རྒྱུད་བླ་དོལ་ཊིཀ

༢ སྐྱབས་གསུམ་རྣམ་པར་འཇོག་ཚུལ། སྐྱབས་གསུམ་རྣམ་པར་འཇོག་ཚུལ་ལ་གསུམ་སྟེ། དགོས་པ་ལ་ལྟོས་ནས་གསུམ་དུ་འཇོག་ཚུལ། ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ། དོན་དམ་གྱི་སྐྱབས་གནས་གཏན་ལ་དབབ་པའོ། ། དེ་གསུམ་དུ་འཇོག་ཚུལ། དེ་ལ་གསུམ་དུ་འཇོག་ཚུལ་ནི། སྐྱབས་གནས་མཐར་ཐུག་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་ཉིད་དོན་དུ་གཉེར་བ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ནས་སངས་རྒྱས་ཉིད་སྐྱབས་གནས་དང་པོར་རྣམ་པར་བཞག་པ་ཡིན་ཞིང༌། དེའི་བསྟན་པ་དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་རང་སངས་རྒྱས་ཀྱི་ཐེག་པ་པ། རང་ཉིད་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སྐྱབས་གནས་གསུམ་གྱི་ནང་ནས་ཆོས་ནི་སྐྱབས་གནས་གཉིས་པར་རྣམ་པར་བཞག་པ་ཡིན་ལ། བསྟན་པ་ལ་ཞུགས་པ་སློབ་མ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཉན་ཐོས་ཀྱི་ཐེག་པ་པ། གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ཏེ། དེ་ཉིད་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སྐྱབས་གནས་གསུམ་གྱི་ནང་ནས་དགེ་འདུན་ནི་སྐྱབས་གནས་གསུམ་པར་རྣམ་པར་བཞག་པ་ཡིན་ཏེ། མདོར་བསྡུ་ན། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་དུ་བསྟན་པའོ། ། ཕྱི་མ་གཉིས་གཏན་གྱི་སྐྱབས་མིན་ཚུལ། ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ་ནི། རེ་ཞིག་པའི་ཆོས་དང་དགེ་འདུན་དག་མཐར་ཐུག་གི་སྐྱབས་གནས་མིན་ཞེས་སྟོན་པ་སྟེ། དེ་ལ་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ལུང་གི་ཆོས་ནི། དོན་སྤྱི་ཙམ་རྟོགས་པའི་རྟེན་ཡིན་ཡང་ལམ་མངོན་པར་རྟོགས་པའི་དུས་ན་ཆུ་བརྒལ་བའི་གཟིངས་བཞིན་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང༌། རྟོགས་པའི་ཆོས་ཀྱང་གཉིས་ལས། གང་གིས་རྟོགས་པ་ལམ་གྱི་ཆོས་ནི་འདུས་བྱས་ཀྱི་མཚན་ཉིད་ཅན། མི་རྟག་པ། མི་བདེན་པ། སྤྲིན་གྱི་མཚན་མ་ལྟ་བུར་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང༌། དེས་རྟོགས་པ་འགོག་པའི་ཆོས་ནི་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཡང༌། ཉན་ཐོས་པའི་ཚུལ་གྱིས་མར་མེ་རྒྱུན་བཅད་པ་བཞིན་་་་་་དུ་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་ཡིན་པའི་ཕྱིར་དང༌། དགེ་འདུན་ནི་དགྲ་བཅོམ་པ་སྲིད་པ་ཟད་པ་རྣམས་ཀྱང༌། འདུ་བྱེད་རྣམས་ལ་རལ་གྲི་གདེངས་པའི་གཤེད་མ་བཞིན་དུ་འཇིགས་པས་དེ་ལས་ངེས་པར་འབྱུང་བ་ཚོལ་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སློབ་པ་བྱ་བ་དང་བཅས་པས་འཇིགས་པ་མེད་པ་ཁྱུ་མཆོག་གི་སར་མ་ཕྱིན་པས་ཐམས་ཅད་ཀྱང་འཇིགས་པ་དང་བཅས་པའི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཕྱིར་ན་ལུང་དང་མངོན་པར་རྟོགས་པའི་ཆོས་རྣམ་པ་གཉིས་དང༌། སངས་རྒྱས་ལས་གཞན་པའི་འཕགས་པའི་ཚོགས་དགེ་འདུན་རྣམས་ནི། རེ་ཞིག་པའི་སྐྱབས་གནས་ཡིན་གྱི། མཐར་ཐུག་ཐོབ་པའི་དུས་ནའང་གཏན་གྱི་སྐྱབས་གནས་མཆོག་ཏུ་གྱུར་པ་ནི་མ་ཡིན་ནོ། །ཞེས་པའོ། ། དོན་དམ་སྐྱབས་གནས་གཏན་ལ་དབབ་པ། དོན་དམ་གྱི་སྐྱབས་གནས་གཏན་ལ་དབབ་པ་ནི། དམ་པའི་དོན་དུ་ན་འགྲོ་བ་མཐའ་ཡས་པ་སྡུག་བསྔལ་ལས་སྐྱོབ་ཅིང་འཇིག་པ་མེད་པ་རྟག་པ་ཡི་སྐྱབས་གནས་མཆོག་ཏུ་གྱུར་པ་ནི་རྫོགས་པའི་སངས་རྒྱས་ཉག་མ་གཅིག་པུ་ཉིད་ཡིན་ནོ། ། འོན་ཀྱང་ཆོས་དང་དགེ་འདུན་གནས་སྐབས་ཀྱི་སྐྱབས་གནས་སུ་གསུངས་པ་ནི། དེ་དག་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཏེ། སྔར་བཤད་པ་ལྟར་ཐོག་མཐའ་མེད་པ་ལ་སོགས་པས་རབ་ཏུ་ཕྱེ་བའི་ཐུབ་པ་ནི། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཐེག་པ་གསུམ་གྱི་ཚོགས་ཀྱང་སྤངས་རྟོགས་ཀྱིས་ཁྱད་པར་དུ་བྱས་ལ། དེའི་མཐར་ཐུག་པའང་སངས་རྒྱས་ཀྱི་ཆོས་སྐུ་མངོན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པའོ། ། ༣ ངེས་པའི་ཚིག་གིས་བཤད་པ། ངེས་པའི་ཚིག་གིས་བཤད་པ་ནི། རད་ནའི་སྒྲ་དཀོན་མཆོག་དང་རིན་ཆེན་གཉིས་ཀ་ལ་འཇུག་པས་ན་འདིར་ཡང་ཆོས་མཐུན་པ་རྣམ་པ་དྲུག་གིས་དཀོན་མཆོག་གསུམ་རིན་པོ་ཆེ་དང་འདྲ་བར་སྟོན་པའོ། །དེ་ཡང་རིན་པོ་ཆེ་འཇིག་རྟེན་ན་འབྱུང་བ་དཀོན་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་བསྐལ་པ་མང་པོར་ཚོགས་གཉིས་ཀྱི་དགེ་བ་མ་བསྒྲུབས་པ་རྣམས་ཀྱིས་ཕྲད་པ་ཙམ་ཡང་མི་འཐོབ་པས་འབྱུང་བ་དཀོན་པའི་ཕྱིར་དང༌། རིན་པོ་ཆེ་དག་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་རྣམ་པ་ཐམས་ཅད་དུ་ཉེས་པའི་དྲི་མ་མེད་པའི་ཕྱིར་དང༌། རིན་པོ་ཆེས་རྒུད་པ་སེལ་ཞིང་འབྱོར་བ་སྟེར་བའི་མཐུ་ཡོད་པ་དང༌། དཀོན་མཆོག་གསུམ་ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པའི་མཐུ་དང་ལྡན་པའི་ཕྱིར་དང༌། རིན་པོ་ཆེ་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་གྱིས་ཀྱང་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུར་གྱུར་པས་འཇིག་རྟེན་པ་ཀུན་གྱི་རྒྱན་མཆོག་ཏུ་གྱུར་པའི་ཕྱིར་དང༌། རིན་པོ་ཆེ་བཅོས་མ་ལས་མཆོག་ཏུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འཇིག་རྟེན་ལས་འདས་པ་ཡིན་པས་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཉིད་དུ་གྱུར་པའི་ཕྱིར་དང༌། རིན་པོ་ཆེ་བསྟོད་སྨད་ལ་སོགས་པས་འགྱུར་བ་མེད་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དད་པ་དང་མ་དད་པ་ལ་སོགས་པའི་རྐྱེན་གྱིས་ནམ་ཡང་འགྱུར་བ་མེད་པའི་ཕྱིར་ན་རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་ཉིད་ཅེས་པའོ། །དེ་ནི་གང་ཞིག་ཡོད་པ་ལས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ཐོབ་པའི་གནས་དཀོན་མཆོག་གསུམ་གྲུབ་པར་འགྱུར་བ་དེའི་དབང་དུ་བྱས་ནས། ༢༽ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་བཤད། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་དང༌། དེ་དག་གི་ཕན་ཡོན་རྣམས་སོ། ཐུན་མོང་དུ་བསྟན་པ། ཐུན་མོང་དུ་བསྟན་པ་ལ་བཞི་སྟེ། གནས་བཞི་དམ་པའི་ཡུལ་དུ་གྱུར་ཚུལ། དེ་དག་ཀྱང་བསམ་གྱིས་མི་ཁྱབ་པར་བསྟན་པ། དེའི་རྒྱུ་མཚན་རྒྱས་པར་བཤད་པ། རྟགས་ཚུལ་རྒྱུ་དང་རྐྱེན་གྱི་རྣམ་པར་བཞག་པའོ། ། དམ་པའི་ཡུལ་དུ་གྱུར་ཚུལ། དེ་ལ་དམ་པའི་ཡུལ་དུ་གྱུར་ཚུལ་ནི། དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་ཞེས་པ་ནི། ཆོས་ཀྱི་དབྱིངས་དེ་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་སེམས་ཅན་གྱི་གནས་སྐབས་ལ་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་པ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྙིང་པོ་ལམ་གོམས་པ་ལས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་སངས་རྒྱས་ཀྱི་སའི་གནས་སྐབས་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་གསུངས་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། ཆོས་སྐུ་དེ་ཉིད་དང་འབྲེལ་བའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་བྲལ་བའི་འབྲས་བུ་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྨིན་པའི་འབྲས་བུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་དེ་རྣམས་ཡང་དག་པར་འགྲུབ་པའི་ནུས་པས་སོ་སོ་དང་མཐུན་པར་བླ་ན་མེད་པའི་ཕྲིན་ལས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པ་གང་ཡིན་པའོ། ། དེ་ལྟར་རྒྱུ་དང་རྐྱེན་གྱི་གནས་བཞི་པོ་གང་ལས་འབྲས་བུ་དཀོན་མཆོག་དགེ་བ་གསུམ་འབྱུང་བའི་ཚུལ་འདི་ནི་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མཐར་ཐུག་པ་དང་ལྡན་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་ནོ་ཞེས་པའོ། ། དེ་དག་བསམ་མི་ཁྱབ་ཚུལ། དེ་དག་བསམ་མི་ཁྱབ་ཚུལ་ནི། འབྲས་བུ་དཀོན་མཆོག་གསུམ་པོ་འདི་འབྱུང་ཞིང་འགྲུབ་པའི་རིགས་ཏེ། རྒྱུ་དང་རྐྱེན་དུ་གྱུར་པའི་གནས་བཞི་པོ་འདི་དག་ཇི་ལྟ་བའི་དོན་ནི། ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གཟིགས་པ་སངས་རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྦྱོད་ཡུལ་ཡིན་ཞིང༌། དེ་དག་གི་དོན་ཡང༌། ཁམས་ལ་སོགས་པ་རྣམ་པ་བཞི་པོ་འདི་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བའི་རྒྱུ་མཚན་བཞི་དང་ལྡན་པ་ཡིས་ནི་ཕལ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པོ་ཞེས་པའོ། ། རྒྱུ་མཚན་རྒྱས་པར་བཤད་པ། དེའི་རྒྱུ་མཚན་བཤད་པ་ནི། རྒྱུ་མཚན་བཞི་པོ་དག་གང་ཞེ་ན། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཁམས་ཀྱི་དོན་ནི། ཅིག་ཆར་དུས་གཅིག་ཏུ་སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ཡང་ཡིན་ལ། གནས་སྐབས་གློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཡང་ཡིན་པའི་ཕྱིར། འགལ་བ་གཉིས་གཞི་གཅིག་ལ་འདུ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། ། དེ་ལྟར་ཡང་དཔལ་ཕྲེང་གིས་ཞུས་པའི་མདོ་ལས། ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བ་རྟོགས་པར་དཀའ་བ་དང༌། སེམས་དེ་ཉིད་ཉེ་བར་ཉོན་མོངས་པར་རྟོགས་པ་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ནི་ཁྱོད་དམ་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་དོན་ནི། སྔར་གློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་ཅུང་ཟད་ཀྱང་མེད་པ་ཡང་ཡིན་ལ། ལམ་གོམས་པ་ལས་ཕྱིས་དྲི་མ་མཐའ་དག་གིས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཡང་ཡིན་པའི་ཕྱིར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་ཤེས་སོ། ། དེས་ན་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་གསུངས་སོ། ། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་དོན་ནི། སྟོབས་བཅུ་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་མཐའ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་བཅས་པ་སོ་སོའི་སྐྱེ་བོའིགནས་སྐབས་ན་ཡང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་དུ་ཡོད་པ་ཡང་ཡིན་ལ་མངོན་དུ་གྱུར་པ་ཡང་མ་ཡིན་པའི་ཕྱིར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་པ་སྟེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ་འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་ཞེས་པ་ལྟ་བུའོ། ། རྒྱལ་བའི་མཛད་པ་འཕྲིན་ལས་ཀྱི་དོན་ནི། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་གདུལ་བྱའི་སྐལ་བ་དང་མཐུན་པར་རེ་འདོད་སྒྲུབ་པ་ཡང་ཡིན་ལ། འདི་དང་འདི་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་མི་རྟོག་པ་ཡང་ཡིན་པའི་ཕྱིར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་རྣམ་གྲངས་འདིས་ནི་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས། དུས་གསུམ་དུ་འབྲེལ་བའི་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུ་ནམ་མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམས་རིག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །ཐུགས་དམིགས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། ། བརྟག་ཚུལ་རྒྱུ་རྐྱེན་གྱི་རྣམ་བཞག རྒྱུ་དང་རྐྱེན་གྱི་རྣམ་བཞག་ནི། དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང༌། ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་ཏེ། དེ་ལ་དྲི་མ་དང་བཅས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ནི་རྟོགས་པར་བྱ་བའི་གནས་སོ། །དྲི་མ་མཐའ་དག་དང་བྲལ་བའི་བྱང་ཆུབ་ནི་རྟོགས་པའི་རང་གི་ངོ་བོའི་གནས་སོ།། བྱང་ཆུབ་དང་འབྲེལ་བའི་ཡོན་ཏན་རྣམས་ནི། རྟོགས་པ་དེ་ཡི་ནི་ཡན་ལག་གི་གནས་སོ། །ཡོན་ཏན་གྱི་ནུས་པ་འཕྲིན་ལས་ནི་གཞན་དག་ཀྱང་རྟོགས་པར་བྱེད་པའི་གནས་སོ། །དེའི་ཕྱིར་གནས་བཞི་པོ་འདི་དག་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་གནས་གཅིག་སྟེ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་ནི་དག་པར་བྱ་བའི་རྒྱུ་ཡིན་ཏེ། དེ་དྲི་མས་རྣམ་པར་དག་པ་ལས་དཀོན་མཆོག་གསུམ་འབྱུང་བའི་ཕྱིར་རོ། ། གནས་ཕྱི་མ་གསུམ་ནི་དག་པར་བྱེད་པའི་རྐྱེན་ཡིན་ནོ་ཞེས་པའོ། ། སོ་སོའི་ངོ་བོ། སོ་སོའི་ངོ་བོ་ལ་བཞི་སྟེ།