བར་མཚོན་པར་བྱེད་པའི་དཔེ་དགུ་པོ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཞེས་པ་ནི། འཆད་པར་འགྱུར་བ་རྣམས་ཀྱི་མཚམས་སྦྱར་བའོ། ། ༥ མཚམས་སྦྱར་ལྟར་དཔེ་ཡིས་བསྟན་པ། མཚམས་སྦྱར་ལྟར་དཔེ་ཡིས་བསྟན་པ་ལ། དྲི་བཅས་ཀྱི་དེ་བཞིན་ཉིད་ཐུན་མོང་གི་ཆོས་མཐུན་སྦྱར་བ་དང༌། དྲི་མ་དང་སྙིང་པོ་གཉིས་སོ་སོའི་ཆོས་མཐུན་སྦྱར་བའོ། ། ཐུན་མོང་གི་ཆོས་མཐུན་སྦྱར་བ། ཐུན་མོང་གི་ཆོས་མཐུན་ལ། འགྲོ་བ་ལ་དབྱིངས་ཀྱིས་ཁྱབ་ཚུལ་མདོར་བསྟན་པ། དེའི་དཔེ་དོན་རྒྱས་པར་བཤད་པ། བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པའོ། ། འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་མདོར་བསྟན། མདོར་བསྟན་པ་ནི། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མེ་ཏོག་པད་མ་མདོག་ངན་ཞིང་ཁ་ཟུམ་པ་རྣམས་ཀྱི་ནང་ན་ཡོད་པ་ཇི་ལྟ་བ་བཞིན་དུ་གློ་བུར་གྱི་དྲི་མ་ཉོན་མོངས་པས་བསྒྲིབས་པའི་སེམས་ཅན་ལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་འདི་གནས་ཤིང་དེ་བཞིན་དུ་སྦྱར་ཏེ་སྦྲང་རྩི་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་སྤྲང་མའི་ཚོགས་དུ་མས་བསྐོར་བའི་དབུས་ན་ཡོད་པ་དང༌། གྲ་མ་དང་སྦུན་པའི་དབུས་ལ་སཱ་ལུ་ལ་སོགས་པའི་འབྲའི་སྙིང་པོ་མ་ཉམས་པ་ཡོད་པ་དང༌། མི་གཙང་བའི་འདམ་རྫབ་ཆེན་པོའི་ནང་ན་གསེར་སྦྲམ་བཟང་པོ་མི་འགྱུར་བ་ཡོད་པ་དང༌། ས་མང་པོས་གཡོགས་པའི་འོག་ལ་རིན་པོ་ཆེའི་གཏེར་ཆེན་པོ་མི་ཟད་པ་ཡོད་པ་དང༌། ལྗོན་ཤིང་གི་མྱུ་གུ་ལ་སོགས་པ་རིམ་གྱིས་སྐྱེ་བའི་ནུས་པ་འབྲས་ཆུང་ས་བོན་དང་ཤུན་པའི་ནང་ན་ཡོད་པ་དང༌། གོས་ཧྲུལ་དྲི་མ་ཅན་གྱིས་བསྟུམས་པའི་ནང་ན་རིན་པོ་ཆེ་ལས་གྲུབ་པའི་རྒྱལ་བའི་སྐུ་གཟུགས་ཡོད་པ་དང་ནི། དེ་བཞིན་དུ་བུད་མེད་མདོག་དང་ཆ་ལུགས་ལ་སོགས་པ་ངན་མའི་ལྟོ་བ་འམ་མངལ་ན་མིའི་བདག་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོད་པ་དང༌། ལུག་གཏོང་བའི་དུས་ཀྱི་ས་འདམ་ནག་པོའི་ནང་ལ་རིན་ཆེན་གསེར་ལས་བྱས་པའི་གཟུགས་བརྙན་ཡོད་པ་ཇི་ལྟ་བར་གློ་བུར་གྱི་ཉོན་མོངས་པའི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ལ་དེ་བཞིན་དུ་སངས་རྒྱས་ཀྱི་ཁམས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ངེས་པར་གནས་སོ། །ཞེས་པའོ། ། སྦྱར་ཏེ་བཤད་པ་ནི། རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྲུབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ནི་མེ་ཏོག་པད་མ་དང་སྲོག་ཆགས་སྦྲང་མ་དང་གྲ་མ་ལས་གོས་པའི་སྦུན་པ་དང༌། མི་གཙང་བའི་རྫབ་དང༌། སའི་ཕུང་པོ་དང༌། འབྲས་ཤུན་དང༌། གོས་ཧྲུལ་པོ་དང༌། མགོན་མེད་པ་ལ་སོགས་པའི་སྡུག་བསྔལ་འབར་བས་མངོན་པར་གདུང་བའི་བུད་མེད་ངན་མ་དང༌། ས་འདམ་ནག་པོའི་ཁམས་རྣམས་དང་མཚུངས་ལ། སངས་རྒྱས་ཀྱི་སྐུ་དང་སྤྲང་རྩི་དང༌། འབྲུའི་སྙིང་པོ་དང༌། གསེར་སྦྲམ་དང༌། རིན་པོ་ཆེའི་གཏེར་དང༌། ནྱ་གྲོ་དྷ་ལ་སོགས་པའི་ལྗོན་ཤིང་དང༌། རིན་ཆེན་ལས་བྱས་པའི་སྐུ་གཟུགས་དང༌། གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བའི་མཆོག་དང༌། རིན་ཆེན་གསེར་གྱི་གཟུགས་བརྙན་རྣམས་དང༌། དྲི་མ་མེད་ཅིང་རྣམ་པར་དག་པའི་ཁམས་མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་མཚུངས་པ་ཉིད་དོ། །ཞེས་པའོ། ། དེའི་དཔེ་དོན་རྒྱས་པར་བཤད་པ། དེའི་དཔེ་དོན་རྒྱས་པར་བཤད་པ་ལ་དགུ་སྟེ། པད་ངན་ལ་སངས་རྒྱས་དང༌། སྦྲང་མ་ལ་སྦྲང་རྩི་དང༌། སྦུན་པ་ལ་སྙིང་པོ་དང༌། མི་གཙང་བ་ལ་གསེར་སྦྲམ་དང༌། ས་གཞི་ལ་གཏེར་ཆེན་དང༌། ཤུན་པ་ལ་མྱུ་གུ་དང༌། གོས་ཧྲུལ་ལ་སྐུ་གཟུགས་དང༌། བུད་མེད་ལ་རྒྱལ་པོ་དང༌། ས་འདམ་ལ་གསེར་གཟུགས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལོ། ། ཐམས་ཅད་ལ་ཡང་དབྱིངས་ཀྱི་དྲི་མ་སྤྱོད་ཚུལ་རྒྱས་པར་བཤད་པ་དང༌། སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་བྱ་བའོ། །སྔ་མ་ལ་ཡང་མཚོན་པར་བྱེད་པའི་དཔེ་དང༌། མཚོན་པར་བྱ་བའི་དོན་ནོ། ། དེ་ལ་པད་ངན་ལ་སངས་རྒྱས་ལྟར། སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན་མདོག་ངན་པ་ཅན་གྱི་པད་མའི་འདབ་མ་རྣམས་ཀྱིས་བསྟུམས་པའི་ཁོང་ན་གནས་པ་མཚན་དང་དཔེ་བྱད་གཟི་བརྗིད་སྟོང་ཕྲག་མང་པོ་དག་གིས་འབར་ཞིང་གསལ་བའི་དེ་བཞིན་གཤེགས་པའི་སྐུ་ནི་དྲི་མ་མེད་པའི་ལྷའི་མིག་དང་ལྡན་པའི་མངོན་ཤེས་ཅན་གྱིས་མིས་ལེགས་པར་མཐོང་ནས་གཞན་དག་ལ་ཡང་བསྟན་པའི་ཆེད་དུ་ཆུ་སྐྱེས་ཀྱི་འདབ་མའི་སྦུབས་ནས་སངས་རྒྱས་ཀྱི་སྐུ་དེ་འབྱིན་པར་བྱེད་པ་ལྟར་རོ། །ཞེས་པའོ། ། དེས་མཚོན་པའི་དོན་ནི། དེ་བཞིན་དུ་བདེ་བར་གཤེགས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱང་ཐ་ན་མནར་མེད་པའི་སེམས་ཅན་དམྱལ་བར་གནས་པ་རྣམས་ལའང་ཁྱབ་པའི་ཚུལ་དུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་རང་གཞན་ཐམས་ཅད་ལ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གཟིགས་ཏེ་ཤིན་ཏུ་སྒྲིབ་པ་མེད་ཅིང་ཕྱི་མའི་མཐར་འཁོར་བ་ཇི་སྲིད་དུ་མཚུངས་པའི་མུར་གནས་ནས་སེམས་ཅན་གྱི་དོན་མཛད་པར་བཞེད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་རྣམས་གཞན་དག་ལ་ཡང་ཆོས་ཀྱི་དབྱིངས་གསལ་བར་སྟོན་པའི་ཆེད་དུ་སྒྲིབ་པ་གློ་བུར་གྱི་དྲི་མ་རྣམས་ལས་ནི་གདུལ་བྱར་གྱུར་པ་རྣམས་རིམ་གྱིས་གྲོལ་བར་བྱེད་པ་ཉིད་དོ། །ཞེས་པའོ། ། སླར་ཡང་བཤད་པ་ནི་ཇི་ལྟར་ན་ཁ་དོག་མི་སྡུག་པའི་མེ་ཏོག་པད་མ་རྣམས་ཁ་ཟུམ་པ་ལ་ཡོད་པའི་བདེ་བར་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ནི་པད་མ་དེའི་ཁོང་ན་གནས་པར་ལྷའི་མིག་གི་མངོན་པར་ཤེས་པ་དང་ལྡན་པ་དག་གིས་དེ་མཐོང་ནས་སྐུ་དེ་གསལ་བར་བྱ་བའི་ཆེད་དུ་སྒྲུབ་བྱེད་འདབ་མའི་སྦུབས་རྣམས་ངེས་པར་གཅོད་ཅིང་སེལ་བར་བྱེད་པ་ལྟར་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་གློ་བུར་གྱི་དྲི་མའི་སྦུབས་མཐའ་ཡས་པ་རྣམས་ཀྱིས་བསྒྲིབས་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་འགྲོ་བ་མཐའ་དག་ལ་ཡོད་པར་གཟིགས་ཏེ་དེ་མ་རྟོགས་པ་རྣམས་ལ་ཚད་མེད་པའི་ཐུགས་རྗེས་ཐུབ་པའི་དབང་པོ་ཡང་སྐུའི་སྒྲུབ་བྱེད་པད་མའི་འདབ་མ་སེལ་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་སྒྲིབ་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དེ་ནི་ངེས་པར་འཇོམས་པའི་ཆེད་དུ་ཕྲིན་ལས་འཇུག་པར་མཛད་དོ། །ཞེས་པའོ། ། སྦྲང་མ་ལ་སྦྲང་རྩི་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལའང༌། དཔེ་ནི། ཇི་ལྟར་ན་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་བསྲུང་བར་འགྱུར་པའི་སྦྲང་རྩི་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་སྐྱེས་བུ་སྦྲང་རྩི་བརྟག་པ་ལ་མཁས་པ་སྦྲང་རྩི་དེ་དོན་དུ་གཉེར་བ་ཡིས། སྦྲང་མས་གཡོགས་པའི་དབུས་ན་ཡོད་པར་མཐོང་ནས་དུ་བ་གཏོང་བ་ལ་སོགས་པའི་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྦྲང་རྩི་དེ་དང་སྲོག་ཆགས་སྦྲང་མའི་ཚོགས་ཀུན་ནས་རབ་ཏུ་བྲལ་བར་བྱས་ཏེ། སྦྲང་རྩི་ཐོབ་པར་བྱེད་པ་ལྟར། ཞེས་པའོ། ། དེའི་དོན་ནི། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱིས་ཤེས་བྱའི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པ་སངས་རྒྱས་ཀྱི་སྤྱན་གྱིས་དེ་བཞིན་གཤེགས་པའི་ཁམས་སོ་སོ་རང་གིས་རིག་པར་བྱ་བའི་ཡེ་ཤེས་སྦྲང་རྩི་དང་འདྲ་བ་འདི་ཐམས་ཅད་ལ་ཁྱབ་པར་གཟིགས་ནས་དབྱིངས་དེའི་སྒྲིབ་པ་གློ་བུར་གྱི་དྲི་མ་སྦྲང་མ་དང་འདྲ་བ་རྣམས་ས་བོན་དང་བཅས་པ་གཏན་ནས་རབ་ཏུ་སྤོང་བའི་ལམ་སྟོན་ཞིང་ཆོས་ཀྱི་སྐུ་མངོན་སུམ་དུ་འགྱུར་བར་མཛད་པ་ཡིན་ནོ། །ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ན་སྦྲང་རྩི་ཕུན་སུམ་ཚོགས་པ་སྲོག་ཆགས་སྦྲང་མ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོས་བསྒྲིབས་པ་ཞིག་སྦྲང་རྩི་དོན་དུ་གཉེར་བའི་མིས་མཐོང་ནས་ཕྱི་རོལ་གྱི་སྦྲང་མ་དེ་དག་ཐབས་སྣ་ཚོགས་ཀྱིས་བསལ་ཏེ། རང་ཇི་ལྟར་འདོད་པ་བཞིན་དུ་སྨན་དང་ཟ་བ་ལ་སོགས་པ་སྦྲང་རྩིའི་བྱ་བ་བྱེད་པ་དེ་བཞིན་དུ་ལུས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྦྲང་མའི་རྩི་དང་འདྲ་ལ། གློ་བུར་གྱི་དྲི་མ་ཉོན་མོངས་པ་སྦྲང་མ་དང་འདྲ་བ་དེ་རྣམས་འཇོམས་ཤིང་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པའི་ཐབས་ལ་མཁས་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ནི་སྦྲང་རྩི་ལེན་པའི་སྐྱེས་བུ་ཇི་ལྟ་བ་བཞིན། ཞེས་པའོ། ། སྦུན་པ་ལ་སྙིང་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན་ཕྱིའི་སྦུན་པ་དང་ལྡན་པའི་སཱ་ལུ་ལ་སོགས་པ་འབྲུའི་སྙིང་པོ་ནི་ཇི་སྲིད་དུ་སྦུན་པ་ལས་མ་གྲོལ་བ་དེ་སྲིད་དུ་མི་རྣམས་ཀྱིས་ནི་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་དངོས་པོ་བཟང་པོར་མི་འགྱུར་ཞིང་སྦུན་པ་དང་བྲལ་ན་བཟའ་བ་ལ་སོགས་པའི་མཆོག་ཏུ་འགྱུར་བས་ན། ལོངས་སྤྱོད་པར་བྱ་བ་ཟས་དང་སྐོམ་ལ་སོགས་པ་དོན་དུ་གཉེར་བའི་མི་གང་ཡིན་པ་དེ་དག་གིས་ནི་ཕྱི་རོལ་སྦུན་པའི་ནང་ནས་འབྲུའི་སྙིང་པོ་དེ་འབྱིན་པར་བྱེད་པ་ལྟར། ཞེས་པའོ། ། དེའི་དོན་ནི། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི་དྲི་མ་གློ་བུར་བ་རྣམས་དང་འདྲེས་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པའང་ཇི་སྲིད་དུ་སྒྲིབ་པ་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་མ་གྲོལ་བ་དེ་སྲིད་དུ། །རྒྱལ་བ་དེ་བཞིན་གཤེགས་པའི་མཛད་པ་ཕྲིན་ལས་མཐའ་ཡས་པ་རྣམས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་དུ་སྟོན་པར་མི་བྱེད་ཅིང་སྒྲིབ་པ་དང་བྲལ་བ་ལས་ནི་སངས་རྒྱས་ཀྱི་ཕྲིན་ལས་ཀྱང་སྤྲོ་བ་ཉིད་དོ། །ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ན། འབྲུའི་གྲ་མ་དང་བཅས་པའི་འབྲས་སཱ་ལུ་དང༌། བྲ་བོ་ནས་འབྲས་ལ་སོགས་པ་རྣམས་རང་རང་གི་སྦུན་པ་ལས་ནི་མ་བྱུང་ཞིང་ལོངས་སྤྱད་དུ་རུང་བར་ལེགས་པར་མ་བསྒྲུབས་པའི་སྙིང་པོ་རྣམས་ནི་མི་རྣམས་ཀྱིས་ནི་ལོངས་སྤྱོད་པར་བྱ་བའི་བཟའ་བ་ལ་སོགས་པ་རོ་ཞིམ་པོ་དང་ལྡན་པའི་དངོས་པོར་མི་འགྱུར་བ་ལྟར། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་བཞིན་དུ་ཁྱབ་པར་ཡོད་པ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུན་པ་དང་འདྲ་བ་ལས་མ་གྲོལ་པའི་ལུས་སམ་སྐུ་ཡང་ཉོན་མོངས་པ་བཀྲེས་པ་དང་འདྲ་བའི་གདུང་བ་མཐའ་ཡས་པ་ཡིས་ཉེན་ཅིང་་གདུངས་པའི་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་དགའ་བ་དང༌། བདེ་བའི་རོ་ཆེན་པོ་སྟེར་བར་འགྱུར་བ་མིན་ལ། ཉོན་མོངས་པ་སྤངས་པ་ལས་ནི་ཆོས་རྒྱ་ཆེན་པོ་སྟོན་པ་ཉིད་དོ། །ཞེས་པའོ། ། མི་གཙང་བ་ལ་གསེར་སྦྲམ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན་ཕན་ཚུན་ལམ་སྲང་དུ་རབ་ཏུ་རྒྱུ་ཞིང་འགྲོ་བའི་ཚེ་མིའི་སྐྱེས་བུ་འགའ་ཞིག་གིས་ནོར་གྱི་དངོས་པོ་གསེར་སྦྲམ་ཆེན་པོ་ཞིག་ཡོད་ལ་བརྗེད་ངེས་པ་ལ་སོགས་པའི་དབང་གིས་མི་གཙང་པའི་ལྗན་ལྗིན་རུལ་པ་མང་པོས་གང་བའི་གནས་སུ་ལྷུང་ཞིང་སྟོར་བར་གྱུར་པ་ལས་རང་བཞིན་གཞན་དུ་མི་འགྱུར་བས་མི་འཇིག་པའི་ཆོས་ཅན་གྱི་གསེར་བཟང་པོ་དེ་ནི་གནས་དེར་སྔ་མ་ཇི་ལྟ་བ་དེ་བཞིན་དུ། ལོ་བརྒྱ་ཕྲག་མང་པོ་དག་ཏུ་གནས་པ་ན་རེ་ཞིག་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ལྷ་ཡིས་གནས་དེར་ནི་གསེར་དེ་ཡོད་པ་མཐོང་ནས་ཕན་པའི་བསམ་པས་མི་འགའ་ཞིག་ལ་མི་གཙང་བའི་གནས་འདི་ན་ཡོད་པའི་གསེར་བཟང་པོ་རིན་ཆེན་གྱི་མཆོག་ཏུ་གྱུར་པ་འདི་ལོངས་ལ་ཕྱི་རོལ་གྱི་འདམ་རྫབ་རྣམས་རྣམ་པར་སྦྱངས་ཏེ་རིན་ཆེན་གྱིས་བསྒྲུབ་པར་བྱ་བ་སྐུ་གཟུགས་དང་རྒྱན་ལ་སོགས་པ་རྣམས་ཇི་ལྟར་འདོད་པ་བཞིན་དུ་གྱིས་ཤིག་ཅེས་སྨྲ་བ་ལྟར། ཞེས་པའོ། ། དེའི་དོན་ནི། དེ་བཞིན་དུ་རྒྱལ་བའི་དབང་པོ་ཐུབ་པས་ཀྱང་མི་གཙང་བ་དང་འདྲ་བའི་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་སུ་བྱིང་བའི་སེམས་ཅན་རྣམས་ལ་ཡོད་པའི་ཡོན་ཏན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་གསེར་བཟང་པོ་ལྟ་བུ་ནི་ཐམས་ཅད་ལ་ཁྱབ་པར་གཟིགས་ནས་ཉོན་མོངས་པ་འདམ་རྫབ་དང་འདྲ་བ་དེ་རྣམས་དག་པར་བྱ་བའི་ཕྱིར་དུ་གདུལ་བྱར་གྱུར་པའི་སྐྱེ་དགུ་རྣམས་ལ་དམ་པའི་ཆོས་ཆུའི་ཆར་པ་དང་འདྲ་བ་རབ་ཏུ་འབེབས་ཤིང་སྟོན་པར་མཛད་དོ། །ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ན་མི་གཙང་བའི་ལྗན་ལྗིན་རུལ་བའི་ནང་དུ་ལྷུང་ཞིང་སྟོར་བའི་གསེར་བཟང་པོ་ནི་དུས་ཕྱིས་ལྷ་ཡིས་མཐོང་བར་གྱུར་པས་མི་གཙང་བའི་འདམ་དེ་ཀུན་ཏུ་དག་པར་བྱ་བའི་ཕྱིར་མཐོང་ནས་མཆོག་ཏུ་མཛེས་པའི་གསེར་དེ་མི་ལ་ནན་གྱིས་སྟོན་པ་ལྟར། དེ་བཞིན་དུ་རྫོགས་པའི་སངས་རྒྱས་རྒྱལ་བས་ཀྱང་ཉོན་མོངས་པ་མི་གཙང་བའི་འདམ་རྫབ་ཆེན་པོ་དང་འདྲ་བ་མང་པོར་ལྷུང་བར་གྱུར་པ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་དེ་བཞིན་ཉིད་རིན་པོ་ཆེ་དང་འདྲ་བ་སེམས་ཅན་རྣམས་ལ་ཁྱབ་པར་གཟིགས་ནས་དབྱིངས་དེའི་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་དག་པར་བྱ་བའི་ཕྱིར་གདུལ་བྱར་གྱུར་པའི་ལུས་ཅན་རྣམས་ལ་སྐལ་བ་དང་འཚམས་པར་དམ་པའི་ཆོས་སྟོན་པར་མཛད་དོ། །ཞེས་པའོ། ། ས་གཞི་ལ་གཏེར་ཆེན་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན་བཀྲེས་ཤིང་ཕོངས་པས་ཉེན་པའི་མི་དབུལ་པོ་འགའ་ཞིག་གི་རང་གི་ཁྱིམ་གྱི་ནང་ས་མང་པོས་ནོན་པའི་འོག་ན་ཅི་འདོད་པའི་ལོངས་སྤྱོད་མི་ཟད་པ་དང་ལྡན་པའི་རིན་པོ་ཆེའི་གཏེར་ཆེན་པོ་ནི་ཡོད་པར་གྱུར་ལ། དེ་ལྟ་ན་ཡང་མི་དབུལ་པོ་དེས་གཏེར་ཆེན་པོ་དེ་རང་གི་ཁང་པའི་འོག་ན་ཡོད་པར་མི་ཤེས་ཏེ། གཏེར་དེས་ཀྱང་མི་དེ་ལ་ང་ས་འོག་འདིར་ཡོད་ཀྱིས་ཐོན་ལ་ཅི་དགའ་བར་སྤྱོད་ཅིག་ཅེས་མི་སྨྲ་བས་རིན་པོ་ཆེའི་གཏེར་ཡོད་བཞིན་དུ་དབུལ་བའི་སྡུག་བསྔལ་མྱོང་བ་ལྟར། ཞེས་པའོ། ། དེའི་དོན་ནི། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཡིད་ཀྱི་ནང་དུ་ཆུད་པར་གྱུར་པའི་རིན་ཆེན་གྱི་གཏེར་ལྟ་བུ་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་མེད་པས་དོན་དམ་པའི་ཡོན་ཏན་གསར་དུ་བཞག་པར་བྱ་བ་དང༌། སྐྱོན་སྔར་ཡོད་བསལ་བར་བྱ་བ་མེད་པའི་ཆོས་ཉིད་རང་བཞིན་དུ་གནས་པའི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཕྱིར་རང་གི་རང་བཞིན་དུ་ཡོད་པར་མ་རྟོགས་པས་ན། ཟག་པ་མེད་པའི་ཡོན་ཏན་གྱི་འབྱོར་པས་དབུལ་བ་སྲིད་པའི་སྡུག་བསྔལ་ནི་རྣམ་པ་མང་པོ་མཐའ་ཡས་པ་རྣམས་དུས་རྒྱུན་མི་འཆད་པ་ཉིད་དུ་སྐྱེ་དགུ་མང་པོ་འདིས་ཉམས་སུ་མྱོང་ངོ༌། །ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ན་མི་དབུལ་པོའི་ཁྱིམ་གྱི་ནང་སའི་འོག་ཏུ་ནི་རིན་ཆེན་ཟད་མི་ཤེས་པའི་གཏེར་ཆེན་པོ་ཆུད་པར་གྱུར་པ་ལས་མི་དབུལ་པོ་དེ་ལ་ནི་རིན་ཆེན་གྱི་གཏེར་གྱིས་ཀྱང་བདག་འདི་ན་ཡོད་ཅེས་རྗོད་པར་མི་བྱེད་ཅིང་གཏེར་དེ་ནི་རང་གི་ཁྱིམ་ན་ཡོད་པར་མི་དེ་ཡིས་ཀྱང་ཤེས་པ་མིན་པས་དབུལ་བའི་སྡུག་བསྔལ་ལས་མི་ཐར་བ་ལྟར། དེ་བཞིན་དུ་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཆོས་ཀྱི་དབྱིངས་ཀྱི་གཏེར། རང་གི་ཡིད་ཀྱི་ཁྱིམ་ན་གནས་ཀྱང༌། དེ་ལྟར་མ་ཤེས་པའི་སེམས་ཅན་རྣམས་ནི་གཏེར་ཡོད་ཀྱང་མ་རྙེད་པའི་དབུལ་པོ་ལྟ་བུ་སྟེ་སྐྱེས་བུ་མཁས་པ་འགའ་ཞིག་གིས་གཏེར་འདོན་པའི་ཐབས་སློབ་པ་དང་འདྲ་བར་གདུལ་བྱར་གྱུར་པའི་སེམས་ཅན་དེ་དག་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་གཏེར་དེ་གློ་བུར་གྱི་དྲི་མའི་ས་འོག་ནས་བཏོན་ནས་དག་པ་གཉིས་ལྡན་གྱི་ཆོས་སྐུ་མངོན་སུམ་དུ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་ནི་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཡང་དག་པར་བལྟམས་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །ཞེས་པའོ། ། ཤུན་པ་ལ་མྱུ་གུ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན། ཨ་མྲ་དང་ཏཱ་ལ་ལ་སོགས་པའི་ཤིང་གི་འབྲས་ཤུན་རྣམས་ཀྱི་ནང་ལ་ཡོད་པའི་ས་བོན་རྐྱེན་དང་ཕྲད་ན་མྱུ་གུ་འབྱུང་ལ་གེགས་ཀྱིས་འཇིག་པ་མེད་པའི་ཆོས་ཅན་རྣམས་ཞིང་ས་གཤིན་པོ་རྨོས་ལེགས་པ་དང་ཆུ་དུས་སུ་ཐོངས་པ་དང༌། ལུད་མང་བ་ལ་སོགས་པ་མཐུན་པའི་རྐྱེན་རྣམས་དང་ལྡན་པ་ལས་ལྗོན་ཤིང་གི་རྒྱལ་པོ་ཕུན་སུམ་ཚོགས་པའི་དངོས་པོ་དང་ལྡན་པའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། ཞེས་པའོ། ། དེའི་དོན་ནི། སེམས་ཅན་རྣམས་ཀྱི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་གློ་བུར་གྱི་དྲི་མ་འབྲས་ཤུན་གྱི་ལྤགས་པའི་སྦུབས་དང་འདྲ་བའི་ནང་དུ་ཆུད་པའི་ཆོས་ཀྱི་དབྱིངས་སམ་ཁམས་དགེ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་རྐྱེན་ཚང་བ་ལས་ལྗོན་ཤིང་རིམ་གྱིས་གྲུབ་པ་དེ་བཞིན་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འགྲུབ་པའི་དགེ་བ་དེ་དང་དེ་ལ་དེ་བརྟེན་ནས་ས་དང་ལམ་རྣམས་རིམ་གྱིས་བགྲོད་དེ་ཐུབ་པའི་རྒྱལ་པོ་རྫོགས་པའི་སངས་རྒྱས་ཀྱི་དངོས་པོར་འགྱུར་ཞེས་པའོ། ། སླར་ཡང་བཤད་པ་ནི། དཔེར་ན། རླན་པར་བྱེད་པ་ཆུ་དང༌། སྨིན་པར་བྱེད་པ་ཉི་མའི་འོད་དང༌། མི་རུལ་བར་བྱེད་པ་རླུང་དང༌། འཛིན་པར་བྱེད་པ་ས་དང༌། སོས་ཀ་ལ་སོགས་དྲོ་བའི་དུས་དང༌། གོ་སྐབས་འབྱེད་པ་ནམ་མཁའ་ལ་སོགས་པའི་རྐྱེན་རྣམས་ཀྱིས་ཏཱ་ལ་དང་ནི་ཨ་མྲ་ལ་སོགས་པའི་འབྲས་ཤུན་གྱི་སྦུབས་ཀྱི་གསེབ་ནས་འབྲས་བུ་ཤིང་གི་དངོས་པོར་རིམ་གྱིས་སྐྱེ་བ་ཇི་ལྟ་བར་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་གློ་བུར་བ་འབྲས་ཤུན་གྱི་པགས་པ་དང་འདྲ་བའི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ས་བོན་གྱི་མྱུ་གུ་དང་འདྲ་བ་ཡང་རྐྱེན་ཚོགས་པ་ལས་ཤིང་སྐྱེ་བ་དེ་བཞིན་དུ་ཐར་པའི་རྒྱུར་གྱུར་པའི་ཚོགས་གཉིས་ཀྱི་དགེ་བའི་རྐྱེན་དེ་དང་དེ་ལས་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་བ་རིམ་གྱིས་འཕེལ་ནས་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་པ་ཡིན་ནོ། །ཞེས་པའོ། ། གོས་རུལ་ལ་སྐུ་གཟུགས་ལྟར་སེམས་ཅན་ལ་ཆོས་ཀྱི་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན་རིན་ཆེན་སྣ་ཚོགས་ལས་བྱས་པའི་རྒྱལ་བ་དེ་བཞིན་གཤེགས་པའི་སྐུ་གཟུགས་མཆོག་ཏུ་གྱུར་པ་ཞིག་གོས་རུལ་པའི་དྲི་མ་ངན་པ་རྣམས་ཀྱིས་ནི་བསྟུམས་པར་གྱུར་པ་དེ་ལམ་གྱི་བཞི་མདོར་གནས་ཀྱང་མི་རྣམས་ཀྱིས་མ་མཐོང་བ་ལས་རེ་ཞིག་གཅིག་ན་ལྷ་ཡིས་དེ་མཐོང་བ་གྱུར་ནས་སྒྲིབ་བྱེད་ངན་པ་དེ་ལས་གྲོལ་པར་བྱ་བའི་ཕྱིར་དུ་ལམ་ཀྱི་དབུས་ན་གནས་པའི་སྐུ་གཟུགས་ཀྱི་དོན་དེ་མི་དེ་དག་ལ་སྨྲ་ཞིང་སྟོན་པར་བྱེད་པ་ལྟར་ཞེས་པའོ། ། དེའི་དོན་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་གཟིགས་པ་སངས་རྒྱས་ཡེ་ཤེས་ཀྱི་སྤྱན་མངའ་བས་ཀྱང་འདོད་ཆགས་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་བསྟུམས་པའི་བདེ་བར་གཤེགས་པའི་སྙིང་པོའི་དངོས་པོ་ཉིད་ནི། ཐ་ན་གཤང་བའི་སྲིན་བུ་ལ་སོགས་པ་དུད་འགྲོར་གྱུར་པ་རྣམས་ལ་ཡང་ཁྱབ་པར་གཟིགས་ནས་སྐུ་གཟུགས་ཀྱི་སྒྲིབ་བྱེད་སེལ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་དེ་གློ་བུར་གྱི་དྲི་མ་ལས་ཐར་པར་བྱ་བའི་དོན་དུ་ལམ་ཉམས་སུ་ལེན་པའི་ཐབས་དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་རྣམས་སྟོན་པར་མཛད་དོ། །ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ན་རིན་ཆེན་གྱི་རང་བཞིན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་མཛེས་པ་ཞིག་དྲི་མ་ངན་པ་ཅན་གྱི་གོས་རུལ་བ་རྣམས་ཀྱིས་བཏུམས་པར་གྱུར་པ་ལམ་གྱི་བཞི་མདོ་དག་ན་གནས་པ་ལས་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ལྷ་འགའ་ཞིག་གིས་དེ་མཐོང་ནས་སྒྲིབ་བྱེད་ངན་པ་དེ་ལས་ཐར་པར་བྱ་བའི་ཕྱིར་དུ་མི་རྣམས་ལ་གསལ་བ་རེ་སྟོན་པ་ལྟར། དེ་བཞིན་དུ་ཉོན་མོངས་པ་གོས་རུལ་བ་དང་འདྲ་བའི་སྒྲིབ་པ་རྣམས་ཀྱིས་བཏུམས་ཤིང་སྲིད་པ་འཁོར་བའི་ལམ་ན་གནས་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི།ཐ་ན་དུད་འགྲོ་ལ་སོགས་པ་དམན་པ་རྣམས་ལ་འང་ཡོད་པར་གཟིགས་ནས་གློ་བུར་གྱི་དྲི་མ་ལས་ཐར་པར་བྱ་བའི་ཕྱིར་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་སྐལ་པ་དང་མཐུན་པར་དམ་པའི་ཆོས་སྟོན་པར་མཛད་དོ། །ཞེས་པའོ། ། བུད་མེད་ལ་རྒྱལ་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ན་མི་མོ་གཟུགས་བྱད་ངན་ཞིང་མགོན་དང་སྐྱབས་མེད་པ་འགའ་ཞིག་མགོན་མེད་པ་རྣམས་ཀྱི་འདུག་གནས་མགྲོན་ཁང་དང་བཞི་མདོ་ལ་སོགས་པ་རྣམས་སུ་ནི་འདུག་པར་གྱུར་ལ་རང་གི་མངལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔལ་དང་ལྡན་པར་གྱུར་པའི་ཁྱེའུ་མཚན་དང་ལྡན་པ་འཛིན་པར་བྱེད་པས་ཀྱང་མངལ་སྦུབས་ཀྱིས་བསྒྲིབས་པའི་ཕྱིར་རང་ཉིད་ཀྱི་ལྟོ་བ་ན་ཡོད་པའི་སེམས་ཅན་དེ་མི་བདག་ཡིན་པར་མི་ཤེས་པས་གཞན་གྱིས་བརྙས་པ་ལ་སོགས་པའི་འཇིགས་པ་དང་བཅས་ཤིང་སྡུག་བསྔལ་བར་གྱུར་པ་ལྟར་ཞེས་པའོ། ། དེའི་དོན་ནི། སྲིད་པ་འཁོར་བའི་གནས་རྣམ་པ་སྣ་ཚོགས་པར་སྐྱེ་བ་རྣམས་སྡུག་བསྔལ་དང་བཅས་པའི་ཕྱིར། མགོན་དང་སྐྱབས་མེད་པའི་ཁྱིམ་ན་གནས་པ་ཇི་ལྟ་བ་བཞིན་ཏེ་གློ་བུར་གྱི་ཉོན་མོངས་པ་མ་དག་པའི་སེམས་ཅན་རྣམས་ནི་མགོན་སྐྱབས་ཡོད་ཀྱང་མ་ཤེས་པའི་ཕྱིར། མངལ་ན་རྒྱལ་པོ་དང་ལྡན་པའི་ཕྱིར་བུད་མེད་ཇི་ལྟ་བ་བཞིན་ཡིན་ཞིང༌། བུད་མེད་དེ་ལ་རྒྱལ་པོ་གང་ཞིག་ཡོད་པས་མགོན་དང་བཅས་པར་འགྱུར་བ་ལྟར། སེམས་ཅན་དེ་ལ་ཆོས་ཉིད་གང་ཞིག་ཡོད་པས་མགོན་གྱི་མཆོག་དང་བཅས་པར་གྱུར་པ་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་མེད་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མངོན་སུམ་དུ་གྱུར་པས་ན་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་ཕྱིར་བུད་མེད་དེའི་མངལ་ན་གནས་པའི་རྒྱལ་པོ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ན་བུད་མེད་ལུས་ལ་དྲི་མ་དང་བཅས་པའི་གོས་རུལ་པ་གྱོན་ཅིང་ཁ་དོག་དང་དབྱིབས་ལ་སོགས་པ་སྡུག་པའི་གཟུགས་དང་ལྡན་པ་འགའ་ཞིག་སའི་བདག་པོ་གྱུར་པའི་ཁྱེའུ་མངལ་གྱི་ནང་ན་གནས་ཀྱང་དེ་མ་རྟོགས་པའི་ཕྱིར་མགོན་དང་སྐྱབས་མེད་པའི་ཁང་པར་གནས་ཏེ་གཞན་གྱིས་བརྙས་པ་ལ་སོགས་པའི་སྡུག་བསྔལ་མཆོག་ཏུ་མང་པོ་མྱོང་བ་ལྟར། དེ་བཞིན་དུ་བདག་རང་གི་ནང་ན་སེམས་ཀྱི་རང་བཞིན་འོད་གསལ་དུ་གནས་པའི་མགོན་སངས་རྒྱས་ཉིད་ཡོད་པར་གྱུར་ཀྱང་དེ་མ་རྟོགས་པའི་ཕྱིར་མགོན་དང་སྐྱབས་མེད་པའོ་སྙམ་པའི་བློ་དང་ལྡན་པའི་འགྲོ་བ་རྣམས་ནི་ཉོན་མོངས་པ་གློ་བུར་པ་རྣམས་ཀྱི་དབང་གིས་ཡིད་རབ་ཏུ་མ་ཞི་བས་ལས་ཟག་པ་དང་བཅས་པ་སྤྱོད་ཅིང༌། དེའི་རྒྱུས་འཁོར་བར་འཇིགས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་གཞི་ལ་གནས་པ་ཡིན་ནོ། །ཞེས་པའོ། ། ས་འདམ་ལ་གསེར་གཟུཊ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལའང༌། དབྱིངས་ཀྱི་དྲི་མ་སྦྱོང་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། མཚོན་པར་བྱེད་པའི་དཔེ་དང༌། དེས་མཚོན་པར་བྱ་བའི་དོན་ནོ། ། དེ་ལ་དང་པོ་མཚོན་པར་བྱེད་པའི་དཔེ་ནི། ཇི་ལྟར་ན་ས་འདམ་གྱི་ནང་གི་གསེར་ཞུན་མ་ལས་བྱས་པའི་གཟུགས་བརྙན་ཚད་དང་མཚན་ཉིད་རྒྱས་ཤིང་མཛེས་པ། རང་གི་ངོ་བོ་དྲི་མ་ཉེ་པར་ཞི་བས་རྣམ་པར་དག་པ་ཡིན་ཡང་ཕྱི་རོལ་ནས་ལུགས་ཀྱི་ས་འདམ་ནག་པོས་གཡོགས་པའི་རང་བཞིན་ཅན་དག་ཤེས་ལྡན་འགའ་ཞིག་གིས་མཐོང་ནས། དེ་ལྟར་ཤེས་པའི་སྐྱེ་བོ་དག་ནང་གི་གསེར་བཟང་པོ་དེའི་དྲི་མ་སྦྱང་ཞིང་དག་པར་བྱ་བའི་ཕྱིར་ཏུ་ཕྱི་རོལ་གྱི་ས་འདམ་ནག་པོ་ལ་སོགས་པའི་སྒྲིབ་པ་རྣམས་སེལ་བར་བྱེད་པ་ལ་ཐབས་སྣ་ཚོགས་བྱེད་པ་ལྟར། ཞེས་པའོ། ། དེས་མཚོན་པར་བྱ་བའི་དོན་ནི། སེམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ནི་གདོད་མ་ནས་འོད་གསལ་ཞིང་རྣམ་པར་དག་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་དྲི་མ་རྣམས་ཀྱང་ནི་སྤང་དུ་རུང་བའི་གློ་བུར་བ་ཡིན་པར་ནི་རྣམ་པར་གཟིགས་པར་གྱུར་ནས། རིན་ཆེན་གསེར་བཟང་པོ་ལ་བྱས་པའི་གཟུགས་བརྙན་འབྱུང་བའི་གནས་ས་འདམ་གྱིས་གཡོགས་པའི་གོང་བུ་ལྟ་བུའི་སེམས་ཅན་རྣམས་ཆོས་ཀྱི་དབྱིངས་མཐོང་བའི་སྒྲིབ་པ་གློ་བུར་གྱི་དྲི་མ་དག་ལས་རྣམ་པར་སྦྱོང་བར་བྱེད་པའི་ཐབས་དམ་པའི་ཆོས་སྟོན་པར་མཛད་པ་ནི་བྱང་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ཞེས་པའོ། ། སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་བྱ་བ་ནི། ཇི་ལྟར་ན་རང་བཞིན་གྱིས་དྲི་མ་མེད་ཅིང་རྣམ་པར་དག་པའི་གསེར་བཟང་པོ་འོད་རབ་ཏུ་འབར་བ་ལས་བྱས་ཤིང་ལུག་གཏོང་བའི་དུས་ཀྱི་ས་འདམ་ནག་པོའི་ནང་དུ་ཆུད་པར་གྱུར་པའི་གཟུགས་བརྙན་གྱི་རང་གི་ངོ་བོ་དྲི་མ་ཉེ་བར་ཞི་བ་དེའི་རང་བཞིན་རིན་ཆེན་གྱི་གཟུགས་བརྙན་རྟོག་པ་ལ་མཁས་པའི་སྐྱེ་བུ་བློ་དང་ལྡན་པས་རིག་ནས་སྒྲིབ་བྱེད་ས་འདམ་ལ་སོགས་པའི་དྲི་མ་དག་རིམ་གྱིས་སེལ་བར་བྱེད་པའི་ཐབས་རྡེག་སྤྱད་དལ་བུས་བསྣུན་པ་ལ་སོགས་པ་བྱེད་པ་ལྟར། དེ་བཞིན་དུ་ཤེས་བྱའི་རྣམ་པར་ཀུན་མངོན་སུམ་དུ་མཁྱེན་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་དྲི་མ་རང་བཞིན་གྱིས་དག་པའི་གསེར་བཟང་པོའི་གཟུགས་བརྙན་དང་འདྲ་བར་ཉོན་མོངས་པ་གདོད་མ་ནས་ཞི་བའི་ཡིད་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཉིད་དུ་མཁྱེན་པར་གྱུར་ནས་རང་རང་གི་སྐལ་པ་དང་མཐུན་པར་ཆོས་འཆད་པའི་ཚུལ་གྱིས་ཐབས་ས་འདམ་སེལ་བའི་རྡེག་སྤྱད་དང་འདྲ་བ་བསྒྲུབས་པས་རང་བཞིན་མངོན་སུམ་དུ་འགྱུར་བའི་སྒྲིབ་པ་གློ་བུར་གྱི་དྲི་མ་དག་ནི་སེལ་བར་མཛད་པ་ཉིད་དོ། །ཞེས་པའོ། ། བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པ། བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པ་ནི། པདྨ་མདོག་ངན་པ་ཅན་དང་སྲོག་ཆགས་བུང་བ་དང༌། འབྲུའི་སྦུན་པ་དང་ནི་མི་གཙང་བའི་འདམ་དང༌། ས་གཞི་དང༌། ཤིང་གི་འབྲས་ཤུན་དང༌། གོས་རུལ་དྲི་མ་ཅན་དང༌། བུད་མེད་ཀྱི་མངལ་དང༌། ས་འདམ་ནག་པོའི་སྦུབས་ན་ཡང་ཞེས་པ་རྣམས་དྲི་མ་མཚོན་པའི་དཔེ་ཡིན་ཞིང༌། མཚན་དཔེས་བརྒྱན་པའི་སངས་རྒྱས་ཇི་ལྟ་བ་བཞིན་དང༌། རོ་བཅུད་དང་ལྡན་པའི་སྦྲང་རྩི་ཇི་ལྟ་བ་དང༌། འབྲས་ལ་སོགས་པའི་སྙིང་པོ་ཇི་ལྟ་བ་བཞིན་དང༌། གཞན་དུ་མི་འགྱུར་བའི་གསེར་སྦྲམ་ཇི་ལྟ་བ་བཞིན་དང༌། ཟད་མི་ཤེས་པའི་གཏེར་ཆེན་པོ་ཇི་ལྟ་བ་བཞིན་དང༌། འབྲས་བུ་དང་བཅས་པའི་ལྗོན་ཤིང་ཇི་ལྟ་བ་བཞིན་དང༌། རིན་ཆེན་གྱི་སྐུ་གཟུགས་མཛེས་པ་ཇི་ལྟ་བ་བཞིན་དང༌། འཁོར་ལོ་ཡིས་དབང་བསྒྱུར་བའི་རྒྱལ་པོ་ཇི་ལྟ་བ་བཞིན་དང༌། གསེར་བཟང་པོའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་ཞེས་པ་རྣམས་སྙིང་པོ་མཚོན་པའི་དཔེ་ཡིན་ལ། དེ་དག་གིས་ཉེ་བར་མཚོན་པའི་དཔེ་ནི། སེམས་ཅན་གྱི་ཁམས་དེ་བཞིན་ཉིད་ཀྱི་སྒྲིབ་བྱེད་ཉོན་མོངས་པའི་སྦུབས་རྣམས་ནི་རང་བཞིན་ལ་མ་འབྲེལ་པས་ན་གློ་བུར་པ་ཡིན་ཡང་ཆོས་ཀྱི་དབྱིངས་དང་ལྷན་ཅིག་ཐོག་མ་མེད་པ་ནས་ཉེ་བར་གནས་པ་ཡང་ཡིན་ལ། དེ་རྣམས་གང་ན་ཡོད་པ་དེ་ན་སེམས་ཅན་གྱི་སེམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་དྲི་མ་མེད་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཐོག་མ་མེད་པ་ནས་ཉེ་བར་གནས་པ་ཡིན་པར་བརྗོད་དོ། །ཞེས་པའོ། ། དྲི་མ་དང་སྙིང་པོ་སོ་སོའི་ཆོས་མཐུན་སྦྱར་བ། དྲི་མ་དང་སྙིང་པོ་གཉིས་སོ་སོའི་ཆོས་མཐུན་སྦྱར་བ་ལ་གཉིས་ཏེ། གློ་བུར་དྲི་མ་ཁྱད་པར་དུ་མཚོན་ཚུལ། རང་བཞིན་ཆོས་དབྱིངས་ཁྱད་པར་དུ་མཚོན་ཚུལ་ལོ། ། གློ་བུར་དྲི་མ་ཁྱད་པར་དུ་མཚོན་ཚུལ། དྲི་མ་མཚོན་ཚུལ་ལ་བཞི་སྟེ། སྒྲིབ་བྱེད་དྲི་མའི་རྣམ་པར་དབྱེ་བ། དེས་འགྲོ་བའི་དབྱིངས་ལ་སྒྲིབ་ཚུལ། སོ་སོའི་དཔེ་དོན་རྒྱས་པར་སྦྱར་བ། སླར་ཡང་དེ་རྣམས་སྤྱིའི་དོན་བསྡུ་བའོ། ། སྒྲིབ་བྱེད་དྲི་མའི་དབྱེ་བ། དེ་ལ་སྒྲིབ་བྱེད་དྲི་མའི་དབྱེ་བ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྒྲིབ་པར་བྱེད་པའི་གློ་བུར་གྱི་དྲི་མ་རྣམས་ནི། རིགས་ཀྱི་སྒོ་ནས་མདོར་བསྡུ་ན་རྣམ་པ་དགུ་སྟེ། དེ་ཡང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པའི་མི་གཡོ་པའི་འདུ་བྱེད་ཀྱི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ཞེ་སྡང་གི་བག་ལ་ཉལ་དང༌། རྨོངས་པ་གཏི་མུག་གི་བག་ལ་ཉལ་ཏེ་དེ་དག་གི་གནས་ངན་ལེན་ནམ། ས་བོན་གསུམ་པོ་རེ་རེར་བགྲངས་པ་དང༌། འདོད་ཆགས་ལ་སོགས་པ་དང་མ་བྲལ་བའི་རྒྱུད་ལ་ཡོད་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་ལ་སོགས་པ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེའི་ཀུན་ནས་ལྡང་བ་དྲག་པོ་སྟེ། དུག་གསུམ་མངོན་གྱུར་རྣམས་གཅིག་ཏུ་བྱས་པ་དང༌། དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལས་ལ་འཇུག་པའི་རྒྱུ། ཡིད་ཀྱི་རང་བཞིན་གྱི་ལུས་སྒྲུབ་པར་བྱེད་པ་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མ་རིག་བག་ཆགས་ཀྱི་སས་བསྡུས་པ་དང༌། ཐུན་མོང་དུ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་པའི་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མཐོང་བས་སྤང་བར་བྱ་བ་དང༌། འཕགས་པ་སློབ་བའི་རྒྱུད་ལ་ཡོད་པའི་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་སྒོམ་པའི་ལམ་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་སྒོམ་པས་སྤང་བར་བྱ་བ་དང༌། ཁྱད་པར་དུ་མཐར་མ་ཕྱིན་པ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་ས་དང་པོ་ནས་བདུན་པའི་བར་གྱི་མི་མཐུན་ཕྱོགས་དག་པས་གསུམ་སྒོམ་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མ་དག་པའི་ས་ལ་བརྟེན་པའི་སྤང་བར་བྱ་བ་དང༌།མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་དག་པ་ས་གསུམ་གྱི་མི་མཐུན་ཕྱོགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་དག་པའི་ས་ལ་བརྟེན་པའི་སྤང་བར་བྱ་བ་རྣམས་སོ། །དེ་ལྟར་ན་རགས་པ་རྟོགས་སླ་བའི་དབང་དུ་བྱས་ནས་འདོད་ཆགས་ལ་སོགས་པའི་དྲི་མ་རྣམ་དགུ་ནི་པད་མའི་སྦུབས་དང་སྦྲང་མ་ལ་སོགས་པའི་དཔེ་རྣམ་པ་དགུ་པོ་ཡིས་གོ་རིམ་ཇི་ལྟ་བར་མཚོན་ཞིང་གསལ་བར་རབ་ཏུ་བསྟན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱིས་ནི་རྫས་ཀྱི་དབྱེ་བས་རབ་ཏུ་ཕྱེ་ན་བརྒྱད་ཁྲི་བཞི་སྟོང་དང༌། དབྱེ་བ་བྱེ་བ་མཐའ་ལས་འདས་པ་ལ་སོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་པ་བཞིན་ནོ། ། དེས་དབྱིངས་སྒྲིབ་ཚུལ། དེ་ཡིས་དབྱིངས་ལ་སྒྲིབ་ཚུལ་ནི། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་རྣམ་པ་དགུ་པོ་འདི་དག་གིས་བསྒྲིབ་པར་བྱ་བ་སེམས་ཅན་གྱི་རིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་རྣམས་དང༌། ཐུན་མོང་དུ་སློབ་པའི་ལམ་ལ་གནས་པ་རྣམས་དང་ཁྱད་པར་དུ་བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་རྣམ་པར་མ་དག་པ་ཉིད་དེ། དེ་ཡང་མདོར་བསྡུས་ནས་ནི་གོང་ལྟར་གོ་རིམ་ཇི་ལྟ་བ་བཞིན་དུ། དཔེ་པད་མའི་སྦུབས་དང༌། བུང་བ། སྦུན་པ། མི་གཙང་ས་ལ་སོགས་པ་ཡི། དཔེ་དགུ་དག་གིས་སངས་རྒྱས་སྦྲང་རྩི་སྙིང་པོ། གསེར་སོགས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པ་བསྟན། སྒྲིབ་པ་དང་པོ་བཞིའི་དུག་གསུམ་གྱི་དྲི་མ་བག་ལ་ཉལ་རྣམས་ཀྱིས་ཁམས་གོང་མ་འདི་དག་གིས་བྱིས་པ་རྣམས་མ་དག་ཅིང༌། དེ་དག་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་རྣམས་མ་དག་པ་དང༌། དགྲ་བཅོམ་སློབ་པ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་གོ་རིམ་བཞིན་མ་དག་པ་བཞི་དང༌། དེ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་དང་པོ་བཞིའི་དུག་གསུམ་གྱི་བག་ལ་ཉལ་རྣམས་ཀྱིས་ཁམས་གོང་མའི་བྱིས་པ་རྣམས་མ་དག་ཅིང༌། དེ་དག་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་རྣམས་མ་དག་པ་དང༌། མ་རིག་བག་ཆགས་ཀྱིས་གཅིག་གིས་དགྲ་བཅོམ་པ་རྣམས་མ་དག་པ་དང་ནི། དེ་བཞིན་མཐོང་བས་སྤང་བར་བྱ་བ་རྣམས་དང༌། སྒོམ་པས་སྤང་བར་བྱ་བ་གཉིས་ཀྱིས་སོ་སོའི་སྐྱེ་བོ་སློབ་པ་དང༌། འཕགས་པ་སློབ་པ་གཉིས་མ་དག་པ་དང༌། མ་དག་པའི་ས་བདུན་པ་བརྟེན་པའི་དྲི་མ་དང༌། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་གཉིས་ཀྱིས་མཐར་མ་ཕྱིན་པ་དང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་མ་དག་ཅིང༌། གང་ཟག་དེ་དང་དེ་ལ་སྤང་བྱ་དེ་དང་དེ་གཙོ་ཆེ་བར་ལྡན་པས། ཆོས་ཀྱི་དབྱིངས་མཐར་ཐུག་པ་མངོན་སུམ་དུ་འགྱུར་བའི་གེགས་བྱས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། ། སོ་སོའི་དཔེ་དོན་རྒྱས་པར་སྦྱར་བ། སོ་སོའི་དཔེ་དོན་རྒྱས་པར་སྦྱར་བ་ནི། ཇི་ལྟར་ན་མེ་ཏོག་པད་མ་འདབ་རྫབ་ལས་གསར་དུ་སྐྱེས་ཏེ་ལྟ་བ་པོའི་མདུན་དུ་གྱུར་མ་ཐག་ན་ཡིད་རབ་ཏུ་དགའ་བར་བྱེད་པ་དང༌། ཕྱི་ནས་རིང་པོ་མི་ཐོགས་པར་བརྙིངས་ཤིང་དགའ་བ་མེད་པར་གྱུར་བ་ལྟར་ཉོན་མོངས་པ་འདོད་ཆགས་ཀྱི་བག་ལ་ཉལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའི་ཆགས་པ་མངོན་སུམ་དུ་གྱུར་བ་ན་དགའ་བ་དང༌། ཕྱི་ནས་འགགས་བ་ན་དགའ་བ་མེད་པའི་ཕྱིར་པད་མ་མཐོང་བའི་དགའ་བའང་དེ་བཞིན་ནོ།། ཞེས་པས་འདོད་ཆགས་ཀྱི་བག་ལ་ཉལ་ནི་པད་མ་ལྟ་བུ་དང༌། དེ་བཞིན་དུ་སྦྱར་ཏེ་ཇི་ལྟར་ན་སྦྲང་རྩི་ལ་ཆགས་པའི་སྲོག་ཆགས་སྦྲང་མ་ནི་གཞན་གྱིས་སྦྲང་རྩི་བླངས་པ་ན་ཡིད་ཞེ་སྡང་གིས་ཤིན་ཏུ་འཁྲུཊ་ཏེ་མདུང་བརྡེག་ཅིང་ཟུག་རྔུ་སྐྱེད་པ་ལྟར། དེ་བཞིན་དུ་ཉོན་མོངས་པ་ཞེ་སྡང་གི་བག་ལ་ཉལ་འཕེལ་བ་ལས་ཁོང་ཁྲོ་མངོན་དུ་སྐྱེས་པས་ན་ཡང་རང་གཞན་གྱི་སྙིང་ལ་སྡུག་བསྔལ་ཟུག་རྔུ་སྐྱེད་པར་བྱེད་དོ། ། ཞེས་པས་ཞེ་སྡང་གི་བག་ལ་ཉལ་ནི་སྦྲང་མ་ལྟ་བུ་དང༌། ཇི་ལྟར་ན་འབྲས་ལ་སོགས་པ་འབྲུའི་སྙིང་པོ་ནི་ཕྱི་རོལ་གྱི་གྲ་མ་དང་གོངས་མ་ལ་སོགས་པ་སྦུན་པས་སྒྲིབས་པས་མི་འཐོང་བ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་དོན་མཐོང་བ་ཡང་མ་རིག་པ་གཏི་མུག་གི་བག་ལ་ཉལ་ལ་སོགས་པ་སྒོ་ངའི་སྦུབས་དང་འདྲ་བ་རྣམས་ཀྱིས་བསྒྲིབས་པས་མི་མཐོང་བར་བྱས་སོ། ། ཞེས་པ་གཏི་མུག་གི་བག་ལ་ཉལ་ནི་སྦུན་པ་ལྟ་བུ། ཇི་ལྟར་ན་མི་གཙང་བའི་དངོས་པོ་ནི་ཡིད་དུ་འོང་བའི་མི་མཐུན་པའི་ཕྱོགས་ཉམ་ང་བའི་གནས་ཡིན་པ་དེ་བཞིན་དུ་འདོད་པའི་ཁམས་ལ་ཆགས་པ་དང་བཅས་པ་རྣམས་ཀྱིས་འདོད་པའི་ཡོན་ཏན་བརྟེན་པ་ལ་སོགས་པ་ཉེས་སྤྱོད་མང་པོའི་རྒྱུ་ཡིན་པའི་ཕྱིར། ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་ལྡང་བ་སྟེ་མངོན་གྱུར་དྲག་པོ་རྣམས་ནི་མི་གཙང་བའི་ཕུང་བོ་ཆེན་པོ་དང་འདྲ་བར་ཉོན་མོངས་ཤིང་ཡིད་འབྱུང་བར་བྱ་བའི་གནས་ཡིན་ནོ།། ཞེས་པས་དུག་གསུམ་མངོན་གྱུར་ནི་མི་གཙང་བ་ལྟ་བུ་དང༌། ཇི་ལྟར་ན་ནོར་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི་ས་མང་པོས་བསྒྲིབས་ཤིང་སྦས་པ་ན་དབུལ་པོ་རྣམས་ཀྱིས་ནོར་ཡོད་པར་མི་ཤེས་ཤིང་གཏེར་དེ་ནི་མི་ཐོབ་པ་ལྟར། དེ་བཞིན་དུ་དབུལ་པོ་དང་འདྲ་བའི་སྐྱེ་བོ་རྣམས་ལ་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པའི་རང་འབྱུང་གི་ཡེ་ཤེས་མཐོང་བ་ཉིད་མ་རིག་བག་ཆགས་ཀྱི་ས་ཡིས་བསྒྲིབས་པས་མི་མཐོང་བ་ལྟར་རོ། ། ཞེས་པས་མ་རིག་བག་ཆགས་ཀྱིས་བསྡུས་པ་ནི་ས་ལྟ་བུ་དང༌། ཇི་ལྟར་ན་ལྗོན་ཤིང་གི་མྱུག་གུ་དང་སྡོང་བུ་དང་ཡལ་ག་ལ་སོགས་པ་རིམ་གྱིས་སྐྱེ་བས་ས་བོན་གྱི་ཤུན་པ་རྣམས་རིམ་གྱིས་གཅོད་པར་བྱེད་པ་ལྟར། དེ་བཞིན་དུ་ཆོས་ཀྱི་དབྱིངས་དོན་དམ་པའི་དེ་ཁོ་ན་ཉིད་རིམ་གྱིས་མཐོང་བ་ཡིས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་རོ་ཞེས་པས་མཐོང་སྤངས་རྣམས་ནི་འབྲས་ཤུན་ལྟ་བུ་དང༌། འཕགས་པའི་ལམ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་འབྲེལ་བ་ལས་ཕུང་པོ་ལྔ་བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་སུ་ལྟ་བ་ལ་སོགས་པའི་སྤང་བྱའི་སྙིང་པོ་འམ་གཙོ་བོ་མཐོང་སྤངས་སྤང་བར་བྱ་བ་དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཆོས་ཉིད་མངོན་སུམ་གྱིས་མཐོང་ཟིན་སྒོམ་པའི་ལམ་ཡེ་ཤེས་ཀྱིས་སྤང་པར་བྱ་བ་རྣམས་ནི། རགས་པ་ཟད་པའི་ལྷག་མ་ཡིན་པ་འམ་དྲི་མ་དང་བཅས་པའི་གོས་རུལ་བ་དག་དང་མཚུངས་པར་བསྟན་ཏོ། ། ཞེས་པས་སྒོམ་སྤངས་རྣམས་ནི་གོས་རུལ་ལྟ་བུ་དང་མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་རྣམས་ནི་མཐོང་བྱ་ལ་སྒྲིབ་ཅིང་འབད་རྩོལ་དང་བཅས་པས་མངལ་སྦུབས་ཀྱི་དྲི་མ་དག་དང་བཚུངས་ལ། མངལ་སྦུབས་བྲལ་བ་དང་འདྲ་བར་དྲི་མ་དེ་དག་ལས་རྣམ་པར་གྲོལ་བ་ལས་ས་བརྒྱད་པ་ལ་སོགས་པར་འབད་རྩོལ་མེད་ཅིང༌། ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྨིན་ཞིང་སྐྱེས་པ་ཇི་ལྟ་བ་བཞིན་ནོ། །ཞེས་པས་ས་བདུན་ལ་བརྟེན་པའི་དྲི་མ་ནི་མངལ་སྦུབས་ལྟ་བུ་དང༌། དག་པ་ས་གསུམ་ལ་རྗེས་སུ་འབྲེལ་པའི་དྲི་མ་ཕྲ་མོ་རྣམས་ནི་འབད་རྩོལ་མེད་པར་སྤང་བར་ནུས་པས་གསེར་གྱི་གཟུགས་ས་འདམ་ཅུང་ཟད་ཀྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ཡང་གཉེན་པོ་བདག་ཉིད་ཆེན་པོ་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོན་པར་བྱ་བ་ཡིན་ནོ། །ཞེས་ས་གསུམ་ལ་འབྲེལ་པའི་དྲི་མ་ནི་ས་འདམ་ལྟ་བུར་སྟོན་པའོ། ། སླར་ཡང་སྤྱིའི་དོན་བསྡུ་བ། སླར་ཡང་སྤྱིའི་དོན་བསྡུ་བ་ནི། གོང་དུ་ཆོས་མཐུན་རྒྱས་པར་སྦྱར་བའི་ཚུལ་དེ་ལྟར་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཆོས་ཀྱི་དབྱིངས་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རྣམ་པ་དགུ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་པད་མ་དང་སྤྲང་མ་ལ་སོགས་པའི་དཔེ་དགུ་པོ་གང་དག་དང་ཆོས་མཚུངས་པ་ཉིད་དོ། །ཞེས་པའི་དོན་ཏོ། ། ཆོས་དབྱིངས་ཁྱད་པར་དུ་མཚོན་ཚུལ། རང་བཞིན་ཆོས་དབྱིངས་ཁྱད་པར་དུ་མཚོན་ཚུལ་ལ་གསུམ་སྟེ། ཆོས་གསུམ་དཔེ་དགུས་མཚོན་ཚུལ་མདོར་བསྟན་པ། དེའི་དོན་སོ་སོར་དབྱེ་བ། ཕྱེ་བའི་ངོ་བོ་རྒྱས་པར་བཤད་པའོ། ། ཆོས་གསུམ་དཔེ་དགུས་མཚོན་ཚུལ། དེ་ལ་མདོར་བསྟན་པ་ནི། འཆད་པར་འགྱུར་བའི་རང་བཞིན་རྣམ་པ་གསུམ་གྱིས་བསྡུས་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སངས་རྒྱས་ཀྱི་སྐུ་དང་སྤྲང་རྩི་ལ་སོགས་པ་སྙིང་པོ་མཚོན་པར་བྱེད་པའི་དཔེ་དགུ་པོ་རྣམས་དང་ཆོས་མཚུངས་སོ། །ཞེས་པའོ། ། དབྱེ་བ་ནི། རང་བཞིན་གསུམ་གང་ཞེ་ན། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་བའི་སྙིང་བོ་འདིའི་རང་བཞིན་ནི་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་དང་་གཞན་དུ་མི་འགྱུར་བ་དེ་བཞིན་ཉིད་དང༌། སངས་རྒྱས་འགྲུབ་པའི་རིགས་ཀྱང་སྟེ་རྣམ་པ་གསུམ་མོ། ། དེ་རྣམས་དཔེ་དགུས་ཇི་ལྟར་མཚོན་སྙམ་ན། རང་བཞིན་གསུམ་པོ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་དང༌། སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ་གསུམ་གྱིས་དབྱིངས་དེ་ཆོས་ཀྱི་སྐུའི་རང་བཞིན་ཅན་དུ་ཤེས་པར་བྱ་ཞིང༌། གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་དུ་ཤེས་པར་བྱ་བ་དང་ནི། དེ་བཞིན་དུ་གཏེར་དང་ཤིང་ལྗོན་པ་དང༌། རིན་པོ་ཆེའི་སྐུ་དང༌། འཁོར་ལོས་བསྒྱུར་བ་དང༌། གསེར་གྱི་གཟུགས་ཀྱི་དཔེ་ལྔ་རྣམས་ཀྱིས་ནི་སྐུ་གསུམ་འགྲུབ་པའི་རིགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ་ཞེས་སོ། ། དེའི་དོན་སོ་སོར་དབྱེ་བ། རྒྱས་བཤད་ལ་གསུམ་སྟེ། ཆོས་སྐུའི་དཔེ་དོན་རྒྱས་པར་བཤད་པ། དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ། རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པའོ། ། ཆོས་སྐུའི་དཔེ་དོན་རྒྱས་པར་བཤད་པ། ཆོས་སྐུའི་དཔེ་དོན་ལ་གཉིས། ཆོས་སྐུའི་རྣམ་དབྱེ་བསྟན་པ། དེ་དག་དཔེ་དང་སྦྱར་བའོ། ། དེ་ལ་དབྱེ་བ་ནི། རང་བཞིན་ཆོས་སྐུ་དེ་ཡང་དངོས་དང་བཏགས་བའི་དབྱེ་བས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་དྲི་མ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་ཉིད་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མཚན་ཉིད་པ་རྟོགས་པ་ཆོས་སྐུ་དང༌། དེ་རྟོགས་པའམ་ཐོབ་པའི་རྒྱུ་མཐུན་པ་གདུལ་བྱའི་སྐལ་པ་ཇི་ལྟ་བར་རྣམ་པར་རིག་པ་འབྱུང་བའི་ལུང་གི་ཆོས་རྣམས་ནི་བཏགས་པ་བསྟན་པ་ཆོས་སྐུའོ། །དེ་དག་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་འམ་འབྲས་བུ་དང་རྒྱུའི་དབྱེ་བས་ཀྱང་རབ་ཏུ་ཕྱེ་བར་བལྟའོ། ། བསྟན་པ་ཆོས་སྐུ་ཡང་རྣམ་པ་གཉིས། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཟབ་པའི་ཆོས་ཀྱི་ཚུལ་སྟོན་པ་དང༌། སེམས་ཅན་སྣ་ཚོགས་པའི་བསམ་པ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལས་བརྩམས་ཏེ་རྒྱ་ཆེ་བ་སྣ་ཚོགས་པའི་ཚུལ་ནི་སྟོན་པའོ། །ཞེས་པའོ། ། དཔེ་དང་སྦྱར་བ་ནི། རྟོགས་པར་བྱ་བ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་སྐུ་དེ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པའི་ཕྱིར་འཇིག་རྟེན་ན་ཆོས་ཀྱི་སྐུ་འདི་ལ་མཚོན་པར་ནུས་པའི་དཔེ་ནི་འགའ་ཡང་མི་དམིགས་པས་པད་མའི་ནང་ན་གནས་པའི་དེ་བཞིན་གཤེགས་པ་རང་འབྱུང་གི་སྐུ་ཉིད་དང་ཁམས་རང་བཞིན་གྱིས་རྣམ་པར་དག་པ་གཉིས་པོ་ཕྱོགས་རེ་ཙམ་འདྲ་བ་ཉིད་དུ་བསྟན་པ་ཡིན་ལ། དེ་རྟོགས་པའི་རྒྱུ་མཐུན་པ་གཏིང་དཔག་དཀའ་ཞིང་ཕན་ཡོན་དང་ལྡན་པས་ཕྲ་མོ་ཟབ་མོ། །དོན་དམ་པའི་ཚུལ་བསྟན་པ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པའི་ཕྱིར་སྦྲང་རྩི་རྣམས་མངར་ཞིང་ཞིམ་པ་ཉིད་དུ་རོ་གཅིག་པ་ཇི་ལྟ་བ་བཞིན་ཏེ་རྒྱ་ཆེ་བ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐབས་ཀྱི་རྣམ་པ་སྣ་ཚོགས་པའི་ཚུལ་བསྟན་པ་ནི་སྙིང་པོའི་དོན་རྟོགས་པའི་ཆེད་དུ་རིམ་གྱིས་དྲང་བའི་དོན་སྣ་ཚོགས་དང་འབྲེལ་བའི་ཕྱིར། ཤུན་པ་སྣ་ཚོགས་པའི་སྦུབས་ན་ཉེ་བར་སྤྱད་བྱ་འབྲུའི་སྙིང་པོ་གནས་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཞེས་པའོ། ། དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ། དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང༌། མ་བྱོན་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པས་སྡུག་བསྔལ་བ་མཐའ་ཡས་པ་རྗེས་སུ་འབྲེལ་བ་ན་ཡང་རྣམ་པར་དག་ཅིང་འོད་གསལ་བ་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞིང༌། དེ་ཉིད་གསེར་བཟང་པོ་མི་འགྱུར་བ་དང་འདྲ་བར་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་འགྱུར་བ་མེད་པ་དང་གསེར་མཛེས་པ་དང་འདྲ་བར་རང་གཞིན་གྱིས་དགེ་ཞིང་མཆོག་ཏུ་གྱུར་པ་དང༌། གསེར་དྲི་མ་མེད་པ་དང་འདྲ་བར་གདོད་མ་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་དག་པའི་ཕྱིར་ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འདི་གསེར་བཟང་པོ་རྣམས་ཀྱི་ནི་གཟུགས་དང་ཆོས་མཚུངས་པར་བརྗོད་པ་ཡིན་ཞེས་པའོ། ། རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པ། རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། རིགས་གཉིས་དཔེ་ཡིས་བསྟན་པ་དང༌། དེ་ལས་སྐུ་གསུམ་འཐོབ་ཚུལ། དེ་རྣམས་དཔེ་དང་སྦྱར་བའོ། ། རིགས་གཉིས་དཔེས་བསྟན་པ། དེ་ལ་རིགས་གཉིས་དཔེས་བསྟན་པ་ནི། དཔེར་ན་འབད་རྩོལ་གྱིས་གསར་དུ་མ་བསྒྲུབས་ཤིང་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པའི་གཏེར་ཆེན་པོ་སའི་འོག་ན་རང་བཞིན་གྱིས་གནས་པ་དང༌། འབད་རྩོལ་གྱིས་བསྒྲུབས་པས་འབྲས་བུ་དང་བཅས་པའི་ཤིང་ལྗོན་པ་སྐྱེད་མོས་ཚལ་དུ་རིམ་གྱིས་སྐྱེ་བ་ཇི་ལྟ་བ་བཞིན་དུ་སྐུ་གསུམ་འབྱུང་དུ་རུང་བའི་སངས་རྒྱས་ཀྱི་རིགས་དེ་ཡང་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཐོག་མ་མེད་པའི་དུས་ནས་སེམས་ཀྱི་རང་བཞིན་དུ་ཉེ་བར་གནས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རང་བཞིན་གྱི་རིགས་དང༌། དེ་ལ་དམིགས་ཏེ་ཐོས་པ་ལ་སོགས་པ་བྱས་པས་འབད་རྩོལ་གྱིས་གསར་དུ་ཡང་དག་པར་བླངས་པ་ལས་བྱུང་བའི་དགེ་བ་ཐར་པའི་ཆ་དང་མཐུན་པས་མཆོག་ཏུ་གྱུར་པ་རྒྱས་འགྱུར་གྱི་རིགས་ཉིད་དོ། །ཞེས་པའོ། ། སྐུ་གསུམ་འཐོབ་ཚུལ། སྐུ་གསུམ་འཐོབ་ཚུལ་ནི། རྒྱུ་རང་བཞིན་དང་རྒྱས་པའི་རིགས་འདི་གཉིས་ལས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་པ་ཡིན་ལ། དེ་ཡང་དང་པོར་རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཡེ་ཤེས་ཀྱི་ཚོགས་མང་པོས་མཐར་ཕྱིན་པར་བྱས་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སྐུ་ནི་དང་པོ་དག་པ་གཉིས་ལྡན་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ནི་འཐོབ་པ་སྟེ། གཉིས་པ་རྒྱས་འགྱུར་གྱི་རིགས་འཕེལ་བ་ལས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཡིས་ནི་སྐུ་ཕྱི་མ་གདུལ་བྱ་ཉེ་བ་དང་རིང་བ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་པོ་ཐོབ་པོ། །ཞེས་པའོ། ། དེ་རྣམས་དཔེ་དང་སྦྱར་བ། དཔེ་དང་སྦྱར་པ་ནི། དོན་དམ་པའི་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་ཞིང་ཡོན་ཏན་གྱི་དཔལ་གྱིས་མཆོག་ཏུ་མཛེས་པ་ནི་རིན་ཆེན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་དང་འདྲ་བར་ཤེས་པར་བྱ་སྟེ། གདོད་མ་ནས་རང་བཞིན་གྱིས་ནི་གྲུབ་པ་ཡིན་ཞིང་འབད་རྩོལ་གྱིས་གསར་དུ་བྱས་པ་མིན་པའི་ཕྱིར་དང༌། སྟོབས་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་ཟད་མི་ཤེས་པ་རྣམས་ཀྱི་གཏེར་ལྟ་བུ་ཡིན་པའི་ཕྱིར་རོ། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐེག་པ་ཆེན་པོའི་རྒྱལ་སྲིད་ཀྱི་དཔལ་འབྱོར་ཆེན་པོ་དང་ལྡན་པའི་ཕྱིར་དག་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་གླིང་བཞི་ལ་སོགས་པའི་འབྱོར་བ་ལ་ལོངས་སྤྱོད་པ་ཇི་ལྟ་བ་བཞིན་ནོ། ། དོན་དམ་པའི་སྐུ་མངོན་སུམ་དུ་གྱུར་པའི་ནུས་པ་ལ་བརྟེན་ནས་གདུལ་བྱའི་བློ་ངོར་གང་ལ་གང་འདུལ་གྱི་གཟུགས་བརྙན་གྱི་ནི་རྣམ་པ་ཙམ་ཤར་བའི་རང་བཞིན་ཡིན་པའི་ཕྱིར། ཐུན་མོང་དུ་སྣང་བ་སྤྲུལ་པའི་སྐུ་ནི་གསེར་གྱི་གཟུགས་བརྙན་ལྟ་བུའོ། །ཞེས་པའོ། ། ༦ བསྟན་པའི་དོན་དད་པས་རྟོགས་ཚུལ། བསྟན་པའི་དོན་དད་པས་རྟོགས་ཚུལ་ནི། གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་རྐྱེན་གཞན་དག་ལས་གསར་དུ་སྐྱེས་པ་མ་ཡིན་པ་རང་བྱུང་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོན་དམ་པའི་བདེན་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི། སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པའི་དོན་གྱི་གསུང་རབ་དང་དེ་དག་གི་དགོངས་འགྲེལ་འདི་ལྟ་བུ་ལ་བརྟེན་ནས། དད་ཅིང་མོས་ལ་ཡིད་ཆེས་པ་ཉིད་ཀྱིས་སྤྱིའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི། ཟབ་མོའི་དེ་ཁོ་ན་ཉིད་ལྟ་བ་ལ་མིག་དང་མི་ལྡན་པའི་ཕྱིར། ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པ་ནི་མ་ཡིན་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་དག་ཅིང་གསལ་ལ་འོད་ཟེར་རབ་ཏུ་འབར་བཞིན་པ་དེ་སྐྱེ་བོ་མིག་མེད་པར་གྱུར་པས་ནི་མངོན་སུམ་དུ་མཐོང་བ་མེད་པ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། ། ༧ རྟོགས་བྱའི་དོན་སྟོང་ཉིད་ངོས་གཟུང་བ། རྟོགས་བྱའི་དོན་སྟོང་ཉིད་ངོས་གཟུང་བ་ནི། མཐའ་གཉིས་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཚུལ་གང་ཞེ་ན། རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་དོན་དམ་པའི་བདེན་པ་དེ་བཞིན་ཉིད་འདི་ལ་སྔར་ཡོད་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་སྐྱོན་ཅི་ཡང་མེད་དེ། གདོད་མ་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་བྱང་བའི་ཡོན་ཏན་སྔར་མེད་བཞག་པར་བྱ་བའང་ཅུང་ཟད་མེད་དེ། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། ། དེ་ལྟར་ན་ཡུལ་མཐའ་གཉིས་དང་བྲལ་བ་ཡང་དག་པའི་དོན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཡང་དག་པ་ཉིད་ཀྱིས་མངོན་སུམ་དུ་བལྟས་ཤིང་མཉམ་པར་བཞག་པ་ལས་གོམས་པ་རབ་ཏུ་གྱུར་པ་དང༌། ཡང་དག་པའི་ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རིམ་གྱིས་སྐྱེས་ནས་སྤང་བྱ་གློ་བུར་གྱི་དྲི་མ་ལས་རྣམ་པར་གྲོལ་བ་ཐོབ་སྟེ། དེ་ཡང་མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། སྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། མཐར་ཕྱིན་པའི་ལམ་དུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་ཆོས་ཉིད་ལས་ཐ་དད་དུ་རྣམ་པར་དབྱེ་བ་དང་བཅས་པ་སོ་སོར་འབྲལ་ཤེས་པའི་མཚན་ཉིད་ཅན་སྤང་རུང་གློ་བུར་གྱི་དྲི་མ་འདུས་བྱས་ཀུན་རྫོབ་ཀྱི་ཆོས་རྣམས་དག་གིས་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པའི་ཕྱིར་ཡོད་པའི་མཐའ་དང་བྲལ་བར་མཐོང་གི ཆོས་ཉིད་ལས་ཐ་དད་དུ་རྣམ་པར་དབྱེར་མེད་ཅིང་སོ་སོར་འབྲལ་མི་ཤེས་པའི་མཚན་ཉིད་ཅན་སྤང་དུ་མི་རུང་བའི་རང་བཞིན་དོན་དམ་པ་བླ་ན་མེད་པ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱིས་ནི་ཆོས་ཀྱི་དབྱིངས་སྟོང་པ་མ་ཡིན་པའི་ཕྱིར་མེད་པའི་མཐའ་དང་ཡང་བྲལ་བ་ཡིན་ལ། ཕན་ཚུན་འགལ་བའི་ཕྱིར་ཡོད་མེད་གཉིས་ཡིན་གྱི་མཐའ་ལས་ཀྱང་གྲོལ་ཞིང༌། དེ་ཉིད་ཀྱི་ཕྱིར་དེ་འགག་པའི་གཉིས་མ་ཡིན་གྱི་མཐའ་ལས་ཀྱང་གྲོལ་བས། མཐའ་གཉིས་སམ་མུ་བཞི་ལས་རྣམ་པར་གྲོལ་བའི་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་ནི་འདི་ཁོ་ནའོ། །ཞེས་པའོ། ། ༨ དེ་རྣམས་ཀྱིས་བཤད་པའི་དགོས་པ། དེ་རྣམས་ཀྱིས་བཤད་པའི་དགོས་པ་བསྟན་པ་ལ་གཉིས་ཏེ། དྲིས་ལན་གྱི་དགོས་པ་མདོར་བསྟན་པ་དང༌། དེའི་དོན་རྒྱས་པར་བཤད་པའོ། ། དྲིས་ལན་མདོར་བསྟན་པ། མདོར་བསྟན་པ་དྲི་བ་ནི། དཔེར་ན་མི་བརྟན་ཞིང་རང་བཞིན་མེད་པ་སྤྲིན་གྱི་རྣམ་པ་ཇི་ལྟ་བ་བཞིན་དང༌། ལོངས་སྤྱོད་ཅིང་ཉམས་སུ་མྱོང་ཡང་རང་བཞིན་མེད་པ་རྨི་ལམ་གྱི་སྣང་བ་ཅི་ལྟ་བ་བཞིན་དུ། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པ་སྒྱུ་མའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ། བཀའ་བར་བ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་བའི་ཡུམ་རྒྱས་འབྲིང་ལ་སོགས་པ་དེ་དང་དེར་ཤེས་པར་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྣང་ཡང་རྣམ་པ་མ་ལུས་པ་ཀུན་ཏུ་སྟོང་ཞིང་རང་བཞིན་མེད་པའོ། །ཞེས་རྒྱ་ཆེར་གསུངས་ནས་སླར་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་གསུང་རབ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་རབ་ཏུ་མང་པོ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུང་བ་རྣམས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོད་དོ་ཞེས་ཅི་སྟེ་གསུང༌། སྔར་མེད་པར་གསུངས་པ་དང་འདིར་ཡོད་པར་གསུངས་པ་དག་འགལ་བ་མ་ཡིན་ནམ་ཞེ་ན། ལན་ནི། འགལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། སྔར་མེད་པར་གསུངས་པ་ནི་བདེན་དངོས་སུ་འཛིན་པ་དགག་པའི་ཆེད་དུ་གློ་བུར་གྱི་དྲི་མ་མེད་པར་བསྟན་པ་ཡིན་ལ། འདིར་ཡོད་པར་གསུངས་པ་ནི་དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཆོས་ཀྱི་དབྱིངས་ཡོད་པར་བསྟན་པའོ། །ཞེས་འཆད་པ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མ་བསྟན་ན། སེམས་ཅན་རྣམས་དོན་དམ་པའི་སངས་རྒྱས་དེ་ཉིད་རང་ལ་ཡོད་པར་མ་ཤེས་པས་བདག་ལྟ་བུས་བྱང་ཆུབ་སྒྲུབ་པར་མི་ནུས་སྙམ་དུ་སེམས་ཞུམ་ཞིང༌། ལམ་ལ་འཇུག་པར་མི་སྤྲོ་བའི་ཉེས་པ་དང༌། གཞན་ལ་ཡོད་པར་མ་ཤེས་པས་སེམས་ཅན་འདི་དག་ནི་དམན་པའོ་སྙམ་དུ་བསམ་ནས་དེ་དག་ལ་བརྙས་པ་བྱེད་ཅིང་མི་གུས་པའི་ཉེས་པ་དང༌། རང་གཞན་ཐམས་ཅད་ལ་ཡོད་པར་མ་ཤེས་པས་ཡང་དག་པ་མིན་པ་བཅོས་མ་གློ་བུར་གྱི་དྲི་མ་རྣམས་རང་བཞིན་དུ་བདེན་པ་མེད་པ་ལ་ཡོད་དམ་སྙམ་དུ་འཛིན་ཅིང་སྒྲོ་འདོགས་པའི་ཉེས་པ་དང༌། ཡང་དག་པའི་ཡོན་ཏན་རྣམས་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ཐམས་ཅད་ལ་ཁྱབ་པར་ཡོད་པ་ལ་མེད་དམ་སྙམ་དུ་འཛིན་ཅིང་སྐུར་པ་འདེབས་པའི་ཉེས་པ་དང༌། བདག་གཞན་གྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་མཉམ་པར་མ་ཤེས་པས་བདག་ཉིད་ལ་ཆགས་པ་ལྷག་པར་འཕེལ་བའི་ཉེས་པ་སྟེ་སྐྱོན་ནམ་ཉེས་དམིགས་ལྔ་པོ་འདི་རྣམས་གང་ཟག་གི་རིགས་གང་དག་ལ་ཤས་ཆེར་ཡོད་པ་དེ་དག་དེ་རྣམས་སྤངས་ནས་བྱང་ཆུབ་ཐོབ་པར་འདོད་པའི་སྤྲོ་བ་དང༌། སེམས་ཅན་ཐམས་ཅད་ལ་གུས་པ་དང༌། གློ་བུར་བ་མེད་པར་རྟོགས་པའི་ཤེས་རབ་དང༌། རང་བཞིན་ཡོད་པར་རྟོགས་པའི་ཡེ་ཤེས་དང༌། བདག་གཞན་མཚུངས་པར་ཤེས་པའི་བྱམས་པ་ཆེན་པོ་རྣམས་བསྐྱེད་པའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཉིད་དེ་བཞིན་ཉིད་ཐམས་ཅད་ལ་ཁྱབ་པར་ཡོད་པར་གསུངས་ཞེས་པའོ།། དེའི་དོན་རྒྱས་པར་བཤད་པ། རྒྱས་བཤད་ལ་གཉིས། གཞན་དུ་སྟོང་ཉིད་གསུངས་པའི་དགོངས་པ་བཤད་པ། རྒྱུད་འདིར་ཆོས་དབྱིངས་གསུངས་པའི་ཕན་ཡོན་བསྟན་པའོ། ། སྟོང་ཉིད་གསུངས་པའི་དགོངས་པ། དེ་ལ་དགོངས་པ་བཤད་པ་ནི། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་ངེས་པའི་དོན་ཡིན་ན། རྒྱལ་བའི་ཡུམ་ལ་སོགས་པ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་སྣང་ཡང་རང་བཞིན་མེད་པའོ། ། ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡང་དག་པའི་མཐའ་དོན་དམ་ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ནི་ཀུན་རྫོབ་འདུས་བྱས་གློ་བུར་གྱི་དྲི་མ་སྐྱེ་བ་དང་འཇིག་པ་དང་གནས་པའི་རྣམ་པར་སྣང་བ་ཐམས་ཅད་ཀྱིས་དབེན་ཞིང་སྟོང་པ་ལ་དགོངས་ནས་རང་བཞིན་མེད་པར་གསུངས་པ་སྟེ། གང་གིས་སྟོང་པའི་གློ་བུར་གྱི་དྲི་མ་འདུས་བྱས་རྣམས་ཀྱང་གང་ཡིན་སྙམ་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། མི་དགེ་བ་ལ་སོགས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། དེ་དག་གི་རྣམ་པར་སྨིན་པ་ཕུང་པོ་ལ་སོགས་པའི་དོན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡིན་ལ། དེ་རྣམས་ཀྱང་རིམ་པ་ལྟར་སྤྲིན་ལ་སོགས་པའི་དཔེ་གསུམ་པོ་རྣམས་ཇི་ལྟ་བ་བཞིན་དུ་མཚུངས་པར་བརྗོད་དོ། །དེ་ལ་ཉོན་མོངས་པ་ནི་སེམས་ཅན་གྱི་རང་བཞིན་ནམ་མཁའ་ལྟ་བུ་ལ་ཁྱབ་པར་སྒྲིབ་པ་གློ་བུར་པ་ཡིན་པའི་ཕྱིར་སྤྲྀན་དང་འདྲ་ཞིང་དེས་ཀུན་ནས་བླངས་བར་བྱ་བའི་ལས་ཟག་པ་དང་བཅས་པ་ནི། ཕྱིན་ཅི་ལོག་གི་བློས་བསྐྱེད་ཅིང་འཁྲུལ་བའི་ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ལོངས་སྤྱོད་ཇི་ལྟ་བ་བཞིན་ཡིན་ལ། ཉོན་མོངས་པ་དང་ལས་དང་ཟག་བཅས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཕུང་པོ་ལ་སོགས་པའི་དོན་ནི་རྐྱེན་ལ་ལྟོས་ནས་སྣ་ཚོགས་སུ་སྣང་ཡང་དཔྱད་ན་རང་བཞིན་བདེན་པ་མེད་པའི་ཕྱིར་སྒྱུ་མ་དང་སྤྲུལ་པ་ལ་སོགས་པ་བཞིན་ནོ། །ཞེས་པའོ། ། ཆོས་དབྱིངས་གསུངས་པའི་ཕན་ཡོན། ཕན་ཡོན་བསྟན་པ་ལ་གསུམ་སྟེ། ཉེས་པ་སྤང་བའི་དོན་དུ་ཆོས་དབྱིངས་གསུངས་ཚུལ། སྤང་བྱ་ཉེས་པ་ལྔ་པོ་ཇི་ལྟར་འབྱུང་ཚུལ། ཉེས་པ་སྤངས་པས་ཕན་ཡོན་མྱུར་དུ་འཐོབ་ཚུལ་ལོ། ། ཆོས་དབྱིངས་གསུངས་ཚུལ། དེ་ལ་ཆོས་དབྱིངས་གནས་ཚུལ་ནི། གདུལ་བྱ་རྣམས་རིམ་གྱིས་དྲང་བའི་ཕྱིར། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འགའ་ཞིག་གཟུགས་སོགས་བདེན་པར་ཡོད་དམ་སྙམ་དུ་མངོན་པར་ཞེན་ན་དེ་སྤང་བའི་ཆེད་དུ་སྔར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་སྣང་ཡང་རང་བཞིན་མེད་པ་སྤྲིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུའོ་ཞེས་དེ་ལྟར། ངོ་བོ་ཉིད་མེད་པ་གཙོ་ཆེར་སྟོན་པའི་རྣམ་གཞག་མཛད་ནས། དེ་ཙམ་གྱིས་བརྩོན་པ་མི་འདོར་བར་སླར་ཡང་མཆོག་ཏུ་ཟབ་པ་སྟོན་པས་ན། བླ་མའམ་འཁོར་ལོ་གསུམ་ལས་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྟོན་པས་ན་ཕྱི་མ་སྟེ། ཆོས་ཀྱི་དབྱིངས་རྒྱུན་མི་འཆད་པ་སྟོན་པས་ན་རྒྱུད་དང་འདྲ་བར་མཐར་ཐུག་པའི་དོན་འཆད་པའི་སྐབས་འདིར་ནི་རང་གི་སེམས་ཞུམ་པའི་འདུ་ཤེས་དང༌། གཞན་དག་ལ་བརྙས་པར་བྱེད་པ་དང༌། དྲི་མ་ཡོད་པར་འཛིན་པ་དང༌། ཆོས་ཀྱི་དབྱིངས་མེད་པར་འཛིན་པ་དང༌། བདག་ལ་ཆགས་པ་ལྷག་པ་སྟེ་སྐྱོན་ནམ་ཉེས་པ་ལྔ་པོ་འདི་དག་སྤངས་ནས་སྤྲོ་བ་ལ་སོགས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཐམས་ཅད་ལ་ཁྱབ་པར་ཡོད་པ་ཉིད་དོ་ཞེས་དཔེ་དང་རྒྱུ་མཚན་ལ་སོགས་པ་རྣམ་པ་མང་པོས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ་ཞེས་པའོ། ། ཉེས་པ་ཇི་ལྟར་འབྱུང་ཚུལ། ཉེས་པ་ཇི་ལྟར་འབྱུང་ཚུལ་ནི། འདི་ལྟར་སངས་རྒྱས་ཀྱི་སྙིང་པོ་དེ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ། །ཞེས་བྱ་བར་མ་བསྟན་ན་ཐོས་པར་ཡང་མི་འགྱུར་ལ། དེ་ལྟར་མ་ཐོས་པར་བདག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་གང་ལས་ཐོབ་སྙམ་དུ་རང་ལ་བརྙས་ཤིང་སྒྱུད་ལུག་པའི་ཉེས་པ་ཡིས་སེམས་ནི་ཞུམ་ཞིང་ཡི་ཆད་པ་འགའ་ཞིག་ལ་རང་གི་རང་བཞིན་དོན་དམ་པའི་སངས་རྒྱས་མངོན་སུམ་དུ་འགྱུར་བར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ནི་སྐྱེ་བར་མི་འགྱུར་བའི་ཉེས་པ་འབྱུང་ཞིང༌། ཡང་གང་ལ་ལ་ཞིག་ལ་གཞན་དོན་དུ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཙམ་སྐྱེས་པས་ཀྱང༌། བདག་ནི་ཐེག་པ་ཆེན་པོ་ལ་གནས་པས་མཆོག་གམ་རབ་ཅེས་བྱ་བར་རློམ་ཞིང་སེམས་ཁེངས་པ་ན། གཞན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ལ་དེ་བཞིན་ཉིད་ཡོད་པར་མ་ཤེས་པས་འདི་དག་ནི་དམན་པའོ་ཉམས་པའི་འདུ་ཤེས་རབ་ཏུ་འཇུག་པའི་ཉེས་པ་འབྱུང་ལ། དེ་ལྟར་སངས་རྒྱས་ཀྱི་སྙིང་བོ་མེད་པར་སེམས་པའི་གངས་ཟག་དེ་ལ་ནི་སྒྲོ་འདོགས་སྐུར་འདེབས་དང་བྲལ་བ་ཡང་དག་པའི་ཤེས་པ་མི་སྐྱེ་བ་དེས་ན་ཡང་དག་པ་མིན་པ་ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་བདེན་པར་ཡོད་པར་འཛིན་ཅིང་སྒྲོ་འདོགས་པའི་ཉེས་པ་དང༌། ཡང་དག་པའི་དོན་ཆོས་ཀྱི་དབྱིངས་དོན་དམ་པའི་ཡོན་ཏན་དང་བཅས་པ་ལྷུན་གྱིས་གྲུབ་པར་གནས་པ་ནི་རིག་པར་མི་འགྱུར་ཞིང་སྐུར་པ་འདེབས་པའི་ཉེས་པའང་འབྱུང་སྟེ། ལེགས་པར་སྤྱད་ན་རྒྱུ་དང་རྐྱེན་གྱི་བཅོས་མ་དང་སྤང་རུང་གློ་བུར་བ་ཉིད་ཡིན་པའི་ཕྱིར་སེམས་ཅན་གྱི་སྐྱོན་གློ་བུར་གྱི་དྲི་མ་དེ་ཡང་དག་པར་་ཡོད་པ་ཉིད་མིན་ཞིང་ཡང་དག་པར་ན་ཉེས་པ་གློ་བུར་བ་དེ་གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་མེད་པའི་ཕྱིར་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱིས་རྣམ་པར་དག་པར་ཡོད་པ་ཉིད་ཡིན་ནོ། ། དེ་ལྟར་ཡང་དག་པ་མིན་པའི་ཉེས་པ་གློ་བུར་བ་རྣམས་རང་བཞིན་དུ་ཡོད་པར་འཛིན་ཅིང་སྒྲོ་འདོགས་ལ། ཡང་དག་པའི་ཡོན་ཏན་དང་བཅས་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ་མེད་དོ། །ཞེས་སྐུར་བ་འདེབས་པས་ན་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་དང་སེམས་ཅན་ནི་རང་བཞིན་དོན་དམ་པའི་སངས་རྒྱས་སུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་ཐོབ་པར་མི་འགྱུར་ཞིང༌། བདག་ལ་ཆགས་པ་ལྷག་པའི་ཉེས་པ་རྣམས་འབྱུང་ངོ༌། །ཞེས་པ་སྟེ།དེ་བས་ན་ཉེས་པ་དེ་དག་སྤང་བའི་དོན་དུ་ཆོས་ཀྱི་དབྱིངས་གསལ་བར་བསྟན་ཏོ། །ཞེས་པའོ། ། སྤངས་པས་ཕན་ཡོན་ཐོབ་ཚུལ། སྤངས་པས་ཕན་ཡོན་ཐོབ་ཚུལ་ནི། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་དེ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བསྟན་ཅིང་གདུལ་བྱར་གྱུར་པ་རྣམས་ཀྱིས་ལེགས་པར་ཐོས་པ་ལས། རང་གི་རང་བཞིན་མངོན་སུམ་དུ་གྱུར་པ་ནི་བྱང་ཆུབ་ཆེན་པོའོ་སྙམ་པས་ལམ་གྱི་དཀའ་སྤྱད་ལ་སྤྲོ་བ་དང༌། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པས་སྟོན་པ་ཇི་ལྟ་བ་བཞིན་དུ་གུས་པ་དང༌། ཀུན་རྫོབ་གློ་བུར་གྱི་དྲི་མ་བདག་གཉིས་སུ་མེད་པ་ལ་མེད་པར་ཤེས་པའི་ཤེས་རབ་དང༌། དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་དུ་ཡོད་པ་ལ་ཡོད་པར་ཤེས་པའི་ཡེ་ཤེས་དང༌། བདག་གཞན་གྱི་རང་བཞིན་སངས་རྒྱས་སུ་མཚུངས་པར་མཐོང་བ་ལས་གཞན་ལ་ཕན་པར་འདོད་པའི་བྱམས་པ་ཆེན་པོ་རྣམས་སྐྱེ་ཞིང༌། དེ་ལྟར་ཡོན་ཏན་གྱི་ཆོས་ལྔ་སྐྱེས་པའི་ཕྱིར་ཕན་ཡོན་དེ་དག་ལས་ནི་སེམས་ཞུམ་པ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་ཅིང་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པར་ལྟ་སྟེ། སྐྱོན་གློ་བུར་གྱི་དྲི་མ་རྣམས་མེད་ཅིང་ཡོན་ཏན་རང་བཞིན་གྱིས་དག་པ་དང་ལྡན་པ་རྣམས་ཡོད་པར་རྟོགས་པ་དང༌། བདག་ཉིད་དང་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་དེ་ལས་ལམ་རིམ་གྱིས་བསྒྲུབས་པས་འབྲས་བུ་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པའི་སངས་རྒྱས་ཉིད་ནི་གདོན་མི་ཟ་བར་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་པའོ། ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་ལེའུ་དང་པོའི་རྣམས་པར་བཤད་པའོ།། །། ད་ནི་ཆོས་ཀྱི་དབྱིངས་དེ་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་གནས་མ་ལུས་པ་ཡོངས་སུ་གྱུར་བའི་འབྲས་བུའི་དབང་དུ་བྱས་ནས། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན་ལ་གསུམ་སྟེ། བཤད་བྱ་དོན་གྱི་རྣམ་དབྱེ་མདོར་བསྟན་པ། འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། ། ༡ མདོར་བསྟན་པ། དེ་ལ་དོན་གྱི་རྣམ་དབྱེ་ནི། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དྲི་མ་མེད་པའི་དེ་བཞིན་ཉིད་མཐར་ཕྱིན་པའི་འབྲས་བུ་བྱང་ཆུབ་ཆེན་པོ་ཉིད་ཡོངས་སུ་ཤེས་པར་བྱ་བའི་དོན་རྣམས་པ་བརྒྱད་ལས་བརྩམས་ཏེ་འཆད་པའོ།། དེའང་སྔར་བཤད་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གང་ཡིན་པ་དེ་གློ་བུར་གྱི་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་ནས་དག་པ་གཉིས་ལྡན་དུ་གནས་ཡོངས་སུ་གྱུར་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། དག་པ་གཉིས་ལྡན་དེ་ཐོབ་པར་བྱེད་པའི་ཐབས་མཉམ་གཞག་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང༌། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་བསྒོམ་པ་ནི་རྒྱུའི་དོན་ནོ། །ཡེ་ཤེས་དེ་དག་གོམས་པ་མཐར་ཕྱིན་པ་ལས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲལ་བ་ནི་འབྲས་བུའི་དོན་ནོ། །ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་ཟག་པ་དང་བཅས་པའི་རྒུད་ཐམས་ཅད་ལས་འདས་ཏེ། ཟག་པ་མེད་པའི་འབྱོར་པ་མཐའ་ཡས་པ་ཐོབ་པས་རང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་ཅིང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ནི་ལས་ཀྱི་དོན་ནོ། །དོན་གཉིས་ཕུན་སུམ་ཚོགས་པ་དེ་དག་འགྲུབ་པར་བྱེད་པའི་རྟེན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཚད་མེད་པ་རྣམས་དང་ལྡན་པ་ནི་ལྡན་པའི་དོན་ནོ། །ཡོན་ཏན་དང་ལྡན་པའི་བྱང་ཆུབ་དེ་ཉིད་གཏིང་དཔག་དཀའ་བས་ན་ཟབ་པ་ཆོས་ཀྱི་སྐུ་དང༌། མཐུ་ལ་སོགས་པའི་ཡོན་ཏན་མང་པོ་མངའ་བས་ན། རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྐལ་པ་དང་མཐུན་པར་གཞན་གྱི་དོན་འབའ་ཞིག་མཛད་པས་ན་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ། རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ནི་འཇུག་པའི་དོན་ནོ། །སྐུ་གསུམ་པོ་དེ་ཡང་ནི་ནམ་མཁའ་ཇི་སྲིད་པ་དང་འགྲོ་བ་ཇི་སྲིད་པའི་དུས་དང་མཚུངས་པར་འཇུག་ཅིང་གནས་པ་ནི་རྟག་པའི་དོན་ནོ། །དེ་དག་གི་ཇི་ལྟ་བ་ཉིད་གྱི་ཚུལ་ཡང་སངས་རྒྱས་ལས་གཞན་པའི་སྤྱོད་ཡུལ་མ་ཡིན་ཞིང༌། རྟོགས་པར་དཀའ་བ་ནི་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དེ་ལྟར་དོན་རྣམ་པ་བརྒྱད་ཀྱིས་བཤད་པར་བྱའོ། །ཞེས་པའོ། ། ༢ འཆད་ཚུལ་བསྡུས་ཏེ་བསྟན་པ། སྡོམ་དུ་བསྡུ་བ་ནི། དེ་ལྟར་ན་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་དག་པ་གཉིས་ལྡན་ངོ་བོ་ཉིད་ཀྱི་དོན་དང༌། དེ་ཐོབ་པར་བྱེད་པ་མཉམ་གཞག་དང་རྗེས་ཐོབ་གྱི་ལམ་ཉམས་སུ་ལེན་པ་རྒྱུའི་དོན་དང་ལམ་བསྒོམས་པ་ལས་སྒྲིབ་པ་གཉིས་ཀྱི་དྲི་མ་དང་བྲལ་བ་འབྲས་བུའི་དོན་དང༌། སྒྲིབ་པ་སྤངས་པ་ལས་རང་གཞན་གྱི་དོན་གཉིས་འགྲུབ་པར་བྱེད་པ་ལས་ཀྱི་དོན་དང་དེ་དག་གིས་རྟེན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དང་ལྡན་པའི་དོན་དང༌། དེ་ཡང་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་གྱི་རབ་ཏུ་དབྱེ་བས་འཇུག་པའི་དོན་དང༌། དེ་རྣམས་ཀྱང་འགྲོ་བ་དང་ནམ་མཁའ་ཇི་སྲིད་པར་རྟག་པའི་དོན་དང༌། མཐར་ཕྱིན་པ་ཇི་ལྟ་བའི་ཚུལ་ནི། ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དོན་བརྒྱད་པོ་རྣམས་ཉིད་ཀྱིས་འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་ས་ནི་རྣམ་པར་བཞག་པ་ཡིན་ནོ། །ཞེས་པའོ། ། ༣ དེ་དག་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་བརྒྱད་ཡོད་ཀྱང༌། དང་པོ་གཉིས་ལྷན་ཅིག་ཏུ་འཆད་པས་རེ་ཞིག་དོན་རྣམ་པ་བདུན་ཏེ། དག་ཐོབ་ལས་ངོ་བོ་རྒྱུའི་དོན། དྲི་མ་དང་བྲལ་བ་འབྲས་བུའི་དོན། རང་གཞན་གྱི་དོན་གཉིས་ལས་ཀྱི་དོན། དེའི་རྟེན་ཡོན་ཏན་དང་ལྡན་པའི་དོན། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན་ཇི་སྲིད་དུ་དེ་དག་རྟག་པའི་དོན། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་ནོ། ། ངོ་བོ་དང་རྒྱུའི་དོན། ངོ་བོ་དང་རྒྱུའི་དོན་ལ་གཉིས། དག་པ་འཐོབ་ཚུལ་མདོར་བསྟན་པ། དེ་ཉིད་རྒྱས་པར་བཤད་པའོ། །
 དག་པ་འཐོབ་ཚུལ་མདོར་བསྟན། དེ་ལ་མདོར་བསྟན་ནི། སེམས་ཀྱི་རང་བཞིན་གདོད་མ་ནས་འོད་གསལ་བའོ། །ཞེས་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བརྗོད་པ་གང་ཡིན་པ་དེ་ཉིད་ཉི་མ་བཞིན་དུ་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་གསལ་བའི་རྟོགས་པ་དང་ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་སྤངས་པ་གཉིས་དང་ལྡན་པ་ཡིན་ལ། དེ་ཡང་སྔར་སེམས་ཅན་གྱི་གནས་སྐབས་སུ་གློ་བུར་གྱི་དྲི་མ་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་སྤྲིན་ཚོགས་སྟུག་པོ་དང་འདྲ་བའི་སྒྲིབ་པ་ཡིས་ནི་བསྒྲིབས་པར་གྱུར་པ་ལས་མཐར་ཡང་དག་པའི་ལམ་གྱིས་དྲི་མ་མཐའ་དག་མེད་པར་བྱས་ཏེ་སྤངས་པ་དང་སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པ་མ་ལུས་པ་ཀུན་དང་དབྱེར་མི་ཕྱེད་པར་ལྡན་ཞིང༌། སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་ལས་གྲོལ་བས་རྟག་ཅིང་བརྟན་ལ་གཡུང་དྲུང་གི་ངོ་བོར་གྱུར་བའི་སངས་རྒྱས་ཉིད་ཐོབ་པ་ནི་དག་པ་གཉིས་ལྡན་ངོ་བོའི་དོན་ཡིན་ཞིང༌། དེ་ལྟ་བུའི་བྱང་ཆུབ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་གཞག་ཏུ་ཆོས་ཉིད་ཇི་ལྟ་པའི་དོན་ལ་དམིགས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། རྗེས་ཐོབ་ཏུ་ཆོས་ཅན་ཇི་སྙེད་པའི་དོན་ལ་དམིགས་ཏེ་རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་དག་ལ་བརྟེན་ནས་ལམ་ཉམས་སུ་བླངས་པ་ལས་རིམ་གྱིས་འཐོབ་པར་འགྱུར་བའི་རྒྱུའི་དོན་ཡིན་ནོ། །ཞེས་པའོ། ། དེ་ཉིད་རྒྱས་པར་བཤད་པ། རྒྱས་བཤད་ལ་གཉིས། དག་པ་གཉིས་ལྡན་ངོ་བོའི་དོན་དང༌། འཐོབ་བྱེད་ཡེ་ཤེས་རྒྱུའི་དོན་ནོ།། ངོ་བོའི་དོན། ངོ་བོའི་དོན་ལ་གཉིས། དངོས་དང༌། ཁྱད་པར་རོ། ། དེ་ལ་དངོས་ནི། དོན་དམ་པའི་སངས་རྒྱས་ཉིད་ནི་རང་བཞིན་རྣམ་པར་དག་པའི་ངོ་བོར་ཐམས་ཅད་དབྱེར་མེད་པར་གནས་པ་ལས་མཐར་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་དག་པ་གཉིས་དང་ལྡན་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་ཉི་མ་རང་བཞིན་གྱིས་འོད་གསལ་བ་དང༌། ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཇི་ལྟ་བ་བཞིན་ཏུ་ཡེ་ཤེས་ཀྱི་འོད་གསལ་བའི་རྟོགས་པ་དང་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤངས་པ་སྟེ། སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ་ཞེས་པའོ། ། ཁྱད་པར་ལ་གཉིས་ལས། རང་བཞིན་འོད་གསལ་གྱི་ཁྱད་པར་ནི། ཟག་པ་མེད་པའི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆོས་སྐུ་དེ་ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པ་མིན་ཞིང༌། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་དབྱེར་མེད་པར་འཇུག་པ་ཅན་ཡང་ཡིན་ལ། དེ་ཉིད་ཆུ་བོ་གང་གཱའི་ཀླུང་གི་ནི་རྡུལ་གྱི་གྲངས་ལས་ཀྱང་འདས་ཤིང་ཚད་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པའི་ཆོས་རྣམས་ཀུན་དང་གདོད་མ་ནས་ལྷུན་གྱིས་གྲུབ་པར་ལྡན་པ་ཉིད་ཡིན་ནོ། །ཞེས་པའོ། །གློ་བུར་དྲི་བྲལ་གྱི་ཁྱད་པར་ནི། དྲི་མ་རྣམས་རང་བཞིན་གྱིས་ནི་གདོད་མ་ནས་བདེན་པར་མ་གྲུབ་པའི་ཕྱིར་དང༌། མ་དག་པའི་གནས་སྐབས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་དང༌། སྤང་དུ་རུང་བས་གློ་བུར་བ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་པོ་རྣམས་ཀྱིས་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་དང༌། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་གཉིས་པོ་དག་སེམས་ཅན་གྱི་གནས་སྐབས་དེར་སྤྲིན་གྱིས་ཉི་མ་དང་ནམ་མཁའ་ལ་སྒྲིབ་པ་དང་འདྲ་བར་རང་བཞིན་འོད་གསལ་ལ་སྒྲིབ་པར་བརྗོད་པ་ཡིན་ལ་སྒྲིབ་པ་དེ་དག་སྤངས་པ་ལས་ནི་དག་པ་གཉིས་ལྡན་དུ་འགྱུར་བ་ཉིད་དོ། །ཞེས་པའོ། ། འཐོབ་བྱེད་ཡེ་ཤེས་རྒྱུའི་དོན། འཐོབ་བྱེད་ཡེ་ཤེས་རྒྱུའི་དོན་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་པོ་དང་བྲལ་བ་ཡིས་འབྲས་བུ་རྣམ་པར་གྲོལ་བ་དང༌། ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་རྒྱུ་ནི་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་བསྒོམས་པ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་གཞག་ཏུ་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་དང༌། དེ་ཡི་ནི་རྗེས་ཐོབ་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་སྦྱོང་བས་དེ་དག་ནི་ཡེ་ཤེས་གཉིས་ཡིན་པར་འདོད་ཅིང༌། དེ་དང་རྗེས་སུ་འབྲེལ་བའི་ལམ་སྒྲུབ་པ་ལ་འབད་པར་བྱའོ། །ཞེས་པའོ། ། དྲི་མ་དང་བྲལ་བ་འབྲས་བུའི་དོན། དྲི་མ་དང་བྲལ་བ་འབྲས་བུའི་དོན་ལ་གཉིས། དྲི་མེད་དཔེ་ཡིས་མདོར་བསྟན་པ་དང༌། རྒྱུ་མཚན་རྒྱས་པར་བཤད་པའོ། ། མདོར་བསྟན་པ། དེ་ལ་མདོར་བསྟན་ནི། དཔེར་ན་སྙོག་པའི་དྲི་མ་མེད་ཅིང་ཆུ་མང་པོ་དང་ལྡན་ལ་རིམ་གྱིས་རྒྱས་པའི་མེ་ཏོག་པད་མས་ཁྱབ་པར་ཁེབས་པའི་མཚོ་མཛེས་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་འདོད་ཆགས་ལས་རྣམ་པར་གྲོལ་བ་དང༌། གཟའ་སྒྲ་གཅན་གྱི་ཁ་ནང་ནས་ཐར་པའི་ཟླ་བ་ཡོངས་སུ་རྫོགས་ཤིང་ཉ་གང་བ་ལྟ་བུ་ཉོན་མོངས་པ་ཞེ་སྡང་ལས་གྲོལ་བ་དང༌། སྤྲིན་གྱི་ཚོགས་སྟུག་པོ་དང་འདྲ་བའི་ཉོན་མོངས་པ་གཏི་མུག་དག་ལས་རྣམ་པར་གྲོལ་བའི་རྒྱུ་མཚན་གྱིས་ཉི་མའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུར་ནིགློ་བུར་གྱི་དྲི་མ་མེད་ཅིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་མཐར་ཐུག་པ་རྣམས་དང་ལྡན་པའི་ཕྱིར་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པའི་རྫོགས་པའི་སངས་རྒྱས་དེ་ཉིད་དོ། ། ཞེས་པ་དང༌། ཡང་ཇི་ལྟར་ན་པད་མའི་སྦུབས་ལས་གྲོལ་བ་ཐུབ་པ་ཁྱུ་མཆོག་སངས་རྒྱས་ཀྱི་སྐུ་ལྟ་བུ་ནི། གློ་བུར་གྱི་དྲི་མ་ལས་གྲོལ་བའི་རྒྱལ་བ་ཉིད་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། སྦྲང་མ་དང་བྲལ་བའི་སྦྲང་རྩི་ལྟ་བུ་དང༌། སྦུན་པ་ལས་བྱུང་བའི་འབྲུའི་སྙིང་པོ་ལྟ་བུ་དང༌། མི་གཙང་བའི་འདམ་རྫབ་དང་བྲལ་བའི་རིན་ཆེན་གསེར་བཟང་པོ་ལྟ་བུ་དང༌། ས་འོག་ནས་བྱུང་བའི་རིན་པོ་ཆེའི་གཏེར་ཆེན་པོ་ལྟ་བུ་དང༌། ས་བོན་ལས་འཁྲུངས་ཤིང་འབྲས་བུ་དང་ལྡན་པའི་ཤིང་ལྗོན་པ་ཇི་ལྟ་བ་བཞིན་དང༌། གོས་རུལ་དང་བྲལ་ཞིང་དྲི་མ་མེད་པའི་རིན་ཆེན་ལས་གྲུབ་པའི་བདེ་བར་གཤེགས་པའི་སྐུ་གཟུགས་ལྟ་བུ་དང་ནི། དེ་བཞིན་དུ་མངལ་ནས་འཁྲུངས་པའི་ས་བདག་འཁོར་ལོས་སྒྱུར་བ་ལྟ་བུ་དང༌། ས་འདམ་ནག་པོ་དང་བྲལ་བའི་གསེར་གྱི་གཟུགས་བརྙན་དང་འདྲ་བར་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ཡིན་ནོ། །ཞེས་པའོ། ། རྒྱུ་མཚན་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གསུམ་ལས། ཡེ་ཤེས་ལ་སྐུ་གཉིས་འབྱུང་ཚུལ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཆུ་མཚོ་རྙོག་པས་དག་པ་དང༌། སོགས་པའི་སྒྲས་ཟླ་བ་སྒྲ་གཅན་ལས་ཐར་བ་དང༌། ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་སྡུག་པ་ལ་འདོད་ཆགས་པ་དང༌། སོགས་པའི་སྒྲས་མི་སྡུག་པ་ལ་ཞེ་སྡང་བ་དང༌། བར་པ་ལ་གཏི་མུག་པ་སྟེ་གློ་བུར་གྱི་དྲི་མས་ཉོན་མོངས་པ་དུག་གསུམ་ལས་ཀྱང་དག་ནས་སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམ་པར་གྲོལ་བའི་སྐུ་ཐོབ་པ་ནི་རྒྱུ་མང་པོ་ཡོད་ཀྱང་མདོར་བསྡུ་ན་མཉམ་གཞག་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེཤེས་བསྒོམས་པ་ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་འབྲས་བུ་མངོན་སུམ་དུ་གྱུར་པ་ཡིན་པར་རབ་ཏུ་བརྗོད་ཅིང༌། དེ་བཞིན་དུ་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན་སྟོང་པ་ཉིད་འོད་གསལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་ནི་སྐལ་པ་དང་མཐུན་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ངེས་པར་ཐོབ་པ་དེ་ནི་རྗེས་ལས་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཐོས་པ་ལ་སོགས་པ་གོམས་པར་བྱས་པས་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་འབྲས་བུ་མངོན་སུམ་དུ་གྱུར་པ་ཡིན་པར་ཡང་བསྟན་ཏོ། །ཞེས་པའོ། ། དུག་གསུམ་སྤངས་པས་དོན་གཉིས་འགྲུབ་ཚུལ་ནི། རང་གི་རྒྱུད་ལ་ཁམས་གསུམ་པའི་རྗེས་སུ་ཆགས་པའི་འདོད་ཆགས་སེམས་རྙོག་པར་བྱེད་པའི་རྡུལ་དང་འདྲ་བ་རྣམས་ནི། མ་ལུས་པར་སྤངས་པའི་ཕྱིར་དང༌། གདུལ་བྱ་གཞན་མང་པོ་ཡི་ནི་རྒྱུད་མེ་ཏོག་པད་མ་དང་འདྲ་བ་ལ་ཆོས་བསྟན་པས་བསམ་གཏན་ཏིང་ངེ་འཛིན་གྱི་ཆུ་ནི་འབབ་ཅིང་ཞི་གནས་ལྷག་མཐོང་གིས་རླན་པར་བྱེད་པའི་ཕྱིར་དང༌། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་ཆུ་དག་པས་ཡོངས་སུ་གང་ཞིང་པད་མ་མང་པོས་ཁེབས་པའི་རྫིང་བུ་ཡིད་དུ་འོང་བ་དང་མཚུངས་པ་ཉིད་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། རང་གི་རྒྱུད་ཡིད་དུ་མི་འོང་བ་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་གདུག་པ་ཅན་སྒྲ་གཅན་ལྟ་བུའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་གཞན་རྒྱུད་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང༌། ཕན་པ་དང་ཕྲད་པར་འདོད་པའི་བྱམས་པ་ཆེན་པོ་འོད་ཟེར་དང་འདྲ་བ་རྣམས་ཀྱིས་གདུལ་བྱའི་འགྲོ་བ་མཐའ་དག་ལ་ཁྱབ་པར་མཛད་དེ་རྗེས་སུ་འཛིན་པའི་ཕྱིར་ན་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་དྲི་མ་མེད་པའི་ཟླ་བ་ཉ་གང་བ་གཟའ་ལས་ཐར་བ་ཇི་ལྟ་བ་བཞིན་ཡིན་ཞིང་རང་གི་རྒྱུད་ཁམས་གསུམ་པའི་མི་ཤེས་པ་གཏི་མུག་སྤྲིན་གྱི་ཚོགས་སྡུག་པོ་དང་འདྲ་བའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་གདུལ་བྱའི་འགྲོ་བ་ཤིན་ཏུ་མང་བར་དེ་དག་གི་རྒྱུད་དང་མཐུན་པར་ཆོས་བསྟན་པས་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་མི་ཤེས་པའི་མུན་པ་མཐའ་དག་སེལ་བར་མཛད་པའི་ཕྱིར། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཉིད་དེ་ནི་དྲི་མ་མེད་ཅིང་འོད་གསལ་བའི་ཉི་མ་སྤྲིན་ལས་གྲོལ་བ་ཇི་ལྟ་བ་བཞིན་ཡིན་ནོ། །ཞེས་པའོ། ། དྲི་མ་དག་པས་སྙིང་པོ་འཐོབ་ཚུལ་ནི། གཞན་གང་དང་ཡང་མི་མཉམ་ཞིང་སངས་རྒྱས་ཁོ་ན་དང་མཉམ་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་དང་དམ་པའི་ཆོས་ཟབ་མོའི་རོ་བཅུད་ཕུན་སུམ་ཚོགས་པ་ནི་གདུལ་བྱའི་སྐྱེ་བོ་ལ་སྦྱིན་པར་མཛད་པའི་ཕྱིར་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར་དང༌། མཐར་ཕྱིན་པའི་སངས་རྒྱས་དེ་ནི་གོ་རིམ་བཞིན་དུ་པད་མ་ལས་འཐོན་པའི་བདེ་བར་གཤེགས་པ་དང༌། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང༌། སྦུན་པ་ལས་བྱུང་བའི་འབྲུའི་སྙིང་པོ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། རང་བཞིན་གྱིས་དྲི་མ་མེད་ཅིང་གློ་བུར་བའི་སྐྱོན་ལས་ཀྱང་རྣམ་པར་དག་པའི་ཕྱིར་དང༌། ཡོན་ཏན་གྱི་ནོར་རྫས་ཟད་མི་ཤེས་པ་རྣམས་ཀྱི་ནི་གདུལ་བྱའི་དབུལ་བ་དང་ཕོངས་པ་མཐའ་དག་སེལ་བར་བྱེད་པའི་ཕྱིར་དང༌། གདུལ་བྱ་རྣམས་ལ་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་བདེ་ཆེན་གྱི་འབྲས་བུ་སྦྱིན་པར་བྱེད་པའི་ཕྱིར་ན། སྒྲིབ་པ་ལས་གྲོལ་པའི་སངས་རྒྱས་དེ་ནི། མི་གཙང་བས་དག་པའི་གསེར་བཟང་པོ་དང༌། སའི་སྦུབས་ནས་འཐོན་པའི་གཏེར་ཆེན་པོ་དང༌། འབྲས་བུ་དང་བཅས་པའི་ཤིང་ལྗོན་པ་ཇི་ལྟ་བ་བཞིན་ཡིན་ལ། དགོས་འདོད་འབྱུང་བའི་རིན་ཆེན་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པའི་ཕྱིར་དང་གདུལ་བྱའི་གཙོ་བོ་རྐང་གཉིས་པ་རྣམས་ཀྱི་བདག་པོ་འམ་འདྲེན་པ་མཆོག་ཏུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་ཕྱིར་དང༌། རིན་ཆེན་གསེར་ལས་བྱས་པའི་གཟུགས་བརྙན་གྱི་རྣམ་པ་ལྟ་བུར་རྣམ་འཕྲུལ་སྣ་ཚོགས་པའི་སྤྲུལ་པའི་སྐུ་སྟོན་པའི་ཕྱིར་ན་སྐུ་གསུམ་ཡོངས་སུ་རྫོགས་པའི་སངས་རྒྱས་དེ་ནི་གོས་རུལ་དང་བྲལ་བའི་རིན་ཆེན་གྱི་སྐུ་དང༌། མངལ་སྤུབས་དང་བྲལ་བའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང༌། ས་འདམ་དང་བྲལ་བའི་གསེར་གྱི་གཟུགས་བརྙན་ཇི་ལྟ་བ་བཞིན་ཡིན་ནོ། །ཞེས་པའོ། ། རང་གཞན་གྱི་དོན། རང་གཞན་གྱི་དོན་ལ་གཉིས། དོན་གཉིས་འགྲུབ་ཚུལ་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། ། མདོར་བསྟན་པ། དེ་ལ་མདོར་བསྟན་ནི། ཟག་པ་བག་ཆགས་དང་བཅས་པ་ཅུང་ཟད་ཀྱང་མེད་པའི་སྤངས་པ་མཐར་ཕྱིན་པ་དང༌། ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་མཐའ་དག་ལ་ཁྱབ་པའི་རྟོགས་པ་མཐར་ཕྱིན་པ་སྟེ། སྤངས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་དམ་པའི་སངས་རྒྱས་དེ་ནི་གཏན་དུ་འཇིག་པ་མེད་ཅིང་འདུས་མ་བྱས་པའི་ཆོས་ཅན་ཡིན་ཏེ། རྒ་བ་མེད་པས་བརྟན་པ་དང༌། ན་བ་མེད་པས་ཞི་བ་དང༌། སྐྱེ་བ་མེད་པས་རྟག་པ་དང༌། འཆི་བ་མེད་པས་འཕོ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཐོབ་པ་ནི། རང་གི་དོན་མཐར་ཕྱིན་པར་བྱེད་ལ། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པས། གཞན་གྱི་དོན་མཐར་ཕྱིན་པ་བྱེད་དེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པའི་སངས་རྒྱས་ནི་འདུས་མ་བྱས་ནམ་མཁའ་ཡིས་གོ་སྐབས་ཕྱེ་བས་གཟུགས་མཐོང་བ་ལ་སོགས་པའི་བྱ་བ་འཇུག་པ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པའི་སྐྱེ་བོ་དམ་པ་ཡི་དབང་པོ་དྲུག་མཆོག་ཏུ་གྱུར་པ་ལ་སོ་སོ་དང་མཐུན་པའི་སྤྱོད་ལམ་གྱི་དོན་ཉམས་སུ་མྱོང་ཞིང་རྟོགས་པར་འགྱུར་བའི་རྒྱུ་མཛད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གདུལ་བྱ་རྣམས་ཀྱི་མིག་གི་དབང་པོ་མཆོག་ཏུ་གྱུར་པས་འབྱུང་བ་བཞི་ལས་གྱུར་ཅིང་རྡུལ་ཕྲ་རབ་བསགས་པ་མ་ཡིན་ལ། དབང་འབྱོར་པའི་སངས་རྒྱས་ཀྱི་གཟུགས་རྣམ་པ་སྣ་ཚོགས་པའི་དོན་ལ་ལྟ་བ་དང༌། རྣ་བའི་དབང་པོ་མཆོག་ཏུ་གྱུར་བས་རྟག་ཏུ་མཚན་མ་མེད་ཅིང་ཡང་དག་པའི་དམ་པའི་ཆོས་ཀྱི་གཏམ་བཟང་པོ་ནི་འཇིག་རྟེན་པའི་ཆོས་དང་མ་འདྲེས་པ་གཙང་མའི་དོན་ལ་ཉན་པ་དང༌། སྣའི་དབང་པོ་མཆོག་ཏུ་གྱུར་པས་བདེ་བར་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཡིད་དུ་འོང་བ་ནམ་ཡང་ཉེས་པའི་དྲི་མས་མ་གོས་པ་གཙང་བའི་དོན་ལ་སྣོམ་པ་དང༌། ལྕེའི་དབང་པོ་མཆོག་ཏུ་གྱུར་པས་འཕགས་པ་ཆེན་པོ་རྣམས་ཀྱིས་ལོངས་སྤྱོད་པར་བྱ་བ་དམ་པའི་ཆོས་ཀྱི་རོ་མཆོག་བདུད་རྩི་ལྟ་བུའི་དོན་ལ་མྱོང་པ་དང༌། ལུས་ཀྱི་དབང་པོ་མཆོག་ཏུ་གྱུར་པས་ཏིང་ངེ་འཛིན་ཤིན་ཏུ་སྦྱངས་པ་ས་འབྱུང་བ་ཡང་དག་པའི་རེག་བྱའི་བདེ་བ་ཆེན་པོ་ཟག་པ་མེད་པའི་དོན་ཉམས་སུ་མྱོང་བ་དང༌། ཡིད་ཀྱི་དབང་པོ་མཆོག་ཏུ་གྱུར་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་མ་ནས་རང་གི་ངོ་བོ་ཉིད་ཀྱིས་ཟབ་ཅིང་རྟོགས་པར་དཀའ་བའི་ཚུལ་བདག་མེད་པའི་དོན་ལ་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུར་གྱུར་པ་སྟེ། དེ་ཡང་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་ཞིབ་མོར་བསམས་ཤིང་རྣམ་པར་དཔྱད་པ་ན། གཞན་དོན་མཐར་ཐུག་པའང་དོན་དམ་ཟག་པ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་མཛད་པ་ཉིད་ཡིན་ཏེ། དོན་དམ་པའི་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྐྱེ་བ་དང་འཇིག་པ་དང་གནས་པ་ལ་སོགས་པ་འདུས་བྱས་ཀྱི་རྒྱུ་མཚན་རྣམས་དང་བྲལ་ཞིང༌། འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པའོ། ། དེ་ཉིད་རྒྱས་པར་བཤད་པ། རྒྱས་བཤད་ལ་གསུམ་ལས། དོན་གཉིས་འགྲུབ་ཚུལ་རྣམ་དབྱེ་དང་བཅས་པ་སྤྱིར་བསྟན་པ་ནི། བྱེད་ལས་མང་པོ་ཡོད་ཀྱང་མདོར་བསྡུ་ན་སློབ་ལམ་དུ་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་པོ་ཟུང་དུ་འབྲེལ་བར་བསྒོམས་པའི་བྱ་བའི་ལས་སུ་སྐུ་གཉིས་པོ་འདི་ནི་འགྲུབ་པར་ཤེས་པར་བྱ་སྟེ། དེ་ཡང་མཉམ་གཞག་ཏུ་ཆོས་ཉིད་ཇི་ལྟ་བའི་དོན་ལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་གོམས་པ་ལས། གློ་བུར་གྱི་དྲི་མ་ལས་རྣམ་པར་གྲོལ་བའི་སྐུ་སྤངས་པ་མཐར་ཕྱིན་པ་ནི་ཡོངས་སུ་རྫོགས་པར་ཐོབ་པ་དང༌། རྗེས་ཐོབ་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་སོགས་པ་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གོམས་པ་ལས་སྟོབས་ལ་སོགས་པ་ཡོན་ཏན་གྱི་རྟེན་དུ་གྱུར་བའི་ཆོས་ཀྱི་སྐུ་རྟོགས་པ་མཐར་ཕྱིན་པ་ནི་དྲི་མ་ཡོངས་སུ་སྦྱོང་ཞིང༌། སྦྱངས་པ་ལྟར་དྲི་མ་མེད་པ་མངོན་སུམ་དུ་ཐོབ་པར་འགྱུར་བའོ། །དེ་ལ་སྒྲིབ་པ་ལས་རྣམ་པར་གྲོལ་བའི་སྐུ་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཆོས་ཀྱི་སྐུ་དག་ནི་སོ་སོར་ཟག་པ་མེད་པ་དང་ཁྱབ་པའི་རྣམ་པ་གཉིས་པོ་རེ་རེ་དང་ལྡན་ཞིང༌། ཐུན་མོང་དུ་འདུས་མ་བྱས་པའི་རྣམ་པ་གཅིག་དང་ལྡན་པར་ཤེས་པར་བྱ་སྟེ། འདི་ལྟར་རྣམ་པར་གྲོལ་བའི་སྐུ་ནི་ཟག་པ་ཅུང་ཟད་ཀྱང་མེད་པའི་སྤངས་པ་དང་ལྡན་པའི་ཕྱིར་དང༌། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་དང་ལྡན་པའི་ཕྱིར་དང༌། གཉིས་ཀ་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཅིང༌། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཉིད་ཡིན་པའི་ཕྱིར། གཞན་གྱི་དོན་ཕུན་སུམ་ཚོགས་པ་འང་བྱེད་དོ། །ཞེས་པའོ། ། རང་དོན་ཕུན་ཚོགས་ཁྱད་པར་དུ་བཤད་པ་ནི། གློ་བུར་གྱི་ཉོན་མོངས་པ་རྣམས་ནི་བག་ཆགས་དང་བཅས་པ་མ་ལུས་པ་རྩ་བ་ནས་འགགས་ཤིང་སྤངས་པའི་ཕྱིར་རྣམས་པར་གྲོལ་བའི་སྐུ་ནི་ཟག་པ་མེད་པའི་རྣམ་པ་དང་ལྡན་པ་ཡིན་ཏེ། དེ་བཞིན་དུ་ཇི་ལྟ་བ་མཁྱེན་པ་ནི་ཕྱིན་ཅི་ལོག་ཟད་པས་ཡུལ་ལ་ཆགས་པ་མེད་པའི་ཕྱིར་དང༌། ཇི་སྙེད་པ་མཁྱེན་པ་ནི་རྣམས་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་ཡུལ་ལ་ཐོགས་པ་མེད་པའི་ཕྱིར་ན་ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་རྟོགས་པས་ཤེས་བྱ་མཐའ་དག་ལ་ཁྱབ་པའི་་རྣམ་པ་དང་ལྡན་པ་ཉིད་དུ་འདོད་ཅིང་གཉིས་ཀའང་གཏན་དུ་འཇིག་པའམ་འགྱུར་བ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། རྒྱུ་རྐྱེན་གྱི་མངོན་པར་འདུས་མ་བྱས་པའི་རྣམ་པ་དང་ལྡན་པ་ཡིན་ནོ། །དེ་ལ་འཇིག་པ་མེད་པ་ཉིད་ནི་འདུས་མ་བྱས་ཀྱི་རྒྱུ་མཚན་མདོར་བསྟན་པ་སྟེ། བརྟན་པ་དང་སོགས་པའི་སྒྲས་ཞི་བ་རྟག་པ་དང་འཕོ་བ་མེད་པ་རྣམས་ཀྱིས་ནི་འཇིག་པ་མེད་དེ་རྒྱས་པར་བཤད་པ་ཉིད་དོ།། དེའང་ལྡོག་ཕྱོགས་ངོས་བཟུང་ནས་འཆད་པས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་འཇིག་པའི་ཚུལ་རྣམ་པ་བཞིར་ཤེས་པར་བྱ་སྟེ། བརྟན་པ་ལས་བཟློག་སྟེ་མི་བརྟན་པ་དང༌། སོགས་པའི་སྒྲས་ཞི་བ་ལས་བཟློག་སྟེ་མ་ཞི་བ་དང༌། རྟག་པ་ལས་བཟློག་སྟེ་མི་རྟག་པ་དང༌། འཕོ་མེད་དག་ལས་ཟློག་སྟེ་འཕོ་བ་རྣམས་ཡོད་པའི་ཕྱིར་རོ། ། བཞི་པོ་གང་ཞེ་ན། འདུ་བྱེད་རྣམས་ཡོངས་སུ་སྨིན་ཏེ་རུལ་ནས་མྱགས་པའི་རྒ་བ་དང༌། ཁམས་རྣམ་པར་འགྱུར་པ་སྡུག་བསྔལ་བའི་ན་བ་དང༌། སྲིད་པ་སྔ་མ་རྒྱུན་ཆད་ཅིང་ཕྱི་མ་འགྲུབ་པའི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་ཅིང་རྣམ་པ་སྣ་ཚོགས་པར་འགྱུར་བའི་འཆི་འཕོ་སྟེ་བཞིའོ། ། རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ལ་ནི་འཇིག་པ་བཞི་པོ་དེ་རྣམས་མེད་པའི་ཕྱིར་ན། རིམ་པ་ལྟར་རྒ་བ་མེད་པས་བརྟན་པ་དང༌། ན་བ་མེད་པས་ཞི་བ་དང། སྐྱེ་བ་མེད་པས་རྟག་པ་དང༌། འཆི་བ་མེད་པས་འཕོ་བ་མེད་པར་ཤེས་པར་བྱའོ། ། ཞེས་པའོ། ། གཞན་དོན་ཕུན་ཚོགས་ཁྱད་པར་དུ་བཤད་པ་ནི། དེ་ལྟར་དྲི་མ་མེད་པའི་སྤངས་པ་དང་ཡེ་ཤེས་མངོན་སུམ་དུ་གྱུར་པའི་རྟོགས་པ་དེ་དག་ནི་གདུལ་བྱའི་སྐལ་བ་དང་མཐུན་པ་རྣམས་ཀྱི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་འབྱུང་བའི་རྟེན་ནམ་གཞི་ཡིན་པའི་ཕྱིར་ན་གཞན་དོན་ཕུན་སུམ་ཚོགས་པའི་གནས་ཀྱང་ཡིན་ནོ། །དེ་ཡང་དཔེ་ཇི་ལྟར་སྐྱེད་བྱེད་ཀྱི་རྒྱུ་མིན་ཅིང་གཟུགས་སོགས་ཀྱི་མཚན་མ་མེད་པའི་ནམ་མཁའ་ནི་མིག་གི་དབང་པོས་གཟུགས་མཐོང་པ་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ནི། རིམ་པ་བཞིན་རྣ་བས་ཐོས་པ་དང་ལ་སོགས་པའི་སྒྲས་སྣས་དྲི་ཚོར་བ་དང༌། ལྕེས་མྱོང་བ་དང༌། ལུས་གྱིས་རེག་པ་དང༌། ཡིད་ཀྱིས་རྟོགས་པའི་གོ་འབྱེད་པའི་སྒོ་ནས་རྒྱུ་ཡིན་པར་འཇོག་པ་ལྟར། དོན་དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་གཉིས་པོ་མཐོང་བ་ལ་སྒྲིབ་པ་མེད་པར་འགྱུར་བའི་སྦྱོར་བ་ལམ་ཉམས་སུ་བླངས་པ་ལས་བརྟན་པ་རྒྱལ་བའི་སྲས་སྐལ་བ་དང་ལྡན་པ་རྣམས་ཀྱི་དབང་པོ་དྲུག་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་གྱི་དོན་ལ་ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་མཐོང་བ་ལ་སོགས་པའི་དབང་གིས་མཚན་དང་དཔེ་བྱད་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་སྐྱེ་བའི་རྒྱུ་བྱེད་ཅིང༌། དོན་དམ་དུ་ཆོས་སྐུ་མཐོང་བ་ལ་སོགས་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་དག་མངོན་སུམ་དུ་སྐྱེ་བ་ཡི་ནི་རྒྱུ་བྱེད་པ་ཡིན་ནོ། །ཞེས་པའོ། ། རྟེན་ཡོན་ཏན་དང་ལྡན་པའི་དོན། དེའི་རྟེན་ཡོན་ཏན་དང་ལྡན་པའི་དོན་ལ་གཉིས། མིང་གི་རྣམ་གྲངས་མདོར་བསྟན་པ་དང༌། རྒྱུ་མཚན་རྒྱས་པར་བཤད་པའོ། ། རྣམ་གྲངས་མདོར་བསྟན་པ། དེ་ལ་མདོར་བསྟན་ནི། ཐོས་པ་ལ་སོགས་པས་བསམ་དུ་མེད་པ་ཉིད་དང༌། སྐྱེ་བ་མེད་པས་རྟག་པ་དང༌། རྒ་བ་མདེ་པས་བརྟན་པ་དང༌། ན་བ་མེད་པས་ཞི་བ་དང༌། འཆི་བ་མེད་པས་གཡུང་དྲུང་ཉིད་དང༌། སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་དང༌། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་དང༌། ཇི་ལྟ་བ་མཁྱེན་པས་རྟོག་པ་དང་བྲལ་བ་དག་དང༌། ཉོན་མོངས་པའི་སྒྲིབ་པ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་བས་ཡུལ་དུས་ཀུན་ཏུ་ཐོགས་པ་མེད་པ་དང༌། སྙོམས་འཇུག་གི་སྒྲིབ་པ་སྤངས་པས་རྩུབ་པའི་རེག་བྱ་སྤངས་པ་ཉིད་དང༌། གཟུགས་དང་བྲལ་བས་བལྟར་མེད་པ་དང༌། མཚན་མ་དང་བྲལ་བས་གཟུང་དུ་མེད་པ་དང༌། རང་བཞིན་གྱིས་དག་པས་དགེ་བ་དང༌། གློ་བུར་གྱི་དྲི་མས་དག་པས་དྲི་མ་མེད་པ་ཉིད་དེ། དོན་དམ་པའི་ཡོན་ཏན་གྱི་རྣམ་གྲངས་བཅོ་ལྔ་དང་ལྡན་པ་དེ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་སངས་རྒྱས་ཉིད་ཡིན་ནོ། །ཞེས་པའོ། ། རྒྱུ་མཚན་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གཉིས། ཡོན་ཏན་དེ་དག་གང་ལ་ལྡན་ཚུལ། ལྡན་པའི་ཡོན་ཏན་ངེས་པར་བྱ་བའོ། ། ཡོན་ཏན་གང་ལ་ལྡན་ཚུལ། དེ་ལ་ལྡན་ཚུལ་ནི། སྤངས་པ་དང་རྟོགས་པའི་བདག་ཉིད་རྣམ་པར་གྲོལ་བའི་སྐུ་དང༌། ཆོས་ཀྱི་སྐུ་གཉིས་པོ་དག་གིས་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་བསྟན་ཏེ། སྤང་བྱའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་རང་གི་དོན་འགྲུབ་ཅིང༌། རྟོགས་པའི་ཆོས་སྐུའི་ཡོན་ཏན་ལ་བརྟེན་པའི་ཕྲིན་ལས་ཀྱིས་གཞན་དོན་འགྲུབ་པའི་ཕྱིར་རོ། །དེ་ལྟར་རང་གི་དོན་དང་གཞན་གྱི་དོན་གཉིས་ཀ་འགྲུབ་པའི་རྟེན་དུ་གྱུར་པའི་སྐུ་གཉིས་པོ་དེ་ལ་ནི་བློས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་བཅྭོ་ལྔ་དང་ལྡན་པར་ཤེས་པར་བྱའོ། །ཞེས་པའོ། ། ལྡན་པའི་ཡོན་ཏན། ལྡན་པའི་ཡོན་ཏན་ངེས་པར་བྱ་བ་ལ་གཉིས། ཟབ་པའི་རྒྱུ་མཚན་རྒྱས་པར་བཤད་པ་དང༌། ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པའོ། ། ཟབ་པ་ལ་གསུམ་ལས། བསམ་མི་ཁྱབ་ཚུལ་སྤྱིར་བསྟན་པ་ནི། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ཞིང༌། དོན་དམ་པའི་སངས་རྒྱས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་གསུམ་གྱི་སྤྱོད་ཡུལ་དུ་མིན་པའི་ཕྱིར་ན་མཐར་ཐུག་པ་ཡེ་ཤེས་ཀྱི་སྐུ་དེ་སངས་རྒྱས་ལས་གཞན་པའི་ལུས་ཅན་རྣམས་ཀྱིས་ནི་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པར་རྟོགས་པར་བྱའོ། །ཞེས་པའོ། ། ཁྱད་པར་རྒྱས་པར་བཤད་པ་ནི། ཤེས་རབ་གསུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཚུལ་ཇི་ལྟར་ཞེ་ན། དོན་དམ་པའི་སངས་རྒྱས་དེ་ནི་ཤིན་ཏུ་ཆེས་ཕྲ་ཞིང་རྟོགས་པར་དཀའ་བའི་ཕྱིར་ན་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་གྱུར་པ་མིན་ཏེ། དེ་བཞིན་དུ་དོན་དམ་པའི་བདེན་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་མིན་ཞིང༌། ཆོས་ཉིད་དེ་བཞིན་ཉིད་ཟབ་ཅིང་གཏིང་དཔག་དཀའ་བས་མཐར་ཐུག་པ་ཡིན་པའི་ཕྱིར་ན། འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ། ། ཞེས་པའོ། ། རྒྱུ་མཚན་དཔེ་དང་སྦྱར་བ་ནི། དེ་ལྟར་སངས་རྒྱས་དེ་ཕལ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་རྒྱུ་མཚན་གང་གི་ཕྱིར་སྙམ་ན། ཁ་དོག་དང་དབྱིབས་ལ་སོགས་པའི་གཟུགས་སྣ་ཚོགས་པ་ལ་དམུས་ལོང་རྣམས་ཀྱིས་སྔར་ཅུང་ཟད་ཀྱང་མཐོང་མ་མྱོང་བ་ཇི་ལྟ་བ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་མ་ལུས་པས་དྲི་མ་མེད་པའི་དེ་བཞིན་ཉིད་དེ་སྔོན་ཅུང་ཟད་ཀྱང་མངོན་སུམ་དུ་མཐོང་མ་མྱོང་བའི་ཕྱིར་དང༌། བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ཆུང་གིས་ཉི་མའི་འོང་ཟེར་གྱི་གཟུགས་ཅུང་ཟད་མཐོང་ཡང་ཡོངས་སུ་རྫོགས་པར་བལྟ་མི་ནུས་པ་བཞིན་དུ། རྒྱལ་སྲས་འཕགས་པ་ས་བཅུ་པ་ལ་གནས་པས་ཀྱང་ཆོས་ཀྱི་སྐུ་ཅུང་ཟད་མངོན་སུམ་དུ་མཐོང་ཡང༌། ཡོངས་སུ་རྫོགས་པར་མངོན་སུམ་དུ་བལྟ་མི་ནུས་པའི་ཕྱིར་རོ། །ཞེས་པའོ། ། ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པ། ཕྱི་མ་རྣམས་ཀྱི་རྒྱུ་མཚན་ལ་གསུམ་ལས། མི་འགྱུར་བའི་ཡོན་ཏན་ནི། དྲི་མ་མེད་པའི་སངས་རྒྱས་དེ་གདོད་མ་ནས་རྒྱུ་རྐྱེན་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རྟག་པའི་ཡོན་ཏན་དང་ལྡན་པ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་མེད་པའི་ཕྱིར་ན་བརྟན་པའི་ཡོན་ཏན་དང་ལྡན་པ་ཡིན་ཞིང༌། སྐྱེ་བ་དང་འགག་པ་གཉིས་ཀྱིས་མ་ཞི་བར་བྱེད་པ་མེད་པའི་ཕྱིར་ན་སངས་རྒྱས་དེ་ཞི་བའི་ཡོན་ཏན་དང་ལྡན་པ་སྟེ། དེ་བས་ན་གཡུང་དྲུང་གི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་གདོད་མ་ནས་གནས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། ། སྤངས་རྟོགས་ཀྱི་ཡོན་ཏན་ནི། སངས་རྒྱས་དེ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་བདེ་བ་ཆེན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། སྤང་བྱ་མ་ལུས་པ་འགགས་པའི་འགོག་པའི་བདེན་པ་མཐར་ཐུག་པ་མངོན་སུམ་དུ་གྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་ན་ཇི་སྙེད་པ་མཁྱེན་པའི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཞིང༌། དམིགས་པ་དང་མཚན་མ་གང་ལ་ཡང་གནས་པ་མེད་པའི་ཕྱིར་ན་ཇི་ལྟ་བ་མཁྱེན་པ་རྟོག་པ་མེད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་དག་གི་བདེ་བ་དང་རྟོགས་པའི་ཁྱད་པར་རོ། །གཞན་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཇི་ལྟ་བའི་དོན་ལ་ཆགས་པ་མེད་པའི་ཡོན་ཏན་དང༌། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲབ་པ་ཀུན་མ་ལུས་པ་རྣམ་པར་དག་པའི་ཕྱིར་ཇི་སྙེད་པའི་དོན་ལ་ཐམས་ཅད་དུ་ནི་ཐོགས་པ་མེད་པའི་ཡོན་ཏན་དང༌། བྱིང་རྒོད་གཉིས་ལ་སོགས་པའི་སྙོམས་འཇུག་གི་སྒྲིབ་པ་མེད་པས་ལུས་སེམས་འཇམ་ཞིང་ཏིང་ངེ་འཛིན་ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་བྱ་དང་བྲལ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་དག་ནི་སྤངས་པའི་ཁྱད་པར་རོ། །ཞེས་པའོ། ། དག་པའི་ཡོན་ཏན་ནི། དོན་དམ་པའི་སངས་རྒྱས་དེ་རྡུལ་ཕྲ་རབ་བསགས་པའི་གཟུགས་མེད་ཅིང་འདུས་བྱས་ཀྱི་ཆོས་ལས་རྣམ་པར་འདས་པའི་ཕྱིར་ཐ་མལ་བའི་དབང་པོས་བལྟར་མེད་པ་ནི་སྟོབས་དང་ལྡན་པ་ཉིད་ཡིན་ཏེ། དེ་བཞིན་དུ་གཏན་ཚིགས་ལ་སོགས་པའི་མཚན་མ་མེད་ཅིང་རྣམ་ཤེས་ཀྱི་ཆོས་ལས་རྣམ་པར་དག་པའི་ཕྱིར། ཐ་མལ་བའི་བློས་གཟུང་དུ་མེད་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། དོན་དམ་པའི་དགེ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་ལྡན་པའི་ཕྱིར་དང༌། ཤིན་ཏུ་དྲི་མ་མེད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་ནས་རྣམ་པར་དག་པའི་ཕྱིར་རོ། །ཞེས་པའོ། ། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན་ལ་གཉིས། མཚན་ཉིད་ཀྱི་རྣམ་གྲངས་མདོར་བསྟན་པ། དེའི་དོན་རྒྱས་པར་བཤད་པའོ། ། རྣམ་གྲངས་མདོར་བསྟན་པ། མདོར་བསྟན་པ་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ། དེའང་ཐོག་མ་སྐྱེ་བ་དང་དབུས་གནས་མཐར་འཇིག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ་མེད་ཅིང་མངོན་པར་འདུས་མ་བྱས་པའི་མཚན་ཉིད་དང༌། ཟག་པ་མེད་པའི་ཆོས་དབྱིངས་དང༌། མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣམ་པར་དབྱེར་མེད་པའི་མཚན་ཉིད་དང༌། ཡོད་པ་དང་མེད་པ་ལས་རྣམ་པར་གྲོལ་བས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སུ་ལྷུང་བ་མེད་པའི་མཚན་ཉིད་དང༌། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བའི་མཚན་ཉིད་དང༌། ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་བྱར་མེད་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་རྟོགས་པ་དུས་རྟག་ཏུ་ཆོས་ཉིད་ལ་མཉམ་པར་གཞག་པའི་རྣལ་འབྱོར་པ་དེ་བཞིན་གཤེགས་པ་ཡིས་མངོན་སུམ་དུ་མཐོང་བ་འོད་གསལ་བའི་མཚན་ཉིད་ཅན་ནོ། ། དེ་བཞིན་དུ་དེ་ནི་ཡོན་ཏན་ལྔ་དང་ལྡན་པར་རིག་པར་བྱ་སྟེ། ངོ་བོ་རྒྱ་ཆེ་བས་རྟགས་ཀྱིས་གཞལ་དུ་མེད་པའི་ཡོན་ཏན་དང་གྲངས་ཀྱིས་ཚད་བཟུང་པར་མི་ནུས་པ་ཆུ་བོ་གང་གཱའི་ཀླུང་གི་བྱེ་མའི་གྲངས་ལས་ཀྱང་འདས་པའི་ཡོན་ཏན་དང༌། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་བློས་བསམ་དུ་མེད་པའི་ཡོན་ཏན་དང༌། གཞན་དང་ཐུན་མོང་མ་ཡིན་ཞིང་རབ་ཀྱི་མཐར་ཐུག་པས་མཉམ་པ་མེད་པའི་ཡོན་ཏན་ཏེ། རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་རྣམས་དང་ལྡན་ཞིང་དེ་བཞིན་གཤེགས་པའི་ཤིན་ཏུ་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་སུམ་དུ་གྱུར་པ་དེ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཉེས་པ་རྣམས་མ་ལུས་པར་སྤངས་པས་སྤངས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའོ། །ཞེས་པའོ། ། ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཁྱད་པར་ལྔ་དང་ལྡན་ཏེ། དེ་ཡང་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་འགྱེད་པས་གསུང་གི་བརྗོད་པ་རྒྱུན་མི་འཆད་པ་དང༌། དམ་པའི་ཆོས་ཀྱི་འོད་ཟེར་རམ་མཚན་དང་དཔེ་བྱད་བཟང་པོའི་འོད་ཟེར་མཐའ་ཡས་པ་མངའ་བའི་སྐུས་སྣང་བ་སྣ་ཚོགས་པ་བསྟན་པ་རྒྱུན་མི་འཆད་པ་དང༌། གདུལ་བྱའི་འགྲོ་བ་མཆོག་ཏུ་གྱུར་པ་མང་པོའི་ཆེད་དུ་རྣམ་པར་གྲོལ་པའི་དོན་སྒྲུབ་པ་ལ་བརྩོན་པར་མཛད་པའི་ཕྲིན་ལས་རྒྱུན་མི་འཆད་པ་དང༌། དེ་ལྟར་མཛད་པ་ལའང་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོས་རེ་འདོད་སྐོང་བ་ཇི་ལྟ་བ་བཞིན་ཏེ། རྟོག་པ་དང་རྩོལ་བས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གདུལ་བྱ་རྣམས་ཀྱི་བསམ་པའི་དབང་གིས་ཁ་དོག་དང་ཚད་ལ་སོགས་པ་སྣ་ཚོགས་པའི་དངོས་པོར་སྟོན་ཀྱང་དེའི་རང་བཞིན་དུ་བདེན་པ་མིན་པའི་ཁྱད་པར་རྣམས་དང་ལྡན་པའོ། །ཞེས་པའོ། ། སྤྲུལ་པའི་སྐུ་ནི་ཆོས་གསུམ་དང་ལྡན་པ་སྟེ། དེ་འང་འཇིག་རྟེན་ཐ་མལ་པ་ལམ་ལ་མ་ཞུགས་པ་རྣམས་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་ལ་བཀོད་ནས་རབ་ཏུ་སྨིན་པར་མཛད་པ་་དང༌། ཐེག་ཆེན་གྱིས་རབ་ཏུ་སྨིན་པ་རྣམ་པར་དག་པའི་ས་ལ་རིམ་གྱིས་བཀོད་ནས་རྣམ་པར་གྲོལ་བར་ལུང་སྟོན་པར་མཛད་པ་རྣམས་ཡིན་ལ། དེ་ལྟར་ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིང་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་པའི་གཟུགས་སྤྲུལ་པའི་སྐུ་གང་ཡིན་པ་དེ་ཡང་སྐུ་སྔ་མར་མ་ཟད་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་རྒྱུན་མི་འཆད་པར་གནས་ཏེ།དཔེར་ན་འདུས་མ་བྱས་ནམ་མཁའི་ཁམས་སུ་འདུས་བྱས་གཟུགས་ཀྱི་ཁམས་རྣམས་ཀྱི་སྐྱེ་འཇིག་རྒྱུན་མི་འཆད་པ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། ། དེའི་དོན་རྒྱས་བཤད། རྒྱས་བཤད་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བ། སོ་སོའི་རྣམ་གཞག དེ་དག་གི་དོན་བསྡུ་བའོ།། ཐུན་མོང་གི་དབྱེ་བ། དེ་ལ་དབྱེ་བ་ནི། གཞན་གྱི་རྐྱེན་ལ་རག་མ་ལས་པས་ན་རང་བྱུང་རྣམས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པ་ནི་ཡེ་ཤེས་དང་ལྡན་པ་ལ་སྤངས་རྟོགས་མཐར་ཕྱིན་པའི་ཆ་ནས་སངས་རྒྱས་ཉིད་ཅེས་གང་བརྗོད་པར་བྱ་བ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པས་མཆོག་ཏུ་མྱ་ངན་ལས་འདས་ཤིང༌། རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བསམ་དུ་མེད་པ་དང༌། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ་སོ་སོ་རང་གིས་རིག་པའི་བདག་ཉིད་དུ་གྱུར་པའི་བྱང་ཆུབ་ཆེན་པོ་དེ་ལ་དབྱེ་བ་བྱས་ན། རྟོགས་པར་དཀའ་བས་ཟབ་པའི་ཡོན་ཏན་དང༌། མཐུ་དང་ལྡན་པས་རྒྱ་ཆེ་བའི་ཡོན་ཏན་དང༌། སྐལ་པ་དང་མཐུན་པས་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་གསུམ་པོ་རྣམས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམ་བཞིན་དུ་ཟབ་པ་རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐུ་དང༌། ལ་སོགས་པའི་སྒྲས་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་པོ་དག་གིས་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་གོ །ཞེས་པའོ། ། སོ་སོའི་རྣམ་གཞག རྣམ་གཞག་ལ་གསུམ་སྟེ། ངོ་བོ་ཉིད་སྐུའི་རྣམ་གཞག ལོངས་སྤྱོད་རྫོགས་པ་སྐུའི་རྣམ་གཞག སྤྲུལ་བ་སྐུའི་རྣམ་གཞག་གོ ། ངོ་བོ་ཉིད་སྐུའི་རྣམ་གཞག ངོ་བོ་ཉིད་སྐུའི་རྣམ་གཞག་ལ་གཉིས་ཏེ། མཚན་ཉིད་དང་ཡོན་ཏན་མདོར་བསྟན་པ་དང༌། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། ། མདོར་བསྟན་ནི། དེ་ལྟར་མཐར་ཕྱིན་པའི་བྱང་ཆུབ་ལ་དབྱེ་བ་བྱས་ནས། སྐུ་གསུམ་ཡོད་པ་དེ་ལ་སངས་རྒྱས་རྣམས་ཀྱི་ནི་རང་དོན་ཕུན་སུམ་ཚོགས་པ་ངོ་བོ་ཉིད་ཀྱི་སྐུ་དེ་འདུས་མ་བྱས་པ་ལ་སོགས་པའི་མཚན་ཉིད་དམ་ཁྱད་པར་ལྔ་དང་ལྡན་ཞིང་ཡོན་ཏན་ཤིན་ཏུ་མང་ཡང་མདོར་བསྡུ་ན་གཞལ་དུ་མེད་པ་ལ་སོགས་པའི་ཡོན་ཏན་རྣམ་པ་ལྔ་དང་ནི་དབྱེར་མེད་པར་ལྡན་པ་ཉིད་དུ་རིག་པར་བྱའོ། །ཞེས་པའོ། ། རྒྱས་པར་བཤད་པ་ལ་གཉིས་ལས། མཚན་ཉིད་རྒྱས་པར་བཤད་པ་ནི། དོན་དམ་པའི་ངོ་བོ་ཉིད་ཀྱི་སྐུ་དེ་འདུས་བྱས་ཀྱི་ཆོས་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཀྱིས་དབེན་པས་འདུས་མ་བྱས་ཤིང་འགྱུར་བ་མེད་པའི་མཚན་ཉིད་དང༌། ཟག་པ་མེད་པའི་ཆོས་དབྱིངས་དང༌། མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣམ་པར་དབྱེར་མེད་པའི་མཚན་ཉིད་དང༌། ཀུན་རྫོབ་ཀྱི་ངོ་བོར་མེད་ཅིང་དོན་དམ་པའི་ངོ་བོར་ཡོད་པས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་པོ་དག་ནི་རྣམ་པར་སྤངས་པའི་མཚན་ཉིད་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཉོན་མོངས་པ་ཅན་མ་ཡིན་ཡང་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་དང༌། དེའི་ཁྱད་པར་ཏིང་ངེ་འཛིན་ལ་ཇི་ལྟ་བར་འདོད་པ་བཞིན་སྙོམས་པར་འཇུག་པ་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་ནི་ངེས་པར་གྲོལ་ཏེ། སྒྲིབ་པ་མེད་པའི་མཚན་ཉིད་དང༌། ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་དབྱེར་མེད་པ་དང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་ལ་རྟག་ཏུ་སྙོམས་པར་འཇུག་པའི་རྣལ་འབྱོར་པ་མཐར་ཕྱིན་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། ཟབ་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ངོ་བོ་ཉིད་ཀྱིས་ནི་རྣམ་པར་དག་པའི་ཕྱིར་ན་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དེ་ཁྱད་པར་ལྔ་དང་ལྡན་པའོ། ། ཞེས་པའོ། ། ཡོན་ཏན་རྒྱས་པར་བཤད་པ་ནི། རྟགས་ཀྱིས་གཞལ་དུ་མེད་པའི་ཡོན་ཏན་དང༌། གྲངས་ཀྱིས་བགྲང་དུ་མེད་པའི་ཡོན་ཏན་དང༌། བློས་བསམ་དུ་མེད་པའི་ཡོན་ཏན་དང༌། གཞན་ཡང་མཉམ་པ་མེད་པའི་ཡོན་ཏན་དང༌། རྣམ་པར་དག་པ་མཐར་ཐུག་པའི་ཡོན་ཏན་རྣམས་དང་ཡང་དག་པར་ན། ངོ་བོ་ཉིད་ཀྱི་སྐུ་དེ་དབྱེར་མེད་པར་ལྡན་པ་ཡིན་ཏེ། དེ་ཡང་ངོ་བོ་ནམ་མཁའ་ལྟར་རྒྱ་ཆེ་བའི་ཕྱིར་དང་གྲངས་འདིའོ་ཞེས་ཡོངས་སུ་ཆད་པ་མེད་པའི་ཕྱིར་དང༌། རྣམ་པ་ཐམས་ཅད་དུ་རྟོག་གེའི་སྤྱོད་ཡུལ་ནི་མིན་པའི་ཕྱིར་དང༌། སངས་རྒྱས་འབའ་ཞིག་ལ་མངའ་བའི་ཡོན་ཏན་ཡིན་པའི་ཕྱིར་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །དེ་བས་ན་གཞལ་དུ་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱ་ཆེ་བ་ལ་སོགས་པའི་རྒྱུ་མཚན་ལྔ་དང་སྦྱར་ཏེ་རིག་པར་བྱའོ། །ཞེས་པའོ། ། ལོངས་སྤྱོད་རྫོགས་སྐུའི་རྣམ་གཞག ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་ལས། རྣམ་གཞག་རྒྱས་པར་བཤད་པ་ནི། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་ཆོས་ཀྱི་འབྱོར་པ་ལ་རྫོགས་པར་ལོངས་སྤྱོད་ཅིང་གནས་པའི་ཕྱིར་གསུང་གི་གདམས་ངག་བརྗོད་པ་རྒྱུན་མི་འཆད་པ་དང༌། གཟུགས་ཀྱི་སྐུའི་རང་བཞིན་མཚན་དང་དཔེ་བྱད་ལ་སོགས་པའི་ཆོས་དང་ལྡན་པ་ནི་སྐལ་བ་དང་ལྡན་པ་རྣམས་ལ་རྟག་ཏུ་སྣང་བའི་ཕྱིར། སྐུའི་སྣང་བ་སྟོན་པ་རྒྱུན་མི་འཆད་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་རྣམ་པར་དག་པའི་རྒྱུ་མཐུན་པའི་འབྲས་བུ་སྐལ་པ་དང་ལྡན་པའི་འགྲོ་དོན་རྒྱུན་མི་འཆད་པའི་ཕྱིར་ཐུགས་རྗེས་ཕྲིན་ལས་མཛད་པ་རྒྱུན་མི་འཆད་པ་དང༌། དེ་དག་ཀྱང་རྣམ་པར་རྟོག་པ་དང་འབད་རྩོལ་མེད་ཅིང་རང་གིས་ངང་གི་ལྷུན་གྱིས་གྲུབ་པར་གདུལ་བྱ་རྣམས་ཀྱི་འདོད་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་སྐོང་བའི་ཕྱིར་མངོན་པར་འདུ་བྱེད་པ་དང༌། གཞིའི་ཁ་དོག་གི་དབང་གིས་ཡིད་བཞིན་གྱི་ནོར་བུ་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་མ་ཡིན་པ་ལྟ་བུར་གདུལ་བྱ་མཐའ་ཡས་པའི་ཁམས་དང༌། བསམ་པ་མོས་པའི་དབང་གིས་ཁ་དོག་དང་ཚད་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་པའི་རྣམ་པར་སྣང་ཡང་དེའི་ངོ་བོ་མ་ཡིན་པ་སྟོན་པ་སྟེ། དེ་ལྟར་ཁྱད་པར་ལྔདང་ལྡན་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུར་རྣམ་པར་གནས་པ་ཡིན་ནོ། །ཞེས་པའོ། ། སླར་ཡང་བསྡུས་ཏེ་བསྟན་པ་ནི། དེ་ལྟར་གསུང་གི་གདམས་ངག་བརྗོད་པ་རྒྱུན་མི་འཆད་པ་དང༌། སྐུའི་སྣང་བ་སྟོན་པ་རྒྱན་མི་འཆད་པ་དང༌། ཐུགས་རྗེས་ཕྲིན་ལས་མཛད་པ་རྒྱུན་མི་འཆད་པ་དང༌། དེ་དག་ལ་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་དང༌། སྐལ་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་མིན་པ་སྟོན་པ་སྟེ། ཆོས་ལྔ་པོ་དེ་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པའི་སྐབས་འདིར་ནི་སྣ་ཚོགས་པ་ལ་སོགས་པའི་ཁྱད་པར་རྣམ་པ་ལྔར་བརྗོད་པར་བྱའོ། །ཞེས་པའོ། ། ཁྱད་པར་རྐྱེན་ལས་སྣང་ཚུལ་ནི། དཔེ་ཇི་ལྟར་ན་འོག་གཞིའི་རས་ཀྱི་ཚོན་ནི་ཁ་དོག་སྣ་ཚོགས་པའི་རྐྱེན་གྱིས་སྟེང་གི་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང༌། དྭངས་པའི་དབང་གིས་སྣ་ཚོགས་སུ་སྣང་པ་ལྟར། དོན་དེ་བཞིན་དུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་མོས་པ་ལ་སོགས་པའི་རྐྱེན་སྣ་ཚོགས་པའི་ཐུགས་རྗེ་ཆེན་པོས་སྐྱེ་དགུ་ལ་ཁྱབ་པའི་བདག་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་ཁ་དོག་དང་ཚད་ལ་སོགས་པའི་རྣམ་པར་འཕྲུལ་བར་སྣང་ངོ༌། །ཞེས་པའོ། ། སྤྲུལ་སྐུའི་རྣམ་གཞག སྤྲུལ་པའི་སྐུ་ལ་གཉིས། མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ། དེའི་བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན་ཚུལ་ལོ། ། མཛད་པ་བཅུ་གཉིས་སྟོན་ཚུལ། དེ་ལ་མཛད་པ་བཅུ་གཉིས་སྟོན་ཚུལ་ནི། སྟོན་ཞེས་འོག་ནས་འབྱུང་བ་གསལ་བྱེད་དུ་སྦྱར་ཏེ་བཤད་པར་བྱའོ། །དེ་ཡང་རྒྱུ་གང་ལ་སྟོན་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་བར་བཞེད་པའི་རྒྱུ་ལ་སོགས་ཚུལ་ཇི་ལྟ་བར་སྟོན་པ་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་་ཀྱིས་གདུལ་བྱར་གྱུར་པའི་འཇིག་རྟེན་མ་ལུས་པ་ཀུན་ལ་ལེགས་པར་གཟིགས་ནས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལས་ནམ་ཡང་མ་གཡོས་པར་རོ། ། དོན་གང་དག་སྟོན་ན། སྤྲུལ་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་རྨད་དུ་བྱུང་པའི་མཛད་པ་བཅུ་གཉིས་ཡང་དག་པར་སྟོན་པ་སྟེ། དེ་ཡང་ཤཱཀྱའི་རྒྱལ་པོ་ལྟ་བུ་ལ་ཉེ་བར་མཚོན་ན་བདག་ཉིད་ཆེན་པོ་དེས། དགའ་ལྡན་པའི་ལྷའི་སྐྱེ་བ་དམ་པ་ཏོག་དཀར་ཞེས་བྱ་བར་མངོན་པར་སྐྱེ་བའི་ཚུལ་བསྟན་ནས་ལྷའི་ཚོགས་རབ་ཏུ་མང་པོ་སྨིན་གྲོལ་ལ་བཀོད་པ་དང༌། དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་འཕོ་བའི་མཛད་པ་དང་ཡུམ་གྱི་ལྷུམས་སུ་འཇུག་པའི་མཛད་པ་དང༌། ལྷུམས་ནས་བལྟམས་པའི་མཛད་པ་དང༌། བཟོའི་གནས་ལ་མཁས་པའི་མཛད་པ་དང༌། བཙུན་མོའི་འཁོར་གྱི་ནང་དུ་དགྱེས་པར་རོལ་པའི་མཛད་པ་དང༌། བཙུན་མོ་དང་བཅས་པའི་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་དང༌། དཀའ་བ་སྤྱོད་པའི་མཛད་པ་དང༌། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་དུ་གཤེགས་པའི་མཛད་པ་དང༌། བདུད་ཀྱི་སྡེ་དཔུང་དང་བཅས་པ་བྱམས་པའི་ཤུགས་ཀྱིས་འཇོམས་པའི་མཛད་པ་དང༌། མངོན་པར་རྫོགས་པར་ནི་བྱང་ཆུབ་ཆེན་པོ་བརྙེས་པའི་མཛད་པ་དང༌། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་སྐོར་བའི་མཛད་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་རྣམས་སོ། །གནས་གང་དུ་སྟོན་ན། །ཡོངས་སུ་མ་དག་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ལ་སོགས་པ་མཐའ་ལས་རྣམས་སུའོ། །དུས་ཇི་སྲིད་སྟོན་ན། གདུལ་བྱ་འཁོར་བའི་སྲིད་པ་ཇི་སྲིད་མ་སྟོངས་པར་གནས་པའི་བར་དེ་སྲིད་དུ་རྒྱུན་མི་འཆད་པ་ལྷུན་གྱི་གྲུབ་པར་སྟོན་ཏོ། །ཞེས་པའོ། ། གདུལ་བྱ་རིམ་གྱིས་འདྲེན་ཚུལ། གདུལ་བྱ་རིམ་གྱིས་འདྲེན་པ་ལ་གསུམ་སྟེ། ཕལ་བ་ཐེག་དམན་ལ་འཇུག་ཚུལ། ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་ཚུལ་ལོ། ། དེ་ལ་ཐེག་དམན་ལ་འཇུག་ཚུལ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ནི་མཆོག་ཏུ་ཞི་ཞིང་བདེ་བའོ་ཞེས་པ་ལ་སོགས་པ་ཆོས་རྣམས་ཀྱི་སྡོམ་ཆེན་པོ་རྣམས་སྟོན་པའི་སྒྲ་ཡིས་གདུལ་བྱ་འདུལ་བའི་ཐབས་མཁྱེན་པ་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་སེམས་ཅན་འཁོར་བ་ལ་ཆགས་པ་རྣམས་ལ་སྲིད་པ་གསུམ་གྱིས་ཉེས་དམིགས་མང་དུ་གསུངས་ཤིང༌། སྐྱེ་བ་བསྐྱེད་ནས་རེ་ཞིག་དང་པོ་འཁོར་བའི་སྐྱོན་ཉེ་བར་ཞི་བ་ཙམ་གྱིས་མྱ་ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་ཡང་རབ་ཏུ་འཇུག་པར་མཛད་ཅེས་པའོ། ། ཐེག་ཆེན་གྱིས་སྨིན་ཚུལ་ནི། རང་ཉིད་ཀྱི་འཁོར་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཐབས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་རབ་ཏུ་ཞུགས་པ་ལས་དགྲ་བཅོམ་པ་དང་རང་བྱང་ཆུབ་ཐོབ་པ་ན། མཐར་ཕྱིན་པའི་གོ་འཕང་མ་ཐོབ་ཀྱང་མྱ་ངན་ལས་འདས་པ་ཐོབ་པོ་སྙམ་པའི་འདུ་ཤེས་ཅན་རྣམས་ལ། དམ་པའི་ཆོས་པད་མ་དཀར་པོའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་ལས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པར་སྟོན་པའི་ཐེག་པ་ནི་གཅིག་ཁོ་ན་ཡིན་ལ། དེས་བགྲོད་པའི་མྱ་ངན་ལས་འདས་པའང་གཅིག་ཁོ་ནའོ་ཞེས་པར་བསྟན་པ་ཡིས་ཉན་ཐོས་དང་རང་སངས་རྒྱས་དེ་དག་སྔར་མྱ་ངན་ལས་འདས་པ་མཐར་ཐུག་པ་མ་ཐོབ་པ་ལ་ཐོབ་པར་འཛིན་པ་དེ་ལས་བཟློག་སྟེ་ཐབས་སེམས་ཅན་ཐམས་ཅད་ལ་སྒྲོལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་བརྟེན་ནས་བསོད་ནམས་དང་་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་གཟུང་བས་ཐེག་པ་གསུམ་ལས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ་སྨིན་པར་མཛད་དེ་ཡང་དག་པའི་ལམ་ལ་བཀོད་པར་མཛད་དོ། །ཞེས་པའོ། ། རྣམ་གྲོལ་ལ་སྦྱོར་ཚུལ་ནི། དེ་ལྟར་ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་སྨིན་པར་མཛད་ནས་ས་བརྒྱད་པ་ལ་སོགས་པ་ཐོབ་པ་དང༌། ཞིང་ཁམས་འདི་ཞེས་བྱ་བར་མིང་འདི་ཞེས་བྱ་བ་དང་ལྡན་པས་དུས་འདི་ཙམ་ཞིག་ན། བསྐལ་པ་འདིཞེས་བྱ་བ་ལ་འཚང་རྒྱ་ཞིང༌། འཁོར་འདི་སྙེད་དང་བཅས་ཤིང་དམ་པའི་ཆོས་ཀྱང་འདི་སྲིད་དུ་གནས་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་གྲོལ་བའི་བྱང་ཆུབ་གསུམ་ལས་མཆོག་ཏུ་གྱུར་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་ལུང་སྟོན་པར་མཛད་དོ། །ཞེས་པ་སྟེ། དེ་ཡང་ཞིང་དང་མིང་དང་ནི། །དུས་དང་བསྐལ་བའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང༌། །གནས་པའི་སྒོ་ནས་དེར་འདོད་དོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ།། དེ་དག་གི་དོན་བསྡུ་བ། དོན་བསྡུ་པ་ལ་གཉིས་ལས། རྒྱུ་མཚན་དང་སྦྱར་ཏེ་གསུམ་དུ་བསྡུ་བ་ནི། ཕྲ་ཞིང་རྟོགས་པར་དཀའ་བས་ན་ཟབ་པའི་ཕྱིར་དང་གཞན་གྱི་དོན་སྒྲུབ་པའི་མཐུ་ནི་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང༌། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པའི་དོན་དང་མཐུན་པར་བསྟན་པས་འཁོར་བ་ལས་རབ་ཏུ་འདྲེན་པའི་ཕྱིར་ན། སྐུ་གསུམ་པོ་འདི་དག་གྲངས་ཅི་ལྟ་བ་བཞིན་དུ་སྦྱར་ཏེ་ཟབ་པ་ངོ་བོ་ཉིད་ཀྱི་སྐུ་དང༌། རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་རྣམས་སུ་ཤེས་པར་བྱའོ། །ཞེས་པའོ། ། གནས་ཚུལ་དང་སྦྱར་ཏེ་གཉིས་སུ་བསྡུ་བ་ནི། སངས་རྒྱས་ཀྱི་སྐུ་འཆང་པའི་སྐབས་འདིར་ནི་དང་པོ་ཟབ་པའི་སྐུ་དེ་ཆོས་ཀྱི་སྐུར་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཞིང༌། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དག་ནི་གཟུགས་ཀྱི་སྐུ་ཡིན་ཏེ་སྐལ་བ་དང་མཐུན་པར་གདུལ་བྱ་ལ་སྣང་པའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན་འདུས་མ་བྱས་ནམ་མཁའི་དབྱིངས་ལ་ནི་འདུས་བྱས་ཀྱི་གཟུགས་སྣ་ཚོགས་གནས་པ་ཇི་ལྟ་བ་བཞིན་དུ། དང་པོ་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་ལ་ནི་ཐ་མ་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བ་དག་གནས་པ་ཡིན་ནོ། །ཞེས་པའོ། ། ཇི་སྲིད་དུ་དེ་དག་རྟག་པའི་དོན། ཇི་སྲིད་དུ་དེ་དག་རྟག་པའི་དོན་ལ་གཉིས། རྟག་པའི་རྒྱུ་མཚན་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། ། མདོར་བསྟན་པ། དེ་ལ་མདོར་བསྟན་ནི། གང་ལ་ཡང་ཆགས་པ་མེད་པར་དམ་པའི་ཆོས་འཛིན་པ་ལ་སོགས་པ་རྒྱུ་མཐའ་ཡས་པ་ལས་གྲུབ་པའི་འབྲས་བུ་ཡིན་པའི་ཕྱིར་ན། གཟུགས་ཀྱི་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་པ་དང༌། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་མ་ལུས་པ་འདུལ་བར་ཞལ་གྱིས་བཞེས་ཤིང༌། གདུལ་བྱའི་སེམས་ཅན་ལ་ཟད་པ་མེད་པའི་ཕྱིར་དང༌། གཞན་དོན་གྲུབ་པའི་ཀུན་སློང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོ་རྒྱུན་མི་འཆད་པའི་ཕྱིར་དང༌། གཞན་དོན་སྒྲུབ་པའི་ཐབས་རྫུ་འཕྲུལ་གྱི་རྐང་པ་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་གཉིས་སུ་མེད་པར་མཁྱེན་པས་ནམ་ཡང་སྐྱོ་བ་མེད་པའི་ཕྱིར་དང༌། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྡུག་བསྔལ་གྱིས་གནོད་པ་མེད་པའི་ཕྱིར་དང༌། ཆོས་ཐམས་ཅད་ཀྱི་དབང་ཕྱུག་འཇིག་རྟེན་དུ་ཞུགས་ཀྱང་དེའི་ཉེས་པས་ནམ་ཡང་མི་གོས་པའི་ཕྱིར་ན་གཟུགས་ཀྱི་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང༌། འཆི་བ་མེད་པའི་གོ་འཕང་བརྙེས་པས་འཆི་བདག་གི་བདུད་བཅོམ་པའི་ཕྱིར་དང༌། གདོད་མ་ནས་འདུས་མ་བྱས་པས་འདུས་བྱས་ཀྱི་ངོ་བོར་མེད་པའི་ཕྱིར་དང༌། ཕྱི་མའི་མཐར་ཐུག་པར་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་དང་མགོན་པོར་གྱུར་པའི་ཕྱིར་ན། ཆོས་ཀྱི་སྐུ་འགྱུར་བ་མེད་པས་རྟག་པ་ཡིན་ཏེ། མདོར་ན་རྒྱུ་མཚན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་འདི་རྟག་པ་ཉིད་དོ། །ཞེས་པའོ། ། རྒྱས་པར་བཤད་པ། རྒྱས་བཤད་ལ་གསུམ་ལས། གཟུགས་སྐུ་རྟག་པའི་རྒྱུ་མཚན། ཆོས་སྐུ་རྟག་པའི་རྒྱུ་མཚན། དེ་རྣམས་སྤྱིའི་དོན་བསྡུ་བའོ། ། གཟུགས་སྐུ་རྟག་པའི་རྒྱུ་མཚན། དེ་ལ་གཟུགས་སྐུ་རྟག་པའི་རྒྱུ་མཚན་ནི། སྔར་སློབ་ལམ་གྱི་གནས་སྐབས་སུ་ལུས་མགོ་བོ་ལ་སོགས་པ་རྣམས་དང་སྲོག་ཚེའི་རྒྱུད་ཉིད་དང༌། ལོངས་སྤྱོད་རིན་པོ་ཆེ་ལ་སོགས་པ་རྣམས་གང་ལ་ཡང་ཆགས་པ་མེད་པར། ཡོངས་སུ་བཏང་ནས་དམ་པའི་ཆོས་འཛིན་པ་ལ་སོགས་པ་རྒྱུ་མཐའ་ཡས་པ་ལས་གྲུབ་པའི་ཕྱིར་ན། གཟུགས་ཀྱི་སྐུ་དེ་དག་རྟག་ཏུ་རྒྱུན་མི་འཆད་པ་དང༌། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་ཇི་སྙེད་པ་ཀུན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་དང་པོར་སེམས་ཅན་མ་ལུས་པ་འཁོར་བ་ལས་བསྒྲལ་བར་བྱའོ། །ཞེས་རང་གིས་ཇི་ལྟར་དམ་བཅས་པའི་དོན་མཐར་ཕྱིན་པར་མཛད་ཅིང༌། གདུལ་བྱ་ལ་ཟད་པ་མེད་པའི་ཕྱིར་དང༌། རྫོགས་པའི་སངས་རྒྱས་ཉིད་ལ་ཉོན་མོངས་པའི་སྒྲིབ་པས་གཙང་བ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཐུགས་རྗེ་ཆེན་པོ་རྒྱུན་མི་འཆད་པར་སེམས་ཅན་མཐའ་དག་ལ་རབ་ཏུ་འཇུག་པ་མངའ་བའི་ཕྱིར་དང༌། གཅིག་ཏུ་བསྒྱུར་ཞིང་མང་པོར་སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་དང་དེའི་རྐང་པའི་ཏིང་ངེ་འཛིན་རྣམས་ལ་དབང་འབྱོར་བས་སྐལ་པ་དང་འཚམས་པར་གཟུགས་སྐུའི་སྣང་བ་སྟོན་པ་ནི་སངས་རྒྱས་དེ་ཡིས་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་ཤིང་རྒྱུན་མི་འཆད་པར་སྤྱོད་པར་ནུས་པའི་ཕྱིར་དང༌། མཁྱེན་པའི་ཡེ་ཤེས་རྣམ་པར་དག་པས་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་དག་རང་བཞིན་གཉིས་སུ་འཛིན་པ་ལས་གྲོལ་ནས་གཉིས་མེད་དུ་རྟོགས་པས་གཞན་གྱི་དོན་ལ་སྐྱོ་བ་དང་བྲལ་བའི་ཕྱིར་དང༌། དུས་རྟག་ཏུ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཏིང་ངེ་འཛིན་ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པས་དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་གནོད་པ་མེད་པའི་ཕྱིར་དང༌། གཞན་དོན་དུ་འཇིག་རྟེན་ན་ནི་བཞུགས་ཤིང༌། དེ་དག་གི་སྐལ་པ་དང་མཐུན་པར་སྤྱོད་པ་ནི་འཇིག་རྟེན་པའི་ཆོས་ཉོན་མོངས་པ་དང་ལས་་དང་སྡུག་བསྔལ་ལ་སོགས་པ་རྣམས་ཀྱིས་གོས་པ་མེད་པའི་ཕྱིར་ན། གཟུགས་ཀྱི་རང་བཞིན་སྐུ་གཉིས་ཀྱིས་སེམས་ཅན་ཀྱི་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་པ་ཉིད་དོ། །ཞེས་པའོ།། ཆོས་སྐུ་རྟག་པའི་རྒྱུ་མཚན། ཆོས་སྐུ་རྟག་པའི་རྒྱུ་མཚན་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་དེ་གཉེན་པོ་མཐར་ཕྱིན་པའི་སྒོ་ནས་མི་འགྱུར་ཞིང་རྟག་པ་ཡིན་ནོ། །ལས་དང་ཉོན་མོངས་པའི་འཆི་འཕོ་བ་མེད་ཅིང༌། སྐྱེ་འགག་མ་ལུས་པ་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་མཆོག་ལ་གནས་པའི་གོ་འཕང་ཐོབ་པ་ལ་འཆི་བདག་གི་བདུད་ནམ་ཡང་རྒྱུ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་གྱིས་ཀྱང་རྟག་པ་ཡིན་ཏེ། རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཅན་གྱི་ཐུབ་པ་ཆོས་ཀྱི་སྐུ་གདོད་མ་ནས་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་རབ་ཏུ་ཞི་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །མི་བསླུ་བས་ཀྱང་རྟག་པ་ཡིན་ཏེ། རྟག་ཏུ་རྒྱུན་མི་འཆད་པར་སྐྱབས་མེད་པའི་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་ནི་སྐྱབས་དང་མགོན་དང་དཔུང་གཉེན་ལ་སོགས་པ་མཐར་ཐུག་པར་འཐད་པ་ཡིན་པའི་ཕྱིར་རོ། །ཞེས་པའོ། ། དེ་རྣམས་སྤྱིའི་དོན་བསྡུ་བ། དེ་རྣམས་སྤྱིའི་དོན་བསྡུ་བ་ནི། རྒྱུ་མཐའ་ཡས་པ་དང་ཞེས་པ་ལ་སོགས་པ་དང་པོ་ཡི་ནི་རྒྱུ་མཚན་རྣམ་པ་བདུན་གྱིས་གཟུགས་ཀྱི་སྐུའི་གཞན་དོན་རྟག་ཏུ་རྒྱུན་མི་འཆད་པ་ཉིད་ཡིན་ཏེ། འཆི་བའི་བདུད་བཅོམ་པ་དང༌། ཞེས་པ་ལ་སོགས་པ་རྒྱུ་མཚན་ཕྱི་མ་གསུམ་གྱིས་སྟོན་པ་སངས་རྒྱས་ཀྱི་ནི་ཆོས་ཀྱི་སྐུའི་འགྱུར་བ་མེད་ཅིང་རྟག་པ་ཉིད་བསྟན་པ་ཡིན་ནོ། །ཞེས་པའོ། ། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་ལ་གཉིས། བསམ་མི་ཁྱབ་ཚུལ་མདོར་བསྟན་པ་དང༌། རྒྱུ་མཚན་རྒྱས་པར་བཤད་པའོ། ། མདོར་བསྟན་པ། དེ་ལ་མདོར་བསྟན་ནི། གནས་མ་ལུས་པ་ཡོངས་སུ་གྱུར་བས་རབ་ཏུ་ཕྱེ་བ་དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཆེན་པོ་དེ་སྒྲའི་བརྗོད་བྱ་ལས་འདས་ཤིང༌། ངག་གི་སྤྱོད་ཡུལ་མིན་པའི་ཕྱིར་དང༌། སོ་སོ་རང་གིས་རིག་པར་བྱ་བ་དོན་དམ་པའི་བདེན་པ་དག་པ་གཉིས་ལྡན་གྱིས་བསྡུས་པའི་ཕྱིར་དང༌། རྣམ་པར་རྟོག་པས་བརྟག་པར་བྱ་བའི་གནས་སམ་ཡུལ་མིན་པའི་ཕྱིར་དང་འཇལ་བར་བྱེད་པའི་དཔེ་དང་རྟགས་ལ་སོགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པ་རབ་ཀྱི་མཐར་ཕྱིན་པ་བླ་ན་མེད་པ་ཡིན་པའི་ཕྱིར་དང༌། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱིས་མ་བསྡུསཔའི་ཕྱིར་ན། རྒྱལ་བ་རྫོགས་པའི་སངས་རྒྱས་ཁོ་ནའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི་འཕགས་པ་ས་ཆེན་པོ་ལ་གནས་རྣམས་ཀྱིས་ཀྱང༌། ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཉིད་ན། ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། ། རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གསུམ་ལས། རྒྱུ་མཚན་རྣམ་རིམ་པ་ལྟར་བཤད་པ་ནི། སྐུ་གསུམ་ཡོངས་སུ་རྫོགས་པའི་བྱང་ཆུབ་དེ་སངས་རྒྱས་ལས་གཞན་རྣམས་ཀྱིས་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པ་ཡིན་ཏེ། ངག་གི་ཡུལ་མ་ཡིན་ཞིང་སྒྲས་བརྗོད་དུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ནི་སྒྲས་བརྗོད་དུ་མེད་པ་ཉིད་ཡིན་ཏེ། དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་དོན་དམ་པའི་བདེན་པ་ཡིན་ཏེ། རྣམ་པར་རྟོག་པས་བརྟག་པར་བྱ་བའི་ཡུལ་ལམ་གནས་མིན་པའི་ཕྱིར་རོ། །དེ་ཉིད་རྟོག་པས་བརྟག་པར་བྱ་བ་མིན་ཏེ། འཇིག་རྟེན་པའི་དཔེ་དང་གཏན་ཚིགས་ལ་སོགས་པས་རྗེས་སུ་དཔག་པར་བྱ་བ་མིན་པའི་ཕྱིར་རོ། །དེ་ཉིད་རྗེས་སུ་དཔག་པར་བྱ་བ་མིན་ཏེ། འཇིག་རྟེན་ལས་འདས་ཤིང་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་བླ་ན་མེད་པ་ཡིན་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་འདས་པ་དག་གིས་མ་བསྡུས་པའི་ཕྱིར་རོ། །དེ་ཡང་སྲིད་ཞིས་མ་བསྡུས་པ་ཡིན་ཏེ། དེ་དག་གི་མཐའ་གཉིས་ལ་གནས་པ་མེད་པའི་ཕྱིར་རོ། །མི་གནས་པ་ཡང་ཡིན་ཏེ། ཞི་བའི་མཐའ་ལ་ཡོན་ཏན་དང་སྲིད་པའི་རང་བཞིན་ལ་སྐྱོན་དུ་རྟོག་པ་མེད་པའི་ཕྱིར་རོ། །སྐུ་གཉིས་ལ་སྦྱར་ཏེ་བསྡུ་བ་ནི། ངག་ཡུལ་མིན་ཕྱིར་ཞེས་པ་ལ་སོགས་པའི་རྒྱུ་མཚན་ལྔ་པོ་དག་གིས་ཤིན་ཏུ་ཕྲ་ཞིང་ཟབ་ལ་གཏིང་དཔག་དཀའ་བའི་ཕྱིར་ཆོས་ཀྱི་སྐུ་ཕལ་བ་རྣམས་ཀྱིས་འདིའོ་ཞེས་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་བསྟན་པ་སྟེ་སྲིད་ཞིས་མ་བསྡུས་པའི་ཕྱིར་ཞེས་པའི་རྒྱུ་མཚན་དྲུག་པས་སྲིད་ཞིའི་ཆོས་སྐྱེ་འགག་ལ་སོགས་པ་སྣང་ཡང་དེའི་དངོས་པོར་བདེན་པ་མིན་པའི་ཕྱིར་གཟུགས་ཀྱི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་རྣམས་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་བསྟན་པའོ། །ཞེས་པའོ། ། ཡོན་ཏན་ལས་བསམ་མི་ཁྱབ་ཚུལ་ནི། ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པའི་དོན་ཐམས་ཅད་མངོན་སུམ་དུ་རྟོགས་པས་བླ་ན་མེད་པའི་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བཞེད་པས་མཐའ་ཡས་པའི་བརྩེ་བའི་ཐུགས་རྗེ་ཆེན་པོ་ཕྲིན་ལས་ལ་སོགས་པའི་ཡོན་ཏན་ཚད་མེད་པ་རྣམས་ཀྱིས་ཡོན་ཏན་མཐར་ཕྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། རྒྱལ་བ་རྣམས་ཀྱིས་བྱང་ཆུབ་ཆེན་པོ་བསྙེས་པ་འདི་ནི་སངས་རྒྱས་ལས་གཞན་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་སྟེ། དེས་ན་གཞན་ལ་རག་མ་ལུས་པར་རང་ཉིད་ཀྱིས་བསྒོམས་པ་ལས་བྱུང་བ་སངས་རྒྱས་རྣམས་ཀྱང་རྣམ་གཞག་རྣམ་པ་བརྒྱད་ཀྱི་ཐ་མ་བསམ་གྱིས་མི་ཁྱབ་པའི་ཚུལ་ལམ། ཡང་ན་སེམས་དང་པོ་བསྐྱེད་པ་ལ་སོགས་པ་ལ་ལྟོས་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་འདི་ནི། དྲང་སྲོང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་པའི་ས་ལ་གནས་ཤིང༌། དབང་བཅུ་ཐོབ་པ་རྣམས་ཀྱིས་ཀྱང་མངོན་སུམ་དུ་རིག་པ་མིན་ན་ཕལ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། རིག་པར་འདོད་པ་རྣམས་ཀྱིས་ནི་སངས་རྒྱས་ཐོབ་པར་བྱའོ། །ཞེས་པའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། བྱང་ཆུབ་ཀྱི་སྐབས་ཏེ་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན། ད་ནི་བྱང་ཆུབ་ཆེན་པོ་ལ་གནས་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་དུ་བྱས་ནས། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན་ལ་གཉིས། སྐུ་གཉིས་དང་སྦྱར་དེ་གྲངས་ཀྱི་དབྱེ་བ་དང༌། ཕྱེ་བའི་ཡོན་ཏན་གཏན་ལ་དབབ་པའོ། ། ༡ གྲངས་ཀྱི་དབྱེ་བ། དབྱེ་བ་ལ་གཉིས་ལས། སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན་པ་ནི། སངས་རྒྱས་ཞེས་པའང་རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་སྟེ། གཉིས་ཀ་བསྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་ཡིན་ནོ། །ཞེས་པའོ། ། དེ་དག་སོ་སོར་སྦྱོར་བ་ནི། བདག་ཉིད་ཀྱི་ནི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པའི་ཞིང་ལྷུན་གྱིས་གྲུབ་པའི་གནས་སམ་གཞི་ནི་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་དུ་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ཉིད་ཡིན་ཏེ། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་བརྡ་ཙམ་ཐ་སྙད་ཙམ་དུ་བསྟན་པའི་གཟུགས་ཀྱི་སྐུ་ནི་གདུལ་བྱ་ཕ་རོལ་པོ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ཞིང་ལྷུན་གྱིས་གྲུབ་པའི་གནས་སམ་གཞི་ཡིན་ལ། དེ་དག་ལས་དང་པོར་གྱུར་པའི་ཆོས་ཀྱི་སྐུ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་སྒྲིབ་པ་དང་བྲལ་བ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཡོན་ཏན་རྣམས་དང༌། རྣམ་པར་དབྱེར་མེད་པར་ལྡན་ཞིང༌། གཉིས་པ་གཟུགས་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་རིམ་གྱིས་རྣམ་པར་སྨིན་པའི་ཡོན་ཏན་དག་དང་ཡང་ལྡན་པ་ཉིད་དོ། །ཞེས་པའོ། ། ༢ ཕྱེ་བའི་ཡོན་ཏན། ཕྱེ་བའི་ཡོན་ཏན་ལ་བཞི་སྟེ། དཔེ་དོན་སྦྱར་ཏེ་སྡོམ་གྱིས་མདོར་བསྟན། སོ་སོའི་རྣམ་གཞག་རྒྱས་པར་བཤད་པ། དེ་དག་སྟོན་པའི་ལུང་ལས་རྟོགས་ཚུལ། སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པའོ། ། སྡོམ་གྱིས་མདོར་བསྟན་པ། དེ་ལ་མདོར་བསྟན་ནི། རྒྱལ་བའི་སྟོབས་བཅུ་པོ་ཉིད་ཀྱིས་མ་རིག་པ་ལ་སོགས་པའི་སྒྲིབ་པ་རྣམས་འཇོམས་པ་ལ་སྒྲིབ་པས་ནི་སླར་མི་ཕྱེད་པའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེས་དངོས་པོ་གཞན་རྣམས་འཇོམས་ཤིང་དེ་གཞན་གྱིས་མི་ཕྱེད་པ་ཇི་ལྟ་བ་བཞིན་ཡིན་ལ། མི་འཇིགས་པ་བཞི་པོ་ཉིད་ཀྱིས་ནི་འཁོར་གྱི་ཚོགས་མཐའ་ཡས་པའི་ནང་དུ་འཇིགས་པ་དང་བག་ཚ་བ་མེད་པར་ཆོས་སྟོན་པའི་ཕྱིར། སེང་གེ་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞིན་ཡིན་ཞིང༌། དེ་བཞིན་གཤེགས་པའི་མ་འདྲེས་པའི་ཆོས་བཅྭོ་བརྒྱད་རྣམས་ནི་གཞན་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ནམ་མཁའ་འབྱུང་བ་བཞི་དང་ཐུན་མོང་མ་ཡིན་པ་ཇི་ལྟ་བ་བཞིན་ཡིན་ཏེ། ཐུབ་པའི་གདུལ་བྱ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྟན་པ་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་པོ་ནི་སྐལ་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེ་དག་གི་ངོ་བོར་གྲུབ་པ་མེད་པའི་ཕྱིར་ཆུ་དང་ནམ་མཁའ་ལ་ཤར་བའི་ཟླ་བ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། ། རྣམ་གཞག་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གཉིས་ཏེ། རང་དོན་དོན་དམ་ཆོས་སྐུ་ལ་ཡོད་པ་བྲལ་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་དང༌། གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ་ཡོད་པ་སྨིན་འབྲས་གྱི་ཡོན་ཏན་རྒྱས་པར་བཤད་པའོ། ། དོན་དམ་ཆོས་སྐུའི་བྲལ་འབྲས་ཀྱི་ཡོན་ཏན། བྲལ་འབྲས་ཀྱི་ཡོན་ཏན་ལ་གསུམ་སྟེ། རྒྱལ་བའི་སྟོབས་བཅུ་བཤད་པ་དང༌། མི་འཇིགས་པ་བཞི་བཤད་པ་དང༌། མ་འདྲེས་པ་བཅོ་བརྒྱད་བཤད་པའོ། ། རྒྱལ་བའི་སྟོབས་བཅུ་བཤད་པ། སྟོབས་བཅུ་ལ་གཉིས། མཚོན་བྱ་དོན་གྱི་ངོ་བོ་ངོས་གཟུང་བ་ནི། སྔོན་སློབ་ལམ་གྱི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལ་དམ་བཅའ་བ་བསྟན་པོ་བྱས་པ་ལས། མཐར་ཆོས་ཀྱི་སྐུར་སངས་རྒྱས་པ་ན། རང་བྱུང་གཉིས་དང་འཁོར་ལོས་སྒྱུར་བ་དག་སྐྱེས་པའི་རྟེན་ལས་འབྱུང་བ་གནས་ཡིན་གྱི་བུད་མེད་ཀྱི་རྟེན་ལས་འབྱུང་བ་གནས་མ་ཡིན་ནོ། །ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སྲིད་པ་དང་མི་སྲིད་པའི་ཚུལ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་སྔོན་ཡང་ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་བརྟན་པར་བྱས་པ་ལས། ལས་མི་དགེ་བ་ལས་རྣམ་པར་སྨིན་པ་མི་འདོད་པ་འབྱུང་ཞིང༌། ལས་དགེ་བ་ལས་རྣམ་པར་སྨིན་པ་འདོད་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སོ་སོར་ངེས་པའི་རྣམ་པ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ལས་རྣམས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་གདུལ་བྱའི་དབང་པོ་བརྟགས་ནས་དེ་དང་མཐུན་པར་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣོ་བ་དང་འབྲིང་པོ་དང་རྡུལ་པོའི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པ་མངོན་སུམ་དུ་རྟོགས་པ་དབང་པོ་མཆོག་དང༌། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་གདུལ་བྱའི་ཁམས་དང་མཐུན་པར་བཞུགས་པ་ལས་སེམས་ཅན་རྣམས་གནས་སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ལ་གནས་པའོ་ཞེས་བྱ་བ་ལྟ་བུ་རིགས་སམ་ཁམས་ཀྱི་ཁྱད་པར་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཁམས་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་ནི་སྔོན་ཡང་གདུལ་བྱའི་མོས་པ་དང་མཐུན་པར་ཆོས་བསྟན་པ་ལས། སེམས་ཅན་འདི་དག་ནི་ཐེག་པ་གསུམ་ལས་འདི་ལ་མོས་པའོ་ཞེས་བྱ་བ་ལྟ་བུ་མོས་པའི་བསམ་པ་ཐ་དད་པའི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་ཐེག་པ་ཐམས་ཅད་ལ་གོམས་པར་བྱས་པ་ལས་ཁམས་གསུམ་དང་བྱང་ཆུབ་གསུམ་ལ་སོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་དུ་འགྲོ་བའི་ལམ་གྱི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་ཡང་ཏིང་ངེ་འཛིན་མཐའ་ཡས་པ་ལྷུར་བླངས་པ་ལས། གང་ཟག་གཞན་དག་གི་རྒྱུད་ལ་སྐྱེས་པའི་བསམ་གཏན་དང༌། གཟུགས་མེད་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ཀྱི་ཟག་པ་དང་བཅས་པ་ཀུན་ནས་ཉོན་མོངས་པ་དང༌། ཟག་པ་མེད་པ་རྣམ་པར་བྱང་བའི་ཁྱད་པར་ཐམས་ཅད་ཐོགས་པ་མེད་པར་མངོན་དུ་རྟོགས་པ་བསམ་གཏན་ལ་སོགས་པ་ཉོན་མོངས་པ་ཅན་དང་དྲི་མ་མེད་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་དགེ་བའི་རྩ་བ་ཆུད་མ་གསན་ཅིང་བག་ཡོད་པར་བྱས་པ་ལས། རང་དང་གཞན་གྱི་ཚེ་རབས་སྔ་མའི་སྤྱོད་པ་ཐམས་ཅད་རྒྱུ་མཚན་དང་བཅས་ཏེ་ཐོགས་པ་མེད་པར་མངོན་དུ་མཁྱེན་པ་སྔོན་གྱི་གནས་ནི་རྗེས་སུ་དྲན་པའི་སྟོབས་དང༌། སྔོན་ཡང་སེམས་ཅན་གཞན་སྤ་མི་བཀོང་ཞིང་དེ་དག་གི་སྣང་བར་གྱུར་པས་དོན་ཇི་ལྟ་བ་བཞིན་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་གང་ནས་འཆི་འཕོ་བ་དང༌། གང་དུ་སྐྱེ་བའི་ཚུལ་སྲིད་པ་བར་མའི་བཟང་ངན་གྱི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་མཁྱེན་པ་ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་དང༌། སྔོན་ཡང་ཟག་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་པ་ལས་རང་གཞན་གྱི་ཉོན་མོངས་བ་ཞི་ཞིང༌། ཟག་པ་ཟད་པའི་རྣམ་པ་ཐམས་ཅད་དུ་ཐོགས་པ་མེད་པར་མངོན་དུ་རྟོགས་པ་ཞི་བ་དག་མཁྱེན་པའི་སྟོབས་ཏེ། དེ་ལྟར་ན་རང་རང་གི་རྒྱུད་དང་རྗེས་སུ་མཐུན་པར་སྤང་བྱ་ལས་རྒྱལ་བའི་སྟོབས་ནི་རྣམ་པ་བཅུ་མངོན་སུམ་དུ་གྱུར་པ་རང་གཞན་གྱི་མི་མཐུན་པའི་ཕྱོགས་བདུད་བཞི་འཇོམས་པར་མཛད་པའོ། །ཞེས་པའོ། ། མཚོན་བྱེད་དཔེ་ཡིས་ངེས་པར་བྱ་བ་ནི། རྒྱུ་འབྲས་གནས་དང་གནས་མིན་མཁྱེན་པའི་སྟོབས་དང་ལས་དང་རྣམ་པར་སྨིན་པ་བདག་གིར་བྱ་བའི་སྟོབས་དང༌། གདུལ་བྱའི་ཁམས་སམ་རིགས་སྣ་ཚོགས་མཁྱེན་པའི་སྟོབས་དང༌།འགྲོ་བའི་ལམ་ཐ་དད་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་སེམས་ཅན་གྱི་མོས་པ་འམ་བསམ་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པ་དབང་པོའི་ཚོགས་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ཉོན་མོངས་པ་ཅན་དང༌། རྣམ་པར་བྱང་བའི་ཁྱད་པར་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་སྟོབས་དང༌། ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། རང་གཞན་གྱི་ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་རྣམས་ཀྱིས་རང་རང་གི་མི་མཐུན་པའི་ཕྱོགས་མི་ཤེས་པ་ལ་སོགས་པའི་སྒྲིབ་པ་གོ་ཆ་སྲ་བ་དང༌། རྩིག་པ་བརྟན་པོ་དང་ཤིང་ནགས་འཐིབས་པོ་དང་འདྲ་བ་རྣམས༌། རིམ་པ་ལྟར་འབིགས་པར་བྱེད་པ་དང་འཇིག་པར་བྱེད་པ་དང་གཅོད་པའི་ཕྱིར་དང༌། རྒྱལ་པའི་སྟོབས་བཅུ་པོ་གང་ཡིན་པ་དེ་རྣམས་ནི་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་སྟེ། དེ་ཡང་འཆད་པར་འགྱུར་པ་ལྟར་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་སྲ་པ་དང་འདྲ་བ་རྣམས་འབིགས་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང༌། བསམ་གཏན་ལ་སོགས་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པར་བྱེད་པའི་ཕྱིར་ན་རྡོ་རྗེ་དང་མཚུངས་ལ། ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ཉོན་མོངས་པའི་སྒྲིབ་པ་ཤིང་ནགས་འཐིབས་པོ་དང་འདྲ་པ་རྣམས་གཅོད་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་སོ། །ཞེས་བྱ་བའོ། ། མི་འཇིགས་པ་བཞི་བཤད་པ། མི་འཇིགས་པ་ལ་གཉིས་ཏེ། དོན་གྱི་ངོ་བོ་ངོས་བཟུང་བ་དང༌། དཔེ་ཡིས་ངེས་པར་བྱ་བའོ།། དོན་ལ་གཉིས། ངོ་བོ་ནི། སྔོན་ཡང་སེམས་སྙོམས་པའི་སྒོ་ནས་སེར་སྣ་མེད་པར་ཆོས་བསྟན་པ་ལས། རང་དོན་ལས་བརྩམས་ཏེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆོས་མ་ལུས་པ་ཀུན་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པོ་ཞེས་ཞལ་གྱིསབཞེས་པ་ལ་མི་འཇིགས་པ་དང༌། སྔོན་ཡང་བར་དུ་གཅོད་པའི་ཆོས་རྣམས་ལ་མ་བརྟེན་པ་ལས་གཞན་དོན་ལས་བརྩམས་ཏེ་ཐར་པ་ཐོབ་པའི་གེགས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི་འགོག་པར་བྱེད་དགོས་སོ་ཞེས་བར་དུ་གཅོད་པའི་ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་དང༌། སྔོན་ཡང་དཀར་པོའི་ཆོས་ལ་མོས་པ་རྣམ་པར་བྱ་བའི་ལམ་དུ་ཞུགས་པ་ལས། གཞན་དོན་ལས་བརྩམས་ཏེ་འཁོར་བ་ལ་ངེས་པར་འབྱུང་བའི་ཐེག་པ་གསུམ་གྱི་ལམ་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་དང༌། སྔོན་ཡང་ང་རྒྱལ་མེད་པར་ཆོས་བསྟན་པ་ལས་རང་དོན་ལས་བརྩམས་ཏེ་སྤང་བྱ་མ་ལུས་པ་ཟད་པའི་འགོག་པ་ཐོབ་ཅེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་སྟེ། དེ་ལྟར་དོན་རྣམ་པ་བཞི་ལས་བརྩམས་ནས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས། ཚངས་པའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དཀའ་ཐུབ་དང་རིགས་དང་ལོངས་སྤྱོད་དང་ནུས་པ་དང་ཆགས་བྲལ་གྱིས་ང་རྒྱལ་བའི་དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་སུས་ཀྱང་ཆོས་དང་མཐུན་པའི་སྒོ་ནས་རྒོལ་བའམ་རྒོལ་བའི་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་བདེ་བ་དང་ངག་བག་ཚ་བ་མེད་པ་དང༌། སེམས་འཇིགས་པ་མེད་པ་ཐོབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་མི་འཇིགས་པའི་ཡོན་ཏན་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའོ། ། བྱེད་ལས་ནི། མི་འཇིགས་པ་བཞི་བརྙེས་པ་ལ་བརྟེན་ནས་བདག་ཉིད་དང་གཞན་རྣམས་ཀྱི་དོན་ལས་བརྩམས་ཏེ། ཤེས་པར་བྱ་བའི་དངོས་པོ་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཀུན་བདག་ཉིད་ཀྱིས་ཤེས་སོ་ཞེས་ཞལ་གྱིས་བཞེས་པ་དང༌། གཞན་དག་གིས་ཀྱང་ཤེས་པར་བྱ་བའི་དོན་དུ་ཤེས་བྱ་སྡུག་བསྔལ་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པར་མཛད་པའི་ཕྱིར་དང༌། སྤང་བར་བྱ་བའི་དངོས་པོ་ལས་དང་ཉོན་མོངས་པ་ལ་སོགས་པའི་ཀུན་འབྱུང་རྣམས་བདག་ཉིད་ཀྱིས་སྤངས་སོ་ཞེས་ཞལ་གྱིས་བཞེས་པ་དང༌། གཞན་དག་གིས་ཀྱང་སྤང་བར་བྱ་བའི་དོན་དུ་བར་དུ་གཅོད་པ་ཀུན་འབྱུང་གི་ཆོས་ཐམས་ཅད་སྟོན་པར་མཛད་པའི་ཕྱིར་དང༌། བསྟེན་པར་བྱ་བ་ལམ་གྱི་བདེན་པའི་རྣམ་པ་ཐམས་ཅད་བདག་ཉིད་ཀྱིས་བསྟེན་ཏོ། །ཞེས་ཞལ་གྱིས་བཞེས་པ་དང༌། གཞན་དག་གིས་ཀྱང་བསྟེན་པར་བྱ་བའི་དོན་དུ་ངེས་པར་འབྱིན་པའི་ལམ་གྱི་ཆོས་ཐམས་ཅད་སྟོན་པར་མཛད་པའི་ཕྱིར་དང༌། ཐོབ་པར་བྱ་བ་བླ་ན་མེད་ཅིང་ཤིན་ཏུ་དྲི་མ་མེད་པ་འགོག་པའི་བདེན་པ་དག་པ་གཉིས་ལྡན་བདག་གིས་ཐོབ་བོ་ཞེས་ཞལ་གྱིས་བཞེས་པ་དང༌། གཞན་དག་གིས་ཀྱང་ཐོབ་པར་བྱ་པའི་དོན་དུ་ཟག་པ་ཟད་པ་འགོག་པའི་ཆོས་སྟོན་པར་མཛད་པའི་ཕྱིར་ཏེ། དེ་ལྟར་ན་རང་ཉིད་ཀྱི་ལེགས་པར་རྟོགས་པ་ཞལ་གྱིས་བཞེས་པ་དང༌། གཞན་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་དོན་དུ། འཕགས་པའི་བདེན་པ་བཞི་གསུངས་པ་ལ་ནམ་ཡང་འཇིགས་པ་མེད་པའི་ཕྱིར། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་དཀྱིལ་འཁོར་གང་དུའང་དམ་པའི་ཆོས་གསུང་པ་ལ་ཐོགས་པ་མེད་པར་འཇུག་གོ །ཞེས་པའོ། ། དཔེ་ཡིས་ངེས་པར་བྱ་བ་ནི། ཇི་ལྟར་ན་རི་དྭགས་ཀྱི་དབང་པོ་སེང་གེ་ནགས་ཚལ་སྟུག་པོའི་མཐར་རྟག་པར་གནས་ཀྱང་རུང་འཇིགས་པ་མེད་ཅིང༌། སྟག་དང་གླང་པོ་ཆེ་ལ་སོགས་པའི་སྟོབས་པོ་ཆེ་དང་ལྡན་པའི་རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ན། རང་ཉིད་ལེགས་པར་གནས་པ་དང༌། གཞན་ལ་ལྟོས་པ་མེད་པ་དང༌། བློ་བརྟན་པ་དང༌། རྩལ་ཕུན་སུམ་ཚོགས་པ་དང་ལྡན་པ་ལྟར། དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ང་རྒྱལ་ཅན་མང་པོ་འདུས་པའི་ཚོགས་ན་ཐུབ་པའི་དབང་པོ་མིའི་སེང་གེ་ཡང་འཇིགས་པ་དང་སྐྲག་པ་མེད་ཅིང་བདག་ཉིད་མཆོག་ཏུ་གྱུར་པས་ལེགས་པར་གནས་པ་དང༌། གཞན་གས་བརྟན་པ་དང༌། སྤང་བྱ་ཤིན་ཏུ་ཕྲ་བ་རྣམས་ཀྱང་སྤངས་པས་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པར་གནས་སོ། །ཞེས་པའོ། ། མ་འདྲེས་པ་བཅོ་བརྒྱད་བཤད་པ། མ་འདྲེས་པ་ལ་གཉིས། དོན་དངོས་བསྟན་པ་དང༌། དཔེ་དང་སྦྱར་བའོ། ། དོན་དངོས་བསྟན་པ། དོན་དངོས་བསྟན་པ་ལ་གཉིས། མ་འདྲེས་པ་བཅྭོ་བརྒྱད་སོ་སོའི་དབྱེ་བ་དང༌། སླར་ཡང་བཤད་དེ་བྱེད་ལས་དང་ཐོབ་ཚུལ་ལོ། ། མ་འདྲེས་པ་བཅྭོ་བརྒྱད་སོ་སོའི་དབྱེ་བ། དབྱེ་བ་ལ་གཉིས་ཏེ། ཕྱེ་སྟེ་རྒྱས་པར་བཤད་པ་དང༌། བསྡུས་ཏེ་གཞན་ཡང་བསྟན་པའོ། ། ཕྱེ་སྟེ་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་སྡེ་ཚན་བཞི་ལས། སྤྱོད་པས་བསྡུས་པ་དྲུག་ནི། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ལ་ཕྱིན་ཅི་ལོག་མི་མངའ་བ་སྟོན་པའོ། །དེ་ཡང་སྔོན་སློབ་ལམ་གྱི་གནས་སྐབས་སུ་ལམ་སྟོར་པའི་སེམས་ཅན་རྣམས་ལ་ལམ་མ་ནོར་བར་སྟོན་པ་ལ་སོགས་པ་གོམས་པར་བྱས་པས་མཐར་སངས་རྒྱས་པ་ན་མཆོང་པ་དང་རྒྱུག་པ་ལ་སོགས་པ་དུག་གསུམ་གྱིས་ཀུན་ནས་བླང་བའི་འཁྲུལ་པ་མི་མངའ་བ་སྟེ། སྐུའི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་དང༌། སྔོན་རྩོད་པ་མེད་པ་ལྷུར་བླངས་ཤིང་རྫུན་ཚིག་དང་མུ་ཅོར་སྨྲ་བ་ལ་སོགས་པ་སྤངས་པ་ལས་རྩོད་པ་དང་ཀྱལ་ཀ་ལ་སོགས་པ་ཉོན་མོངས་ལས་ཀུན་ནས་བླངས་པའི་ཅ་ཅོ་མི་མངའ་བ་སྟེ། གསུང་གི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་དང༌། སྔོན་རྗེས་སུ་དྲན་པ་དྲུག་གོམས་པར་བྱས་པ་ལས་སྟོན་པ་སངས་རྒྱས་ལ་འདས་པའི་དོན་རྗེད་པའི་དྲན་པ་ཉམས་པ་མི་མངའ་བ་དང༌། སྔོན་གཞན་གྱི་སེམས་བསྲུང་བ་ལ་སོགས་པ་གོམས་པར་བྱས་པ་ལས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང༌། རྗེས་ཐོབ་རྣམ་པར་གཡེང་བ་ལ་སོགས་པ་མཉམ་པར་མ་གཞག་པའི་ཐུགས་མི་མངའ་བ་དང༌། སྔོན་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་སྤོང་བ་ལ་སོགས་པ་གོམས་པར་བྱས་པ་ལས་འཁོར་བ་དང༌། མྱ་ངན་ལས་འདས་པ་རང་བཞིན་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་པ་རྣམས་ཀྱང་མི་མངའ་བ་དང༌། སྔོན་བདག་གཞན་མཉམ་པ་ཉིད་དང་སྲིད་ཞི་མཉམ་པ་ཉིད་ལ་སོགས་པ་གོམས་པར་བྱས་པ་ལས། གདུལ་བྱ་དུས་ལ་བབ་ཀྱང་སོ་སོར་མ་བརྟགས་པའི་སྒོ་ནས་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ། ཐུགས་ཀྱི་སྤྱོད་པ་ཐུན་མོང་མ་ཡིན་པ་བཞིའོ། ། རྟོགས་པས་བསྡུས་པ་དྲུག་ནི། དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུར་བཅས་པ་ལས་མ་ཐོབ་པའི་ཉམས་པ་མི་མངའ་བ་སྟོན་པ་སྟེ། དེ་ཡང་སྔོན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚོལ་བ་ལ་སོགས་པ་གོམས་པར་བྱས་པ་ལས། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང༌། སེམས་ཅན་ལ་ཕན་པ་དོན་དུ་གཉེར་བའི་འདུན་པ་ཉམས་པ་མི་མངའ་བ་དང༌། སྔོན་བླ་མ་བསྟེན་པ་དང༌། སེམས་ཅན་སྨིན་པ་ལ་སོགས་པའི་བརྩོན་འགྲུས་གོམས་པར་བྱས་པ་ལས། གཞན་དོན་ལ་སྤྲོ་པའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། སྔོན་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་གོམས་པར་བྱས་པ་ལས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་དྲན་པ་ཉམས་པ་མི་མངའ་བ་དང༌། སྔོན་ཆོས་ཚོལ་བས་མི་ངོམས་པས་ཤེས་རབ་གསུམ་བསྐྱེད་པས་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཉམས་པ་མི་མངའ་བ་དང༌། སྔོན་འདུ་འཛི་སྤངས་ཏེ་དབེན་པའི་གནས་སུ་རྣལ་འབྱོར་དང་རྣམ་པར་ཐར་པ་ལ་སོགས་པ་གོམས་པར་བྱས་པ་ལས། སྒྲིབ་པ་དང་བྲལ་བའི་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང༌། སྔོན་གཞན་གྱིས་རྟོགས་པའི་ཆེད་དུ་ཆོས་སྟོན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཤེས་པ་ལ་སོགས་པ་གོམས་པར་བྱས་པ་ལས། ཆོས་ཐམས་ཅད་ལ་དབང་འབྱོར་བའི་ཤེས་རབ་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་གཟིགས་པ་ཉམས་པ་མི་མངའ་བ་རྣམས་སོ། །འདིར་ཏིང་ངེ་འཛིན་མ་སྨོས་པ་ནི་རྟག་ཏུ་མཉམ་པར་མ་བཞག་པ་མི་མངའ་བའི་ནང་དུ་འདུས་ལ། ཁ་ཅིག་ཏུ་དྲན་པ་མ་སྨོས་པ་ཡང་བསྙེལ་པ་མི་མངའ་བར་འདུས་ཤིང༌། ལ་ལར་ཐམས་ཅད་ཡོད་པ་ལྟར་ན་འདུན་པ་དང་བརྩོན་འགྲུས་གཅིག་ཏུ་བྱས་པ་འམ། ཡང་ན་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཅིག་ཏུ་བྱས་པ་ཉིད་དོ། ། མཛད་པས་བསྡུས་པ་གསུམ་ནི། ཐུན་མོང་མ་ཡིན་པའི་འཕྲིན་ལས་མཛད་པ་སྟེ། དེ་ཡང་སྔོན་གཡོ་སྒྱུ་ཚུལ་འཆོས་ལ་སོགས་པ་དང་བྲལ་བའི་ཚངས་པར་སྤྱོད་པ་གོམས་པར་བྱས་པ་ལས། ལུས་ཀྱི་ལས་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། སྔོན་བརྫུན་དུ་སྨྲ་བ་ལ་སོགས་པ་སྤངས་ཤིང༌། ཕན་པ་དང་རན་པ་དང་ཆོས་དང་ལྡན་པར་སྨྲ་བ་ཉིད་གོམས་པར་བྱས་པ་ལུས་ངག་གི་ལས་ཆོས་སྟོན་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། སྔོན་དུ་བརྣབ་སེམས་ལ་སོགས་པ་ཐམས་ཅད་སྤངས་ཤིང་ཡང་དག་པའི་ལྟ་བ་ལ་སོགས་པ་གོམས་པར་བྱས་པ་ལས་ཡིད་ཀྱི་ལས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་ན་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གསུམ་ཀ་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་དང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་དོ། །ཞེས་པའོ། ། མཁྱེན་པས་བསྡུས་པ་གསུམ་ནི། ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་སྟེ། དེ་ཡང་སྔོན་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་བསྙེས་པ་ལ་ཡིད་གཉིས་མི་ཟ་བར་བདག་ཉིད་ཀྱིས་དེ་ཐོབ་པར་མོས་པ་དང༌། བདག་གཞན་ཀྱང་དེ་ལྟ་བུ་ལ་འཇུག་པ་གོམས་པར་བྱས་པ་ལས། རིམ་པ་ལྟར་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། ད་ལྟར་བྱུང་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པས་ན་དུས་གསུམ་ལ་འཇུག་པའི་ཡེ་ཤེས་རྣམས་ཆགས་པ་དང༌། ཐོགས་པའི་སྒྲིབ་པ་གཉིས་མེད་པའོ། །ཞེས་པའོ། ། བསྡུས་ཏེ་གཞན་ཡང་བསྟན་པ། བསྡུ་བ་ནི། དེ་ལྟར་ན་སྤྱོད་བས་བསྡུས་པ་དྲུག རྟོགས་པས་བསྡུས་པ་དྲུག མཛད་པས་བསྡུས་པ་གསུམ། མཁྱེན་པས་བསྡུས་པ་གསུམ་སྟེ། བཅྭོ་བརྒྱད་པོ་འདི་རྣམས་དང༌། གཞན་ཡང་སྐུ་ཚད་མེད་པ་དང༌། ཐམས་ཅད་ཟིལ་གྱིས་གནོན་ཅིང་ཁྱད་པར་དུ་འཕགས་པའི་སྤྱི་གཙུག་ལྟར་མི་མངོན་པ་དང༌། རྩི་སྨན་དང་འདྲ་བར་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་ལ་སོགས་པ་དག་ཀྱང་སྟོན་པ་སངས་རྒྱས་ཁོ་ནའི་ཡིན་པས། གང་ཟག་གཞན་དང་མ་འདྲེས་ཤིང་ཐུན་མོང་མ་ཡིན་པར་གྱུར་པའི་ཡོན་ཏན་ཡིན་ནོ། །ཞེས་པའོ། ། སླར་ཡང་བཤད་དེ་བྱེད་ལས་དང་འཐོབ་ཚུལ་ནི། སྐུའི་སྤྱོད་པ་ལ་འཁྲུལ་བ་མེད་པ་དང༌། གསུང་གི་སྤྱོད་པ་ལ་ཅ་ཅོ་མེད་པ་དང༌། ཐུགས་ཀྱི་སྤྱོད་པ་ལ་དོན་བརྙེལ་བའི་དྲན་པ་མ་ཉམས་པ་དང༌། ཐུགས་གཡོ་བའི་མཉམ་པར་མ་བཞག་པ་མེད་པ་དང༌། འཁོར་འདས་རང་བཞིན་ཐ་དད་དུ་འཛིན་པ་ལ་སོགས་པ་ཉིད་ཀྱིས་ནི་འདུ་ཤེས་སྣ་ཚོགས་མེད་པ་དང༌། གདུལ་བྱ་མ་བརྟགས་པར་རང་གི་ངང་གིས་བཏང་སྙོམས་སུ་འཇོག་པ་དྲང་སྲོང་སངས་རྒྱས་ལ་མེད་པ་སྟེ། སྤྱོད་པས་བསྡུས་པའི་ཡོན་ཏན་དྲུག་དང༌། གཞན་ཕན་དོན་དུ་གཉེར་བའི་འདུན་པ་ཉམས་པ་མི་མངའ་བ་དང༌། དེ་བཞིན་དུ་ནི་གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། དོན་ཐམས་ཅད་གཟིགས་པའི་དྲན་པ་རྣམ་པར་དག་པ་ཉམས་པ་མི་མངའ་བ་དང༌། ཉོན་མོངས་པའི་དྲི་མ་མེད་པའི་ཤེས་རབ་ཉམས་པ་མི་མངའ་བ་དང༌། དུས་རྟག་ཏུ་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་ཀུན་མ་ལུས་པ་མངོན་སུམ་དུ་གཟིགས་པ་རྣམ་པར་གྲོལ་བའི་ཡེ་ཤེས་ལས་ནི་ནམ་ཡང་ཉམས་པ་མི་མངའ་བ་སྟེ། རྟོགས་པས་བསྡུས་པའི་ཡོན་ཏན་དྲུག་དང༌། སངས་རྒྱས་གང་གི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གསུམ་པོ་ཐམས་ཅད་ཀྱང༌། དང་པོར་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཕྱི་ནས་ཡེ་ཤེས་ཀྱིས་རྗེས་སུ་འཇུག་པས་ཏེ། མཛད་པས་བསྡུས་པའི་ཡོན་ཏན་གསུམ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་རྣམས་ལ་རྟག་ཏུ་ཆགས་པ་དང་ཐོགས་པ་མེད་པར་ངེས་པའི་ཡེ་ཤེས་རྒྱ་ཆེན་པོ་འཇུག་པ་མཁྱེན་པས་བསྡུས་པའི་ཡོན་ཏན་གསུམ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་གང་རྟོགས་ཤིང་མངོན་སུམ་དུ་གྱུར་པ་ལ་བརྟེན་ནས་གདུལ་བྱའི་འགྲོ་བ་ཤིན་ཏུ་མང་བར་འཇིགས་པ་དང༌། བག་ཚ་བ་མེད་པས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རབ་ཏུ་བསྐོར་བར་མཛད་ལ། དེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་བདུད་བཞི་ལས་རྒྱལ་བའི་སྟོན་པ་གཅིག་པུ་ཉིད་ཡིན་ཏེ་དེ་ཡང་སངས་རྒྱས་རྣམས་ཀྱིས་སྔོན་སོ་སོ་དང་རྗེས་སུ་མཐུན་པའི་ལམ་བསྒོམས་ཤིང་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་སུམ་དུ་བརྙེས་སོ། །ཞེས་པའོ། ། དཔེ་དང་སྦྱར་བ་ནི། ས་ལ་སོགས་པ་འབྱུང་བ་བཞི་ལ་ཡོད་པའི་ཆོས་སའི་མཚན་ཉིད་སྲ་བ་དང༌། ཆུའི་མཚན་ཉིད་གཤེར་བ་དང༌། མེའི་མཚན་ཉིད་དྲོ་བ་དང༌། རླུང་གི་མཚན་ཉིད་གཡོ་བ་གང་ཡིན་པ་ལ་སོགས་པ་འདུས་བྱས་ཀྱི་ཆོས་ཉིད་དེ་ནི་འདུས་མ་བྱས་ནམ་མཁའི་མཚན་ཉིད་མིན་ཞིང༌། ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པ་དང༌། ཐོགས་པ་མེད་པ་དང༌། འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་ཡང་འབྱུང་བ་བཞིའི་གཟུགས་ལ་མེད་པས་ཕན་ཚུན་མ་འདྲེས་བ་དེ་བཞིན་དུ། གང་ཟག་གཞན་ལ་ཡོད་པའི་ཆོས་སྐྱེ་འཇིག་ལ་སོགས་པ་རྣམས་སངས་རྒྱས་ལ་མེད་ཅིང༌། སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པ་རྣམས་གང་ཟག་གཞན་ལ་མངོན་དུ་གྱུར་པ་མེད་པས་མ་འདྲེས་པའི་ཡོན་ཏན་རྣམས་ནི་ནམ་མཁའ་དང་མཚུངས་པ་འམ། ཡང་ན་དཔེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཉིད་དེ། ས་དང་ཆུ་དང་མེ་དང་རླུང་དང༌། ནམ་མཁའི་ཁམས་རྣམས་ནི་འབྱུང་བ་ཙམ་ལ་སོགས་པར་མཚུངས་པའི་ཕྱིར་འཇིག་རྟེན་དག་ན་ཐུན་མོང་ཡིན་པ་ཡང་སྲིད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ནི་ཐ་ན་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་དུ་གྱུར་པ་མིན་པའི་ཕྱིར་ནམ་་མཁས་ཀྱང་ཇི་ལྟ་བ་བཞིན་མཚོན་པར་མི་ནུས་སོ། །ཞེས་པའོ། ། ཀུན་རྫོབ་གཟུགས་སྐུའི་སྨིན་འབྲས་ཀྱི་ཡོན་ཏན། སྨིན་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས་ལས། མཚོན་བྱ་མཚན་གྱི་དབྱེ་བ་བཤད་པ། མཚོན་བྱ་མཚན་གྱི་དབྱེ་བ་བཤད་པ་ནི། སྔོན་སློབ་ལམ་གྱི་དུས་སུ་དམ་བཅའ་བ་བརྟན་པར་མཛད་པ་ལས། མཐར་གཟུགས་ཀྱི་སྐུ་སངས་རྒྱས་པ་ན་ཞབས་ཀྱི་མཐིལ་ལེགས་པར་གནས་ཤིང་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྔོན་ཡོ་བྱད་སྣ་ཚོགས་སྦྱིན་པར་བཏང་བ་ལས་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོའི་རི་མོ་རྩིབས་སྟོང་དང་ལྡན་པས་མཚན་པ་ཉིད་དང༌། སྔོན་གཞན་དག་ཁྱད་དུ་མ་བསད་པ་ལས་ཞབས་ཀྱི་རྟིང་པ་ཡངས་ཤིང་ཞབས་ཀྱི་ལོང་བུ་མི་མངོན་པར་བྱིན་གྱིས་ཟླུམ་པ་ཉིད་དང༌། སྔོན་སེམས་ཅན་རྣམས་ཆོས་ཀྱིས་བསྐྱབས་པ་ལས་ཕྱག་དང་ཞབས་ཀྱི་སོར་མོ་རྣམས་རིང་བ་ཉིད་དང༌། སྔོན་གཞན་གྱི་འཁོར་མ་ཕྱེ་བ་ལས་ཕྱག་དང་ཞབས་ཀྱི་སོར་མོ་རྣམས་གསེར་གྱི་དྲ་བ་ཡིས་ནི་འབྲེལ་བ་ཉིད་དང༌། སྔོན་གོས་བཟང་པོ་སྣ་ཚོགས་བྱིན་པ་ལས་ལྤགས་པ་ཤིན་ཏུ་འཇམ་ཞིང་སྐུ་གཞོན་ཤ་ཅན་དུ་གནས་པས་ལེགས་པ་ཉིད་དང༌། སྔོན་བཟའ་བ་དང་བཏུང་བ་མཆོག་ཏུ་གྱ་ནོམ་པ་བྱིན་པ་ལས་སྐུ་ནི་ཞབས་ཀྱི་བོལ་གོང་གཉིས་དང༌། ཕྱག་གི་རྒྱབ་གཉིས་དང༌། ཕྲག་པའི་སྟེང་གཉིས་དང༌། ལྟག་པ་སྟེ་བདུན་དག་མཐོ་ཞིང་ཤེས་རྒྱས་པར་གང་བ་ཉིད་དང༌། སྔོན་ཡང་སངས་རྒྱས་ཀྱི་ཆོས་ཡོངས་སུ་གཟུང་བ་ལས་བྱིན་པ་རི་དྭགས་ཨེ་ནྱ་ཡ་དང་འདྲ་བར་ཟླུམ་ཞིང་གྲིམས་ལ་རིམ་གྱིས་ཕྲ་བ་ཉིད་དང༌། སྔོན་གསང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པ་ལས་གསང་བའི་གནས་གླང་པོ་ཆེ་འམ་རྟ་ཅང་ཤེས་བཞིན་དུ་སྦུབས་སུ་ནུབ་པ་ཉིད་དང༌། སྔོན་དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྦྱད་པ་ལས་སྐུ་སྟོད་སེང་གེ་དང་འདྲ་བར་རྒྱས་པ་ཉིད་དང༌། སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པ་ལས་ཕྲག་པ་གཉིས་ཀྱི་ཐལ་གོང་བར་སྟོང་པ་མེད་ཅིང་ཤ་རྒྱས་པ་ཉིད་དང༌། སྔོན་གཞན་ལ་མ་འཇིགས་པ་བྱིན་ཞིང་དབུགས་ཕྱུང་བ་ལས་དཔུང་པའི་མགོ་ལེགས་པར་ཟླུམ་ཞིང་ཕྲག་པའི་ལྷུན་མཛེས་པ་ཉིད་དང༌། སྔོན་གཞན་གྱི་གྲོགས་བྱ་བ་ལ་སྤྲོ་བས་ཞུགས་པ་ལས་ཕྱག་གཉིས་རེག་བྱ་འཇམ་ཞིང་དབྱིབས་ཟླུམ་ལ་སྦོམ་ཕྲ་མཐོ་དམན་མེད་པ་དང༌། མ་བཏུད་ཀྱང་ཕྱག་གི་མཐིལ་གྱིས་པུས་མོའི་ལྷ་ངར་སླེབས་པས་ཕྱག་རིང་བ་ཉིད་དང༌། སྔོན་དགེ་བ་བཅུས་མི་ངོམས་པར་སྤྱད་པ་ལས་དྲི་མས་ཡོངས་སུ་དག་པའི་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་ཉིད་དང༌། སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་པ་བྱིན་པ་ལས་མགྲིན་པ་དྲི་མ་མེད་པའི་དུང་རི་མོ་གསུམ་དང་འདྲ་བ་ཉིད་དང༌། སྔོན་དགེ་བའི་སྦྱོར་བ་ཡོངས་སུ་རྫོགས་པར་བསྒྲུབས་པ་ལས་འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བར་རྒྱས་པ་ཉིད་དང༌། སྔོན་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱས་པ་ལས། ཚེམས་ནི་བཞི་བཅུ་ཐམ་པ་ཚང་ཞིང་སྟེང་འོག་ཉི་ཤུ་ཉི་ཤུ་གྲངས་མཉམ་པ་ཉིད་དང༌། སྔོན་སེམས་ཅན་མི་མཛའ་བ་རྣམས་བསྡུམ་པ་ལས་རབ་ཏུ་དག་ཅིང་བར་མེད་པས་ཚེམས་ཐགས་བཟང་བ་ཉིད་དང༌། སྔོན་ཡིད་དུ་འོང་བའི་ནོར་བུ་བྱིན་པ་ལས། དྲི་མ་མེད་ཅིང་རྣམ་པར་དག་པའི་ཚེམས་ནི་རིང་ཐུང་དང་སྦོམ་ཕྲ་མེད་བས་མཉམ་པ་ཉིད་དང༌། སྔོན་སྒོ་གསུམ་གྱི་ལས་ཐམས་ཅད་ཉེས་པའི་དྲི་མས་མ་གོས་པར་སྤྱད་པ་ལས་མཆེ་བ་རབ་མཆོག་དུང་ལྟར་དཀར་བ་ཉིད་དང༌། སྔོན་ཐམས་ཅད་དུ་བདེན་པའི་ཚིག་བསྲུངས་པ་ལས་ལྗགས་རིང་ཞིང་སྲབ་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་ཉིད་དང༌། སྔོན་ཡིད་དུ་འོང་པའི་རོ་བྲོ་བ་བྱིན་པ་ལས་རོ་མི་ཞིམ་པ་རྣམས་ཀྱང་མཐའ་འམ་ཚད་མེད་ཅིང་གཞན་གྱིས་བསམ་ཏུ་མེད་པའི་རོ་བྲོ་བའི་མཆོག་ཉིད་དུ་མཁྱེན་པ་དང༌། སྔོན་ཚིག་ངན་པ་སྤངས་ཤིང་སྙན་པར་སྨྲས་པ་ལས་རྟོག་པའི་ཀུན་སློང་ལ་མ་ལྟོས་པར་རང་བྱུང་གི་གསུང་ཀ་ལ་པིང་ཀའི་སྒྲ་དང་ཚངས་པའི་དབྱངས་ལྟར་སྙན་ཅིང་རྒྱང་རིང་པོར་ཐོས་པ་ཉིད་དང༌། སྔོན་བྱམས་པའི་སྒོ་ནས་གཞན་རྗེས་སུ་བསྐྱངས་པ་ལས་སྤྱན་བཟང་པོ་ཨུཏྤལའི་འདབ་མ་ལྟར་དཀར་ནག་འབྱེས་ཤིང་དཀྱུས་རིང་བ་ཉིད་དང༌། སྔོན་བསམ་པ་གཡོ་རྒྱུ་མེད་པར་མཛད་པ་ལས་རྫི་མ་ཁྱུ་མཆོག་གི་རྫི་མ་དང་འདྲ་བར་འཐུག་ཅིང་གནག་ལ་མ་འཛིངས་པ་ཉིད་དང༌། སྔོན་བསྔགས་པར་འོས་པ་རྣམས་བསྔགས་པ་ལས་ཞལ་གྱི་དཀྱིལ་འཁོར་མཛེས་ཤིང་དྲི་མ་མེད་པའི་སྨིན་མཚམས་སུ་མཛོད་སྤུ་དཀར་པོ་འཐེན་ན་ཁྲུ་གང་དུ་རིང་ཞིང་བཞག་ན་གཡས་ཕྱོགས་སུ་འཁྱིལ་ཏེ་གནས་པ་དང་ལྔན་པ་ཉིད་དང༌། སྔོན་བླ་མ་ལ་གུས་ཤིང་འདུད་པ་བྱས་པ་ལས་གཙུག་ཏོར་དབུའི་རྩེ་མོར་ལྡན་པ་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མངོན་པ་ཉིད་དང༌། སྔོན་སེམས་ལས་སུ་རུང་པར་བྱས་ཤིང་ཡིད་དུ་འོང་བའི་མལ་བསྟན་བྱིན་པ་ལས། དྲི་མས་དག་ཅིང་མ་འཁུམས་པས་སྲབ་པའི་ལྤགས་པ་གསེར་གྱི་མདོག་དང་འདྲ་བ་སེམས་ཅན་རྣམས་ཀྱི་མཆོག་སངས་རྒྱས་ལ་མངའ་བ་ཉིད་དང༌། སྔོན་འདུ་འཛི་སྤངས་པས་དགེ་བ་སྤེལ་ཏེ་མཁན་པོ་དང་སློབ་དཔོན་ལ་སོགས་པའི་གདམས་ངག་འཐུན་པར་བཟུང་བ་ལས་བ་སྤུ་རྣམས་ལེགས་པར་ཕྲ་ལ་འཇམ་ཞིང་རེ་རེ་ནས་སྐྱེས་ཏེ་སྐུའི་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང༌། སྔོན་བརྡེག་པ་དང་མཚོན་ཆ་ལ་སོགས་པ་སྤངས་པ་ལས་དབུ་སྐྲ་དྲི་མ་མེད་པའི་རིན་ཆེན་མཐོན་མཐིང་བཞིན་དུ་གནས་པ་ཉིད་དང༌། སྔོན་རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བ་ལས་སྐུ་ནྱ་གྲོ་དྷའི་སྡོང་པོ་ཡོངས་སུ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་ཆུ་ཞེང་གབ་པ་ཉིད་དང་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་ཞིག་པ་རྣམས་གསོས་པ་དང༌། སེམས་ཅན་འཇིགས་པ་རྣམས་དབུགས་དབྱུང་བ་ལས་ཀུན་ཏུ་བཟང་པོ་དཔེ་མེད་པའི་དྲང་སྲོང་ཆེན་པོ་སངས་རྒྱས་ནི་སྲིད་མེད་ཀྱི་བུའི་སྟོབས་ལྟ་བུ་མངའ་ཞིང་རྡོ་རྗེ་ལྟར་མཁྲེགས་པའི་སྐུ་ཆེ་ཞིང་དྲང་ལ་ཀུན་ནས་མཛེས་པ་དང་ལྡན་པ་ཉིད་དེ། དེ་ལྟར་ན་ཐ་མལ་བ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་ཅིང་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བའི་ཡོན་ཏན་སུམ་ཙུ་རྩ་གཉིས་པོ་འདི་དག་ལྷ་དང་མི་རྣམས་ཀྱི་སྟོན་པ་ཐམས་ཅད་མཁྱེན་པ་མིའི་དབང་པོ་སྐྱེས་བུ་ཆེན་པོ་རྣམས་ཀྱི་མཚན་བཟང་པོའི་ཡོན་ཏན་དུ་མདོ་སྡེ་ལས་གསལ་བར་གསུང་ཤིང་དེ་རྣམས་འདིར་ཡང་བཀོད་པའོ། །ཞེས་པའོ། ། མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ་བ། མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ་བ་ནི། དཔེ་ཇི་ལྟར་ན་སྤྲིན་མེད་པའི་དུས་ཀྱི་སྟོན་ཀའི་ཟླ་བའི་གཟུགས་ཡོངས་སུ་རྫོགས་པ་ནམ་མཁའི་དཀྱིལ་དུ་མཐོང་བ་དང༌། སྟོན་ཀའི་དུས་ཀྱི་ཆུ་སྔོན་པོ་དྭངས་ཞིང་དྲི་མ་མེད་པའི་མཚོར་ནི་མཐོང་བ་ལྟར་དོན་དེ་བཞིན་དུ་རྒྱལ་སྲས་ས་བཅུ་པ་རྣམས་དང་སློབ་མ་ཕལ་པའི་ཚོགས་རྣམས་ཀྱིས། ཁྱབ་བདག་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའི་གཟུགས་གཉིས་པོ་དག་རིམ་པ་ལྟར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དང༌། འཇིག་རྟེན་པའི་དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་རོ། །ཞེས་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔས་མཐོང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ནམ་མཁའི་ཟླ་བ་དང་འདྲ་ཞིང༌། ཕལ་པ་རྣམས་ཀྱིས་མཐོང་བ་སྤྲུལ་པའི་སྐུ་ནི་ཆུ་ནང་གི་ཟླ་བ་དང་འདྲའོ། །ཞེས་པའོ། ། ལུང་ལས་རྟོགས་ཚུལ་ནི། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་སོ་སོར་རེ་རེ་ཞིང་ཆོས་སྐུ་ལ་ཡོད་པའི་ཡོན་ཏན་རྣམས་དྲི་མ་དང་བྲལ་བར་བྱེད་པའི་རྒྱུ་དང་བཅས་ཤིང༌། གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་རྣམས་རིམ་གྱིས་སྐྱེད་པར་བྱེད་པའི་རྒྱུ་དང་བཅས་ཏེ། འདིར་བསྟན་པའི་གྲངས་དང་གོ་རིམ་ཇི་ལྟ་བ་བཞིན་དུ། རིན་ཆེན་གྱིས་ཞུས་པའི་མདོ་ཐེག་ཆེན་པོའི་མན་ངག་ཅེས་བྱ་བའི་རྗེས་སུ་འབྲངས་ནས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཞེས་པའོ། ། སླར་ཡང་བསྟན་པ། སླར་ཡང་བསྟན་པ་ལ་གཉིས། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན་པ། དེ་དག་སྤྱར་ཏེ་སོ་སོར་བཤད་པའོ། ། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན་པ། དེ་ལ་སྤྱིར་བསྟན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་རང་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་དང་མཚུངས་པ་དང༌། མི་འཇིགས་པ་བཞི་ནི་སྤོབས་པ་མི་ཞན་པའི་ཕྱིར་སེང་གེ་དང་མཚུངས་པ་དང༌། མ་འདྲེས་པ་བཅྭོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེད་ཅིང་ཐུན་མོང་མ་ཡིན་པའི་ཕྱིར་ནམ་མཁའ་དང་མཚུངས་པ་དང༌། མཚན་བཟང་པོ་དང༌། བཅས་བའི་གཟུགས་སྐུ་གཉིས་ནི་ཆོས་སྐུ་ནམ་མཁའ་དང་འདྲ་བ་ལས་གཡོ་པ་མེད་བཞིན་དུ་གདུལ་བྱ་ལ་སྣང་བའི་ཕྱིར་ཟླ་བ་དང་མཚུངས་པས་ན་ཡོན་ཏན་སྡེ་ཚན་བཞི་པོ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྫས་ཀྱི་དངོས་པོ་རྡོ་རྗོའི་དཔེ་དང༌། རི་དྭགས་གྱི་དབང་པོ་སེང་གེའི་དཔེ་དང༌། འདུས་མ་བྱས་ནམ་མཁའི་དཔེ་དང༌། དག་པའི་ཆུའི་ནང་དུ་འཆར་བ་དང་བཅས་པའི་ཟླ་བའི་དཔེས་བསྟན་པ་ཉིད་དོ། །ཞེས་པའོ། ། དེ་དག་སྤྱར་ཏེ་སོ་སོར་བཤད་པ། སོ་སོར་བཤད་པ་ལ་གཉིས། བྲལ་འབྲས་ཆོས་སྐུའི་ཡོན་ཏན་བཤད་པ་དང༌། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་བཤད་པའོ། ། བྲལ་འབྲས་ཆོས་སྐུའི་ཡོན་ཏན་བཤད་པ། བྲལ་འབྲས་ལ་གཉིས། ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལ་གསུམ་སྟེ། སྟོབས་རྣམས་རྡོ་རྗེས་མཚོན་ཚུལ། མི་འཇིགས་པ་སེང་གེས་མཚོན་ཚུལ། མ་འདྲིས་པ་ནམ་མཁས་མཚོན་ཚུལ་ལོ། ། ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ། སྟོབས་ཀྱིས་མཚོན་ཚུལ་ལ་གཉིས་ལས།  སོ་སོའི་མཚོན་ཚུལ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པའི་སྟོབས་བཅུ་པོ་རྣམས་ལས་སྟོབས་དང་པོ་དྲུག་དང་བར་མ་གསུམ་དང་ཕྱི་མ་གཅིག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་བྱའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་དང༌། བག་ཆགས་དང་བཅས་པའི་སྒྲིབ་པ་ཀུན་ནས་བསལ་བས་རྡོ་རྗེ་དང་འདྲ་བ་ཡིན་ཏེ། སྒྲིབ་པ་གསུམ་གོ་ཆ་དང༌།རྩིག་པ་དང༌། ཤིང་བཞིན་དུ་གནས་པ་ལས་སྟོབས་རྣམས་ཀྱིས་རིམ་པ་ལྟར་ཕུག་པ་དང༌། བཤིག་པ་དང་བཅད་པར་བྱས་པའི་ཕྱིར་རོ། །ཞེས་པའོ། ། ཐུན་མོང་གི་མཚོན་ཚུལ་ནི། བརླིང་བ་ཉིད་དང༌། སྙིང་པོ་ཉིད་དང༌། བརྟན་པ་ཉིད་དང་མི་ཕྱེད་པ་ཉིད་དེ། ཡོན་ཏན་གྱིས་ཆོས་བཞི་དང་ལྡན་པས་ན། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟོབས་བཅུ་པོ་ཐམས་ཅད་ནི་རྡོ་རྗེ་དང་འདྲ་བ་ཉིད་དོ། །དེ་ཡང་རྒྱུ་མཚན་གང་གི་ཕྱིར་བརླིང་པ་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྙིང་པོ་ཡིན་ཞེ་ན་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་བསྟན་པ་ཡིན་པའི་ཕྱིར། གང་གི་ཕྱིར་བརྟན་པ་ཡིན་ཞེ་ན་རྣམ་པར་རྟོག་པ་དང་མཚན་མ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་ཡང་སྤང་བྱ་ཐམས་ཅད་ནི་འཇོམས་ཤིང་སྤང་བྱས་ནི་སླར་ཡང་མི་ཕྱེད་པའི་ཕྱིར་ན། སྟོབས་བཅུ་པོ་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ།། ཞེས་པའོ། ། མི་འཇིགས་པའི་ཚུལ་ལ་གཉིས་ལས། བསྟན་པ་ནི། སུ་ལ་ཡང་འཇིགས་པ་མེད་པའི་ཕྱིར་དང་གཞན་དག་ལ་ལྟོས་པ་མེད་པའི་ཕྱིར་དང༌། བློའི་སྟོབས་རབ་ཏུ་བརྟན་པའི་ཕྱིར་དང༌། མི་མཐུན་པའི་ཕྱོགས་འཇོམས་པ་ལ་རྩལ་ནི་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡོན་ཏན་གྱི་ཆོས་བཞི་དང་ལྡན་པས་ན་ཐུབ་པའི་དབང་པོ་མི་ཡི་སེང་གེ་ནི། སེང་གེ་ཆོས་བཞི་དང་ལྡན་པས་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞིན་དུ་འཁོར་གྱི་ཚོགས་མཐའ་ཡས་པའི་དབུས་སུ་འཇིགས་པ་དང་བག་ཚ་བ་མི་མངའ་བར་གནས་སོ། །ཞེས་པའོ། །བཤད་པ་ནི། དེ་ལྟར་ཆོས་བཞི་དང་ལྡན་པར་ཡང་གང་གིས་ཤེས་སྙམ་ན་ཤེས་བྱའི་རྣམ་པ་ཀུན་མ་ལུས་པར་མངོན་སུམ་དུ་མཁྱེན་པས་དྲི་བ་ཐམས་ཅད་ལུང་བསྟན་པར་ནུས་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པའི་སྐྱེ་བོ་གང་ལས་ཀྱང་འཇིགས་པ་མེད་པར་ནི་རྣམ་པར་གནས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་བཞིན་དུ་སྒྲིབ་པ་ཅི་རིགས་པས་དག་པའི་སེམས་ཅན་ཉན་ཐོས་དགྲ་བཅོམ་པ་དང༌། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་ཡང་བདག་ཉིད་མི་མཉམ་ཞིང་དེ་དག་ལས་ལྷག་པར་གཟིགས་པའི་ཕྱིར་གཞན་སུ་ལ་ཡང་ལྟོས་པ་མེད་པའི་ཡོན་ཏན་དང་ལྡན་ཞིང༌། ཐུགས་ནི་ཇི་ལྟ་བ་དང་ཇི་རྙེད་པའི་ཆོས་རྣམས་ཐམས་ཅད་ལ་རྣམ་པར་མི་རྟོག་ཅིང་རྩེ་གཅིག་ཏུ་གནས་པའི་ཕྱིར་ན་ཏིང་ངེ་འཛིན་ལས་བརྟན་པ་ཉིད་ཀྱི་ཕྱིར་ཡོན་ཏན་དང་ལྡན་པ་ཡིན་ལ། མཆོག་ཏུ་སྤངས་དཀའ་བའི་མ་རིག་བག་ཆགས་ཀྱི་སའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ལས་ཀྱང་ལེགས་པར་བརྒལ་པའི་ཕྱིར་མི་མཐུན་ཕྱོགས་འཇོགས་པ་ལ་རྩལ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཞེས་པའོ། ། མ་འདྲེས་པའི་མཚོན་ཚུལ་ནི། འཇིག་རྟེན་ཐ་མལ་པ་བདག་ཏུ་འཛིན་པ་རྣམས་དང༌། ཉན་ཐོས་འཕགས་པ་གང་ཟག་གི་བདག་མེད་རྟོགས་པ་རྣམས་དང༌། ཞི་བ་མཐའ་གཅིག་ཏུ་སྤྱོད་པའི་རང་སངས་རྒྱས་གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་བདག་མེད་པར་རྟོགས་པ་རྣམས་དང༌། བློ་ལྡན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀ་མེད་པར་རྟོགས་པ་རྣམས་དང༌། རང་བྱུང་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པ་རྣམས་གོང་ནས་གོང་དུ་བློ་དག་ནི་ཕྲ་ཞིང་ཟབ་པ་མཆོག་ཏུ་གྱུར་པའི་ཕྱིར་དང༌། དེ་དག་གི་རིམ་པ་མཚོན་པར་བྱེད་པའི་དཔེ་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་སྟེ། འབྱུང་བ་རྣམ་པ་ལྔ་པོ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་ཕྲ་ཞིང་ཟབ་པ་དང་ཆོས་མཚུངས་ལ༑ ཡང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི། འཇིག་རྟེན་མ་ལུས་པ་ཀུན་གྱི་ཉེ་བར་འཚོ་བའི་གཞི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། སས་རྟེན་བྱེད་པ་དང༌། ཆུས་སྡུད་པར་བྱེད་པ་དང༌། མེས་སྨིན་པར་བྱེད་པ་དང༌། རླུང་གིས་མི་རུལ་བར་བྱེད་པས་འཇིག་རྟེན་རྣམས་ཀྱི་ཉེར་འཚོ་བྱེད་པ་དག་དང་མཚུངས་ཤིང༌། ཡང་ན་ནི་སངས་རྒྱས་ལ་མངོན་དུ་གྱུར་པའི་ཆོས་རྣམས་འཇིག་རྟེན་པ་་སོ་སོའི་སྐྱེ་བོ་དང༌། འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལས་ཡང་དག་པར་འདས་ཤིང༌། དེ་དག་དང་ཐུན་མོང་མ་ཡིན་པའི་ཕྱིར། ནམ་མཁའ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། ། བསྡུས་ཏེ་དབྱེ་བ་མེད་ཚུལ། བསྡུས་ཏེ་དབྱེ་བ་མེད་ཚུལ་ནི། དེ་ལྟར་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅྭོ་བརྒྱད་པོ་དག་དྲི་མ་དང་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ཡིན་པ་འདི་རྣམས་ཀྱང་རང་དོན་དོན་དམ་པ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ།དཔེར་ན་ནོར་བུ་རིན་ཆེན་གྱི་འོད་དང་ཁ་དོག་དང་དབྱིབས་རྣམས་དང་དབྱེ་བ་མེད་པ་བཞིན་དུ་དོན་དམ་པའི་ཡོན་ཏན་རྣམས་ལ་རྣམ་པར་དབྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། ། སྨིན་འབྲས་ལ་གཉིས་ལས། མཚན་རྣམས་སྐུ་གཉིས་ལ་གནས་ཚུལ་ནི། ལེགས་གནས་འཁོར་ལོས་མཚན་པ་ལ་སོགས་མཚན་བཟང་པོས་བརྒྱན་པའི་སྐུ། གདུལ་བྱས་མཐོང་བ་ཙམ་ཉིད་ན་འདི་དག་ནི་སྐྱེས་བུ་ཆེན་པོའོ་ཞེས་ཡིད་ཚིམ་ཞིང་དང་པ་སྐྱེད་པར་བྱེད་པའི་ཡོན་ཏན་གང་ཡིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ཡིན་ལ། དེ་རྣམས་ཀྱང་ཐུན་མོང་དུ་སྣང་བ་སྤྲུལ་པའི་སྐུ་དང༌། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ།གཟུགས་ཀྱི་སྐུ་རྣམ་པ་གཉིས་ལ་བརྟེན་པ་ཡིན་ནོ། །ཞེས་པའོ། ། གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ་ནི། གཟུགས་སྐུ་མཐོང་བའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམ་པར་དག་པ་ལས་རིང་་བའི་གདུལ་བྱ་སོ་སོའི་སྐྱེ་བོ་དང༌། ཉན་ཐོས་ལ་སོགས་པ་དང༌། ཉེ་བའི་གདུལ་བྱ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རིམ་པ་ཇི་ལྟ་བར་འཇིག་རྟེན་པའི་འཁོར་ཀྱི་དཀྱིལ་འཁོར་དུ་ཕལ་པ་རྣམས་ལ་སྤྲུལ་པའི་སྐུ་སྣང་ཞིང༌། རྒྱལ་བའི་འཁོར་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ནི། དཔེར་ན་ཆུ་དག་པའི་ནང་དུ་ཟླ་བའི་གཟུགས་མཐོང་བ་དང༌། ནམ་འཁར་ཟླ་བའི་གཟུགས་མཐོང་བ་ཇི་ལྟ་བ་བཞིན་ཏེ། དེ་ལྟར་མཚན་བཟང་པོས་བརྒྱན་པའི་སྐུ་གཉིས་པོ་དེ་མཐོང་བའི་གདུལ་བྱའི་རིགས་རྣམ་པ་གཉིས་ཡིན་པས་གཟུགས་ཀྱི་སྐུ་མངོན་པར་འདོད་པས་ཀྱང་དག་པའི་སྐལ་པ་དང་ལྡན་པར་བྱའོ། །ཞེས་པའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡོན་ཏན་གྱི་སྐབས་སྟེ་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །། རྟོགས་པར་བྱེད་པ་འཕྲིན་ལས་ཀྱི་དོན། ད་ནི་ཡོན་ཏན་དེ་དག་ཐོབ་པའི་ནུས་པ་ལས་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དབང་དུ་བྱས་ནས། རྟོགས་པར་བྱེད་པའི་ཐབས་ཕྲིན་ལས་ཀྱི་དོན་ལ་གཉིས་ཏེ། ལྷུན་གྲུབ་རྒྱུན་མི་འཆད་ཚུལ་བསྟན་པ་དང༌། དེ་ཉིད་དཔེ་ཡིས་ངེས་པར་བྱ་བའོ། ། ༡ ལྷུན་གྲུབ་རྒྱུན་མི་འཆད་ཚུལ། ལྷུན་གྲུབ་རྒྱུན་མི་འཆད་ཚུལ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་བཤད་དོ། ། མདོར་བསྟན་པ། དེ་ལ་མདོར་བསྟན་ནི། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ན་གདུལ་བྱ་མཐའ་ཡས་པའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང༌། རིགས་ཐ་དད་པ་རྣམས་མངོན་སུམ་དུ་མཁྱེན་ཡང་འདི་དང་འདི་ཤེས་པར་བྱའོ་སྙམ་དུ་རྣམ་པར་རྟོག་པའི་འབད་རྩོལ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། དེ་བཞིན་དུ་སྦྱར་ཏེ་གདུལ་བྱ་རྣམས་ཀྱི་རང་རང་གི་བསམ་པ་དང་མཐུན་པར། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང༌། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཞི་བ་དང་དྲག་པོ་ལ་སོགས་པ་འདུལ་བའི་ཐབས་སྣ་ཚོགས་སྟོན་པ་ལ་འབད་རྩོལ་མི་མངའ་བ་དང༌། དེ་བཞིན་དུ་ནི་གདུལ་བྱའི་ཁམས་སྣ་ཚོགས་པ་དེ་རྣམས་ཀྱི་འདུལ་བའི་བྱ་བ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་སྣ་ཚོགས་ལ་འགོད་པའང་འབད་རྩོལ་མི་མངའ་བ་དང༌། གདུལ་བྱ་གང་ན་ཡོད་པ་དེའི་ཡུལ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་གཤེགས་པའང་འབད་རྩོལ་མི་མངའ་བ་དང༌། གདུལ་བྱ་ནི་འདུལ་བའི་དུས་སུ་བབ་པ་ན་དེ་དག་འདུལ་བའི་ཆེད་དུ་གཤེགས་པ་ལ་ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས་རྟག་ཏུ་རྣམ་པར་རྟོག་པ་ལ་སོགས་པའི་འབད་རྩོལ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་གོ །ཞེས་པ་སྟེ། ལྷུན་གྲུབ་གྱི་དོན་མདོར་བསྟན་པའོ། ། རྒྱུན་མི་འཆད་པའི་དོན་མདོར་བསྟན་པ་ནི། ངེས་པར་འབྱིན་པའི་རྒྱུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་རིན་ཆེན་མཆོག་ཏུ་གྱུར་པའི་ཚོགས་དུ་མ་དང་ལྡན་ཞིང༌། དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བཅུ་དང༌། ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཉི་མའི་འོད་ཟེར་ལྟ་བུ་ཅན་ཏེ། འདིས་འགྲོ་བ་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབ་པ་ལས་བྱུང་བ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང༌། རྒྱལ་བའི་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ། དེ་བཞིན་དུ་དེ་དག་གི་འབྲས་བུ་ཕུན་སུམ་ཚོགས་པ་མཐའ་དང་དབུས་མེད་ཅིང་རྒྱ་ཆེ་བས་ན་ནམ་མཁའ་ལྟར་ཁྱབ་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ཡང་དེའི་མཛད་པ་རྒྱུན་མི་འཆད་པ་ཡིན་ལ། བྱང་ཆུབ་ཐོབ་ནས་ཀྱང་དོན་དམ་པའི་སངས་རྒྱས་ཉིད་ནི་སྟོབས་ལ་སོགས་པའི་ཡོན་ཏན་རང་བཞིན་གྱིས་དྲི་མ་མེད་པ་དང་ལྡན་པ་གདོད་མ་ནས་གཏེར་དང་འདྲ་བར་སེམས་ཅན་ཀུན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཡོད་པ་རྣམ་པར་གཟིགས་ནས་དེ་དག་ཡོངས་སུ་འཛིན་པར་མཛད་པའི་ཕྱིར་དང༌། ཡོངས་སུ་འཛིན་པའི་རྒྱུ་མཚན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའ་དང་འདྲ་བ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་གྱིས་དྲ་བ་འདྲ་བ་རྣམས་བསལ་་དགོས་པའི་ཕྱིར་དང༌། སྒྲིབ་པ་དེ་སེལ་བར་བྱེད་པའི་རྐྱེན་ཡང་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཤུགས་རླུང་དྲག་པོ་དང་འདྲ་བ་དག་གིས་དྲི་མའི་སྤྲིན་རྣམས་རྣམ་པར་གཏོང་བར་ནུས་པ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་པའོ། ། རྣམས་གྲངས་སུ་ནི། ལུས་ཅན་རྣམས་གནས་སྐབས་སུ་ས་བཅུ་དང་ཚོགས་གཉིས་ལ་ཡང་སྦྱོར་ཞིང༌། མཐར་ཐུགས་བྱང་ཆུབ་ལ་སྦྱར་ཏེ། དེས་ཀྱང་སེམས་ཅན་རྣམས་ཀྱི་སྒྲིབ་པ་རྣམས་ཐུགས་རྗེས་འཇོམས་པར་མཛད་པའི་ཕྱིར། འཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །ཞེས་ཀྱང་སྦྱར་བར་བྱའོ། ། རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གཉིས་ལས། ལྷུན་གྱིས་གྲུབ་པའི་དོན། ལྷུན་གྱིས་གྲུབ་པའི་དོན་ནི། གདུལ་བྱ་གང་ཞིག་གི་ཆེད་དུ་འཇུག་པ་དང༌། ཐབས་གང་གིས་འདུལ་བ་དང༌། གདུལ་བའི་བྱ་བ་གང་ཡིན་པ་དང༌། གདུལ་བྱ་གནས་པའི་ཡུལ་གང་དུ་གཤེགས་པ་དང་སྐབས་སུ་བབ་པའི་དུས་སུ་གང་གི་ཚེ་འདུལ་བ་རྣམས་ལ་དེ་དང་དེའི་ཀུན་སློང་གི་རྣམ་པར་རྟོག་པ་སྐྱེ་བ་མིན་ཞིང་འབད་རྩོལ་གྱིས་གཡོ་བ་མེད་པའི་ཕྱིར་ན་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་འཕྲིན་ལས་ནི་དུས་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག་ཅིང་བསམ་པ་སྣ་ཚོགས་ཅན་གྱི་གདུལ་བྱའི་ཁམས་ནི་གང་ཞིག་གི་ཆེད་དུ་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པས་གདུལ་བའི་ཐབས་མང་པོ་གང་དག་གིས་འདུལ་བ་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གནས་སྐབས་སུ་མངོན་པར་མཐོ་བ་དང༌། མཐར་ཐུག་ཏུ་ངེས་པར་ལེགས་པ་ལ་འགོད་པ་ལྟ་བུ་གདུལ་བའི་བྱ་བ་གང་ཡིན་པ་རྣམས་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གང་དུ་ནི་ཡུལ་གང་དང་གང་གི་ཚེ་ནི་དུས་ཏེ། གདུལ་བྱ་གང་ན་ཡོད་པའི་ཡུལ་དང་འདུལ་བའི་སྐབས་སུ་བབ་པའི་དུས་སུ་གཤེགས་པ་དེ་དག་ལ་ཡང་རྣམ་པར་རྟོག་པའི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པའོ། །ཞེས་པའོ། ། རྒྱུན་མི་ཆད་པའི་དོན། རྒྱུན་མི་འཆད་པའི་དོན་ལ་ལྔ་སྟེ།   མིང་གི་དབྱེ་བ་སྟན་པ།   དོན་གྱི་ངོ་བོ་བཤད་པ།   དེ་དག་དཔེ་ཡིས་མཚོན་ཚུལ། དཔེ་དོན་རྒྱས་པར་བཤད་པ། བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། ། མིང་གི་དབྱེ་བ་སྟན་པ། དེ་ལ་མིང་གི་དབྱེ་པ་ནི་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ། འཕྲིན་ལས་འབྱུང་བའི་ངེས་པར་འབྱིན་པའི་རྒྱུ་དང༌། དེའི་ཉེ་བར་སྟོན་པའི་རྐྱེན་དང༌། རྒྱུ་རྐྱེན་དེ་དག་ལ་འབྲས་བུ་འགྲུབ་པའི་ཚུལ་དང༌། འབྲས་བུ་དེ་ཡི་འཕྲིན་ལས་འཇུག་པའི་ཡུལ་ཡོངས་སུ་འཛིན་པ་དང༌། ཡུལ་དེ་དག་གི་སྒྲིབ་པ་སྤང་བར་བྱ་བ་དང༌། སྒྲིབ་པ་དེ་གཅོད་པར་བྱེད་པའི་རྐྱེན་རྣམས་ལ་ནི་རྣམ་པར་རྟོག་པ་མེད་ཅིང་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །ཞེས་པའོ། ། དོན་གྱི་ངོ་བོ་བཤད་པ། དོན་གྱི་ངོ་བོ་ནི། རྒྱུ་མཚན་དྲུག་པོ་དེ་དག་གང་ཞེ་ན། མཐར་ཐུག་པའི་གོ་འཕང་དུ་ངེས་པར་འབྱིན་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་་སེམས་དཔའི་ས་བཅུ་པོ་རིམ་པ་ལྟར་བགྲོད་པས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་དག་ནི་ས་བཅུ་པོ་དེའི་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་འཕེལ་ཞིང་སྟོན་པའི་རྒྱུ་ཡིན་ཞིང༌། དེ་ལྟར་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཕྱིར་ཡང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་ལ། དེ་དག་མཐར་ཕྱིན་པའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྱུར་པ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ཡང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་ཆད་ཅིང༌། བྱང་ཆུབ་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གཟིགས་ནས་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་དང༌། ཡོངས་སུ་འཛིན་པའི་རྒྱུ་མཚན་ཡང་སེམས་ཅན་རྣམས་ཀྱི་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་མཐའ་ཡས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྟེ། གློ་བུར་གྱི་དྲི་མ་རྣམ་གཞོམ་དགོས་པའི་ཕྱིར་དང༌། དུས་ཀུན་ཏུ་ནི་སྒྲིབ་པ་དེ་འཇོམས་པར་བྱེད་པའི་རྐྱེན་ནི་ཐུགས་རྗེ་ཆེན་པོས་ལམ་སྟོན་པ་ཡིན་པའི་ཕྱིར་ན། སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །ཞེས་སོ། ། དེ་དག་དཔེ་ཡིས་མཚོན་ཚུལ། དཔེ་ཡིས་མཚོན་ཚུལ་ནི། དེ་བཞིན་གཤེགས་པའི་ཕྲིན་ལས་རྒྱུན་མི་འཆད་པའི་རྒྱུ་མཚན་དུ་གྱུར་བའི་དོན་གྱི་གནས་ནི་དྲུག་པོ་འདི་དག་རྣམས་དཔེ་དང་དོན་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱར་ནས་ཤེས་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་ནི་རྒྱ་མཚོ་ཇི་ལྟ་བ་བཞིན་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཉི་མ་ཇི་ལྟ་བ་བཞིན་དང༌། དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་པོ་ནི་ནམ་མཁའ་ཇི་ལྟ་བ་བཞིན་དང་བྱང་ཆུབ་ཀྱིས་གཟུང་བར་བྱ་བ་སེམས་ཅན་གྱི་ཁམས་ནི་གཏེར་ཇི་ལྟ་བ་བཞིན་དང༌། དེའི་དྲི་མ་ཉོན་མོངས་པ་རྣམས་ནི་སྤྲིན་ཇི་ལྟ་བ་བཞིན་དང༌། དེ་དག་འཇོམས་པའི་ཐུགས་རྗེ་ཆེན་པོ་ནི་རླུང་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཞེས་པའོ། ། དཔེ་དོན་རྒྱས་པར་སྦྱར་བ། དཔེ་དོན་སྦྱར་བ་ནི། དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུ་དང་བཅས་ཤིང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱིས་རིན་ཆེན་དང་ལྡན་པའི་ཕྱིར་ན་ངེས་པར་འབྱིན་པའི་རྒྱུ་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་ནི་རྒྱ་མཚོ་ཇི་ལྟ་བ་བཞིན་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་འཚོ་ཞིང་ཕན་པར་བྱེད་པའི་ཕྱིར་ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་་་ཚོགས་གཉིས་པོ་དག་ནི་ཉི་མ་ཇི་ལྟ་བ་བཞིན་ཡིན་ཞིང༌། ཐམས་ཅད་དུ་ཁྱབ་པས་རྒྱ་ཆེ་བ་དང་མཐའ་དང་དབུས་མེད་པས་ཟབ་པའི་ཕྱིར།དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་པོ་ནི་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ཡོན་ཏན་གྱི་འབྱོར་བ་ཟད་མི་ཤེས་པ་དང་བཅས་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པའི་ཕྱིར་ཡོངས་སུ་གཟུང་བར་བྱ་བའི་སེམས་ཅན་རྣམས་ཀྱི་ཁམས་རང་བཞིན་གྱིས་དག་པའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཏེར་ཆེན་པོ་དང་འདྲ་ཞིང༌། སྤང་རུང་གློ་བུར་བ་ཡིན་པ་དང་རང་བཞིན་ལ་ཁྱབ་པར་བྱེད་པ་དང་དོན་དམ་པར་བདེན་པར་མ་གྲུབ་པའི་ཕྱིར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེའི་སྒྲིབ་པ་ཉོན་མོངས་པ་རྣམས་ནི་སྤྲིན་གྱི་ཚོགས་འཐུག་པོ་ཇི་ལྟ་བ་བཞིན་ཡིན་ལ། ཉོན་མོངས་པ་སྤྲིན་དང་འདྲ་བ་དེ་འཐོར་བར་བྱེད་པའི་ལམ་སྟོན་པར་ནི་ཉེ་བར་གནས་པའི་ཕྱིར་སྒྲིབ་པ་སྤོང་བའི་རྐྱེན་ཐུགས་རྗེ་ཆེན་པོ་མི་ཟད་ཅིང་རབ་ཏུ་དྲག་པའི་རླུང་གི་ཤུགས་དང་འདྲ་བ་ཡིན་ནོ། །ཞེས་པའོ། ། བསྡུས་ཏེ་རྒྱུན་མི་འཆད་ཚུལ། རྒྱུན་མི་འཆད་ཚུལ་ནི། སྔོན་ས་བཅུར་ཚོགས་གཉིས་བསྒྲུབས་པའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་ཤིང་སྨོན་ལམ་བཏབ་པས་རྒྱུ་ཕུན་སུམ་ཚོགས་པ་གཞན་གྱི་དབང་གིས་ངེས་པར་འབྱུང་བའི་ཕྱིར་དང༌། བདག་ཉིད་ཀྱིས་ཐོབ་པའི་བྱང་ཆུབ་ཆེན་པོ་དང་སེམས་ཅན་གྱི་དབྱིངས་རང་བཞིན་གྱིས་དག་པར་ཁྱད་པར་ཅུད་ཟད་ཀྱང་མེད་ཅིང་མཚུངས་པར་གཟིགས་ནས་འཕྲིན་ལས་དོན་ཡོད་པར་མཁྱེན་པའི་ཕྱིར་དང༌། འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐུགས་རྗེ་ཆེན་པོས་འཇོམས་པའི་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ན། གདུལ་བྱའི་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་དོ།། ཞེས་པའོ། ། ༢ དེ་ཉིད་དཔེ་ཡིས་ངེས་པར་བྱ་བ། དེ་ཉིད་དཔེ་ཡིས་ངེས་པར་བྱ་བ་ནི། སངས་རྒྱས་རྣམས་སྐྱེ་བ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ན། དེ་ལས་ཇི་ལྟར་འཁོར་བ་ཇི་སྲིད་དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་མཛད་པ་འཇུག་ཅེས་ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས་ཀྱི་འཁྲུལ་པ་སྤངས་ནས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེ་རྣམས་གསལ་བ་མང་པོས་འཆད་པ་ཡིན་པས། དེ་ལ་བཞི་སྟེ། སྡོམ་དུ་བསྡུས་ཏེ་དཔེ་ཡིས་དབྱེ་བ། དོན་དང་སྦྱར་ཏེ་སོ་སོའི་ངོ་བོ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ། སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པའོ། ། སྡོམ་གྱིས་བསྟན་པ། སྡོམ་གྱིས་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་འཕྲིན་ལས་རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་ཅིང༌། རྒྱུན་མི་འཆད་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་སྐལ་བ་དང་འཚམས་པར་འཇུག་པ་དེ་ཉིད་མཚོན་པར་བྱེད་པའི་དཔེ་ནི་རྣམ་པ་དགུ་ཡིན་ཏེ། དེ་ཡང་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི་བརྒྱ་བྱིན་ལྷའི་གནས་ནས་མ་གཡོས་པར་གཟུགས་བརྙན་མི་ཡུལ་དུ་ཤར་བས། དགེ་བ་ལ་བསྐུལ་བ་ཇི་ལྟ་བ་བཞིན་དང༌། གསུང་གི་གདམས་ངག་སྣ་ཚོགས་པ་གསུངས་པ་ནི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་བསྟན་པས་ལྷ་རྣམས་ལ་ཕན་འདོགས་པ་ཇི་ལྟ་བ་བཞིན་དང༌། ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ནི་སྤྲིན་གྱིས་ཐམས་ཅད་དུ་ཁྱབ་པར་བྱས་ཏེ་ཆར་བབས་པས་ལོ་ཐོག་སྨིན་པར་བྱེད་པ་ཇི་ལྟ་བ་བཞིན་དང༌། སྐུ་དང་གསུང་གི་སྤྲུལ་བ་སྣ་ཚོགས་པ་མཛད་པ་ནི་ཚངས་པ་རང་གི་གནས་ནས་མ་གཡོས་ཀྱང་སྤྲུལ་བ་འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་མཐོང་བ་ལས་དོན་དུ་འགྱུར་བ་ཇི་ལྟ་བ་བཞིན་དང༌། ཐུགས་ཀྱི་ཡེ་ཤེས་ཚད་མེད་པ་སྤྲོ་བ་ནི། ཉི་མའི་འོད་ཟེར་གྱིས་མུན་པ་རྣམ་རིམ་པ་ལྟར་སེལ་བར་བྱེད་པ་ཇི་ལྟ་བ་བཞིན་དང༌། ཐུགས་ཀྱི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི་ནོར་བུ་རིན་པོ་ཆེ་ལ་རྟོག་པ་མེད་བཞིན་དགོས་འདོད་སྩོལ་བ་ཇི་ལྟ་བ་བཞིན་དང༌། གསུང་གི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི། སྒྲ་བརྙན་བདེན་པར་མ་གྲུབ་ཀྱང་དོན་སྣ་ཚོགས་སྟོན་པ་ཇི་ལྟ་བ་བཞིན་དང༌། སྐུའི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི་ནམ་མཁའ་ཐམས་ཅད་ལ་ཁྱབ་ཀྱང་འདུས་བྱས་ཀྱི་གཟུགས་སུ་གྲུབ་པ་མེད་པ་ཇི་ལྟ་བ་བཞིན་དང༌། གནས་གྱུར་པའི་ཐུགས་རྗེ་ལས་གཞན་དོན་འགྲུབ་ཚུལ་ནི་ས་གཞིས་ཐམས་ཅད་ཀྱི་རྟེན་བྱས་ནས་ཕན་འདོགས་པ་ཇི་ལྟ་བ་བཞིན་ནོ། །ཞེས་པའོ། ། དོན་དང་སྦྱར་དེ་སོ་སོའི་ངོ་བོ། སོ་སོའི་ངོ་བོ་ལ་རྣམས་པ་དགུ་སྟེ། རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེས་ངེས་པར་བྱ་བ། གདམས་ངག་གསུང་ཚུལ་རྔའི་དཔེས་ངེས་པར་བྱ་བ། མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེས་ངེས་པར་བྱ་བ། སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེས་ངེས་པར་བྱ་བ། ཡེ་ཤེས་སྤྲོ་ཚུལ་ཉི་མའི་དཔེས་ངེས་པར་བྱ་བ། ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ། གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ། སྐུའི་གསང་བ་ནམ་མཁའི་དཔེས་ངེས་པར་བྱ་བ། ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེས་ངེས་པར་བྱ་བའོ། ། རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེ། དབང་པོའི་དཔེ་ལ་གསུམ་སྟེ། རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ་ཚུལ། དེ་ཉིད་ལེགས་པར་སྦྱར་ཏེ་བཤད་པ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པའོ། ། རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ་ཚུལ་ལ་གཉིས། མཚོན་བྱེད་དཔེ་ཡི་ངོ་བོ་བཤད་པ་དང༌། མཚོན་བྱ་དོན་གྱི་ངོ་བོ་བཤད་པའོ། ། དཔེ་ལ་བཞི་ལས། དག་པའི་ས་གཞིར་གཟུགས་བརྙན་འཆར་ཚུལ་ནི། ཇི་ལྟར་ཏེ་དཔེར་ན་རེ་ཞིག་གཅིག་ནོར་བུ་རིན་པོ་ཆེ་བཻཌཱུརྱ་དག་པའི་རང་བཞིན་ཅན་དུ་འཛམ་བུའི་གླིང་གིས་སྟེང་འདི་མཐའ་དག་གྱུར་ཏེ་ཤིན་ཏུ་དག་ཅིང་གསལ་ལ་དྲི་མ་མེད་པའི་ཕྱིར་མེ་ལོང་གི་ངོས་ལྟར་དྭངས་བར་གྱུར་པ་ལ། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་ན་གནས་པའི་ལྷའི་དབང་བོ་བརྒྱ་བྱིན་དེ་ལྷའི་བུ་མོ་ལ་སོགས་པའི་འཁོར་གྱི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་དང༌། གཙོ་བོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་རྨང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ཐེམ་སྐས་བཞི་དང་ལྡན་པ་ཀ་བ་གསེར་དང་དངུལ་དང་བཻཌཱུརྱ་དང་ཤེལ་ལས་བྱས་པ། ཀ་རྟེན་དང་ཀ་ཞུ་དང་བྲེ་ཕུལ་རྣམས་དུང་ལ་སོགས་པ་ལ་བྱས་པ། བ་གམ་བརྒྱ་རྩ་གཅིག་དང་ལྡན་པ། བ་གམ་རེ་རེ་ལ་ཡང་ཁང་བ་བརྩེགས་པ་བདུན་བདུན་ལ་སོགས་པས་ཉེ་བར་མཛེས་པ་དང༌། ལྷ་གནས་དེ་ལས་གཞན་པ་གྲོང་ཁྱེར་ལྟ་ན་སྡུག་པ་གསེར་གྱི་དྲ་བས་ཕྱོགས་ཐམས་ཅད་ནས་ཡོངས་སུ་བསྐོར་བ། རྩིག་སྐྱབས་གསེར་དང་དངུལ་དང་བཻཌཱུརྱ་ལས་བྱས་པ། །མདའ་ཡབ་བཟང་པོ་བཞི་དང་ལྡན་པ་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་པ། སྒོ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། སྒོ་རེ་རེ་ལའང༌། སྲུང་མ་གོ་མཚོན་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། ལམ་སྲང་ཐམས་ཅད་ཀྱང་གསེར་གྱི་བྱེ་མ་བརྡལ་བས་ཁྱབ་པ་ལ་སོགས་པ་དག་དང༌། ལྷའི་དབང་པོ་དེའི་གཞལ་ཡས་ཁང་འཁོར་ལོས་འདྲེན་པ་ལ་སོགས་པའི་བཀོད་པ་སྣ་ཚོགས་པ་དང༌། གཞན་ཡང་ལྷ་རྣམས་ཀྱི་ཁང་པ་བརྩེགས་མ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། བ་གམ་དང་བསིལ་ཁང་དང་སྟེགས་བུ་དང༌། སྐར་ཁུང་དྲ་བ་ཅན་རྣམས་ཉམས་དགའ་བ་ལ་སོགས་པས་ལེགས་པར་བརྒྱན་པ་དང༌། ལྷ་རྣམས་འདོད་ཡོན་ལ་རྩེ་བའི་ས་ཚལ་ཡིད་དུ་འོང་བ་དང༌། ཡོངས་འདུ་ལ་སོགས་པའི་དཔག་བསམ་གྱི་ཤིང་བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་དང་མེ་ཏོག་དང་རོལ་མོ་ལ་སོགས་པ་ཅི་འདོད་པ་འབྱུང་བ་དང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་རྫིང་བུ་དང༌། མཚོ་མེ་ཏོག་དང་བྱ་སྣ་ཚོགས་པས་མཛེས་པ་དང༌། ལམ་སྲང་ཐམས་ཅད་ཀྱང་རོལ་མོ་སྣ་ཚོགས་འཛིན་པའི་ལྷ་མོ་མཛེས་མ་ཐམས་ཅད་ཀྱིས་གང་བ་དང༌། ས་གཞི་ཐམས་ཅད་ཀྱང་མེ་ཏོག་མན་དཱ་ར་བས་ཁྱབ་པ་ལ་སོགས་པའི་ལྷ་རྫས་ཀྱི་ལོངས་སྤྱོད་རྣམ་པ་མང་པོ་རྣམས་ཀྱི་གཟུགས་བརྙན་ཤར་བ་མིའི་འཇིག་རྟེན་དེར་ཐམས་ཅད་ཀྱིས་ལེགས་པར་མཐོང་ངོ༌། །ཞེས་པའོ། ། དེ་ཡིས་དགེ་བའི་ལས་ལ་སྦྱོར་ཚུལ་ནི། དེ་ནས་འཛམ་བུའི་གླིང་གི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཚོགས། །སའི་སྟེང་ན་གནས་པའི་མི་རྣམས་ཐམས་ཅད་ཀྱིས། །སུམ་ཅུ་རྩ་གསུམ་པའི་འབྱོར་པ་མཐའ་ཡས་པའི་སྣང་བ་དེ་ནི་མཐོང་ཞིང་དགའ་བས་རྗེས་སུ་འདུན་པར་གྱུར་ཏེ། ངེད་ཅག་རྣམས་ཀྱང་ཡུན་རིང་པོར་མི་ཐོགས་པར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པའི་ལྷའི་དབང་པོ་བརྒྱ་བྱིན་འདི་འདྲ་བར་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་དེ་འདྲའི་སྨོན་ལམ་ནི་རྣམ་པ་མང་པོ་འདེབས་པར་བྱེད་ཅིང༌། བརྒྱ་བྱིན་གྱི་མངོན་པར་མཐོ་བ་དེ་ཐོབ་པའི་དོན་དུ་ཚུལ་ཁྲིམས་སྣ་རེ་ཙམ་བསྲུང་བ་ལ་སོགས་པའི་དགེ་བ་ནི་སྦྱོར་བས་ཡང་དག་པར་བླངས་ནས་གནས་པར་འགྱུར་རོ། །ཞེས་པའོ། ། ལས་དེས་འདོད་པའི་གོ་འཕང་འཐོབ་ཚུལ་ནི། སྐྱེས་པ་དང་བུད་མེད་དེ་དག་ཚུལ་ཁྲིམས་བསྲུངས་བ་ལ་སོགས་པ་དཀར་པོ་དགེ་བའི་ལས་རྣམས་ལེགས་པར་སྤྱད་པ་དེས་ནི། བརྒྱ་བྱིན་ལ་སོགས་པ་མཐོང་བ་འདི་དག་གཟུགས་བརྙན་གྱི་སྣང་བ་ཤར་བ་ཙམ་ཡིན་གྱི་ལྷ་ལ་སོགས་པའི་དངོས་པོ་འདིར་འོང་པ་ནི་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུར་ཡང་དག་པར་ཤེས་པ་མེད་ཀྱང་གཟུགས་བརྙན་ལ་ངོ་བོར་བཟུང་ནས་དགེ་བ་སྤྱད་པའི་དབང་གིས་ས་ཡི་སྟེང་མིའི་ལུས་ནས་ཤི་འཕོས་ཏེ་རང་གང་འདོད་པའི་ལྷར་ནི་སྐྱེ་བར་འགྱུར་རོ། །ཞེས་པའོ། ། འབད་པ་མེད་པས་དོན་དུ་འགྱུར་ཚུལ་ནི། བཻཌཱུརྱའི་ས་གཞི་ལ་བརྒྱ་བྱིན་ལ་སོགས་པའི་སྣང་བ་ཤར་བ་དེ་ནི་ཤིན་ཏུ་འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱའོ་སྙམ་པའི་ཡང་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་འབད་རྩོལ་གྱིས་གཡོ་བ་མེད་པ་ཡིན་པ་དེ་ལྟ་མོད་ཀྱི་འོན་ཀྱང་སའི་སྟེང་མིའི་ཡུལ་ན་གནས་པ་རྣམས་དངོས་སུ་དགེ་བ་ལ་སྦྱོར་ཞིང་བརྒྱུད་ནས་མངོན་པར་འདོད་པའི་གོ་འཕང་ལ་སྦྱོར་བས་དོན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ནོ། །ཞེས་པའོ། ། དོན་ལའང་བཞི་ལས། དག་པའི་སེམས་ལ་གཟུགས་སྐུ་སྣང་ཚུལ་ནི། དཔེ་དེ་བཞིན་དུ་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྣམས་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པའི་དྲི་མ་མེད་པ་ཅན་དུ་བྱས་ནས། དད་པ་དང་བརྩོན་འགྲུས་དང་དྲན་པ་ལ་སོགས་པའི་ཡོན་ཏན་རྣམས་རིམ་གྱིས་བསྒོམས་པའི་དབང་གིས་རང་གི་སེམས་དང་བར་གྱུར་པ་ལ་སྣང་བ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་ཉེ་བར་མཛེས་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་དང༌། རེས་འགའ་སྐུ་འཆག་པ་དང་ནི་དེ་བཞིན་དུ་བཞེངས་པ་དང༌། གདན་ལ་བཞུགས་པ་དང༌། མནལ་བའི་ཕྱིར་གཟིམས་པ་དང༌། གཞན་ཡང་གཤེགས་པ་ལ་སོགས་པའི་སྤྱོད་ལམ་རྣམ་པ་སྣ་ཚོགས་པ་མཛད་པ་ཅན་དང༌། གདུལ་བྱ་ལ་ཞི་བ་མྱ་ངན་ལས་འདས་པའི་ཆོས་ནི་གསུང་བ་དང༌། རེས་འགའ་ཆོས་མི་གསུང་བར་ནི་ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པར་གྱུར་པ་དང༌། རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་དག་མཛད་པ་དང༌། འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་གཟི་མདངས་ཆེན་པོ་ཅན་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པར་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་རོ།། ཞེས་པའོ། ། དེ་ལ་འདོད་པའི་གོ་འཕང་སྒྲུབ་ཚུལ་ནི། རང་གི་སེམས་དག་པ་ལ་སྣང་བའི་གཟུགས་ཀྱི་སྐུ་དེ་མཐོང་ནས་ཀྱང་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་དང་ལྡན་པའི་སྒོ་ནས་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ་ཐོས་པ་ལ་སོགས་པའི་དགེ་བ་ལ་རབ་ཏུ་སྦྱོར་ཏེ། དེ་ལྟར་སངས་རྒྱས་དེ་འགྲུབ་པར་བྱེད་པའི་རྒྱུ་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་སྒྲུབ་པ་ལ་སོགས་པ་ཡང་དག་པར་བླངས་ནས་ནི་རིམ་གྱིས་གོམས་པར་བྱས་པ་ལས། འདོད་པའི་འབྲས་བུ་མཐར་ཕྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དོ།། ཞེས་པའོ། ། འབད་པ་མེད་ཀྱང་དོན་དུ་འགྱུར་ཚུལ་ནི། །སེམས་དག་པ་ལ་སྣང་བའི་སངས་རྒྱས་དེ་ནི་ཤིན་ཏུ་ཡང་སེམས་ཅན་གྱི་དོན་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང༌། འབད་རྩོལ་གྱིས་ནམ་ཡང་གཡོ་བ་མེད་པ་ཉིད་ཡིན་ལ། དེ་ལྟ་ན་ཡང་སངས་རྒྱས་ཀྱི་གཟུགས་མཐོང་བ་དེ་ནི་འཇིག་རྟེན་ན་གདུལ་བྱ་རྣམས་དངོས་སུ་དགེ་བའི་རྩ་བ་ཆེན་པོ་ལ་སྦྱོར་ཞིང༌། བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བས་དོན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ནོ། །ཞེས་པའོ། ། རིམ་གྱིས་མཐར་ཐུག་ཆོས་སྐུ་ཐོབ་ཚུལ་ནི། གཟུགས་ཀྱི་སྐུའི་རྣམ་པར་འཕྲུལ་པ་མཐའ་ཡས་པ་འདི་ནི། རང་གི་སེམས་དག་པ་ལ་དོན་དམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སྣང་བ་ཙམ་ཡིན་གྱི་མཐར་ཐུག་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་བྱ་བར་བྱིས་པ་སོ་སོའི་སྐྱེ་བོས་ཡང་དག་པར་མི་ཤེས་མོད། དེ་ལྟ་ན་ཡང་སངས་རྒྱས་ཀྱི་གཟུགས་སྐུ་ཉིད་མཐོང་བ་ལས་ཀྱང་ལྟ་བ་པོའི་གདུལ་བྱ་དེ་དག་ལ་དོན་ཆེན་པོ་ཡོད་པར་འགྱུར་ཏེ། རིམ་གྱིས་གཟུགས་ཀྱི་སྐུ་དེ་མཐོང་བ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་ཐེག་པ་ཆེན་པོའི་ཟབ་མོ་འདི་ལ་གནས་ཤིང་ལམ་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་ནང་སོ་སོ་རང་གིས་རིག་པར་བྱ་བ་དོན་དམ་པའི་སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་ནི། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་མངོན་སུམ་དུ་གསལ་བར་མཐོང་བར་འགྱུར་རོ།། ཞེས་པའོ། ། དེ་ཉིད་ལེགས་པར་སྦྱར་ཏེ་བཤད་པ་ནི། ཇི་ལྟར་ན་འཛམ་བུའི་གླིང་ས་གཞི་མ་ལུས་པ་ཀུན་གཡང་ས་དང་ངམ་གྲོགས་ལ་སོགས་པ་ཉམ་ང་བའི་གནས་གཞན་དང་བྲལ་ནས་དྲི་མ་མེད་པའི་བཻཌཱུརྱའི་རང་བཞིན་འོད་གསལ་བ་དང༌། དབྱིབས་མཛེས་པ་ལ་སོགས་པ་ནོར་བུའི་ཡོན་ཏན་དྲི་མ་དང་བྲལ་བའི་དཔལ་དང་ལྡན་ཞིང༌། སྟེང་ནི་མཐའ་དག་ལག་མཐིལ་ལྟར་མཉམ་པར་གྱུར་ལ་དེ་ཉིད་དག་ཅིང་གསལ་ལ་དྲི་མ་མེད་པའི་ཕྱིར་མེ་ལོང་གི་ངོས་ལྟར་གྱུར་པ་དེར་ནི་ལྷའི་བདག་པོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་ལ་སོགས་པའི་ཚོགས་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། ལྷ་དེ་ལས་གཞན་པའི་རིགས་མང་པོ་དང༌། ལྷ་རྫས་ཀྱི་ལོངས་སྤྱོད་མཐའ་ཡས་པའི་གཟུགས་བརྙན་ཤར་ཏེ། མཐར་རིམ་གྱིས་སའི་ཡོན་ཏན་གསལ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་བར་འགྱུར་ཞིང༌། སྣང་བ་ཤར་བ་ལ་བརྟེན་ནས་བརྒྱ་བྱིན་ལོངས་སྤྱོད་དང་ལྡན་པ་དེའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་བསྙེན་གནས་ཡན་ལག་བརྒྱད་པ་ལ་སོགས་པའི་བརྟུལ་ཞུགས་དང་ངེས་པར་སྦྱིན་པ་དང་མཆོད་པ་ལ་སོགས་པ་ལ་མངོན་པར་ཕྱོགས་པའི་བུད་མེད་དང༌། སྐྱེས་པའི་ཚོགས་རྣམས་ལྷའི་དབང་པོ་ཐོབ་པར་མོས་པའི་སེམས་ཀྱིས་མེ་ཏོག་དང་བདུག་པ་ལ་སོགས་པ་འཐོར་ཞིང་འབུལ་བས་ལེགས་པར་སྤྱད་པ་སྣ་ཚོགས་ལ་འཇུག་པ་ལྟར་དྲི་མ་དག་པའི་བཻཌཱུརྱ་དང་འདྲ་བའི་རང་གི་སེམས་དག་པ་ལ་སྣང་བའི་ཐུབ་པའི་དབང་པོ་ཐོབ་པར་བྱ་བའི་ཕྱིར་དུ་སངས་རྒྱས་ལ་རབ་ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱང༌། མི་རྣམས་ལྷ་དབང་ཐོབ་པའི་དོན་དུ་དགེ་བ་བྱེད་པ་དེ་བཞིན་དུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་རབ་ཏུ་བསྐྱེད་ནས་ཕ་རོལ་དུ་ཕྱིན་བ་དྲུག་སྒྲུབ་པ་ལ་བརྩོན་པར་བྱེད་དོ། །ཞེས་པ་སྟེ། ས་གཞི་མ་དག་པ་ལ་གཟུགས་བརྙན་མི་སྣང་བ་བཞིན་དུ། སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་སངས་རྒྱས་མཐོང་བ་མ་ཡིན་ནོ། །ཞེས་པའོ། ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པ་ནི། དཔེ་ཇི་ལྟར་ན་མིའི་འཇིག་རྟེན་དུ་བཻཌཱུརྱའི་ས་གཞི་རྡུལ་ལ་སོགས་པའི་དྲི་མ་མེད་ཅིང་གཙང་བར་གྱུར་པ་ལ་ལོངས་སྤྱོད་དང་བཅས་པའི་ལྷའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར་དོན་དེ་བཞིན་དུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་ས་གཞི་མ་དད་པ་ལ་སོགས་པའི་དྲི་མ་མེད་ཅིང་གཙང་བར་གྱུར་པ་ལ་མཚན་བཟང་པོ་དང་བཅས་པའི་ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར་ཞིང༌། དེ་ལྟར་ན་ཡང་གདུལ་བྱའི་འགྲོ་བར་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣང་བ་ནི་མ་དད་པ་ལ་སོགས་པའི་རྙོག་པ་མེད་ཅིང་དྭངས་བར་གྱུར་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་འཆར་བར་སྣང་བ་དང༌། མ་དད་པ་ལ་སོགས་པའི་རྙོག་པ་དང་བཅས་ཤིང་རྣམ་པར་མ་དག་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་ནུབ་པར་སྣང་ཞིང་འཇུག་པ་ཡིན་གྱིས། དཔེ་ཇི་ལྟར་ན་མིའི་འཇིག་རྟེན་དག་ན་ས་གཞི་དག་པ་དང་མ་དག་པའི་དབང་གིས་ལྷའི་དབང་པོའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣང་ཡང་ལྷའི་དབང་པོ་རང་ཉིད་རང་གི་གནས་ལས་གཡོ་བ་མེད་པ་ལྟར། དོན་དེ་བཞིན་དུ་གདུལ་བྱ་དག་པ་དང་མ་དག་པའི་དབང་གིས་གཟུགས་ཀྱི་སྐུར་སྐྱེ་བ་དང་འགག་པར་སྣང་ཡང་དོན་དམ་པ་ཆོས་ཀྱི་སྐུ་ལ་ཡོད་པ་སྐྱེ་བ་དང་ཞིག་པ་འགག་པ་ཅེས་བྱ་བ་དེ་ལྟར་ནམ་ཡང་མི་ལྟ་སྟེ། འདུས་མ་བྱས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། ། གདམས་ངག་གསུང་ཚུལ་རྔའི་དཔེ། གདམས་ངག་གསུང་ཚུལ་རྔའི་དཔེས་ངེས་པར་བྱ་བ་ལ་གསུམ་སྟེ། ལྷའི་རྔ་ལྟར་དམ་ཆོས་གསུང་ཚུལ། དཔེ་རྣམས་ལས་ཁྱད་པར་འཕགས་ཚུལ། དེ་དག་ཀྱང་རྐྱེན་ལས་འཇུག་ཚུལ་ལོ། ། གསུང་ཚུལ་ལ། དཔེ་དོན་མཚུངས་པའི་རྒྱུ་མཚན་རྒྱས་པར་བཤད་པ། སླར་ཡང་ལེགས་པར་སྦྱར་ཏེ་བསྡུ་བའོ། ། རྒྱས་བཤད་ལ་གསུམ་ལས། རྩོལ་བ་མེད་ཚུལ་ལ། དཔེ་ཇི་ལྟར་ན་ལྷའི་ཡུལ་ན་ལྷ་རྣམས་ཐམས་ཅད་ཀྱི་སྔོན་གྱི་ལེགས་པར་སྤྱད་པ་དཀར་པོ་དགེ་བའི་ལས་མཐུན་པར་བསགས་པའི་མཐུ་ཡིས་ནི་རྔ་བོ་ཆེ་ལ་བརྗོད་འདོད་ལ་སོགས་པའི་འབད་རྩོལ་དང་ལྕེ་དང་རྐན་ལ་སོགས་པའི་སྒྲ་འབྱུང་བའི་གནས་དང་ཡིད་དང་བཅས་པའི་གཟུགས་དང་ཀུན་སློང་གི་རྣམ་པར་རྟོག་པ་རྣམས་མེད་བཞིན་དུ་འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ། །ཞེས་པའི་སྒྲ་འབྱུང་བ་ཡིས་འདོད་པའི་ཡོན་ཏན་ལ་སེམས་གཡེངས་པས་བག་མེད་པར་གྱུར་བའི་ལྷ་རྣམས་ཐམས་ཅད་ལ་ཡང་ནས་ཡང་དུ་ཆོས་ཀྱི་རྔ་བོ་ཆེས་ནི་དགེ་བ་ལ་བསྐུལ་བར་བྱེད་པ་ལྟར། དོན་དེ་བཞིན་དུ་ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས་འདི་དང་འདི་བསྟན་པར་བྱའོ། །སྙམ་པའི་བརྗོད་འདོད་ཀྱི་འབད་རྩོལ་ལ་སོགས་པ་དང་བྲལ་ཡང་གདུལ་བྱའི་འགྲོ་བ་མ་ལུས་པ་ལ་རང་རང་གི་སྐད་མཐུན་པར་འཇུག་པའི་སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད་དེ། རིགས་ཅན་གསུམ་གྱི་སྐལ་བ་དང་ལྡན་པ་རྣམས་ལ་ཐེག་པ་གསུམ་གྱི་ཆོས་རྒྱ་ཆེན་པོ་སྟོན་པར་མཛད་དོ། །ཞེས་པའོ། ། ལས་ལས་འབྱུང་ཚུལ་ནི། ཇི་ལྟར་ན་ལྷའི་ཡུལ་ན་ལྷ་རྣམས་ཀྱི་རྔ་བོ་ཆེའི་སྒྲ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པར་ནི་སྔོན་ལྷ་རྣམས་རང་རང་གིས་དཀར་པོ་་དགེ་བའི་ལས་མཐུན་པར་བསཊ་པ་ལས་བྱུང་བ་དེ་བཞིན་དུ་འཇིག་རྟེན་ན་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་ཀྱི་སྒོ་མཐའ་ཡས་པ་གསུང་པ་ཡང༌། སེམས་ཅན་རང་རང་གི་དགེ་བའི་ལས་རྒྱ་ཆེན་པོ་བསགས་པའི་མཐུ་ལས་བྱུང་བ་ཡིན་ནོ། །ཞེས་པའོ། ། ཞི་བ་སྒྲུབ་ཚུལ་ནི། དཔེ་ཇི་ལྟར་ན་བརྗོད་འདོད་ལ་སོགས་པའི་འབད་རྩོལ་དང༌། སྒྲ་འབྱུང་བའི་གནས་དང༌། ཡིད་དང་བཅས་པའི་ལུས་དང༌། ཀུན་སློང་རྣམ་པར་རྟོག་པའི་སེམས་རྣམས་དང་བྲལ་བའི་རྔ་བོ་ཆེའི་སྒྲ་དེ་ལྷ་རྣམས་ཀྱིས་བག་མེད་པ་ཞི་བ་བསྒྲུབ་པ་ལྟར་དོན་དེ་བཞིན་དུ་འབད་རྩོལ་ལ་སོགས་པའི་ཆོས་དེ་བཞི་དང་བྲལ་བའི་སྒོ་ནས་རང་རང་གི་སྐལ་བ་དང་མཐུན་པར་གསུངས་པའི་ཆོས་འདི་ཡང༌། གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་སྒྲུབ་པར་བྱེད་དོ། །ཞེས་པའོ། ། བསྡུ་བ་ནི། དཔེ་ཇི་ལྟར་ན་ལྷའི་གྲོང་ཁྱེར་རྣམས་ན་ཆོས་ཀྱི་རྔ་བོ་ཆེའི་སྒྲ་བསྒྲགས་པའི་རྒྱུ་ལས་བྱུང་བས་མི་འཇིགས་པ་སྦྱིན་པར་བྱེད་པ་ནི་ལྷ་རྣམས་ཉོན་མོངས་པ་ཞེ་སྡང་གི་དབང་གིས་ལྷ་མ་ཡིན་དང་འཐབ་པའི་ཕྱིར་གཡུལ་དུ་འཇུག་པའི་ཚེ་ལྷ་རྣམས་ལ་མ་འཇིགས་ཤིག་ཅེས་པའི་སྒྲ་ལས་ལྷ་མིན་གྱི་དཔུང་རྒྱལ་པའི་འཇིགས་པ་སེལ་བར་བྱེད་ཅིང༌། ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་འདོད་ཡོན་ལ་རྩེད་མོ་རྩེ་བའི་བདེ་བ་ལ་ཆགས་པ་ན་ཆོས་ཀྱི་སྡོམ་བཞིའི་སྒྲ་ལས་བག་མེད་པ་སེལ་བར་བྱེད་པ་ལྟར། དེ་བཞིན་དུ་གདུལ་བྱའི་འཇིག་རྟེན་མཐའ་ཡས་པ་དག་ན་སངས་རྒྱས་ཀྱི་ཆོས་བསྟན་པ་ལ་བརྟེན་ནས་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་སྒོམ་པ་ལ་སོགས་པ་དགེ་བའི་རྩ་བ་སྤེལ་བའི་རྒྱུ་ལས་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་གྱིས་འཇིགས་པ་རབ་ཏུ་འཇོམས་པར་བྱེད་ཅིང༌། ཞི་བ་མྱ་ངན་ལས་འདས་པ་བླ་ན་མེད་པའི་ལམ་གྱི་ཚུལ་རབ་ཏུ་བརྗོད་པ་ལས་དེའི་གོ་འཕང་ཐོབ་པར་བྱེད་དོ། །ཞེས་པའོ། ། དེ་བས་ན། དཔེ་རྣམས་ལས་ཁྱད་པར་འཕགས་ཚུལ་ལ་གཉིས་ལས། ཁྱད་པར་འཕགས་ཚུལ་མདོར་བསྟན་པ་ནི། གང་གི་ཕྱིར་གདུལ་བྱའི་སྐྱེ་བོ་མཐའ་ཡས་པ་ཀུན་ལ་རང་རང་གི་བསམ་པ་དང་མཐུན་པར་ཁྱབ་པས་ཉེ་ཚེ་བ་མ་ཡིན་པ་ཉིད་དང༌། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ལ་སྦྱོར་བས་ཕན་པ་ཉིད་དང༌། གནས་སྐབས་མངོན་པར་མཐོ་བའི་དགའ་བ་ལ་སྦྱོར་བས་བདེ་བ་ཉིད་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་དང་ལྡན་པས་སྡུག་བསྔལ་ལས་ངེས་པར་འབྱིན་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ་དེའི་ཕྱིར་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་གསུང་བའི་དབྱངས་ནི་ལྷ་རྫས་ཀྱི་སིལ་སྙན་ཉི་ཚེ་བ་ཕན་པ་དང་བདེ་བ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པ་ཉིད་དོ་ཞེས་པའོ། ། ཁྱད་པར་རྒྱས་པར་བཤད་པ་ནི། ལྷའི་གནས་མཐའ་ཡས་པར་ནི་རྔའི་སྒྲ་ཆེན་པོས་ཁྱབ་པར་འགྲོ་བ་ཡིན་ཡང༌། དེ་ཉིད་སའི་གཞིར་གནས་པའི་སེམས་ཅན་རྣམས་ཀྱི་རྣ་བར་མི་འགྲོ་བ་ཉི་ཚེ་བ་ཡིན་ལ། སངས་རྒྱས་ཀྱི་ཆོས་གསུང་བའི་རྔ་སྒྲ་ནི་དུས་ལ་བབ་པས་ན་གདུལ་བྱའི་འཁོར་བ་ན་གནས་པའི་ས་འོག་གི་འཇིག་རྟེན་དག་ཏུའང་ཁྱབ་པར་ཀུན་ཏུ་་འགྲོ་བས་ཉི་ཚེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྱད་པར་ཏུ་འཕགས་སོ། ། དེ་བཞིན་དུ་སྦྱར་ཏེ། ལྷར་ནི་ལྷའི་སིལ་སྙན་གྱི་རྣམ་པ་མི་འདྲ་བ་བྱེ་བ་ཕྲག་མང་པོ་རྣམས་ཀྱང་ཕྱིར་ཞིང་འདོད་ཡོད་གྱི་བདེ་བ་ལ་ཆགས་པའི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕན་པ་མ་ཡིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་གི་དབྱངས་རྣམ་གྲངས་གཅིག་ཙམ་གྱིས་ཀྱང་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་གྱི་མེ་ཚོགས་རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་འཇུག་པས་ཕན་པ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། ལྷར་ནི་བཀོད་པ་མཛེས་ཤིང་ཐོས་པ་ཙམ་ལས་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་རྣམ་པ་མང་པོ་རྣམས་ཀྱང༌། སེམས་ནི་ཡུལ་ལ་རྒོད་པ་དང་རྣམ་པར་གཡེང་བ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བ་མ་ཡིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་དེ་བཞིན་གཤེགས་པའི་གསུང་ནི་གདུལ་བྱ་རྣམས་བསམ་གཏན་དང་ཏིང་ངེ་འཛིན་ལ་སེམས་གཏོད་ཅིང་བསམ་པ་སྐུལ་བར་བྱེད་པའི་རྒྱུ་ཉིད་དུ་གྱུར་པས་བདེ་བ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཏེ། མདོར་ན་ལྷ་རྫས་ཀྱི་སིལ་སྙན་རྣམས་ནི་ངེས་པར་འབྱིན་པ་མ་ཡིན་ལ། མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ལྷ་དང་སར་གནས་པ་མི་ལ་སོགས་པ་རྣམས་ཀྱི་སྡུག་བསྔལ་དང་བཅས་པ་སྤངས་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་འཕེལ་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་ཆོ་་འཕྲུལ་གསུམ་དང་ལྡན་པའི་སྒོ་ནས་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཁྱབ་པར་སྣང་བའི་སངས་རྒྱས་ཀྱི་གསུང་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་པས་སྡུག་བསྔལ་ངེས་པར་འབྱིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་སོ། །ཞེས་པའོ། ། དེ་དག་ཀྱང་རྐྱེན་ལས་འཇུག་ཚུལ་ནི། དཔེ་ཇི་ལྟར་ན་རྣ་བའི་དབང་པོ་དང་བྲལ་བས་ཕྲ་མོའི་སྒྲ་ནི་མི་མྱོང་ཞིང་མི་ཐོས་པ་དེ་བཞིན་དུ། སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་གསུང་དབྱངས་མི་ཐོས་ཤིང་སྒྲའི་ཁྱད་པར་ཐམས་ཅད་ལྷའི་རྣ་བ་ཐོབ་པའི་ཡང་རྣ་བའི་ལམ་དུ་མི་འགྲོ་ཞིང་འགའ་ཞིག་འགྲོ་བ་ལྟར་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཕྲ་ཞིང་ཟབ་པ་མཆོག་ཏུ་ཞིབ་མོའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡང་གདུལ་བྱའི་རིགས་ཐམས་ཅད་ཀྱི་རྣ་བའི་ལམ་དུ་གྱུར་པ་ནི་མ་ཡིན་གྱི་ཉོན་མོངས་པ་མེད་པའི་ཡིད་ཅན་བློ་མཆོག་ཏུ་གྱུར་པ་སྐལ་བ་ཆེན་པོ་དང་ལྡན་པ་འགའ་ཞིག་གི་རྣ་བའི་ལམ་དུ་གྱུར་བ་ཡིན་ནོ། །ཞེས་པའོ། ། མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེ། མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ། ལོ་ཐོག་འཕེལ་བའི་ཆོས་མཐུན་སྦྱར་བ། སྣོད་ལས་གྱུར་པའི་ཆོས་མཐུན་སྦྱར་བ། ལྟོས་པ་མེད་པའི་ཆོས་མཐུན་སྦྱར་བ། མེ་རྣམས་ཞི་བའི་ཆོས་མཐུན་སྦྱར་བའོ། ། ལོ་ཐོག་འཕེལ་བའི་ཆོས་མཐུན་ལ་གཉིས་ལས། །འབད་པ་མེད་ཚུལ་གྱིས་མདོར་བསྟན་པ་ནི། དཔེ་ཇི་ལྟར་ན་དབྱར་གྱི་དུས་ན་སྤྲིན་གྱི་ཚོགས་ཆེན་པོ་འཁྲིགས་པ་ལས། ཞིང་པ་རྣམས་ཀྱི་ལོ་ཐོག་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུར་གྱུར་པའི་ཆར་བའི་ཆུའི་ཕུང་པོ་འབད་རྩོལ་མེད་པར་ས་གཞི་ལ་མངོན་པར་འབེབས་པ་ལྟར་དོན་དེ་བཞིན་དུ་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་སྤྲིན་ལས་ནི་རྒྱལ་བ་ཐམས་ཅད་མཁྱེན་པའི་དམ་པའི་ཆོས་ཀྱི་ཆུ་ཡི་ཆར་པ་ཆེན་པོ་འགྲོ་བའི་ཞིང་ལ་དགེ་བའི་ལོ་ཐོག་ཟད་མི་ཤེས་པ་འཕེལ་བའི་རྒྱུར་གྱུར་པ་ཡང་ཀུན་སློང་གི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་བཞིན་དུ་ལྷུན་གྱིས་གྲུབ་པར་འབེབས་སོ། །ཞེས་པའོ། ། རྐྱེན་ལས་འཇུག་ཚུལ་གྱི་བཤད་པ་ནི། དཔེ་ཇི་ལྟར་ན་འཇིག་རྟེན་པའི་སྐྱེ་བོ་རྣམས་དགེ་བའི་ལས་ཀྱི་ལམ་ལ་འཇུག་ཅིང་བག་ཡོད་པར་སྤྱོད་པ་ན་ལྷ་རྣམས་ཀྱི་མཐུས་རླུང་དལ་བུས་བསྲུབས་པ་ལས་སྐྱེས་པའི་སྤྲིན་གྱི་ཚོགས་ལས་ཆུའི་ཆར་པ་རིམ་གྱིས་འབེབས་པ་ལྟར། དོན་དེ་བཞིན་གདུལ་བྱའི་འགྲོ་བ་རྣམས་ཀྱང་དད་པ་དང་བརྩོན་འགྲུས་ལ་སོགས་པའི་དགེ་བ་མངོན་པར་འཕེལ་བས་ན། སངས་རྒྱས་རྣམས་ཀྱི་ཐུགས་བརྩེ་བ་ཆེན་པོའི་རླུང་གིས་བསྲུབས་པའི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པར་མཛད་དེ། དེ་ལྟར་སྤྲིན་དང་འདྲ་བའི་རྒྱུ་མཚན་ཡང་སྲིད་པ་འཁོར་བ་ན་གནས་པའི་གདུལ་བྱའི་ཞིང་ལ་ཕན་གདགས་པའི་ཆེད་དུ་ཡང་དག་པའི་མཁྱེན་པ་བརྩེ་བ་ཆེན་པོ་མངའ་བ་ལ་བརྟེན་ནས། མཁྱེན་པས་བདག་མེད་མཐའ་དག་རྟོགས་པའི་ཕྱིར་འགྱུར་བ་འཁོར་བའི་སྐྱོན་གྱིས་མ་གོས་པ་དང༌། བརྩེ་བས་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཕྱིར་མི་འགྱུར་བ་མྱ་ངན་ལས་འདས་པའི་སྐྱོན་གྱིས་མ་གོས་པ་ནམ་མཁའི་དཀྱིལ་དུ་གནས་ཤིང་ཟག་པ་མེད་པའི་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་མཐའ་ཡས་པའི་ཆུ་དྲི་མ་མེད་པའི་སྙིང་བོ་ཅན་དུ་གྱུར་པ་ཐུབ་པའི་དབང་བོ་རྫོགས་པའི་སངས་རྒྱས་ཀྱི་སྤྲིན་ནི། དགེ་བའི་ལོ་ཐོག་ཟད་མི་ཤེས་པ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། ། ཞེས་པའོ། ། སྣོད་ལས་འགྱུར་ཚུལ་གཉིས་ལས། དཔེ་ནི། ཇི་ལྟར་ནམ་མཁའ་ལས་ཆར་བབ་པ་ལས་རེག་བྱ་བསིལ་བ་དང་རོ་ཞིམ་ཞིང་མངར་བ་དང༌། ལུས་ལ་མི་གནོད་པས་འཇམ་པ་དང༌། བཏེགས་སླ་བས་ཡང་བ་དང༌། ཤིན་ཏུ་དྭངས་ཞིང་དྲི་ང་བ་མེད་པ་དང༌། མང་དུ་འཐུངས་ཀྱང་ལྟོ་བ་ལ་མི་གནོད་པ་དང༌། མགྲིན་པ་ལ་མི་གནོད་པ་སྟེ། ཡན་ལག་བརྒྱད་དང་ལྡན་པའི་རོ་གཅིག་པའི་ཆུ་ནི་སྤྲིན་གྱི་ཚོགས་དེ་ལས་རིམ་གྱིས་འཐོན་ཞིང་བབ་པ་ན་འོག་གཞི་ས་ལ་བ་ཚྭ་ཡོད་པ་དང་མེད་པ་ལ་སོགས་པ་གནས་ཐ་དད་པ་དང་འབྲེལ་པའི་དབང་གིས་ཁ་བ་དང་མངར་བ་ལ་སོགས་པ་ཤིན་ཏུ་མང་པོའི་རོ་དང་ནུས་པ་ཐ་དད་པར་ནི་འགྱུར་བ་ལྟར། ཞེས་པའོ། ། དོན་ནི། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་གསུངས་པ་ན་ཡང་དམ་པའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་ཞིང་ཟབ་མོ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཆུའི་ཆར་པ་རྣམས་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་ཐུགས་བརྩེ་བ་ཆེན་པོའི་སྤྲིན་གྱི་སྙིང་པོ་ལས་རིམ་གྱིས་ཐོན་ཞིང་བབ་པ་ན་གདུལ་བྱ་འགྲོ་བའི་རྒྱུད་ཀྱི་ཁམས་དང་བསམ་པ་དང་དབང་པོ་ལ་སོགས་པ་གནས་ཐ་དད་པ་རྣམས་ཀྱིས་དབྱེ་བ་ལས་ཐེག་པ་གསུམ་ལ་སོགས་པ་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་རོ། །ཞེས་པའོ། ། ལྟོས་པ་མེད་ཚུལ་ལ་གསུམ་ལས། དཔེ་གསུམ་གྱིས་མདོར་བསྟན་ནི། སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཚུལ་ཐེག་པ་མཆོག་གི་ཆོས་ཀྱི་ཆར་ཕབ་པ་ལས་རབ་ཏུ་དྭངས་ཤིང་མོས་པ་ངེས་པའི་སེམས་ཅན་གྱི་ཕུང་བོ་དང༌། མོས་མི་མོས་བར་མར་གནས་པ་མ་ངེས་པའི་སེམས་ཅན་གྱི་ཕུང་བོ་དང་ནི་ཞེ་སྡང་ཞིང་མི་མོས་པ་ལོག་པར་ངེས་པའི་སེམས་ཅན་གྱི་ཕུང་བོ་གསུམ་ནི་རིམ་པ་ལྟར། ཆར་བབ་པ་ན་མི་དག་དགའ་ཞིང་མོས་པ་དང༌། ཙཱ་ཏ་ཀཱ་བར་མར་གནས་པ་དང༌། ཡི་དྭགས་རྣམས་ཞེ་སྡང་ཞིང་མི་མོས་པ་དང་འདྲ་བའོ། །ཞེས་པའོ། ། དེའི་དོན་རྒྱས་བཤད་ནི། དཔྱིད་ཀྱི་མཐར་སོས་ཀའི་དུས་སུ་སྤྲིན་མེད་པས་ཆར་མ་བབ་པ་ན་མི་རྣམས་སྡུག་ཅིང་མི་དགའ་ལ། ཆར་བྱུང་བ་ན་དགའ་བ་དང༌། མཁའ་ལ་མི་རྒྱུ་བའི་བྱ་ཙཱ་ཏ་ཀ་དག་ནམ་ཡང་ཆུ་ལ་ལྟོས་པ་མེད་པས་ཆར་པ་དག་ལ་དགའ་མི་དགའ་བར་མར་གནས་པ་དང༌། དབྱར་གྱི་དུས་ལ་བབ་པའི་ཚེ་ས་གཞི་ལ་ཆར་ཆེན་པོ་བབས་པ་ན་བྱེ་ཚན་གྱི་ཆར་དུ་སྣང་བས་ཡི་དྭགས་དག་ནི་ཤིན་ཏུ་སྡུག་བསྔལ་ཞིང་མི་དགའ་བར་གནས་པ་ལྟར། སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཚོགས་དག་གིས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཆུའི་ཆར་བ་འཇིག་རྟེན་དུ་བྱུང་བ་དང་མ་བྱུང་བ་དག་ལས་ཀྱང་རིམ་པ་བཞིན་དུ་ཆོས་འདོད་པ་ངེས་པའི་སེམས་ཅན་གྱི་ཕུང་བོ་ནི་ཆོས་ཀྱི་ཆར་བྱུང་ན་དགའ་ཞིང་མ་བྱུང་ན་མི་དགའ་བ་དང༌། མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོས་ལ་དགའ་མི་དགའ་བར་མར་གནས་པ་དང༌། ཆོས་ལ་སྡང་བ་ལོག་པར་ངེས་པའི་སེམས་ཅན་གྱི་ཕུང་བོ་ནི་ཆོས་ཀྱི་ཆར་མ་བྱུང་ན་དགའ་བར་གནས་ཏེ། དོན་གསུམ་པོ་དེ་དག་མཚོན་པར་བྱེད་པ་ལ་འཇིག་རྟེན་ན་ནི་དཔེ་གསུམ་པོ་དེ་ཉིད་དང་སྦྱར་བར་བྱའོ། །ཞེས་པའོ། ། ལྟོས་མེད་དུ་འཇུག་ཚུལ་ནི། དཔེར་ན་ཐིགས་པ་རགས་པ་ཆར་ཆེན་པོ་དང་སེར་བ་འབེབས་པ་དང༌། འགའ་ཞིག་ཏུ་ལས་ཀྱི་དབང་གིས་རྡོ་ཚན་གྱི་ཆར་འབེབས་པ་དང་ནི་རྡོ་རྗེའི་མེ་དང་ཐོག་ནི་འབེབས་པ་ན། ས་གཞི་ལ་གནས་པའི་སྲོག་ཆགས་ཕྲ་མོ་འགའ་ཞིག་ལ་གནོད་པ་དང་རི་སུལ་དུ་སོང་བའི་སྲོག་ཆགས་འགའ་ཞིག་ལ་མི་གནོད་པ་ལ་སོགས་པ་དག་ལ་ཇི་ལྟར་སྤྲིན་གྱི་ཕུང་བོ་ལྟོས་པ་མེད་པར་འཇུག་པ་དང༌། སངས་རྒྱས་རྣམས་ཀྱི་ཕྲ་ཞིང་ཟབ་པ་དང༌། ཡངས་ཤིང་རྒྱ་ཆེ་བའི་ཆོས་ཀྱི་ཆར་པ་རྣམས་རགས་ཤིངཐབས་ལ་མཁས་པའི་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན་ལས་བྱུང་བ་ན་ཡང༌། ཉོན་མོངས་པ་དག་པར་འགྱུར་བའི་སྐལ་པ་དང་ལྡན་པ་འགའ་ཞིག་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ཞིང༌། བདག་ཏུ་ལྟ་བའི་བག་ལ་ཉལ་བརྟན་པོ་དང་བཅས་པ་སྐལ་བ་མེད་པ་འགའ་ཞིག་ལ་རེ་ཞིག་མི་སྣང་ཡང༌། དེ་དག་གི་ཕན་གནོད་ལ་རྣམ་པ་ཀུན་ཏུ་ལྟོས་པ་མེད་པར་རབ་ཏུ་འཇུག་པའོ། །ཞེས་པའོ། ། མེ་རྣམས་འཇོམས་ཚུལ་ལ་གསུམ་ལས། སྡུག་བསྔལ་གྱི་མེ་ཚོགས་ཞི་བར་བྱེད་པའི་ཚུལ་ནི། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་འཁོར་ཡུག་ཏུ་འཁོར་བའི་དབང་གིས་སྐྱེ་བ་དང་འཆི་བ་ལ་སོགས་པའི་དབང་གིས་སྡུག་བསྔལ་ཐོག་མ་འདི་ཙམ་ནས་བྱུང་བའི་ངེས་པ་ཡང་མེད་ཅིང༌། ཐར་པའི་ལམ་མི་སྒོམ་པ་རྣམས་མཐའ་འདི་ནས་འགག་གི་ངེས་པ་ཡང་མེད་པའི་གནས་དེར་འགྲོ་བ་རྣམས་མངོན་པར་བགྲོད་པའི་ལམ་ནི་རྣམ་པ་ལྔ་ཡིན་ཏེ། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སྟེ་ངན་སོང་གསུམ་དང༌། མི་དང་ལྷ་སྟེ་བདེ་འགྲོ་གཉིས་སོ། །དེས་ན་མི་གཙང་བའི་དངོས་པོ་ལ་ནམ་ཡང་དྲི་ཞིམ་པོ་མེད་པ་བཞིན་དུ་འགྲོ་པ་ལྔའི་འཁོར་བ་དག་ན་ཡང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བ་དེའི་སྡུག་བསྔལ་གྱི་ཁྱད་པར་ཡང་རྟག་ཏུ་རྒྱུན་མི་ཆད་པར་མེ་ཆེན་པོས་བསྲེག་པ་དང༌། མཚོན་ཆ་རྣོན་པོས་བཏབ་པ་དང༌། རྨ་གསར་པ་ལ་རྒྱ་ཚྭ་ལ་སོགས་པས་རེག་པ་ལས་སྐྱེས་པའི་སྡུག་བསྔལ་གྱི་ཚོར་བ་ཇི་ལྟ་བ་བཞིན་དུ་ཤིན་ཏུ་བཟོད་པར་དཀའ་བར་གནས་པ་ལ་སངས་རྒྱས་ཀྱིས་དེ་རྣམས་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོའི་སྤྲིན་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཆར་པ་ཆེན་པོ་དོན་ཉམས་སུ་བླངས་ན་སྡུག་བསྔལ་གྱི་མེ་དཔུང་དེ་རྣམས་རབ་ཏུ་ཞི་བར་བྱེད་པ་རང་རང་གི་སྐལ་པ་དང་མཐུན་ཞིང་རྒྱུན་མི་ཆད་པ་རབ་ཏུ་འབེབས་སོ། །ཞེས་པའོ། ། ཞི་བྱེད་ཀྱི་ཤེས་རབ་རིམ་གྱིས་འབྱུང་ཚུལ་ནི། ལྷ་ལའང་འཆི་འཕོ་བ་ལྟུང་འགྱུར་གྱི་སྡུག་བསྔལ་དང༌། མི་ལའང་མེད་པ་ཡོངས་སུ་ཚོལ་བ་དང་ཡོད་པ་བསྲུང་བ་དང༌། བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པའོ། །ཞེས་བྱ་བར་རྟོགས་པའི་ཕྱིར། འཁོར་འདས་ཀྱི་གནས་ལུགས་ཤེས་པའི་ཤེས་རབ་དང་ལྡན་པའི་མཁས་པ་རྣམས་ནི་ལྷའི་དབང་ཕྱུག་བརྒྱ་བྱིན་ལ་སོགས་པ་དང༌། མིའི་དབང་ཕྱུག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི་གོ་འཕང་མཆོག་ཏུ་གྱུར་པ་ལའང་མངོན་པར་འདོད་པ་མེད་དེ། སྔོན་གྱི་སྐྱེ་བས་ཐོབ་པའི་ཤེས་རབ་དང་ནི། འདིར་ཡང་དེ་བཞིན་གཤེགས་པའི་གསུང་རབ་དྲི་མ་མེད་པ་ལ་ཤིན་ཏུ་དད་པའི་དབང་གིས་རྗེས་སུ་འབྲངས་ཤིང་ཐོས་པ་དང་བསམ་པ་ཚུལ་བཞིན་དུ་བྱས་ནས་ཟག་པ་དང་བཅས་པ་འབྲས་བུའི་ཆ་འདི་ཐམས་ཅད་ནི་སྡུག་བསྔལ་བ་དང༌། ལས་དང་ཉོན་མོངས་པ་འདི་ཐམས་ཅད་ནི་དེའི་རྒྱུ་ཀུན་འབྱུང་བ་དང༌། འཁོར་བ་རྒྱུ་འབྲས་དེ་དག་མ་ལུས་པར་འགགས་པ་འདི་ནི་འགོག་པ་མྱ་ངན་ལས་འདས་པ་ཉིད་ཅེས་བྱ་བར་ལམ་བདག་མེད་རྟོགས་པའི་ཤེས་རབ་རྣམ་པར་དག་པས་ཡང་དག་པར་མཐོང་བའི་ཕྱིར་རོ། །ཞེས་པའོ། ། ཤེས་པ་ལྟར་སྤངས་ལེན་ཉམས་སུ་བླང་ཚུལ་ནི། དཔེར་ན་ནད་ཀྱི་སྡུག་བསྔལ་དང་བྲལ་ནས་ནད་མེད་པའི་བདེ་བ་ཐོབ་པར་འདོད་པའི་ཤེས་ལྡན་དག་གིས་ནད་ཀྱི་ངོ་བོ་གང་ཡིན་པའི་ཚུལ་ནི་ཤེས་པར་བྱས་ནས་ནད་དེ་སྐྱེད་བྱེད་ཀྱི་རྒྱུ་མི་འཕྲོད་པའི་ཟས་ལ་སོགས་པ་ནི་སྤང་བར་བྱ་བ་ཡིན་ལ། ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་ཡིན་ཞིང༌། དེའི་ཐབས་སྨན་ནི་བཟང་པོ་བསྟེན་པར་བྱ་བ་ཡིན་པ་ལྟར། དེ་བཞིན་དུ་འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པའི་བློ་དང་ལྡན་པ་དག་གིས་ཀྱང་ཟག་པ་དང་བཅས་པ་འབྲས་བུས་བསྡུས་པའི་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཡོངས་སུ་ཤེས་པར་བྱས་ནས། དེའི་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་མཐའ་དག་སྤང་བར་བྱ་བ་ཡིན་ལ། དེ་དག་དྲི་མ་དང་བྲལ་བའི་འགོག་པ་དང་དེ་བཞིན་དུ་མྱ་ངན་ལས་འདས་པའི་བདེ་བ་ནི་མངོན་སུམ་དུ་རེག་ཅིང་ཐོབ་པར་བྱ་བ་ཡིན་ཞིང༌། དེའི་ཐབས་སུ་ཟག་པ་མེད་པའི་ལམ་ལྔ་པོ་རིམ་གྱིས་རྒྱུད་ལ་བསྟེན་པར་བྱ་བ་ཡིན་ནོ། ། ཞེས་པའོ། ། སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེ། སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེས་ངེས་པར་བྱ་བ་ལ་གཉིས་ཏེ། སྐལ་ལྡན་ལ་སྣང་བ་སྟོན་ཚུལ་དང༌། སྐལ་མེད་ལ་སྣང་བ་མེད་ཚུལ་ལོ། །སྣང་བ་སྟོན་ཚུལ་ལ་གསུམ་ལས། འབད་པ་མེད་པས་མཚུངས་པ་ནི། དཔེ་ཇི་ལྟར་ན་གཟུགས་ཁམས་ཀྱི་ལྷ་ཚངས་པ་ཆེན་པོ་ནི། ཚངས་པའི་གནས་བསམ་གཏན་དང་པོའི་གཞལ་ཡས་ཁང་ཉིད་ནས་གཞན་དུ་འཕོ་བ་མེད་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷའི་གནས་ནི་དྲུག་པོ་ཐམས་ཅད་དུ་སྤྲུལ་པའི་སྣང་བ་འབད་པ་མེད་པར་སྟོན་པ་ལྟར། དོན་དེ་བཞིན་དུ་ཐུབ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱང་དོན་དམ་ཆོས་སྐུ་ལས་ནམ་ཡང་གཞན་དུ་བསྐྱོད་པ་མེད་པར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་ཏུ་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་ཀུན་རྫོབ་གཟུགས་ཀྱི་སྐུའི་སྤྲུལ་པ་དག་གིས་གང་ལ་གང་འདུལ་གྱི་རྣམ་འཕྲུལ་སྣ་ཚོགས་པ་དག་ནི་སྟོན་པར་མཛད་དོ། །ཞེས་པའོ། ། ཉེས་པ་སེལ་བས་མཚུངས་པར་བསྟན་པ་ནི། ཇི་ལྟར་ལྷ་ཚངས་པ་ཆེན་པོ་དུས་རྟག་ཏུ་རང་གི་གཞལ་ཡས་ཁང་ལས་མི་གཡོ་པར་གནས་བཞིན་དུ་སྤྲུལ་པའི་ལུས་ཀྱིས་འདོད་པའི་ཁམས་ཀྱི་ལྷའི་གནས་ཐམས་ཅད་དུ་ཁྱབ་པར་ཞུགས་པ་དེ་ཉིད། འདོད་པ་ན་སྤྱོད་པའི་ལྷའི་རིགས་དྲུག་པོ་རྣམས་ཀྱིས་མཐོང་བར་གྱུར་ཅིང༌། གཟུགས་ཁམས་ཀྱི་ལྷའི་འབྱོར་པ་དེ་མཐོང་བ་ལ་བརྟེན་ནས་འདོད་ཁམས་ཀྱི་ལྷ་མང་པོ་དེ་ཡང༌། ཚངས་པའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། འདོད་པའི་ཡོན་ཏན་གཟུགས་སྡུག་པ་དང༌། སྒྲ་སྙན་པ་དང༌། དྲི་ཞིམ་པ་དང༌། རོ་མངར་བ་དང་རེག་བྱ་འཇམ་པ་ལ་སོགས་པའི་ཡུལ་ལ་དགའ་བའི་ཆགས་པ་སྤོང་བར་བྱེད་པ་ལྟར། དེ་བཞིན་དུ་བདེ་བར་གཤེགས་པ་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཆོས་ཀྱི་སྐུ་ལས་ནམ་ཡང་མི་བསྐྱོད་པར་བཞུགས་བཞིན་དུ་སྤྲུལ་པའི་སྐུས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཀུན་ཏུ་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་དེ་ཉིད་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་མཐོང་བར་འགྱུར་ཞིང༌། གཟུགས་སྐུའི་རྣམ་འཕྲུལ་དེ་མཐོང་བ་ལ་བརྟེན་ནས་སྐལ་པ་དང་ལྡན་པའི་གདུལ་བྱ་མང་པོ་དེ་ཡང༌། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར། དུས་རྟག་ཏུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་དྲི་མ་མ་ལུས་པ་ཀུན་སེལ་བར་བྱེད་པ་ལ་སྦྱོར་བ་ཉིད་དོ། །ཞེས་པའོ། ། སྐལ་བར་ལྟོས་པས་མཚུངས་པར་བསྟན་པ་ནི། སྔོན་གྱི་དུས་སུ་ལྷ་རྣམས་ཀྱི་དོན་བྱེད་པར་ཚངས་པ་རང་ཉིད་ཀྱིས་སྨོན་ལམ་བཏབ་པའི་མཐུ་དང༌། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་ནི་ཚངས་པ་མཐོང་བར་གྱུར་པའི་དགེ་བ་མཐུན་པར་བསགས་པའི་མཐུ་ལས་ཇི་ལྟར་ན་ཚངས་པ་ལ་འབད་རྩོལ་མེད་པར་འདོད་ཁམས་སུ་སྣང་བ་སྟོན་པ་ལྟར། རང་བྱུང་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་དེ་བཞིན་དུ་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་དང༌། གདུལ་བྱ་རྣམས་ཀྱི་དགེ་བའི་མཐུ་ལས། ཆོས་སྐུ་ལས་འབད་རྩོལ་མེད་པར་འཇིག་རྟེན་དུ་རྣམ་འཕྲུལ་སྣ་ཚོགས་སྟོན་པ་ཡིན་ནོ། །ཞེས་པའོ། ། སྐལ་མེད་ལ་སྣང་བ་མེད་ཚུལ་ནི། སངས་རྒྱས་རྣམས་གདུལ་བྱ་དུས་ལ་བབས་ན། དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་འཕོ་བ་དང༌། ཡུམ་སྒྱུ་མ་ཆེན་མོ་ལ་སོགས་པའི་ལྷུམས་སུ་འཇུག་པ་དང༌། ལུམ་བི་ནའི་ནགས་ཚལ་ལ་སོགས་པར་སྐུ་བལྟམས་པ་དང༌། ཡབ་ཀྱི་རྒྱལ་པོའི་ཁབ་གྲོང་ཁྱེར་ཆེན་པོ་སེར་སྐྱ་ལ་སོགས་པར་གཤེགས་པ་དང༌། བཙུན་མོའི་འཁོར་བརྒྱད་ཁྲི་ལ་སོགས་པ་དང་ལྷན་ཅིག་དགྱེས་པར་རོལ་པ་དང༌། ཁབ་ནས་མངོན་པར་བྱུང་སྟེ་གནས་ཤིན་ཏུ་དབེན་པར་དཀའ་བ་སྤྱོད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་ནས་བདུད་ཀྱི་སྡེ་དཔུང་དང་བཅས་པ་བཅོམ་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས་པ་དང༌། ལུས་ཅན་རྣམས་ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་ལམ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལ་སོགས་པ་དག་ལེགས་པར་ཡོངས་སུ་བསྟན་ནས་རེ་ཞིག་འོས་སུ་གྱུར་པ་རྣམས་ཀྱི་དོན་བྱ་བ་རྫོགས་པར་གཟིགས་ནས་ཐུབ་པའི་དབང་པོ་རྣམས་མྱ་ངན་ལས་འདས་པའི་ཚུལ་སྟོན་ཅིང༌། སངས་རྒྱས་མཐོང་བའི་སྐལ་པ་མེད་པའི་སེམས་ཅན་རྣམས་ཀྱི་མིག་གི་ལམ་དུ་སྣང་བར་མི་འགྱུར་བ་ཉིད་དོ། ། ཞེས་པའོ། ། ཡེ་ཤེས་སྤྲོ་ཚུལ་ཉི་མའི་དཔེ། ཡེ་ཤེས་སྤྲོ་ཚུལ་ཉི་མའི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ། ཕན་གནོད་ལ་རྟོག་པ་མེད་ཚུལ། །མི་རྟོག་པར་གཞན་དོན་མཛད་ཚུལ། སྐལ་བ་ལས་རིམ་གྱིས་འཆར་ཚུལ། དཔེ་ལས་ཀྱང་ཁྱད་པར་འཕགས་ཚུལ་ལོ། ། དེ་ལས་རྟོག་པ་མེད་ཚུལ་ནི། ཇི་ལྟར་ན་ཉི་མའི་འོད་ཟེར་ནི་རབ་ཏུ་ཚ་བས་གདུངས་བའི་དུས་གཅིག་གི་ཚེ་ཉིད་ལ་མེ་ཏོག་པད་མའི་ཚོགས་རྣམས་རབ་ཏུ་རྒྱས་པར་འགྱུར་བ་དང༌། མེ་ཏོག་ཀུ་མུ་ཏའི་ཚོགས་ནི་རབ་ཏུ་ཟུམ་པར་གྱུར་ན་ཡང་ཆུ་སྐྱེས་པད་མ་བྱེ་བར་བྱའོ་སྙམ་པ་དང་ཀུ་མུ་ཏ་ཟུམ་པར་བྱའོ། །སྙམ་པའི་སྒོ་ནས་བྱེ་བའི་ཡོན་ཏན་དང་ཟུམ་པའི་སྐྱོན་དག་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པར་འཇུག་པ་ལྟར་འདིར་ཡང་འཕགས་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ཉི་མས་ཀྱང་དེ་བཞིན་དུ་དམ་པའི་ཆོས་ཀྱི་འོད་ཟེར་གྱིས་གདུངས་པའི་དུས་གཅིག་གི་ཚེ་ཉིད་ལ་གདུལ་བྱའི་བློ་གྲོས་ཀྱི་པད་མ་རབ་ཏུ་རྒྱས་པ་དང༌། གདུལ་བྱ་མ་ཡིན་པའི་ཡིད་ཀྱི་ཀུ་མུ་ཏ་རབ་ཏུ་ཟུམ་པར་གྱུར་ཀྱང༌། སངས་རྒྱས་ནི་དེ་དག་གི་ཕན་གནོད་ལ་རྣམ་པར་རྟོག་པ་མེད་པས་རབ་ཏུ་འཇུག་གོ །ཞེས་པའོ། ། གཞན་དོན་མཛད་ཚུལ་ལ་གསུམ་ལས། རྟོག་པ་མེད་པས་གཞན་དོན་མཛད་ཚུལ་ནི། དཔེ་ཇི་ལྟར་ན་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་རྟོག་པ་མེད་བཞིན་དུ་རང་གི་འོད་ཟེར་མཐའ་ཡས་པ་དུས་གཅིག་ཅར་དུ་སྤྲོས་པ་ཡིས་མེ་ཏོག་པད་མའི་ཚོགས་རྣམས་ཁ་བྱེ་ཞིང་རབ་ཏུ་རྒྱས་པར་བྱེད་པ་དང༌། གཞན་ལོ་ཐོག་ཕུན་སུམ་ཚོགས་པའི་ཁྱད་པར་དག་རབ་ཏུ་སྨིན་པར་བྱེད་པ་ལྟར། །དོན་དེ་བཞིན་དུ་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱི་ཉི་མའི་དཀྱིལ་འཁོར་ཡང་དམ་པའི་ཆོས་ཀྱི་འོད་ཟེར་མཐའ་ཡས་པ་དག་གཅིག་ཅར་སྤྲོས་པས་གདུལ་བྱའི་སྐྱེ་བོའི་པད་མའི་ཚོགས་ལ་ཡོན་ཏན་གྱི་འདབ་མར་རབ་ཏུ་རྒྱས་པར་མཛད་ཅིང༌། དགེ་བའི་ལོ་ཐོག་སྨིན་པར་མཛད་ཀྱང་དེ་དག་ལ་རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་གོ །ཞེས་པའོ། ། འོད་ཟེར་སྤྲོས་པས་གཞན་དོན་མཛད་ཚུལ་ནི། དཔེར་ན། ཉི་མའི་དཀྱིལ་འཁོར་ནམ་མཁའི་དབྱིངས་སུ་ཤར་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་མུན་པ་སེལ་པར་བྱེད་པ་བཞིན་དུ། རང་དོན་དོན་དམ་ཆོས་ཀྱི་སྐུ་དང༌། གཞན་དོན་ཐ་སྙད་གཟུགས་ཀྱི་སྐུ་གཉིས་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དག་གིས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་སྙིང་བོ་མངོན་སུམ་དུ་གྱུར་པའི་ནམ་མཁར་ཤར་བའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཉི་མ་ཡང༌། གདུལ་བྱ་མ་ལུས་པའི་འགྲོ་བར་ནི་མཁྱེན་པའི་ཡེ་ཤེས་ཀྱིས་དམ་པའི་ཆོས་ཀྱི་འོད་ཟེར་སྣ་ཚོགས་སྤྲོ་བས་མི་ཤེས་པའི་མུན་པ་སེལ་བར་མཛད་དོ། །ཞེས་པའོ། ། ཅིག་ཅར་ཤར་པས་གཞན་དོན་མཛད་ཚུལ་ནི། དཔེར་ན་ཆུ་དང་བས་གང་བའི་སྣོད་མང་པོར་ཉི་མའི་གཟུགས་བརྙན་དུས་ཅིག་ཅར་དུ་འཆར་བ་ལྟར། གང་གི་ཕྱིར་གདུལ་བྱ་མཐའ་ཡས་པའི་རྒྱུད་ཉོན་མོངས་པ་ལ་སོགས་པའི་དྲི་མས་ཡོངས་སུ་དག་པ་དེའི་ཕྱིར་ཆུ་དང་བས་གང་བའི་སྣོད་དང་འདྲ་བར་ནི་ཐམས་ཅད་ལ་བདེ་བར་གཤེགས་པའི་གཟུགས་ཀྱི་སྐུ་ནི་ཉི་མའི་གཟུགས་བརྙན་དང་འདྲ་བ་ནི་དཔག་ཏུ་མེད་པ་དུས་ཅིག ཅར་དུ་འཆར་བས་གཞན་དོན་ཕུན་སུམ་ཚོགས་པ་མཛད་དོ། །ཞེས་པའོ། ། བསྟན་པ་ནི། དུས་རྟག་ཏུ་ཆོས་ཅན་ཐམས་ཅད་ལ་རྣམ་པར་དབྱེར་མེད་པར་ཁྱབ་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནམ་མཁའི་དཀྱིལ་དང་འདྲ་བ་ཉིད་དུ་རྫོགས་པའི་སངས་རྒྱས་ཉི་མ་ཆེན་པོ་དང་འདྲ་བ་རྣམས་ཤར་ནས་གདུལ་བྱའི་སྐྱེ་བོ་རི་དང་འདྲ་བ་རྣམས་ལ་ཇི་ལྟར་འོས་ཤིང་སྐལ་པ་དང་འཚམས་པར་རིམ་གྱིས་འབབ་ཅིང་འཆར་བ་ཉིད་དོ།། ཞེས་པའོ། ། བཤད་པ་ནི། ཇི་ལྟར་ན་རྒྱ་ཆེན་པོའི་འོད་ཟེར་སྟོང་ཕྲག་དུ་མ་དང་ལྡན་པའི་ཉི་མ་ནམ་མཁའི་དབྱིངས་སུ་ཤར་བ་འདི་ནི་གླིང་བཞི་པའི་འཇིག་རྟེན་རྣམས་འོད་ཟེར་གྱིས་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི་དང་པོ་མཆོག་ཏུ་མཐོན་པོའི་རི་ལ་འབབ་པ་དང༌། དེ་ནས་བར་མའི་རི་ལ་འབབ་པ་དང༌། མཐར་དམན་པའི་རི་ལ་འབབ་ཅིང་འཆར་བ་དེ་བཞིན་དུ། ཡེ་ཤེས་ཀྱི་འོད་ཟེར་རྒྱ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཐམས་ཅད་མཁྱེན་པའི་ཉི་མ་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་དུ་འཆར་བ་འདི་ཡང་གདུལ་བྱ་སེམས་ཅན་གྱི་ཚོགས་ལ་རིམ་གྱིས་འབབ་སྟེ། དང་པོར་སྐལ་པ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་ཞིང༌། དེ་ནས་སྐལ་པ་བར་མར་གྱུར་པ་རྣམས་ལ་སྣང་ལ། མཐར་སྐལ་པ་དམན་པ་རྣམས་ལ་སྣང་བས་གཞན་ཡོངས་སུ་སྨིན་པར་མཛད་དོ། །ཞེས་པའོ། ། ཁྱད་དང་འཕགས་ཚུལ་ལ་གཉིས་ལས། འོད་ཟེར་གྱིས་ཁྱད་པར་འཕགས་ཚུལ་ནི། ཐ་མལ་པའི་ཉི་མ་ལས་སངས་རྒྱས་ཀྱི་ཉི་མ་ཆེས་མཆོག་ཏུ་གྱུར་པ་ཉིད་དོ། །ཞེས་སྟོན་པས་ཏེ། ཉི་མ་ལའང་ཕྱོགས་རེ་ཙམ་ཁྱབ་པའི་འོད་ཟེར་སྤྲོ་བའི་ནུས་པ་ཡོད་མོད་ཀྱི། སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་པ་ཀུན་གྱི་ནམ་མཁའི་མཐིལ་ཐམས་ཅད་ཁྱབ་པར་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བར་བྱེད་པའི་ནུས་པ་ཉི་མ་ལ་མེད་ལ་སངས་རྒྱས་ལ་ཡོད་པས་ཁྱབ་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། དེ་བཞིན་དུ་ཉི་མ་ལ་ཐ་མལ་བའི་མུན་པ་སེལ་ཞིང་གཟུགས་ཕྱོགས་རེ་ཙམ་གསལ་བར་སྟོན་པའི་ནུས་པ་ཡོད་མོད་ཀྱི། མི་ཤེས་པའི་གཏི་མུག་གི་མུན་པས་བཀབ་པ་བསལ་ནས་ཤེས་བྱའི་གནས་ལུགས་ཀྱི་དོན་གསལ་བར་སྟོན་པའི་ནུས་པ་ཡང་ཡོད་པ་མིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་ཉི་མ་ལ་ཐེག་པ་གསུམ་ལ་སོགས་པ་སྣ་ཚོགས་པའི་མདོག་ཅན་རྣམ་པར་བཀྱེ་བའི་གསུང་རབ་མཐའ་ཡས་པའི་འོད་ཟེར་གྱི་ཚོགས་ཀྱིས་མི་ཤེས་པའི་མུན་པ་བསལ་ནས། ཡེ་ཤེས་ཀྱི་སྣང་བ་གསལ་བ་དག་མཛད་པ་འདིས་ནི་གདུལ་བྱའི་འགྲོ་བ་མཐའ་ཡས་པ་རྣམས་ལ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་གནས་ལུགས་ཟབ་དོན་གསལ་བར་སྟོན་པར་མཛད་པའི་ནུས་པ་ཡོད་པའི་ཕྱིར་དོན་ཆེན་པོ་དང་ལྡན་པས་ཀྱང་ཁྱད་པར་དུ་འཕགས་སོ། །ཞེས་པའོ། ། བྱེད་ལས་ཀྱིས་ཁྱད་པར་འཕགས་ཚུལ་ནི། ཐ་མལ་པའི་ཉི་མ་འཇིག་རྟེན་དུ་ཤར་ཡང༌། ལོང་བས་གཟུགས་མཐོང་བ་དང༌། འཁོར་བའི་སྡུག་བསྔལ་སེལ་བ་དང༌། ཟབ་མོའི་ཆོས་ཉིད་མཐོང་བ་ལ་སོགས་པའི་ནུས་པ་མེད་ལ། སངས་རྒྱས་ཀྱི་ཉི་མ་གདུལ་བྱའི་གྲོང་དུ་གཤེགས་ཤིངཤར་བའི་ཚེ་ན་མིག་དང་མི་ལྡན་པའི་སྐྱེ་པོ་ལོང་བ་རྣམས་མིག་དང་ལྡན་པར་འགྱུར་ཏེ་གཟུགས་མཐོང་ཞིང༌། དེ་བཞིན་དུ་འོན་པ་རྣམས་ཀྱིས་སྒྲ་ཐོས་པ་དང༌། སྨྱོན་པ་རྣམས་ཀྱིས་སེམས་རྣལ་དུ་ཕེབས་པ་དང༌། དབུལ་པོ་རྣམས་ཀྱིས་ཁྱིམ་ནས་གཏེར་རྙེད་པ་དང༌། ངན་སོང་ལ་སོགས་པ་མངོན་པར་འདོད་པའི་དོན་མེད་པས་སེམས་གདུངས་པའི་ཚོགས་རྣམས་དེ་དང་བྲལ་ནས་སངས་རྒྱས་ཀྱི་དོན་དེ་མཐོང་བ་ཙམ་ཉིད་ལས་ནི་ཅི་འདོད་པའི་བདེ་བ་མྱོང་བར་འགྱུར་བ་དང་མདོར་ན་གཏི་མུག་གི་རབ་རིབ་དག་གིས་བློ་གྲོས་ཀྱི་མིག་མེད་པར་འདོངས་པས་སྲིད་པའི་རྒྱ་མཚོ་ཆེན་པོ་སྡུག་བསྔལ་གྱི་གཏིང་མཐའ་མེད་པར་ལྟུང་སྟེ། ལྟ་བ་ངན་པ་སྣ་ཚོགས་པའི་མུན་ནག་ཐིབས་པོས་སེམས་ཀྱི་རང་བཞིན་བསྒྲིབས་པའི་འགྲོ་བ་མཐའ་ཡས་་པ་རྣམས་སངས་རྒྱས་ཀྱི་ཉི་མ་འཇིག་རྟེན་དུ་ཤར་བའི་འཕྲིན་ལས་ཀྱི་འོད་ཀྱིས་བློ་གྲོས་ཀྱི་སྣང་བ་ཤེས་བྱ་ལ་རིམ་གྱིས་གསལ་བར་གྱུར་པས་བྱིས་པ་རྣམས་ཀྱིས་སྔར་མི་ཤེས་ཤིང་མ་མཐོང་བའི་གནས་ཆོས་ཀྱི་དབྱིངས་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་གྱུར་པའི་ཕྱིར། བྱེད་ལས་ཀྱི་སྒོ་ནས་ཀྱང་མཆོག་ཏུ་གྱུར་པ་ཉིད་དོ། །ཞེས་པའོ། ། ཐུགས་ཀྱི་གསང་བ་ནོར་བུའི་དཔེ། ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ་ལ་གཉིས་ཏེ། རེ་འདོད་སྒྲུབ་པས་མཚུངས་པར་བསྟན་པ། རྙེད་པར་དཀའ་བས་མཚུངས་པར་བསྟན་པའོ། ། རེ་འདོད་སྒྲུབ་པ་ལ་གཉིས་ལས། རྟོག་མེད་འདོད་དགུ་སྒྲུབ་ཚུལ་གྱིས་རྒྱས་པར་བཤད་པ་ནི། དཔེ་ཇི་ལྟར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་འདི་ལ་འདི་སྦྱིན་པར་བྱའོ་སྙམ་པའི་ཀུན་སློབ་གི་རྣམ་པར་རྟོག་པ་མེད་ཀྱང་དུས་ཅིག་ཅར་དུ་ཉེ་འཁོར་གྱི་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་འདེབས་པའི་སྐྱེས་བུ་བསམ་པ་ཐ་དད་པ་རྣམས་ཀྱི་ནི་ཟས་དང་གོས་དང་འབྲུ་དང་སྨན་དང་གནས་ལ་སོགས་པ་གང་དང་ཅི་འདོད་པའི་བསམ་པ་མ་ལུས་པ་ཀུན་སོ་སོར་མ་འདྲེས་པར་ཡོངས་སུ་རྫོགས་པར་བྱེད་པ་ལྟར། དོན་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་ཀྱང་རིགས་ཅན་གསུམ་ལ་སོགས་པ་མོས་པའི་བསམ་པ་ཐ་དད་པའི་གདུལ་བྱ་དཔག་ཏུ་མེད་པ་རྣམས་ཀྱིས་རང་རང་གི་སྐལ་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པ་སྣ་ཚོགས་པའི་ཆོས་ནི་ཐོས་པར་འགྱུར་ཞིང་དེ་དག་གི་དོན་རྣམས་ཡོངས་སུ་རྫོགས་པར་མཛད་ན་ཡང་སངས་རྒྱས་དེའི་ཆོས་སྟོན་པའི་སྐབས་དེ་ལ་འདི་བསྟན་པར་བྱའོ་སྙམ་པའི་བསམ་པ་ཅུང་ཟད་ཀྱང་རྣམ་པར་མི་རྟོག་པ་ཉིད་དོ། །ཞེས་པའོ། ། འབད་མེད་རྟག་ཏུ་བཞུགས་ཚུལ་གྱིས་བསྟན་པ་ནི། ཇི་ལྟར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་དུ་གང་ལ་གང་འདོད་པའི་ནོར་རྫས་རྣམས་འབད་པ་དང་རྩོལ་བ་མེད་པར་གསོལ་བ་འདེབས་པའི་སྐྱེ་བོ་གཞན་པ་དག་ལ་རབ་ཏུ་སྟེར་པ་ལྟར། དེ་བཞིན་དུ་ཐུབ་པའི་དབང་པོ་སངས་རྒྱས་རྣམས་ཀྱང་རྣམ་པར་རྟོག་པ་ལ་སོགས་པའི་འབད་པ་དང་རྩོལ་བ་མེད་པར་རང་རང་ལ་ཇི་ལྟར་འོས་ཤིང་འཚམ་པར་ནི་ཆོས་སྟོན་པ་ལ་སོགས་པ་གདུལ་བྱ་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཆེད་དུ་སྲིད་པ་འཁོར་བ་མཐའ་མེད་པ་འདི་ཇི་སྲིད་དུ་གནས་ཀྱི་བར་དུ་རྒྱུན་མི་ཆད་བར་རྟག་ཏུ་བཞུགས་པ་ཡིན་ནོ། །ཞེས་པའོ། ། རྙེད་པར་དཀའ་བ་ནི། གང་གི་ཕྱིར་རྒྱ་མཚོ་ཆེན་པོའི་ནང་དུ་ཆུད་ཅིང་ས་ཆེན་པོའི་འོག་ན་གནས་པ་དེའི་ཕྱིར་དངོས་པོ་དེ་ལ་དོན་དུ་གཉེར་ཞིང་འདོད་པ་རྣམས་ཀྱིས་ཇི་ལྟར་ན་དགོས་འདོད་ཐམས་ཅད་སྒྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཟང་པོ་བསོད་ནམས་དམན་པའི་འགྲོ་བའི་འདིས་རབ་ཏུ་རྙེད་པར་དཀའ་བ་དེ་བཞིན་དུ་འཁོར་བར་གནས་པའི་འགྲོ་བ་མཐའ་ཡས་པ་ཀུན་ཀྱང་བསྐལ་པ་ཤིན་ཏུ་ངན་ཞིང་སྣ་ཚོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཟིན་པའི་ཕྱིར། རང་རང་གི་ཡིད་དྲི་མ་དང་བཅས་པ་འདིར་བདེ་བར་གཤེགས་པའི་སྐུ་གཉིས་ཀྱི་སྣང་བ་མཐོང་བ་ནི་མཆོག་ཏུ་རྙེད་པར་དཀའ་བར་ཤེས་པར་བྱའོ། །ཞེས་པའོ། ། གསུང་གི་གསང་བ་བྲག་ཆའི་དཔེ། གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། ཇི་ལྟར་ན་བྲག་ཆ་ལ་སོགས་པ་སྒྲ་བརྙན་གྱི་ནི་སྒྲ་སྣ་ཚོགས་སུ་སྣང་བ་དེ་རྐྱེན་གྱི་དབང་གིས་གཞན་ཉན་པ་པོ་རྣམས་ཀྱི་རང་རང་གི་བརྗོད་པ་དང་མཐུན་པར་རྣམ་པར་རིག་པ་ཙམ་ལས་བྱུང་ཞིང་སྣང་བ་ཡིན་གྱི། བྲག་ལ་སོགས་པ་ནི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་འདི་ལ་འདི་བརྗོད་པར་བྱའོ་སྙམ་པའི་བཟོ་འམ་འབད་རྩོལ་ཡང་མེད་ལ། སྒྲ་རང་གི་ངོ་བོ་ཡང་བྲག་ལ་སོགས་པའི་ཕྱི་རོལ་ལའངམི་གནས་པ་དང༌། ནང་ནའང་མི་གནས་པ་ལྟར། ཞེས་པའོ། ། དོན་ནི། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་གསུང་གི་སྒྲ་སྣ་ཚོགས་སུ་སྣང་བ་ཡང་གདུལ་བྱའི་དབང་གིས་གཞན་ཉན་པོ་རྣམས་ཀྱི་རང་རང་གི་བསམ་པ་དང་མཐུན་པར་རྣམ་པར་རིག་པ་ཙམ་ལས་བྱུང་ཞིང་སྣང་བ་ཡིན་ཀྱི། སངས་རྒྱས་ལ་ནི་ཀུན་སློང་གི་རྣམ་པར་རྟོག་པ་གང་ཡང་མེད་ཅིང་འདི་ལ་འདི་སྟོན་པར་བྱའོ་སྙམ་པའི་བཟོ་འམ་འབད་རྩོལ་གང་ཡང་མེད་ལ། སྒྲ་རང་གི་ངོ་བོ་ཡང་སངས་རྒྱས་ཀྱི་སྐུའི་ཕྱི་རོལ་ནའང་གནས་པ་མ་ཡིན་པ་དང་ནང་ནའང་གནས་པ་མ་ཡིན་ནོ། །ཞེས་པའོ། ། སྐུའི་གསང་བ་ནམ་མཁའི་དཔེ། སྐུའི་གསང་བ་ནམ་མཁའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། དངོས་པོར་ཅུང་ཟད་ཀྱང་གྲུབ་པ་མེད་ཅིང་དབང་ཤེས་ལ་སྣང་བ་མེད་པ་དང༌། དེ་དག་གི་དམིགས་ཡུལ་དུ་གྲུབ་པ་མེད་ཅིང་བརྟེན་པའི་གཞི་ཡང་མེད་ལ་ཁྱད་པར་མིག་གི་དབང་པོའི་ལམ་ལས་ཀྱང་རབ་ཏུ་འདས་པ་དང༌། ཐོགས་བཅས་ཀྱི་གཟུགས་སུ་གྲུབ་པ་མེད་ཅིང༌། གཞན་གྱི་མིག་ཡུལ་དུ་འདིའོ་ཞེས་བསྟན་དུ་མེད་པའི་མཚན་ཉིད་ཅན་གྱི་འདུས་མ་བྱས་ནམ་མཁའ་ལ་ནི་ཇི་ལྟར་ན་འགའ་ཞིག་གིས་དབུས་ཀྱི་ཆར་སྣང་བ་རྣམས་མཐོ་བ་དང༌། མཐའི་འཆར་སྣང་བ་རྣམས་དམའ་བ་དང༌། གྲུ་བཞི་དང༌། ཟླུམ་པོ་དང༌། སྔོན་པོ་དང༌། སེར་པོ་ལ་སོགས་པ་སྣ་ཚོགས་སུ་མཐོང་ཡང་དོན་དམ་པར་ནམ་མཁའ་དེ་ནི་སྣ་ཚོགས་སུ་སྣང་བ་དེ་ལྟར་བདེན་པར་ཡོད་པ་མིན་ནོ། །ཞེས་པའོ། ། དོན་ནི། དེ་བཞིན་དུ་ལྷུམས་སུ་འཇུག་པ་དང༌། བལྟམས་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འཆག་པ་དང༌། བཞེངས་པ་དང༌། སྐུ་མདོག་སྣ་ཚོགས་པ་དང༌། ཞིང་ཁམས་ཐ་དད་པ་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པ་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་ཡོད་པར་གདུལ་བྱའི་རིགས་མང་པོས་མཐོང་ཡང་དོན་དམ་པའི་སངས་རྒྱས་དེ་ནི་སྐྱེ་འགག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དེ་ལྟར་དོན་ལ་བདེན་པར་ཡོད་པ་མིན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། ། ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེ། ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། ཇི་ལྟར་ན་ས་ཆེན་པོ་འདི་ལས་སྐྱེ་བའི་རྩི་ཤིང་དང་ནགས་ཚལ་མེ་ཏོག་ལ་སོགས་པ་ཀུན་འདི་དག་བསྐྱེད་པར་བྱའོ་སྙམ་པའི་རྣམ་རྟོག་དང་འབད་རྩོལ་མེད་པའི་ས་གཞི་ལ་བརྟེན་ནས་ནི་སྔར་མེད་པར་གསར་དུ་འཕེལ་བར་འགྱུར་བ་དང༌།སྔར་ཡོད་པ་རྩ་བ་བརྟན་པར་འགྱུར་བ་དང༌། ཐམས་ཅད་ཀྱང་གོང་ནས་གོང་དུ་ཡང་ཤིང་རྒྱས་པར་འགྱུར་བས་སེམས་ཅན་གྱི་ཉེར་འཚོ་བྱེད་པ་ལྟར། ཞེས་པའོ། ། དོན་ནི། དེ་བཞིན་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ས་ཆེན་པོ་དང་འདྲ་བར་འདི་དག་གི་དོན་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པ་ལ་བརྟེན་ནས་ཀྱང་གདུལ་བྱའི་འགྲོ་བ་དཔག་ཏུ་མེད་པའི་ཚོགས་གཉིས་ཀྱི་དགེ་བའི་རྩ་བའི་ལོ་ཐོག་རྣམས་ཐམས་ཅད་མ་ལུས་པར་ནི་འཕེལ་བ་དང་བརྟན་པ་དང་ཡངས་པར་འགྱུར་བས་སེམས་ཅན་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་དོ། །ཞེས་པའོ། ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ་ལ་གཉིས་ཏེ། དགོས་པ་དང་དཔེ་དོན་གྱི་དབྱེ་བ་དང༌། དཔེས་མཚོན་ཚུལ་ཁྱད་པར་དུ་བཤད་པའོ། ། དཔེ་དོན་གྱི་དབྱེ་བ། དབྱེ་བ་ལ་བཞི་ལས། དགོས་པ་དང་ཉིང་དགོས་འགྲུབ་ཚུལ་ནི། ཕལ་པ་རྣམས་ཀྱི་བློའི་ཡུལ་དུ་འབད་པ་དང། རྩོལ་བ་ཅུང་ཟད་ཀྱང་མེད་པར་བྱ་བ་འགའ་ཞིག་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པ་ནམ་ཡང་མཐོང་བ་མེད་པ་དེ་བས་ན་གདུལ་བྱ་རྣམས་ཀྱི་བསམ་པ་ལ་སངས་རྒྱས་ཀྱི་འཕྲིན་ལས་འབད་རྩོལ་མེད་པ་ཉིད་ཡིན་ན་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པ་འགལ་ལོ་སྙམ་པའི་ཐེ་ཚོམ་སྐྱེ་བས། ཉོན་མོངས་པ་ཐེ་ཚོམ་དེ་དག་གཅད་ཅིང་སྤང་བར་བྱ་བའི་ཕྱིར་དུ་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པའི་དཔེ་རྣམ་པ་དགུ་ཡིས་ནི་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པའི་ཚུལ་དེ་གསལ་བར་བསྟན་པ་ཡིན་ལ་དེ་ཡང་གསུང་རབ་གང་དུ་སངས་རྒྱས་ཀྱི་འཕྲིན་ལས་མཚོན་པར་བྱེད་པའི་དཔེ་རྣམ་པ་དགུ་པོ་འདི་དག་རྒྱས་པར་རྒྱུ་མཚན་དང་བཅས་པས་གསལ་བར་རབ་ཏུ་བསྟན་པར་གྱུར་པ་མདོ་སྡེ་ཡི་ནི་མིང་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་ཞེས་པ་དེ་ཉིད་ཀྱིས་དཔེས་བཤད་པ་དེའི་དགོས་པ་ཉིང་དགོས་འགྲུབ་པའི་ཚུལ་ཡང་ལེགས་པར་བསྟན་པ་ཉིད་ཡིན་ཏེ། གསུང་རབ་དེ་ལྟ་བུ་དང་དགོངས་འགྲེལ་འདི་ལྟ་བུ་ཐོས་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པའི་སྣང་བ་རྒྱ་ཆེན་པོ་འདིས་རྣམ་པར་བརྒྱན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་འཕྲིན་ལས་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ཚུལ་ཀུན་ལ་དང་པོར་རྟོག་པའི་སྒོ་ནས་འཇུག་ཅིང༌། མཐར་སྒྲུབ་པའི་ཚུལ་གྱིས་ཀྱང་འཇུག་པར་འགྱུར་པའི་ཕྱིར་རོ། །ཞེས་པའོ། ། དེ་ལྟར་དངོས་སུ་འཕྲིན་ལས་ལ་ཐེ་ཚོམ་ཆོད་པ་ནི་ཉེ་བའི་དགོས་པ་ཡིན་ལ། བརྒྱུད་ནས། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །ཞེས་པའོ། ། དཔེ་དང་དོན་བསྡུས་ཏེ་བསྟན་པ་ནི། འབད་རྩོལ་མེད་ཅིང་བྱ་བ་བྱེད་པ་དེའི་དོན་མཚོན་པར་བྱེད་པའི་ཆེད་དུ་བཻཌཱུརྱའི་ས་གཞི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པའི་དཔེ་དག་ནི་རྣམ་པ་དགུ་གོང་དུ་རྒྱས་པར་བརྗོད་པ་དེ་ལ་ནི་དཔེས་མཚོན་པར་བྱ་བ་དེ་ཡི་མདོར་བསྡུས་པའི་དོན་ངེས་པར་གཟུང་ཞིང་སྟོན་པ་འདི་དག་སྟེ། བརྒྱ་བྱིན་གྱི་དཔེས་ནི་གདུལ་བྱ་དང་མཐུན་པར་སྐུའི་རྣམ་འཕྲུལ་སྣ་ཚོགས་སྟོན་པ་དང༌། རྔ་བོ་ཆེའི་དཔེས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་གསུང་གིས་དམ་པའི་ཆོས་ཀྱི་གདམས་ངག་གསུང་བ་དང༌། སྤྲིན་གྱི་དཔེས་ནི་ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་ཐམས་ཅད་ལ་ཁྱབ་པ་དང༌། ཚངས་པའི་དཔེས་ནི་སྐུ་དང་གསུང་གིས་མཛད་པ་མཐའ་ཡས་པ་སྤྲུལ་པ་དང། ཉི་མའི་དཔེས་ནི་ཐུགས་ཀྱིས་མཛད་པ་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་སྤྲོ་བ་དང༌། ནོར་བུའི་དཔེས་ནི་རྣམ་རྟོག་མེད་ཀྱང་དགོས་འདོད་རྩོལ་བའི་ཐུགས་ཀྱི་གསང་བ་དང༌། སྒྲ་བརྙན་གྱི་དཔེས་ནི་ཡི་གེ་མེད་ཀྱང་ལེགས་བཤད་་སྟོན་པའི་གསུང་གི་གསང་བ་དང༌། ནམ་མཁའི་དཔེས་ནི་གཟུགས་སུ་མེད་ཀྱང་གདུལ་བྱས་མཐོང་བའི་སྐུའི་གསང་བ་དང༌། ས་གཞིའི་དཔེས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་ལ་འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་བསྟན་པ་ཡིན་ནོ། །ཞེས་པའོ། ། དོན་གསུམ་དུ་སྦྱར་ཏེ་བཤད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཞན་གྱི་དོན་སྒྲུབ་པ་ན་དམིགས་པ་དང་བཅས་པའི་འབད་རྩོལ་གྱི་རྒྱུན་མ་ལུས་པ་ཀུན་རབ་ཏུ་ཞི་བའི་སྒོ་ནས་འཇུག་པ་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་མེད་ཅིང་སྤངས་པའི་ཐུགས་རྗེས་རང་བཞིན་གྱིས་འོད་གསལ་བ་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དཔེར་ན་མིའི་འཇིག་རྟེན་དྲི་མ་མེད་པའི་བཻཌཱུརྱའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་རྣམས་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པ་ཇི་ལྟ་བ་བཞིན་ནོ། །དེ་ལ་དམིགས་པ་དང་བཅས་པའི་འབད་རྩོལ་གྱི་རྒྱུན་ཀུན་རབ་ཏུ་ཞི་བ་ཡིན་ཏེ། ཞེས་པ་ནི་དམ་བཅའ་བའི་དོན་བསྟན་པ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཐུགས་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཞེས་པ་ནི་དེ་སྒྲུབ་པར་བྱེད་པའི་གཏན་ཚིགས་སོ། ། དེ་ལྟར་ན་འབད་རྩོལ་གང་ཡང་མེད་ཀྱང་གཞན་དོན་ལྷུན་གྱིས་གྲུབ་པའི་རང་བཞིན་གྱི་དོན་དེ་ནི་གདུལ་བྱའི་བློའི་ཡུལ་དུ་འགྲུབ་པར་བྱ་བའི་དོན་དུ་མཚོན་པར་བྱེད་པའི་དཔེ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་དང༌། རྔ་བོ་ཆེའི་སྒྲ་སྐད་ལ་སོགས་པས་སྔར་བསྟན་པ་རྣམས་ཡིན་ནོ། །ཞེས་པའོ།། སྐབས་ཀྱི་དོན་ལ་འབད་རྩོལ་མེད་ཚུལ་ནི་སངས་རྒྱས་ཀྱི་འཕྲིན་ལས་མཛད་པའི་སྐབས་འདིར་ནི། དཔེ་རྣམས་ཀྱིས་མཚོན་པར་བྱ་བའི་སྐབས་ཀྱི་དོན་འདི་ཡིན་ཏེ། རྣམ་འཕྲུལ་སྟོན་པ་དང་གདམས་ངག་གསུངས་པ་ལ་སོགས་པའི་དོན་རྣམས་པ་དགུ་སྔར་བཤད་པས་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྣམས་སྐྱེ་བ་དང༌། འཆི་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་དང་བྲལ་བ་རྣམ་པར་རྟོག་པ་མེད་ཅིང་འདི་དང་འདི་བྱའོ་སྙམ་པའི་འབད་པ་དང་རྩོལ་བ་མེད་པར་ཡང་གདུལ་བྱ་རྣམས་ལ་འཕྲིན་ལས་འགྲུབ་པའི་ཚུལ་གྱིས་རབ་ཏུ་འཇུག་པར་སྟོན་པའོ། །ཞེས་པའོ། ། དཔེས་མཚོན་ཚུལ་བཤད་པ། མཚོན་ཚུལ་ལ་གཉིས་ལས། དཔེ་ཡི་དབྱེ་བ་བསྟན་པ་ནི། སངས་རྒྱས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་གང་ཞིག་ཉེ་བར་མཚོན་པར་བྱེད་པའི་དཔེ་ནི། བརྒྱ་བྱིན་རང་གི་གནས་ནས་མ་གཡོས་པར་གཟུགས་བརྙན་ས་གཞི་ལ་ཤར་བས་མི་རྣམས་ཀྱི་དོན་བྱེད་པ་བཞིན་དང༌། རྔ་བོ་ཆེ་ལ་འབད་རྩོལ་མེད་པར་ཆོས་ཀྱི་སྡོམ་བཞི་སྟོན་པ་དང༌། སྤྲིན་གྱིས་ནམ་མཁའ་ལ་ཁྱབ་པའི་སྤྲིན་གྱིས་ལོ་ཐོག་རྣམས་སྨིན་པར་བྱེད་པ་བཞིན་དང༌། ཚངས་པ་གཟུགས་ཁམས་ལས་མ་གཡོས་པར་སྤྲུལ་པ་འདོད་ཁམས་སུ་བསྟན་པས་ལྷ་རྣམས་ཀྱི་དོན་བྱེད་པ་བཞིན་དང༌། ཉི་མ་ལ་རྟོག་པ་མེད་པར་འོད་ཟེར་མཐའ་ཡས་པ་སྤྲོ་བས་མུན་པ་སེལ་བར་བྱེད་པ་བཞིན་དང༌། རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལ་རྣམ་རྟོག་མེད་ཀྱང་དགོས་འདོད་མ་ལུས་པ་སྩོལ་བ་བཞིན་དང༌། བདེན་པར་གྲུབ་པ་མེད་ཀྱང་སྣ་ཚོགས་སུ་སྣང་བ་བྲག་ཆ་ལ་སོགས་པ་སྒྲ་བརྙན་བཞིན་ད་ང༌། གཟུགས་སུ་གྲུབ་པ་མེད་ཀྱང་ཐམས་ཅད་དུ་ཁྱབ་པ་ནམ་མཁའ་བཞིན་དང༌། རྟོག་པ་དང་རྩོལ་བ་མེད་ཀྱང་ཐམས་ཅད་ཀྱི་རྟེན་བྱེད་པ་ས་གཞི་བཞིན་ཏེ། འཁོར་བ་མཐའ་མེད་པའི་སྲིད་པ་འདི་ཇི་སྲིད་གནས་པའི་བར་དུ་རྒྱུན་མི་འཆད་ཅིང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་སྒོ་ནས་གཞན་གྱི་དོན་མཛད་པའི་འཕྲིན་ལས་ཀྱི་ཚུལ་དེ་ནི་རྣལ་འབྱོར་པ་མཆོག་ཏུ་གྱུར་པ་རྣམས་ཀྱིས་རིག་གི ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཞེས་པའོ། ། དོན་དང་སྦྱར་ཏེ་བཤད་པ་ནི། རྫོགས་པའི་སངས་རྒྱས་རྣམས་གཞན་དོན་མཛད་པ་ནི་དཔེར་ན་མིའི་འཇིག་རྟེན་རིན་ཆེན་གྱི་བཻཌཱུརྱའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་སྟེ། སྐུའི་སྣང་བ་དང༌། དེ་བཞིན་དུ་སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པ་དང༌། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་པར་བྱ་བའི་ཆེད་དུ། གསུང་གིས་གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་འདོམས་པར་མཛད་པའི་ཚུལ་ན་ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་འདྲ་བ་དང༌། ཐུགས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་སངས་རྒྱས་རྣམས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། འཁོར་བ་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་སྤྲིན་གྱི་ཚོགས་དང་འདྲ་བ་ནི་གདུལ་བྱ་མཐའ་ཡས་པའི་འགྲོ་བ་རྣམས་ལ་སྲིད་པའི་རྩེ་མོའི་བར་དུའང་ཁྱབ་པར་འཇུག་པ་དང༌། ཚངས་པ་གཟུགས་ཁམས་ལས་མ་གཡོས་པར་འདོད་ཁམས་སུ་སྟོན་པ་ཇི་ལྟ་བ་བཞིན་དུ། ཟག་པ་མེད་པའི་གནས་ཆོས་ཀྱི་དབྱིངས་ལས་ཅུང་ཟད་ཀྱང་མི་བསྐྱོད་པར་རང་གི་མོས་པ་དང་མཐུན་པར་སྐུ་དང་གསུང་གི་སྤྲུལ་པ་མི་འདྲ་བ་རྣམ་པ་དུ་མར་ཡང་རབ་ཏུ་སྟོན་པ་དང༌། ཉི་མས་འོད་ཟེར་གྱི་སྣང་བ་འགྱེད་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་རབ་ཏུ་སྤྲོ་བ་གང་ཡིན་པ་དང༌། དྲི་མ་མེད་ཅིང་རྣམ་པར་དག་པའི་རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་རྣམ་པར་རྟོག་པ་མེད་ཀྱང་དགོས་འདོད་སྩོལ་བའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ་དང༌། རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་གི་གསང་བ་དེ་ཡང་བྲག་ཆ་ལ་སོགས་པའི་སྒྲ་བརྙན་ཇི་ལྟ་བ་བཞིན་དུ་སྣ་ཚོགས་སུ་ཐོས་ཀྱང་ཡི་གེའི་ངོ་བོར་གྲུབ་པ་མེད་པ་དང༌། སྐུའི་གསང་བ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་ལ་ཁྱབ་པ་ཉིད་དང༌། དབྱིབས་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་གཟུགས་སུ་གྲུབ་པ་མེད་ཅིང་རྟག་པ་ཉིད་ཡིན་པ་དང༌། ས་གཞིས་ལོ་ཐོག་ལ་སོགས་པ་སྐྱེ་བའི་རྟེན་བྱེད་པ་བཞིན་དུ་གདུལ་བྱའི་འགྲོ་བ་དཔག་ཏུ་མེད་པའི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཀྱི་ལོ་ཐོག་དང་རྩི་སྨན་རྣམས་མ་ལུས་པ་འཕེལ་བ་དང་བརྟན་པ་དང་ཡངས་པར་བྱེད་པའི་རྣམ་པ་ཀུན་ཏུ་གཞི་འམ་རྟེན་དུ་གྱུར་པ་ནི། གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་ཀུན་གྱི་ས་ཐོབ་པ་ཉིད་ཡིན་ནོ། །ཞེས་པ་སྟེ། དོན་རྣམ་པ་དགུ་དང་ལྡན་པ་ཡིན་ནོ། །ཞེས་པའོ། ། སླར་ཡང་བསྡུས་ཏེ་བཤད་པ། སླར་ཡང་བསྡུས་ཏེ་ཁྱད་པར་དུ་བཤད་པ་ལ་གཉིས། གཟུགས་སྐུ་ལ་སྐྱེ་འཇིག་སྣང་ཡང་ཆོས་སྐུ་ལ་སྐྱེ་འཇིག་མེད་ཚུལ་དང༌། ཆོས་མཐུན་པས་མཚུངས་པར་སྣང་ཡང་མི་མཐུན་པས་ཁྱད་པར་དུ་འཕགས་ཚུལ་ལོ། ། གཟུགས་སྐུ་ལ་སྐྱེ་འཇིག་སྣང་ཡང་ཆོས་སྐུ་ལ་དེ་མེད་ཚུལ། སྣང་ཡང་སྐྱེ་འཇིག་མེད་ཚུལ་ལ་གཉིས་ལས། དབང་བོའི་དཔེས་སྐྱེ་འཇིག་མེད་ཚུལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཉིད་ཡིན་ན། སྐྱེ་བ་དང་འཇིག་པ་མཐོང་བའི་རྒྱུ་མཚན་ཇི་ལྟར་སྙམ་པ་ལ། དགེ་བའི་རྩ་བ་བསགས་པ་ལ་བརྟེན་ནས་ས་གཞི་བཻཌཱུརྱ་དག་པ་དང་འདྲ་བར་གྱུར་པ་ཡི་རང་གི་སེམས་དྲི་མ་མེད་ཅིང་དྭངས་བར་གྱུར་པ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསལ་བར་མཐོང་བའི་རྒྱུའམ་སེམས་དེ་དག་པར་བྱེད་པའི་ཐབས་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པའི་རྐྱེན་གྱིས་མི་བཟློག་པའི་སྒོ་ནས་དད་པ་ལ་སོགས་པའི་དབང་པོ་ཤིན་ཏུ་བརྟས་ཤིང་བརྟན་པར་གྱུར་པ་ཉིད་ཡིན་ཞིང༌། དེ་ལ་ས་གཞི་དག་པ་དང་མ་དག་པའི་དབང་གིས་གཟུགས་བརྙན་འཆར་བ་དང་ནུབ་པར་འགྱུར་བ་བཞིན་དུ་གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པའི་དགེ་བའི་རྩ་བ་སྐྱེ་བ་དང་འཇིག་པ་ན་དེ་དག་གི་དབང་གིས་རིམ་པ་ལྟར་སངས་རྒྱས་རྣམས་ཀྱི་ཀུན་རྫོབ་གཟུགས་ཀྱི་སྐུ་ནི་སྐྱེ་བ་དང་འཇིག་པར་སྣང་བ་ཡིན་ཡང༌། བརྒྱ་བྱིན་རང་གི་ངོ་བོ་སུམ་ཅུ་རྩ་གསུམ་གྱི་གནས་ནས་མ་གཡོས་པ་བཞིན་དུ་ཐུབ་པ་ཐམས་ཅད་མཁྱེན་པ་ནི་རང་གི་ངོ་བོ་དོན་དམ་པ་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་ཕྱིར་སྐྱེ་བ་དང༌། འཇིག་པ་མེད་པ་ཡིན་ཏེ། ཞེས་པའོ། ། ཐམས་ཅད་ཀྱིས་རྒྱུན་མི་འཆད་ཚུལ་ནི། ཡང་སངས་རྒྱས་རྣམས་ལ་འབད་རྩོལ་མེད་པ་ཡིན་ན་འཕྲིན་ལས་རྒྱུན་མི་འཆད་པའི་རྒྱུ་མཚན་ཇི་ལྟར་སྙམ་པ་ལ། བརྒྱ་བྱིན་ལ་སོགས་པ་ལ་འབད་རྩོལ་མེད་ཀྱང་གཟུགས་བརྙན་ཤར་བ་ལ་སོགས་པས་གཞན་གྱི་དོན་བྱེད་པ་དེ་བཞིན་དུ་ནི་སངས་རྒྱས་རྣམས་ལ་ཡང་རྣམ་པར་རྟོག་པ་ལ་སོགས་པའི་འབད་རྩོལ་གང་ཡང་མེད་པར་གདོད་མ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་བ་ལས་མ་གཡོས་བཞིན་པས་གདུལ་བྱ་འཁོར་བའི་སྲིད་པ་མཐའ་མེད་པ་འདི་ཇི་སྲིད་མ་སྟོངས་པར་གནས་ཀྱི་བར་དུ་སྐུའི་རྣམ་་འཕྲུལ་སྟོན་པ་དང། གསུང་གི་གདམས་ངག་གསུངས་པ་དང༌། ཐུགས་ཀྱི་མཁྱེན་བརྩེས་ཁྱབ་པ་ལ་སོགས་པའི་མཛད་པ་ལྷུན་གྱིས་གྲུབ་པ་འདི་རྒྱུན་མི་འཆད་པར་འཇུག་གོ །ཞེས་པའོ། ། མཚུངས་ཀྱང་ཁྱད་པར་དུ་འཕགས་ཚུལ། མཚུངས་ཀྱང་ཁྱད་པར་འཕགས་ཚུལ་ལ་གཉིས་ལས། མདོར་བསྟན་ནི། སངས་རྒྱས་ཀྱི་འཕྲིན་ལས་མཚོན་པར་བྱེད་པའི་དཔེ་དགུ་པོ་འདི་རྣམས་ཀྱི་མདོར་བསྡུས་པའི་དོན་ནི་འོག་ནས་འཆད་པར་འགྱུར་བའི་གཞུང་འདི་རྣམས་ཀྱིས་སྟོན་པ་ཡིན་ཞིང༌། དེར་མ་ཟད་དཔེ་སྔ་མའི་རྗེས་སུ་ཕྱི་མ་སྟོན་པའི་གོ་རིམ་ངེས་པའི་རྒྱུ་ཡང་འཆད་པར་འགྱུར་པ་ཉིད་ཡིན་ཏེ། དེ་ཡང་དཔེ་སྔ་མ་སྔ་མ་རྣམས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་མ་ལུས་པ་མཚོན་པར་མི་ནུས་ཤིང༌། ཆོས་མི་མཐུན་པའི་ཆ་གང་ཡིན་པ་རྣམས་དཔེ་ཕྱི་མ་ཕྱི་མ་རྣམས་ཀྱིས་རིམ་པ་ལྟར་སྤངས་ཏེ་ཆོས་མཐུན་པར་བསྟན་པའི་སྒོ་ནས་བརྗོད་པ་ཡིན་པའི་ཕྱིར་རོ། །ཞེས་པའོ། ། རྒྱས་བཤད་ནི། རྫོགས་པའི་སངས་རྒྱས་རྣམས་ཀྱི་འཕྲིན་ལས་མཛད་པ་ནི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་བཻཌཱུརྱའི་ས་གཞིར་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་སྣང་བ་ལྟ་བུ་སྟེ། འོན་ཀྱང་གཟུགས་ནི་དབྱངས་དང་མི་ལྡན་ལ། སངས་རྒྱས་ནི་ཆོས་གསུང་བའི་དབྱངས་དང་ལྡན་པའི་ཕྱིར་འདྲ་བ་མིན་ཞིང་ཁྱད་དུ་འཕགས་པ་ཉིད་དོ། ། དེ་ལྟར་ཆོས་གསུང་བའི་དབྱངས་དང་ལྡན་པའི་ཆ་ནས་གསུང་གི་གདམས་ངག་སྣ་ཚོགས་པ་སྟོན་པ་ནི། ལྷའི་རྔ་བོ་ཆེ་ཆོས་ཀྱི་སྡོམ་བཞི་སྟོན་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་རྔ་བོ་ཆེ་ནི་ཕྱོགས་རེ་བ་ཡིན་གྱི། ཐམས་ཅད་དུ་ཁྱབ་པས་དོན་བྱེད་པ་མ་ཡིན་ལ། སངས་རྒྱས་ནི་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་དོན་མཛད་པ་ཡིན་པས་དེ་དང་འདྲ་བའང་མིན་ཞིང༌། ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ཆ་ནས་མཁྱེན་པ་དང་བརྩེ་བས་གདུལ་བྱ་རྣམས་སྨིན་པར་མཛད་པ་ནི། སྤྲིན་ཆེན་པོས་ཐམས་ཅད་དུ་ཁྱབ་པས་ལོ་ཐོག་སྨིན་པར་བྱེད་པ་དང་ཆོས་མཚུངས་པ་སྟེ། འོན་ཀྱང་སྤྲིན་གྱིས་ནི། དོན་མེད་པའི་ས་བོན་སྤོང་བར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་དོན་མེད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་བོན་སྤོང་བར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། ། དེ་ལྟར་དོན་མེད་པ་ཉོན་མོངས་པའི་ས་བོན་རྣམས་སྤོང་བའི་ཆ་ནས་སྤྲུལ་པ་མཐའ་ཡས་པ་སྟོན་པ་ནི། ཚངས་པ་ཆེན་པོའི་སྤྲུལ་པས་འདོད་ཡོན་ལ་ཆགས་པ་སྤོང་བ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཚངས་པ་ནི་ལན་གཅིག་ཙམ་ཕན་འདོགས་པ་བྱེད་པར་ཡིན་གྱི་གཏན་དུ་ནི་སྨིན་པར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་ན་གཏན་དུ་གདུལ་བྱའི་ལོ་ཐོག་སྨིན་པར་མཛད་པའི་ཆ་ནས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་བ་སྤྲོ་བ་ནི་ཉི་མའི་གཟུཊ་ཀྱི་འོད་ཟེར་གྱིས་ལོ་ཐོག་གཏན་དུ་སྨིན་པར་བྱེད་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཉི་མས་ནི་རེས་འགའ་སྣང་བ་ཡིན་གྱི། ཉིན་མཚན་གཏན་དུ་ནི་མུན་པ་འཇོམས་པར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་མི་ཤེས་པའི་མུན་པ་འཇོམས་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང༌། ཁྱད་པར་དུ་འཕགས་པ་ཉིད་དོ། ། དེ་ལྟར་གཏན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས་ཐུགས་ཀྱི་གསང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་འགྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྣང་བས་ཉིན་མཚན་གཏན་ཏུ་མུན་པ་འཇོམས་པ་དང་འདྲ་སྟེ། འོན་ཀྱང་ནོར་བུ་ནི་ཀླུ་ལ་སོགས་པ་དུད་འགྲོ་ལའང་ཡོད་པས་འབྱུང་བ་ནི་རྙེད་པར་མི་དཀའ་ལ། སངས་རྒྱས་ནི་སྐལ་པ་དང་མི་ལྡན་པ་རྣམས་ལ་འབྱུང་བ་རྙེད་པར་དཀའ་བའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། ། དེ་ལྟར་འབྱུང་བ་རྙེད་པར་དཀའ་བའི་ཆ་ནས་གསུང་གི་གསང་བས་ལེགས་བཤད་སྣ་ཚོགས་སྟོན་པ་ནི་སྒྲ་བརྙན་ཕྱི་དང་ནང་དུ་བདེན་པར་མ་གྲུབ་པས་རྙེད་པར་དཀའ་བ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་སྒྲ་བརྙན་གློ་བུར་དུ་རྐྱེན་ལ་རག་ལས་ནས་ནི་བྱུང་བ་ཡིན་ལ། སངས་རྒྱས་ནི་རང་བྱུང་འདུས་མ་བྱས་པ་ཡིན་པས་རྐྱེན་ལ་རག་ལས་ནས་བྱུང་བ་མ་ཡིན་པའི་ཕྱིར་དེ་དང་འདྲ་བ་འང་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་རྐྱེན་ལས་བྱུང་བ་མ་ཡིན་ཞིང་མངོན་པར་འདུས་མ་བྱས་པའི་ཆ་ནས་སྐུའི་གསང་བ་རྣམ་འཕྲུལ་མཐའ་་ཡས་པ་སྟོན་པ་ནི། ནམ་མཁའ་སྣ་ཚོགས་སུ་སྣང་ཡང་འདུས་མ་བྱས་པ་དང་འདྲ་བ་སྟེ། འོན་ཀྱང་ནམ་མཁའ་ནི་དགེ་བའི་གཞིའམ་རྟེན་དུ་གྱུར་པ་མིན་ལ། སངས་རྒྱས་ནི་དཀར་པོ་དགེ་བའི་ཆོས་རྣམས་ཀྱི་གཞིའམ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་དེ་དང་འདྲ་བ་འང་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པའི་རྟེན་ནམ་གཞིར་གྱུར་པ་ཡིན་པའི་ཕྱིར་ན་སའི་དཀྱིལ་འཁོར་ཆེན་པོས་ཐམས་ཅད་ཀྱི་རྟེན་བྱེད་པ་དག་དང་འདྲ་བ་ཡིན་ནོ། ། དེ་ཡང་འདི་ལྟར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་གཞི་ཡིན་ཏེ། རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པར་བགྲོད་པའི་ལམ་ཐེག་པ་གསུམ་ལ་སོགས་པ་དམ་པའི་ཆོས་རྣམས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་རྣམས་ཀྱིའང་གཞི་ཡིན་ཏེ། བྱང་ཆུབ་ཆེན་པོ་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང༌། གཟུགས་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བསམ་གཏན་བཞི་དང༌། ཚད་མེད་པ་རྣམས་དང་གཟུགས་མེད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འབྱུང་བའི་ཕྱིར་རོ། །ཞེས་པའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་འཕྲིན་ལས་མཛད་པའི་སྐབས་ཏེ་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །། དེ་དག་ཉིད་ལ་ལྷག་པར་མོས་པའི་ཕན་ཡོན། ད་ནི་ཇི་སྐད་བསྟན་པའི་གནས་བཞི་པོ་དེ་དག་ཉིད་ལ་ལྷག་པར་མོས་པ་དག་ཕན་ཡོན་ཆེན་པོ་ཐོབ་པའི་ཚུལ་རྣམ་པར་བཤད་པར་བྱ་སྟེ། མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན་པ་དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པའོ། །བསྟན་པ་ལའང༌། གནས་བཞི་པོ་རྟོགས་པར་དཀའ་བའི་ཚུལ་དང༌། དེ་རྟོགས་པའི་ཕན་ཡོན་འཐོབ་ཚུལ་ལོ། ། གནས་བཞི་པོ་རྟོགས་པར་དཀའ་བའི་ཚུལ། དེ་ལ་རྟོགས་པར་དཀའ་བའི་ཚུལ་ནི། སངས་རྒྱས་ཀྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པའི་གནས་སྐབས་དེ་བཞིན་གཤེགས་པའི་སྙིང་པོ་དང༌། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པ་དང༌། བྱང་ཆུབ་ཆེན་པོ་ལ་དབྱེར་མེད་པར་ལྡན་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་དང༌། ཡོན་ཏན་རྣམས་ཐོབ་པའི་ནུས་པས་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པའི་འཕྲིན་ལས་ཏེ། དཀོན་མཆོག་གསུམ་འགྲུབ་པ་དང་རྗེས་སུ་མཐུན་པའི་རྡོ་རྗེའི་གནས་བཞི་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་གློ་བུར་གྱི་དྲི་མ་ཕལ་ཆེ་བས་རྣམ་པར་དག་པའི་སེམས་ཅན་བྱང་ཆུབ་ཆེན་པོ་ལ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་བྱ་བ་མིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ།སྔར་བསྟན་པ་ལྟར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་དག་གང་གི་སྤྱོད་ཡུལ་ཡིན་སྙམ་ན། བཤད་མ་ཐག་པའི་རྡོ་རྗེའི་གནས་བཞི་པོ་འདི་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །ཞེས་པའོ། །འོན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྣམས་ཀྱིས་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་ནི་རྟོགས་པར་བྱ་བ་ཡིན་ནོ། །ཞེས་ཀྱང་བཤད་ཟིན་ཏོ། ། དེ་རྟོགས་པའི་ཕན་ཡོན་ཐོབ་ཚུལ། ཕན་ཡོན་ཐོབ་ཚུལ་ལ་གཉིས། ཐབས་ཀྱི་དགེ་བ་གཞན་ལས་ཁྱད་པར་དུ་འཕགས་ཚུལ། ཤེས་རབ་མཆོག་གྱུར་ཐོབ་ཚུལ་གྱིས་རྒྱུ་མཚན་བཤད་པའོ། ། གཞན་ལས་ཁྱད་དུ་འཕགས་ཚུལ། ཁྱད་པར་འཕགས་ཚུལ་ལ་གཉིས་ལས། མདོར་བསྟན་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་གང་དག་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་གྱི་གནས་བཞི་པོ་འདི་ཉིད་ལ་ལྷག་པར་མོས་པ་དེ་རྣམས་ནི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཀྱི་སྣོད་དུ་གྱུར་པ་ཉིད་དེ། ཐེག་པ་ཆེན་པོའི་རིགས་སད་པ་ལས་མཐར་ཕྱིན་པའི་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་ཕལ་པ་རྣམས་ཀྱིས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་གནས་བཞི་པོ་འདི་དག་ལ་མངོན་པར་དགའ་ཞིང་ལྷག་པར་མོས་པའི་ཕན་ཡོན་ཤིན་ཏུ་མང་བས་ནི། དེ་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མཐའ་དག་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་པའོ། ། རྒྱས་བཤད་ལ་གསུམ་ལས། སྦྱིན་པ་ལས་ཁྱད་པར་འཕགས་ཚུལ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆེད་དུ་བྱ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་བསམ་པས་དངོས་པོ་བཟང་པོ་གསེར་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེན་པོ་ནོར་བུ་རིན་པོ་ཆེ་དཔག་ཏུ་མེད་པས་སྤྲས་ཤིང་གང་བ་ནི། གྲངས་མཐའ་ཡས་པ་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་དག་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་རྣམས་དུས་ཉིན་རེ་བཞིན་དུ་རྒྱུན་མི་འཆད་པར་ཡུལ་མཆོག་ཏུ་གྱུར་པ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རྟག་ཏུ་ཕུལ་བ་ལས་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞན་གང་ལ་ལ་ཞིག་ཟབ་མོའི་དོན་གྱི་གནས་བཞི་པོ་འདི་དག་ལས་བརྩམས་ཏེ་དོན་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚིག་ཙམ་ཞིག་ཐོས་ཤིང་ཐོས་ནས་ཀྱང་ནི་ཕྱིན་ཅི་ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོས་པར་གྱུར་ན་མོས་པ་དང་ལྡན་པ་འདི་ལ་བཤད་མ་ཐག་པའི་སྦྱིན་པ་ལས་བྱུང་བའི་དགེ་བ་རྒྱ་ཆེན་པོ་དེ་བས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་བ་ཐོབ་པར་འགྱུར་རོ་ཞེས་པའོ། ། ཚུལ་ཁྲིམས་ལས་ཁྱད་པར་འཕགས་ཚུལ་ནི། བློ་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆེད་དུ་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་བསམ་པས་དུས་ཡུན་རིང་པོར་བསྐལ་པ་དཔག་ཏུ་མེད་པ་དུ་མར་ཡང༌། ངོ་བོ་ལུས་དང་ངག་དང་ཡིད་ཀྱིས་ཤིན་ཏུ་གོམས་པ་ལ་བརྟེན་ནས། འབད་པ་དང་རྩོལ་བ་མེད་པར་རང་གི་ངང་གིས་ཉེས་སྤྱོད་མཐའ་དག་སྤོང་བའི་ཚུལ་ཁྲིམས་ལྟུང་བའི་དྲི་མ་མེད་པར་སྲུང་བར་བྱེད་པ་ལས་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་མོད་དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞན་གང་ལ་ལ་ཞིག་གིས་ཟབ་མོའི་དོན་གྱི་གནས་བཞི་པོ་འདི་དག་ལས་བརྩམས་ཏེ་དོན་རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚིག་ཙམ་ཞིག་ཐོས་ཤིང་ཐོས་ནས་ཀྱང་ནི་ཕྱིན་ཅི་ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོས་པར་གྱུར་ན་མོས་པ་དང་ལྡན་པ་འདི་ལ་བཤད་མ་ཐག་པའི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་རྒྱ་ཆེན་པོ་དེ་ལས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་བ་ཐོབ་པར་འགྱུར་རོ། །ཞེས་པའོ། ། བསྒོམས་པ་ལས་ཁྱད་པར་དུ་འཕགས་ཚུལ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འཇིག་རྟེན་འདི་ན་སྤང་བྱ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་གྱི་ཉོན་མོངས་པ་མེ་དཔུང་དང་འདྲ་བ་རྣམས་འཇིལ་ཞིང་གཞོམ་པར་བྱ་བའི་ཆེད་དུ་བསམ་གཏན་རང་གི་ངོ་བོ་ནི་ལྷའི་བསམ་གཏན་བཞི་དང༌། ཚངས་པའི་གནས་ཚད་མེད་པ་བཞི་ལ་སོགས་པ་ཡོངས་སུ་རྫོགས་ཤིང་ཕུལ་དུ་བྱུང་བས་མཐར་སོན་པ་རྣམས་འབྲས་བུ་རྫོགས་པའི་བྱང་ཆུབ་ཆེན་པོ་འཕོ་བ་མེད་པའི་གོ་འཕང་ཐོབ་པའི་ཐབས་སུ་སྒོམ་པར་བྱེད་པ་ལས་ནི་བསོད་རྣམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞན་གང་ལ་ལ་ཞིག་ཟབ་མོའི་དོན་གྱི་གནས་བཞི་པོ་འདི་དག་ལས་བརྩམས་ཏེ། དོན་རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་ཕྱིན་ཅི་ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོས་པར་གྱུར་ན་མོས་པ་དང་ལྡན་པ་འདི་ལ་བཤད་མ་ཐག་པའི་བསམ་གཏན་བསྒོམས་པ་ལས་བྱུང་བའི་དགེ་བ་རྒྱ་ཆེན་པོ་དེ་ལས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་བ་ཐོབ་པར་འགྱུར་རོ། །ཞེས་པའོ། ། རྒྱུ་མཚན་བསྟན་པ་ནི། དེ་ལྟར་ན་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་པོ་དེ་དག་ལས་ཀྱང༌། གནས་འདི་དག་ཐོས་པ་ལས་བྱུང་བའི་ཤེས་རབ་མཆོག་ཏུ་གྱུར་པའི་རྒྱུ་མཚན་གང་གི་ཕྱིར་སྙམ་ན། འདི་ལྟར་ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོ་བཏང་བ་ལས་རྣམ་པར་སྨིན་པའི་འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ནི་སྒྲུབ་པར་བྱེད་པ་ཙམ་ཡིན་ཅིང༌། ཚུལ་ཁྲིམས་ཀྱིས་ཀྱང་རེ་ཞིག་མཐོ་རིས་ཀྱི་ལུས་ཕུན་སུམ་ཚོགས་པ་ཙམ་སྒྲུབ་པར་བྱེད་པ་དང། བསམ་གཏན་བསྒོམས་པས་ནི་ཁམས་གསུམ་པའི་ཉོན་མོངས་པ་ཙམ་ཞིག་སྤོང་བར་བྱེད་པ་ཡིན་ལ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ལས། བྱང་ཆུབ་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བར་རྟོགས་པའི་ཤེས་རབ་འདི་ལྟ་བུ་ལ་བརྟེན་ནས་ནི། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་ཀུན་སྤོང་བར་བྱེད་པ་ཡིན་པ་དེའི་ཕྱིར། དོན་གྱི་གནས་ལུགས་ལེགས་པར་གོ་བའི་ཤེས་རབ་འདི་ཉིད་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་ཏེ། ཤེས་རབ་ཁྱད་པར་ཅན་དེའི་རྒྱུ་ཡང་དོན་གྱི་གནས་ནི་བཞི་པོ་འདི་དག་ཕྱིན་ཅི་མ་ལོག་པར་ཐོས་པ་ཡིན་པའི་ཕྱིར་རོ། །ཞེས་པའོ། ། དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པ་ལ། མཐར་ཐུག་ཐོབ་པའི་ཕན་ཡོན་དང༌། ལམ་ལ་འཇུག་པའི་ཕན་ཡོན་ནོ། །དེ་ལ་མཐར་ཐུག་ཐོབ་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་ཐམས་ཅད་ལ་ཁྱབ་པར་གནས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དང༌། དབྱིངས་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་གནས་མ་ལུས་པ་ཡོངས་སུ་གྱུར་པའི་བྱང་ཆུབ་ཆེན་པོ་དང་བྱང་ཆུབ་དེ་ལ་དབྱེར་མེད་པར་ལྡན་པའི་སྟོབས་ལ་སོགས་པའི་ཡོན་ཏན་དང༌། ཡོན་ཏན་དེ་དག་ལ་བརྟེན་ནས་གཞན་གྱི་དོན་བྱ་བ་སྒྲུབ་པའི་འཕྲིན་ལས་ཏེ། རྒྱལ་བ་ཐམས་་ཅད་མཁྱེན་པ་ཡི་ནི་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཟབ་མོའི་དོན་གྱི་གནས་རྣམ་པ་བཞི་པོ་སྔར་ཇི་སྐད་བརྗོད་པ་འདི་རྣམས་ལ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་རྣམས་དེ་བཞིན་ཉིད་ཐམས་ཅད་ལ་ཁྱབ་པར་ཡོད་པ་ཉིད་ལ་མངོན་པར་ཡིད་ཆེས་པའི་དད་པ་དང༌། དེ་དྲི་མ་དང་བྲལ་བ་ལས་བྱང་ཆུབ་ཐོབ་པར་ནུས་པ་ཉིད་ལས་འདོད་པའི་དད་པ་དང༌། བྱང་ཆུབ་ཐོབ་པ་དེ་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པར་གནས་པ་ཉིད་ལ་དྭངས་པའི་དད་པ་སྟེ། དད་པ་གསུམ་དང་ལྡན་པའི་སྒོ་ནས་ལྷག་པར་མོས་པས་ནི། བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་དག་པ་རྣམས་ལ་ཤིན་ཏུ་བརྩོན་པར་འཇུག་པའི་ཕྱིར། མྱུར་བ་ཉིད་དུ་མཐར་ཐུག་གི་འབྲས་བུ་དེ་བཞིན་གཤེགས་པའི་གོ་འཕང་བླ་ན་མེད་པ་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཞེས་པའོ། ། ལམ་ལ་འཇུག་པའི་ཕན་ཡོན་ལ་གཉིས། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་སྐྱེ་བའི་ཕན་ཡོན། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པའི་ཕན་ཡོན་ནོ། ། དེ་ལ་སེམས་བསྐྱེད་སྐྱེ་བའི་ཕན་ཡོན་ནི། ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་ཡུལ་ཟབ་མོའི་དོན་གྱི་གནས་བཞི་པོ་ཉིད་ལས་བརྩམས་ཏེ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པ་ཉིད་དང༌། དེའི་གློ་བུར་གྱི་དྲི་མ་བསལ་བ་ལས་གནས་མ་ལུས་པ་གྱུར་པའི་བྱང་ཆུབ་ཆེན་པོ་ནི་བདག་འདྲ་བས་ཀྱང་ཐོབ་པར་ནུས་པ་ཉིད་དང༌། འབྲས་བུ་ཐོབ་པ་ནི་སྟོབས་ལ་སོགས་པ་རང་གཞན་གྱི་དོན་མཐར་ཕྱིན་པ་འདི་འདྲ་བ་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པ་ཉིད་དོ། །ཞེས་བྱ་བར་དད་པ་གསུམ་དང་ལྡན་པའི་སྒོ་ནས་ལྷག་པར་མོས་པ་ཁྱད་པར་ཅན་སྐྱེ་བའི་ཕྱིར་དམ་པའི་ཆོས་ལ་དོན་དུ་གཉེར་བའི་འདུན་པ་དང༌། དགེ་བའི་ཕྱོགས་ལ་མངོན་པར་སྤྲོ་བའི་བརྩོན་འགྲུས་དང༌། གདམས་ངག་གི་དམིགས་པ་རྣམས་མ་བརྗེད་པའི་དྲན་པ་དང༌། བརྟག་བྱའི་དམིགས་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང༌། ཤེས་བྱའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྣོད་དུ་གྱུར་པ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ནི་གནས་བཞི་པོ་རྟོགས་པའི་བྱང་ཆུབ་སེམས་་དཔའ་དེ་དག་ལ་དུས་རྟག་ཏུ་ཉེ་བར་གནས་པར་འགྱུར་རོ། །ཞེས་པའོ། ། ཕར་ཕྱིན་སྒྲུབ་པའི་ཕན་ཡོན་ནི། སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་དུས་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང༌། བསམ་པ་ཁྱད་པར་ཅན་དེ་ཉིད་ཀྱིས་ཀུན་ནས་བསླངས་ནས། སྦྱོར་བ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ཡང་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་ཉིད་དུ་འགྱུར་ཏེ། དེ་ཡང་སེམས་ཅན་ལ་ཕན་འདོགས་པར་བྱེད་པའི་ཐབས་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་པོ་གང་ཡིན་པ་དེ་ལ་བྱེད་པ་པོ་དང་ལས་དང་བྱ་བ་སྟེ་འཁོར་རྣམ་པ་གསུམ་དུ་རྟོག་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཡོངས་སུ་རྫོགས་པར་འགྱུར་ཞིང༌། ཡོངས་སུ་དག་པར་འགྱུར་བ་ནི་སྦྱིན་པ་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སྒྲིབ་པ་རྣམས་རྣམ་པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའོ། ། དེ་དག་ཀྱང་ཚོགས་གསུམ་དུ་བསྡུ་བ་ནི། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། བཟོད་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་པོ་འདི་དག་ནི་སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ཞིང་དེ་དག་ལ་སྤྲོ་བའི་བརྩོན་འགྲུས་ནི་གསུམ་ཀ་ལ་ཡང་ཀུན་དུ་འགྲོ་བ་ཡིན་པས། ཐམས་ཅད་ཀྱང་མདོར་བསྡུ་ན། བསོད་ནམས་བྱ་བའི་དངོས་པོ་རྣམ་པ་གསུམ་གསུངས་བ་དང་མཐུན་པ་ཉིད་དོ། །ཞེས་པའོ། ། མི་མཐུན་ཕྱོགས་སྒྲིབ་པ་གཉིས་ངོས་བཟུང་བ་ནི། སྦྱིན་པ་པོ་དང༌། སྦྱིན་པར་བྱ་བའི་ཡུལ་དང༌། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པའི་གེགས་ཤེས་བྱའི་སྒྲིབ་པ་ཡིན་པར་འདོད་ཅིང་སེར་སྣ་དང་འདོད་ཆགས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པར་འགྱུར་བའི་གེགས་ཉོན་མོངས་པའི་སྒྲིབ་པ་ཡིན་པར་འདོད་པས་དེ་དག་ནི་སྤང་བར་བྱའོ། །ཞེས་པའོ། ། ཤེས་རབ་མཆོག་ཐོབ་ཚུལ། གཉེན་པོས་ཤེས་རབ་མཆོག་ཐོབ་ཚུལ་ནི། དོན་གྱི་གནས་འདི་ལྟ་བུ་ལེགས་པར་རྟོགས་པའི་ཕྱིར་ཤེས་རབ་ལས་གཞན་སྒྲིབ་པ་གཉིས་པོ་འདི་དག་ནི་རྩ་བ་ནས་སྤོང་བར་བྱེད་པའི་རྒྱུ་གཞན་པ་མེད་དེ། ཤེས་རབ་དང་བྲལ་བའི་སྦྱིན་པ་ལ་སོགས་པ་ནི་སྒྲིབ་པ་མངོན་གྱུར་ཟིལ་གྱིས་གནོན་པ་ཙམ་ནུས་ཀྱང་ས་བོན་རྩ་བ་ནས་སྤོང་བར་མི་་ནུས་ལ། ཤེས་རབ་མཐར་ཕྱིན་པས་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ས་བོན་རྩ་བ་ནས་སྤོང་བར་ནུས་པ་དེའི་ཕྱིར། བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་ཤེས་རབ་ནི་མཆོག་ཏུ་གྱུར་པ་ཡིན་ཞིང༌། ཤེས་རབ་དེ་ལྟ་བུ་འཕེལ་བའི་གཞི་ནི། དོན་གྱི་གནས་བཞི་པོ་འདི་ལྟ་བུ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཚུལ་བཞིན་དུ་ཐོས་པ་ཡིན་པ་དེའི་ཕྱིར། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཤིན་ཏུ་མང་བ་ལས་ཀྱང་ཟབ་མོའི་ཆོས་འདི་ལྟ་བུ་ཐོས་པའི་ཤེས་རབ་ནི་ཆེས་མཆོག་ཏུ་གྱུར་པ་ཉིད་དོ། །ཞེས་པའོ། ། ༼༣༽ཡོངས་སུ་རྫོགས་པའི་བྱ་བ། ད་ནི་ཡོངས་སུ་རྫོགས་པའི་བྱ་བ་བཤད་པར་བྱ་སྟེ། བཤད་བྱའི་དོན་རྒྱས་པར་བཤད་པར་བྱ་བ་དང༌། འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པའོ། ། བཤད་བྱའི་དོན་རྒྱས་པར་བཤད་པ། རྒྱས་པར་བཤད་པ་ལ་གསུམ་སྟེ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། ཆོས་ལ་གནོད་པ་སྤང་བའི་ཚུལ། བརྩམས་པའི་བསོད་ནམས་བསྔོ་བའི་ཚུལ་ལོ། ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་ཚུལ་ལ་ལྔ་ལས། གང་ལ་བརྟེན་ནས་བཤད་པ་ནི། གོང་དུ་བསྟན་པའི་ཚུལ་དེ་ལྟར་རྡོ་རྗེའི་གནས་བདུན་བཤད་པ་རྣམས་ཀྱང༌། རང་བཟོ་འམ་གཟུ་ལུམས་སུ་བྱས་པ་ནི་མ་ཡིན་གྱི། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་གིས་ཞུས་པའི་མདོ་དང༌། འཕེལ་བ་མེད་པ་དང་འགྲིབ་པ་མེད་པ་བསྟན་པའི་མདོ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པ་ངེས་པའི་དོན་གཙོ་བོར་སྟོན་པས་ཡིད་ཆེས་པའི་གནས་སུ་གྱུར་པའི་ལུང་རྣམ་པར་དག་པ་རྣམས་དང༌། གནས་སྐབས་སུ་བྱ་བ་བྱེད་པའི་རིགས་པ་དང༌། ལྟོས་པའི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པ་རྣམས་ལ་བརྟེན་ཅིང་མཐར་ཐུག་ཆོས་ཉིད་ཟབ་མོའི་རིགས་པ་ལ་བརྟེན་ནས་ལེགས་པར་བཤད་པ་ཉིད་དོ། །ཞེས་པའོ། ། གང་གི་ཆེད་ནི། རང་གི་དོན་ལས་བརྩམས་ཏེ་རྩོམ་པ་པོ་བདག་ཉིད་ཆོས་ཀྱི་དབྱིངས་འབའ་ཞིག་པ་སྤང་བྱའི་སྒྲིབ་པ་ཕྲ་མོས་ཀྱང་ཤིན་ཏུ་རྣམ་པར་དག་ནས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་དང༌། གཞན་གྱི་དོན་ལས་བརྩམས་ཏེ་སྐལ་པ་ཆེན་པོ་དང་ལྡན་པའི་གདུལ་བྱ་གང་དག་མཆོག་ཏུ་ཟབ་མོའི་དོན་འདི་ལྟ་བུ་ལ་མི་འཕྲོགས་པའི་སྒོ་ནས་མོས་པའི་བློ་དང་ལྡན་ཞིང༌། དེ་ལས་ཀྱང་བསོད་ནམས་ཀྱི་ཚོགས་ལས་མཆོག་ཏུ་གྱུར་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པོ་སྙམ་པའི་བློ་ཅན་དེ་དག་ལེགས་པར་བཤད་པའི་དགའ་སྟོན་གྱིས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུ་བསྟན་བཅོས་འདི་རྣམ་པར་བཤད་དོ། །ཞེས་པའོ། ། ཇི་ལྟར་འཆད་ཚུལ་གྱིས་བསྟན་པ་ནི། དཔེ་ཇི་ལྟར་ན་སྒྲོན་མེའི་འོད་དང༌། གློག་གི་འོད་དང༌། ནོར་བུའི་འོད་དང༌། ཉི་མའི་འོད་དང༌། ཟླ་བའི་འོད་ཀྱི་སྣང་བ་ལ་བརྟེན་ནས་གང་ཟག་མིག་དང་ལྡན་པ་རྣམས་ཡུལ་གཟུགས་ལ་ལྟ་བ་བཞིན་དུ། དོན་དེ་བཞིན་དུ་ཆོས་རྣམས་ཀྱི་རང་མཚན་དང་སྤྱིའི་མཚན་ཉིད་ཀྱི་དོན་རྒྱ་ཆེན་པོ་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང༌། མིང་གི་རྣམ་གྲངས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་ཀྱི་རབ་ཏུ་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་འོད་ཟེར་འགྱེད་པར་མཛད་པའི་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་སྣང་བ་ལ་བརྟེན་ནས། བློ་གྲོས་ཀྱི་མིག་གིས་ཟབ་མོའི་དེ་ཁོ་ན་ཉིད་མཐོང་སྟེ། གཞུང་འདི་ཉིད་རབ་ཏུ་གསལ་བར་མཛད་དོ། །ཞེས་པའོ། ། གང་ཞིག་བཤད་བྱའི་ངོ་བོ་ནི། དམ་པའི་ཆོས་གང་ཞིག་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་དོན་ཆེན་པོ་དང་ཡང་དག་པར་ལྡན་ལ་རྗོད་བྱེད་ངག་གི་ཚིག་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་ཞིང་སྤང་བྱ་ཁམས་གསུམ་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་གསུང་དུ་གྱུར་པས་གཉེན་པོ་ཞི་བ་མྱ་ངན་ལས་འདས་པ་མཐར་ཕྱིན་པའི་ཕན་ཡོན་སྟོན་ཅིང་ཐོབ་པར་མཛད་པ་གང་ཡིན་པ་དེ་ནི་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་རྣམ་པར་དག་པ་ཡིན་པས་གཏན་ལ་དབབ་པར་བྱ་བ་ཡིན་ལ། དོན་བཞི་པོ་དེ་དག་ལས་བཟློག་པ་ནི་ཡང་དག་པའི་གསུང་རབ་ལས་གཞན་ལོག་པར་བསྟན་པ་ཡིན་པས་འཇུག་པར་བྱ་བ་མ་ཡིན་ནོ། །ཞེས་པའོ། ། རྒྱུ་མཐུན་གུས་པས་བླང་ཚུལ་ནི། གསུང་རབ་ཀྱི་དགོངས་འགྲེལ་གང་ཞིག་བཤད་བྱའི་ཁྱད་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སྟོན་པ་འབའ་ཞིག་གི་དབང་དུ་བྱས་ནས་སྟོན་གྱི། རང་བཟོ་བྱས་པ་མ་ཡིན་ལ། འཆད་པ་པོའི་ཁྱད་པར་ཆོས་དང་དོན་ལེགས་པར་ཤེས་ཤིང་རྙེད་བཀུར་ལ་སོགས་པ་ཕྱིན་ཅི་ལོག་གི་རྣམ་པར་གཡེང་བ་མེད་པའི་ཡིད་ཅན་གྱིས་ལེགས་པར་བཤད་པས་འབྲས་བུའི་ཁྱད་པར་ཐར་པ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཆེད་དུ་ཐབས་ཀྱི་ཁྱད་པར་དེའི་ལམ་སྟོན་པ་དང་རྗེས་སུ་མཐུན་པ་སྟེ། ཡོན་ཏན་བཞི་དང་ལྡན་པའི་བསྟན་བཅོས་དེ་ཡང་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་བཀའ་ཇི་ལྟ་བ་བཞིན་དུ་དད་པའི་སྤྱི་བོས་བླང་བར་བྱ་བ་ཉིད་དོ། ། ཞེས་པའོ། ། ཆོས་ལ་གནོད་པ་སྤང་པའི་ཚུལ། ཆོས་ལ་གནོད་པ་སྤང་པའི་ཚུལ་ལ་གསུམ་སྟེ། དག་པའི་ཐབས་ངོས་གཟུང་སྟེ་བསྟེན་པར་གདམས་པ། ཉམས་པའི་རྒྱུ་ངོས་བཟུང་སྟེ་སྤང་བར་གདམས་པ། ཟབ་མོའི་ཆོས་ཉམས་པའི་འབྲས་བུ་སྤོང་ཚུལ་ལོ། ། དག་པའི་ཐབས་བསྟེན་ཚུལ་ལ། རང་བཟོ་སྤང་ཚུལ་ནི། གང་གི་ཕྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ལས་ཆེས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པ་མིན་ཏེ། ཤེས་བྱ་ཇི་སྙེད་པའི་དོན་མ་ལུས་པ་དང་ཇི་ལྟ་བའི་དེ་ཁོ་ན་ཉིད་མཆོག་ནི་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པར་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཉིད་ཀྱིས་མཁྱེན་གྱི། སངས་རྒྱས་ལས་གཞན་གྱིས་ཤེས་པ་མིན་པ་དེའི་ཕྱིར་དྲང་སྲོང་ཆེན་པོ་རྒྱལ་བ་རང་ཉིད་ཀྱིས། དྲང་བ་དང་ངེས་པའི་དོན་དུ་རྣམ་པར་བཞག་པའི་མདོ་སྡེ་གང་ཡིན་པ་དེ་དག་ལ་དྲང་དོན་ལ་ངེས་དོན་དང༌། ངེས་དོན་ལ་དྲང་དོན་ནོ་ཞེས་རང་བཟོས་མི་དཀྲུག་ཅིང་ལོག་པར་བཤད་པར་མི་བྱ་སྟེ། གལ་ཏེ་བྱས་ན། ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཚུལ་བཤིག་པར་འགྱུར་པའི་ཕྱིར་དང༌། དེ་ཡང་དམ་པའི་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར་ཞིང་ཆོས་སྤོང་བའི་ཉེས་པ་ཆེན་པོར་འགྱུར་རོ། །ཞེས་པའོ། ། ཕྱོགས་ཞེན་སྤང་ཚུལ་ནི། ཉོན་མོངས་པ་མ་རིག་པ་ལ་སོགས་པ་རྣམས་ཀྱིས་སེམས་ཀུན་ཏུ་རྨོངས་པའི་བདག་ཉིད་ཅན་དུ་གྱུར་པའི་སྐྱེ་བོ་ངན་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་འཕགས་པའི་གང་ཟག་ལ་སྐུར་བ་འདེབས་པ་དང༌། དེ་དག་གིས་ལེགས་པར་གསུངས་པའི་དམ་པའི་ཆོས་ལ་བརྙས་པ་ལ་སོགས་པའི་ཉེས་པ་གང་ཡིན་པ་དེ་རྣམས་ཀུན་ཀྱང་རང་གི་གྲུབ་མཐའ་ངན་པ་ལ་མཆོག་ཏུ་མངོན་པར་ཞེན་པའི་ལྟ་བས་བྱས་ཤིང༌། དེ་ལས་ཀྱང་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པར་གྱུར་པ་དེས་ན། ཕྱོགས་ཞེན་གྱི་ལྟ་བ་ངན་པའི་དྲི་མ་ཅན་དུ་གྱུར་པའི་ཉོན་མོངས་པ་དེ་ལ་མཁས་པ་རྣམས་ཀྱི་བློ་གྲོས་ནམ་ཡང་མི་སྦྱར་ཏེ༑ གལ་ཏེ་སྦྱར་ན་ཡང་དག་པའི་ལྟ་བ་དང་སྤྱོད་པ་ལ་བློ་བསྒྱུར་དུ་མི་རུང་བའི་ཉེས་པ་ཡོད་པའི་ཕྱིར་རོ། །དཔེར་ན་གོས་གཙང་མ་དྲི་མ་མེད་པ་ཚོན་གྱིས་ཁ་དོག་རྣམ་པར་བསྒྱུར་དུ་རུང་གིས་སྣུམ་གྱིས་གོས་པའི་གོས་དྲི་མ་ཅན་དེ་ནི་དེ་ལྟ་མིན་པ་བཞིན་ནོ། །ཞེས་པའོ། ། ཉམས་པའི་རྒྱུ་སྤང་ཚུལ་ནི།དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་མཐར་ཐུག་སྙིང་པོ་ངེས་པའི་དོན་ནི་མཆོག་ཏུ་ཟབ་ཅིང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ན། ཁ་ཅིག་མི་མོས་ཤིང་རྣམ་པར་སྤོང་པར་འགྱུར་བ་ཅི་སྙམ་པ་ལ། དེ་ནི་ཆོས་ཀྱིས་ཉེས་པ་མ་ཡིན་གྱི་གང་ཟག་གིས་ཉེས་པ་ཡིན་ནོ། །ཞེས་སྟོན་པ་སྟེ། དེ་ཡང་ཁ་ཅིག་ནི་ཟབ་མོའི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཆུང་ཞིང་བློ་གྲོས་ཤིན་ཏུ་དམན་པའི་ཕྱིར་དམ་པའི་ཆོས་སྤོང་པར་བྱེད་པ་དེ་བཞིན་དུ་སྦྱར་ཏེ། ཁ་ཅིག་ནི་རྒྱས་འགྱུར་གྱི་རིགས་སད་པར་མ་གྱུར་པས་དཀར་པོ་དགེ་བའི་ཆོས་ལ་མོས་པ་དང་རྣམ་པར་བྲལ་བའི་ཕྱིར་དང༌། ཁ་ཅིག་ནི། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པའི་ལོག་པའི་ང་རྒྱལ་ལ་བརྟེན་པའི་ཕྱིར་དང༌། ཁ་ཅིག་ནི་ཚེ་རབས་སྔ་མར་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་པའི་ལས་ཀྱི་སྒྲིབ་པ་ཚབས་ཆེན་པོ་ཉེ་བར་བསགས་པས་ཡང་དག་པའི་དོན་ལ་སྒྲིབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང༌། ཁ་ཅིག་ནི་དྲང་བའི་དོན་གྱི་གསུང་རབ་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ངེས་པའི་དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར་དང༌། ཁ་ཅིག་ནི་ཟས་དང་གོས་དང་ནོར་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་རྙེད་པ་ལ་ལྷག་པར་ཆགས་ཤིང་བརྐམ་པའི་དབང་དུ་གྱུར་པའི་ཕྱིར་དང༌། ཁ་ཅིག་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ངན་པ་ལ་མཆོག་ཏུ་མངོན་པར་ཞེན་པའི་དབང་དུ་གྱུར་བའི་ཕྱིར་དང༌། ཁ་ཅིག་ནི་དམ་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་རྣམས་སུན་འབྱིན་ཅིང་རྣམ་པར་སྤོང་བ་དང་སྡིག་པའི་གྲོགས་པོ་ཡུན་རིང་དུ་བསྟེན་ཅིང་དེའི་དབང་དུ་གྱུར་པའི་ཕྱིར་དང༌། ཁ་ཅིག་ནི་ཐེག་པ་ཆེན་པོའི་དམ་པའི་ཆོས་འཛིན་པའི་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱང་ཡུན་རིང་དུ་བསྲིངས་པའི་ཕྱིར་དང༌། ཁ་ཅིག་ནི་ཡང་དག་པའི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་ཤིང༌། ཕྱིན་ཅི་ལོག་ལ་དགའ་བས་མོས་པ་དམན་པའི་ཕྱིར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རྣམས་ཀྱི་དམ་པའི་ཆོས་སྤོང་ཞིང༌། ཁྱད་པར་དུ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་རྣམས་སྤོང་བར་བྱེད་མོད།དེ་ལྟར་ན་ཡང་རང་ཉིད་ཉམས་པའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལྟར་བྱ་བ་མ་ཡིན་ནོ། །ཞེས་པའོ། ། ཆོས་ལས་ཉམས་པའི་འབྲས་བུ་སྤོང་ཚུལ་ལ་གཉིས་ལས། ངན་སོང་སྤོང་ཚུལ་ནི། ཇི་ལྟར་ན་མཆོག་ཏུ་ཟབ་མོ་དམ་པའི་ཆོས་ལས་ཉམས་པ་ཇི་ལྟར་འཇིགས་པ་དེ་བཞིན་དུ་བླང་དོར་ལ་མཁས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་འཇིག་རྟེན་ན་འཇིགས་པར་གྲགས་པའི་མེས་སྲེགས་པ་དང་ནི་མི་བཟོད་པའི་སྦྲུལ་གདུག་པས་ཟ་བ་དང༌། གཤེད་མས་གསོད་པ་དང་ནི་ཐོག་གིས་འབིགས་པ་ལའང་ཤིན་ཏུ་འཇིགས་པར་མི་བྱ་ཞིང༌། དེ་བས་ཀྱང་ཆོས་ལས་ཉམས་པ་ཉིད་འཇིགས་པས་སྤང་བྱ་སྟེ་གང་གི་ཕྱིར་ན་མེས་ཚིག་པ་དང༌།སྦྲུལ་གྱིས་ཟོས་པ་དང༌། དགྲས་བསད་པ་དང༌། རྡོ་རྗེའི་མེ་ཐོག་གིས་ཕུག་པ་ལས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་པར་ནུས་མོད་ཀྱི། དེ་རྣམས་ལས་ངན་སོང་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིག་པར་འགྲོ་བར་མི་འགྱུར་ལ། དམ་པའི་ཆོས་སྤངས་པ་ལས་ནི་མནར་མེད་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར་རོ། །ཞེས་པའོ། ། འཁོར་བ་སྤོང་ཚུལ་ནི། གང་ཟག་ངན་པ་གང་ཞིག་དུས་ཡང་དང་ཡང་དུ་སྡིག་པའི་གྲོགས་པོ་བརྟེན་ཅིང་དེའི་དབང་དུ་གྱུར་པས། སྐྱབས་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་བཀྲོངས་པར་འདོད་པའི་ངན་སེམས་ཆེན་པོ་དང་ལྡན་པར་གྱུར་་པས་སྐུ་མཚལ་འབྱིན་པར་བྱེད་པ་དང༌། འཇིག་རྟེན་སོ་སོར་ངེས་པའི་སྐྱེ་བོ་བླ་མ་ཕ་དང་མ་དྲིན་ཆེན་པོ་དང་ལྡན་པ་དག་ཀྱང་གསོད་པར་བྱེད་པ་དང༌། སྐྱེ་བོ་ཐམས་ཅད་ཀྱིས་ཐུན་མོང་དུ་བཀུར་བར་འོས་པ་དགྲ་བཅོམ་པ་ཡང་གསོད་པར་བྱ་བར་འོས་པ་མིན་པ་བྱེད་པ་དང༌། མཆོག་གི་ཚོགས་དགེ་འདུན་གྱི་དབྱེན་བྱས་ནས་རྣམ་པར་འབྱེད་པའི་མི་དེ་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཟབ་མོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ངེས་པར་བསམས་ཤིང་རྩེ་གཅིག་ཏུ་བསྒོམས་ན་མྱུར་ན་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཆེན་པོ་དེ་ལས་ཐར་ནས་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་གྱི། སྐྱེ་བོ་གང་ཞིག་ཡིད་ནི་ཐེག་པ་ཆེན་པོའི་མཐར་ཐུག་སྙིང་པོ་ངེས་པའི་དོན་གྱི་ཆོས་ལ་སྡང་ཞིང་སྤོང་བ་དེ་ལ་ཐར་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལྟ་ག་ལ་ཡོད། དེའི་ལམ་སྒོམ་པའི་སྐལ་པ་དང་མི་ལྡན་པའི་ཕྱིར། ཞེས་པའོ། ། བརྩམས་པའི་བསོད་ནམས་བསྔོ་བའི་ཚུལ། བསོད་ནམས་བསྔོ་བའི་ཚུལ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་ཐོབ་པར་བྱ་བའི་འབྲས་བུ་དཀོན་མཆོག་གསུམ་གྱི་དོན་དང༌། དེ་རྣམས་འགྲུབ་པའི་རྒྱུ་རང་བཞིན་གྱིས་རྣམ་པར་བྱང་བའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོའི་དོན་དང༌། དེ་ཉིད་གློ་བུར་གྱི་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་བྱང་ཆུབ་ཆེན་པོའི་དོན་དང༌། དེ་ལ་ཡོད་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་གྱི་དོན་དང༌། དེའི་ནུས་པས་གཞན་གྱི་དོན་ལེགས་པར་སྒྲུབ་པའི་འཕྲིན་ལས་ཀྱི་དོན་ཏེ་བརྗོད་བྱའི་དོན་རྡོ་རྗེའི་གནས་རྣམ་པ་བདུན་པོ་ཕྱིན་ཅི་མ་ལོག་པའི་ཚུལ་ཇི་ལྟ་བ་བཞིན་དུ་རྣམ་པར་བཤད་པ་ལས། འཆད་པ་པོ་བདག་གིས་དགེ་བའི་རྩ་བ་རྣམ་པར་དག་པ་གང་ཐོབ་པ་དེས་ནི་འཁོར་བ་ན་གནས་པའི་འགྲོ་བ་འདི་རྣམས་ཐམས་ཅད་གནས་སྐབས་ཀྱི་འབྲས་བུ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་མཐའ་ཡས་པའི་འོད་ཟེར་གྱི་ཚོགས་མངའ་བ་དྲང་སྲོང་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཞལ་མངོན་སུམ་དུ་མཐོང་ཞིང་སངས་རྒྱས་མཐོང་ནས་ཀྱང་ནི་དེ་ལས་དམ་པའི་ཆོས་ཐོས་ཤིང་ཉམས་སུ་བླངས་པ་ལས་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་མེད་པའི་མཐོང་ལམ་ལ་སོགས་པ་ཐོབ་ནས་ཆོས་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་རྣམ་པར་དག་པ་སྐྱེས་ཏེ། མཐར་ཐུག་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྱུར་པ་མྱུར་དུ་ཐོབ་པར་ཤོག་ཅིག་ཅེས་པའོ། ། འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པ། འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པ་ནི། གང་ལ་བརྟེན་ནས་བཤད་པ་ནི། དེ་ལྟར་ཡིད་ཆེས་པའི་ལུང་དང་རིགས་པ་ལ་བརྟེན་ནས་ཞེས་པས་བསྟན་ཅིང༌། རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་དུ་བཤད་པ་ནི། བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། ། དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཞེས་པས་བསྟན་ལ། ཚུལ་ཇི་ལྟར་བཤད་པ་ནི་ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། ཞེས་པ་ལ་སོགས་པས་བསྟན་ཏོ། ། དོན་གང་ཞིག་བཤད་པར་བྱ་བའི་ངོ་བོ་ནི། གང་ཞིག་དོན་ལྡན། ཞེས་པ་ལ་སོགས་པས་བསྟན་པ་བཤད་བྱ་དེ་རྟོགས་པའི་རྒྱུ་མཐུན་པར་གྱུར་པའི་འཆད་བྱེད་ནི་གང་ཡིན་པ་དེ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། ཞེས་པ་ལ་སོགས་པ་བསྟན་པས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི་དེ་ལྟར་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་རྒྱས་པར་བསྟན་ཏེ། གང་ཕྱིར་རྒྱལ་ལས་ཆེས་མཁས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བདག་ཉིད་དག་པར་བྱ་བའི་ཐབས་སུ་ཆོས་སྤོང་བའི་སྒྲིབ་པ་ལ་བག་བྱ་བར་བསྟན་ཏོ། །བློ་དམན་ཕྱིར་དང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཆོས་སྤོང་པའི་ལས་བསགས་ན་བདག་ཉིད་ཉམས་པའི་རྒྱུ་ཡིན་པས་སྤང་བར་གདམས་པ་བསྟན་ཅིང༌། དེའི་རྗེས་ནས་ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་ཚིགས་བཅད་གཉིས་ཀྱིས་ནི་ཟབ་མོའི་ཆོས་ལས་ཉམས་པའི་འབྲས་བུ་གནས་སྐབས་ངན་འགྲོར་ལྟུང་བ་དང༌། མཐར་ཐུག་ཐར་པ་མི་ཐོབ་པ་གཉིས་སྤང་པའི་ཚུལ་ཡང་དག་པར་བསྟན་པ་ཡིན་ནོ། ། གནས་སྐབས་སུ་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་ཏེ། དོན་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང༌། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཆོས་ཡོངས་སུ་བསྔོ་བ་བརྗོད་པའི་སྒོ་ནས་མདོར་བསྡུ་ན། དམ་པའི་ཆོས་ལ་ཞུགས་པ་རྣམས་ཀྱིས་འབྲས་བུ་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་འགྲུབ་པ་ཡིན་པར་ནི། དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་སོགས་ཚིགས་སུ་བཅད་པ་ཐ་མ་གཅིག་པོ་འདི་ཡིས་ནི་ལེགས་པར་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་སྐབས་ཏེ་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །། དེ་ལྟར་ན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་བྱམས་པ་མགོན་པོས་མཛད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་འགྲེལ་པ་དང་མཐུན་པར་རྣམ་པར་བཤད་པ་གྲུབ་སྟེ་མཐའ་དག་རྫོགས་སོ། །ཞེས་ཀྱང་བྱའོ། ། བཞི་བ། དོན་དེ་ལེགས་པར་བསྒྱུར་བའི་ཚུལ། དོན་དེ་ལེགས་པར་བསྒྱུར་པའི་ཚུལ་ནི། དཔལ་ལྡན་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ། པཎྜི་ཏ་ཆེན་པོ་སད་ཛྙཱ་ན་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ། ། མ་རྟོགས་ལོག་པར་རྟོག་དང་ཐེ་ཚོམ་གྱི། ། མུན་པ་ཐམས་ཅད་དྲུངས་ནས་འབྱིན་བྱེད་པ། ། ལེགས་བཤད་འདི་ནི་ཉི་མའི་འོད་ཟེར་ཡིན། ། དགེ་བས་འགྲོ་ཀུན་མུན་པ་སེལ་བར་ཤོག ། སྡེ་སྣོད་འཛིན་པ་དཔལ་ལྡན་བརྩོན་འགྲུས་དང༌། ཕུན་ཚོགས་དཔལ་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར། ཇོ་ནང་དཔལ་གྱི་རི་ཁྲོད་དུ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ། །བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག ། མངྒ་ལཾ། བྷ་ཝ་ཏུ། གཅིག་ཞུས། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༧ ཉིན་རིག་པའི་རྡོ་རྗེས་དཀར་ཆག་གསར་དུ་བསྒྲིགས་ཤིང་དག་པར་བྱས་སོ༎