རྒྱུད་བླ་དོལ་ཊིཀ

༼༢༽ཡན་ལག་རྒྱས་པར་བཤད་པ། ད་ནི་ཡན་ལག་རྒྱས་པར་བཤད་པར་བྱ་བ་ལ་གཉིས། ཐོབ་བྱ་མཆོག་གསུམ་གྱི་ཡན་ལག་རྒྱས་པར་བཤད་པ་དང༌། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པའོ། ། ༡༽མཆོག་གསུམ་གྱི་ཡན་ལག་རྒྱས་བཤད། ཐོབ་བྱ་ལ་གསུམ་སྟེ། མཆོག་གསུམ་སོ་སོའི་ངོ་བོ། སྐྱབས་གསུམ་རྣམ་པར་འཇོག་ཚུལ། ངེས་པའི་ཚིག་གིས་བཤད་པའོ། ། ༡ མཆོག་གསུམ་སོ་སོའི་ངོ་བོ། སོ་སོའི་ངོ་བོ་ལ་གསུམ་སྟེ། སྐྱབས་གནས་མཐར་ཐུག་སངས་རྒྱས་དཀོན་མཆོག་གི་ངོ་བོ། དེའི་བསྟན་པ་དམ་ཆོས་དཀོན་མཆོག་གི་ངོ་བོ། དེ་ཉིད་འཛིན་པ་དགེ་འདུན་དཀོན་མཆོག་གི་ངོ་བོའོ། ། སངས་རྒྱས་དཀོན་མཆོག་གི་ངོ་བོ། སངས་རྒྱས་ལ་གསུམ་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། ། བསྟོད་པའི་སྒོ་ནས་བརྗོད་པ། དེ་ལ་བསྟོད་པ་ནི། སངས་རྒྱས་གང་ཞིག་ཐོག་མ་སྐྱེ་བ་དང་དབུས་གནས་པ་དང་མཐའ་འཇིག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ་མེད་པས་འདུ༵ས་མ༵་བྱ༵ས་པ་ཉིད་དང༌། སྤྲོས་པ་དང་རྣམ་པར་རྟོག་པ་ཉེ་བར་ཞི་བས་ལྷུ༵ན་གྱི༵ས་གྲུ༵བ་པ་ཉིད་དང༌། སངས་རྒྱས་ཉིད་ཀྱི་གཞན་ལ་མ་ལྟོས་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་རང་བྱུང་གི་རྣམ་པར་སངས་རྒྱས་པས་གཞ༵ན་གྱི༵་རྐྱེ༵ན་གྱི༵ས་རྟོ༵གས་པར་བྱ་བ་མ༵་ཡྀན་པ༵་ཉིད་དང༌། དེ་ལྟར་ཆོས་གསུམ་དང་ལྡན་པས་རང་ཉིད་སངས་རྒྱས་ནས་ནི་ཤེས་བྱ་མཐའ་དག་མངོན་སུམ་དུ་རྟོགས་པས་མཁྱེ༵ན་པ་ཕུན་སུམ་ཚོགས་པ་ཉིད་ད༵ང༌། དེ་མ་རྟོགས་པའི་འགྲོ་བ་གཞན་དག་གིས་ཀྱང་རྟོགས་པར་བྱ་བའི་ཕྱིར་དུ་འཁོར་བར་འཇིགས་པ་མེད་ཅིང༌། ཕྱིར་མི་ལྡོག་པས་རྟག་པ་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པའི་ལམ་སྟོན་པའི་ཕྱིར། ཐུགས་རྗེ་ཕུན་སུམ་ཚོགས་པ་ཉིད་དང༌། དེ་ལྟ་བུའི་མཁྱེན་པ་དང་བརྩེ༵་བའི་རལ་གྲི་ད༵ང་རྡོ་རྗེ་མཆོག་ལྟ་བུ་བསྣམས་ནས། གོ་རིམ་བཞིན་དུ་མཁྱེན་བརྩེ་རལ་གྲི་ལྟ་བུས་ནི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ཕྱི་མ་ལ་གཞན་བསྐྱེད་པའི་མྱུ་གུ་ལྟ་བུ་གཅོད་པར་མཛད་པ་གཅིག་པུར་གྱུར་ཅིང༌། མཁྱེན་བརྩེའི་རྡོ་རྗེ་ལྟ་བུས་ནི་བདག་དང་བདག་གིར་འཛིན་པ་ལ་སོགས་སྣ་ཚོགས་པའི་ལྟ་བ་ནགས་ཐིབས་པོ་ལྟ་བུ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ཐེ་ཚོམ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པར་མཛད་པའི་ནུ༵ས་པ༵་ཕུན་སུམ་ཚོགས་པ་ཉིད་དེ། ཆོས་དྲུག་དང་ལྡ༵ན་པའི་སྒོ་ནས་དོ༵ན་གཉི༵ས་མཐར་ཕྱིན་པ་དེ་ལ་སྒོ་གསུམ་གུས་པས་འདུད་ཅེས་པའོ། ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དོན་དེ་རྣམ་པར་དབྱེ་སྟེ་བསྟན་པ་ནི། བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡ༵ན་པ༵འི་སང༵ས་རྒྱ༵ས་ཉི༵ད་སྟོན་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུ༵ས་མ༵་བྱ༵ས་ཤི༵ང་འགྱུར་བ་མེད་པའི་ཡོན་ཏན་དང་འབད་རྩོལ་མེད་པས་ལྷུ༵ན་གྱི༵ས་གྲུ༵བ་པའི་ཡོན་ཏན་དང༌། རང་གིས་རིག་པས་གཞ༵ན་གྱི༵་རྐྱེ༵ན་གྱི༵ས་རྟོ༵གས་པ་མི༵ན་པ༵འི་ཡོན་ཏན་དང༌།དེ་གསུམ་དང་ལྡན་པས་མཁྱེ༵ན་པའི་ཡོན་ཏན་ད༵ང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ༵་བའི་ཡོན་ཏན་ད༵ང༌། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུ༵ས་པ༵ར་ལྡ༵ན་པའི་ཡོན་ཏན་དེ་རྫས་ཀྱིས་དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་སྔ་མ་གསུམ་རང་དོ༵ན་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཕྱི་མ་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉི༵ས་ཏེ་ཐམས་ཅད་བསྡུ་ན་ཡོན་ཏན་བརྒྱད་དང་ལྡ༵ན་པ༵འི་སང༵ས་རྒྱ༵ས་ཉི༵ད་དོ། །ཞེས་པའོ། ། དེ་དག་རྒྱས་པར་བཤད་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པ་ནི། བསྟོད་པར་བསྟན་པ་རྣམས་རྒྱུ་མཚན་དུ་བྱས་ནས། དབྱེ་བར་བསྟན་པ་རྣམས་རིམ་གྱིས་སྒྲུབ་པས་འཆད་དེ། སངས་རྒྱས་ཀྱི་ནི་ཐོག་མ་དང་དབུས་དང་མཐའ་མར་འདུས་བྱས་ཀྱི་ཆོས་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་འདུས་མ་བྱས་པའོ། །ལུས་ངག་གི་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་འབད་རྩོལ་མ་ལུས་པ་ཉེ་བར་ཞི་བ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་འཕྲིན་ལས་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་བརྗོད་དོ། ། སོ་སོ་རང་གིས་རིག་པའི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་གཞན་གྱིས་བརྗོད་པ་ལ་སོགས་པའི་རྐྱེན་གྱིས་རྟོགས་པར་བྱ་བ་མིན་པའོ། །དེ་ལྟར་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཆོས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྟོགས་པའི་ཕྱིར་ན། མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གདུལ་བྱ་གཞན་དག་ཀྱང་དག་པ་མཐར་ཕྱིན་པ་དེ་ལ་དགོད་པའི་ཆེད་དུ་སྐལ་པ་དང་མཐུན་པར་འཇིག་རྟེན་ལས་འདས་པའི་ལམ་གསལ་བར་སྟོན་པར་མཛད་པའི་ཕྱིར་ན་ཐུགས་བརྩེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ནུས་པའི་འཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་བཤད་མ་ཐག་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་པོ་ཡིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་དང༌། དེའི་རྒྱུ་ཉོན་མོངས་པ་མཐའ་དག་སྤོང་བར་ནུས་པའི་ཕྱིར་རོ། །དེ་ལ་ཡོན་ཏན་དང་པོ་གསུམ་གྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ཏེ། ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང༌། ཟག་པ་དང་བཅས་པའི་རྒུད་པ་མཐའ་དག་སྤངས་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པས་རང་གི་དོན་མཐར་ཕྱིན་པའི་ཕྱིར་རོ། ། ཕྱི་མ་གསུམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ཡིན་ཏེ། མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཁམས་གཟིགས་པ་ལྟར། བརྩེ་བའི་ཐུགས་རྗེ་ཆེན་པོ་ཞུགས་ནས་ཕྲིན་ལས་ཀྱིས་ཀྱང་ཇི་ལྟར་བཞེད་པ་བཞིན་དུ་འདོད་པའི་དོན་མ་ལུས་པ་སྒྲུབ་པར་ནུས་པའི་ཕྱིར་རོ། ། བསྟན་པ་དམ་ཆོས་ཀྱི་ངོ་བོ། དེའི་བསྟན་པ་དམ་ཆོས་དཀོན་མཆོག་གི་ངོ་བོ་ལ་བཞི་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་བདེན་པ་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པའོ། ། བསྟོད་པའི་སྒོ་ནས་བརྗོད་པ། དེ་ལ་བསྟོད་པ་ནི། དམ་པའི་ཆོས་གང་ཞིག་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པའི་ཕྱིར་མེད་པ་ཆད་པའི་མཐར་ལྷུང་བ་མིན་ཞིང༌། ཀུན་རྫོབ་གློ་བུར་བའི་དངོས་པོར་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཡོད་པ་རྟག་པའི་མཐར་ལྷུང་བ་མིན་ལ། དེ་དག་སོ་སོ་མ་ཡིན་པས་ཡ་གྱལ་ཁེགས་པའི་ཕྱིར་དང་ཕན་ཚུན་འགལ་བའི་ཕྱིར་ན་ཡོད་མེད་གཉིས་ཀ་ཚོགས་པའི་གཞི་མཐུན་པའང་མ་ཡིན་ཅིང༌། ཡོད་མེད་གཉིས་ཡིན་མ་གྲུབ་པས་དེ་བཀག་པའི་ཡོད་མེད་གཉིས་ཀ་ལས་གཞན་པ་གཉིས་མ་ཡིན་དུའང་བརྟག་པར་མི་ནུས་པའི་ཕྱིར་མུ་བཞིའི་སྤྲོས་པ་ལས་རྣམ་པར་གྲོལ་བ་དང༌། བརྡ་དང་ཐ་སྙད་ཀྱིས་བརྗོད་དུ་མེད་ཅིང་ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པས་ངེས་པའི་ཚིག་དང་བྲལ་བ་དང༌། དཔེ་དང་གཏན་ཚིགས་ལ་སོགས་པས་བསྟན་པར་བྱ་བ་དང༌། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པས་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་བསམ་དུ་མེད་པ་ཉིད་དང༌། འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་དག་ཞི་བས་གཉིས་སུ་མེད་པ་ཉིད་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པར་ཉེ་བར་ཞི་བས་རྟོག་པ་མེད་པ་ཉིད་དེ། འགོག་པའི་བདེན་པས་བསྡུས་པ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པའི་དྲི་མ་མེད་པས་རྣམ་པར་དག་པ་ཉིད་དང༌།ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པས་གསལ་བ་ཉིད་དང༌། དམིགས་པར་བྱ་བའི་ཡུལ་ཀུན་ལ་སྡུག་པ་ལ་འདོད་ཅིང་ཆགས་པ་དང༌། མི་སྡུག་པ་ལ་ཁྲོ་ཞིང་སྡང་བ་དང༌། བར་མ་ལ་རྨོངས་ཤིང་གཏི་མུག་པའི་རབ་རིབ་མུན་པ་ལྟ་བུ་རྣམས་རྣམ་པར་འཇོམས་པར་མཛད་པས་གཉེན་པོར་གྱུར་པ་ཉིད་དེ། དོན་གསུམ་གྱིས་དམ་པའི་ཆོས་ཉི་མ་ལྟ་བུར་གྱུར་པ་ལམ་གྱི་བདེན་པས་བསྡུས་པ་དེ་དག་ལ་ཀུན་ནས་དང་བས་འདུད་ཅེས་པའི་དོན་ཏོ། ། རྣམ་པར་ཕྱེ་སྟེ་བསྟན་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ་ནི། བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་སྟོན་པ་སྟེ། ཐ་སྙད་པའི་ཤེས་པས་བས༵མ་དུ་མེ༵ད་པའི་ཡོན་ཏན་དང༌། ལས་དང་ཉོན་མོངས་པ་གཉི༵ས་སུ་མེ༵ད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོ༵ག་པ་མེ༵ད་པའི་ཡོན་ཏན་ད༵ང༌། ཉོན་མོངས་པའི་དྲི་མ་རྣམ་པར་ད༵ག་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་སྣང་བ་གས༵ལ་བའི་ཡོན་ཏན་དང༌། དུག་གསུམ་གྱི་མུན་པ་འཇོམས་པ་གཉེ༵ན་པོ༵འི་ཕྱོ༵གས་ཀྱི་ཡོན་ཏན་ཉི༵ད་ཀྱིས་རྫས་ཀྱི་དབྱེ་བ་དྲུག་གམ། ལྡོག་པས་ཕྱེ་ན་སྔ་མ་གསུམ་འབྲས་བུ་ག༵ང་ཞི༵ག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་རྒྱུ་ག༵ང་གི༵ས་འདོད་ཆ༵གས་དང་བྲ༵ལ་བ༵ར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་བདེ༵ན་པ་གཉི༵ས་ཀྱི་མཚ༵ན་ཉི༵ད་ཅ༵ན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ༵་ནི་དམ་པའི་ཆོ༵ས་སོ་ཞེས་པའོ། ། བདེན་པ་གཉིས་སུ་བསྡུ་བ། དེ་དག་བདེན་པ་གཉིས་སུ་བསྡུ་བ་ནི། འདོད་ཆགས་དང་བྲལ་བ་ཉིད་ལ་ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བའི་འབྲས་བུ་འགོག་པའི་བདེན་པ་དང༌། ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་དག་གིས་བསྡུས་པ་ཡིན་ལ། གོ་རིམ་ཇི་ལྟ་བ་བཞིན་དུ་བདེན་པ་གཉིས་པོ་དེ་དག་ཀྱང༌། བསམ་དུ་མེད་པ་དང༌། གཉིས་སུ་མེད་པ་དང༌། རྟོག་པ་མེད་པའི་ཡོན་ཏན་གསུམ་གསུམ་གྱིས་དག་པ་གཉིས་ལྡན་འགོག་པའི་བདེན་པ་བསྟན་པར་རིག་པར་བྱ་ཞིང༌། དག་པ་དང་གསལ་བ་དང་གཉེན་པོའི་ཡོན་ཏན་གསུམ་གྱིས་དག་པར་བྱེད་པ་ལམ་གྱི་བདེན་པ་བསྟན་པར་རིག་པར་བྱའོ། །ཞེས་པའི་དོན་ཏོ། ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པ་ནི། བསྟོད་པར་བསྟན་པ་རྣམས་རྒྱུ་མཚན་དུ་བྱས་ནས་ཡོན་ཏན་གྱི་དབྱེ་བ་རྣམས་རིམ་གྱིས་སྒྲུབ་ཅིང་འཆད་པ་སྟེ། ཐོབ་བྱ་མཐར་ཐུག་འགོག་པའི་བདེན་པའི་ཆོས་ནི་ཡོད་པ་དང༌། མེད་པ་དང༌། ཡོད་མེད་གཉིས་ཡིན་པ་དང༌། གཉིས་ཀ་མ་ཡིན་པ་སྟེ། མུ་བཞིར་འཛིན་པའི་རྟོག་པའི་རྟོག་གེས་བརྟག་པར་བྱ་བའི་ཡུལ་མིན་པའི་ཕྱིར་དང༌། སྒྲ་དང་ཐ་སྙད་ངེས་པའི་ཚིག་ལ་སོགས་པས་བརྗོད་པར་བྱ་བའི་ཡུལ་མིན་པའི་ཕྱིར་དང༌། འཕགས་པས་མཉམ་པར་བཞག་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྒྱུ་གསུམ་གྱིས་འཇིག་རྟེན་པའི་བློས་བསམ་དུ་མེད་པ་ཉིད་ཡིན་ཞིང༌། ལས་ཟག་པ་དང་བཅས་པ་དང༌། དེ་ཀུན་ནས་སློང་བའི་ཉོན་མོངས་པ་ཞི་བ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་ཉིད་ཡིན་ལ། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་རྟོག་པ་མེད་པ་ཉིད་ཡིན་ཏེ། ཇི་སྐད་དུ། ཤཱའ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ།གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ། །ཞེས་གསུངས་པ་ལྟར་རོ། ། ཆོས་ཀྱི་སྐུ་འདི་ཐོབ་པར་བྱེད་པའི་རྒྱུ་མཐོང་བ་དང་སྒོམ་པའི་ལམ་གྱི་ཡོན་ཏན་དག་པ་དང་སོགས་པའི་སྒྲས་གསལ་བ་དང་གཉེན་པོས་དེ་རྣམ་པ་གསུམ་ནི་ཆོས་མཐུན་པ་གསུམ་གྱིས་ཉི་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཐུན་པར་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བ་དང༌། གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པར། ཤེས་བྱའི་རྣམ་པ་ཐམས་ཅད་སྣང་བར་བྱེད་པ་དང༌།མུན་པའི་གཉེན་པོ་དང་ཆོས་མཐུན་པར་དེ་བཞིན་ཉིད་མཐོང་བའི་གེགས་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། ། དགེ་འདུན་དཀོན་མཆོག་གི་ངོ་བོ། དེ་ཉིད་འཛིན་པ་དགེ་འདུན་དཀོན་མཆོག་གི་ངོ་བོ་ལ་གསུམ་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། ཡོན་ཏན་དེ་དག་གཉིས་སུ་སྒྲུབ་པ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པའོ། ། བསྟོད་པའི་སྒོ་ནས་བརྗོད་པ། དེ་ལ་བསྟོད་པ་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་སེམས་དེ་ནི་གཉེན་པོ་རང་བཞིན་གྱིས་འོད་གསལ་བ་མངོན་སུམ་དུ་གྱུར་པས་ན་སྤང་བྱ་ཉོན་མོངས་པའི་ངོ་བོ་གདོད་མ་ནས་སྐྱེ་བ་མེད་པར་གཟིགས་པས་བྱང་ཆུབ་སེམས་དཔའ་གང་དག་འགྲོ་བ་ཀུན་གྱི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་པའི་མཐའ་འམ་ཆོས་ཉིད་སྤྲོས་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཁྱབ་པར་རྗེས་སུ་ཞུགས་པར་གཟིགས་པའི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ཀྱང་རིམ་པ་ལྟར་ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་འཇིག་རྟེན་ལས་འདས་པའི་ཤེས་རབ་མངའ་བའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཁྱེན་པ་དང༌། དེ་སེམས་ཅན་མཐའ་ཡས་པ་ལ་ཁྱབ་པར་མཁྱེན་པའི་ཡུལ་ཅན་དང་ལྡན་པའི་ཕྱིར་ཤེས་བྱ་མཐའ་དག་ལ་ཡེ་ཤེས་གཟིགས་པ་རྣམ་པར་དག་པ་མངའ་བས་ལུས་ཅན་ཐམས་ཅད་ཀྱི་སྐྱབས་གནས་མཆོག་ཏུ་གྱུར་པ་དེ་ལ་ཀུན་ནས་དང་བས་འདུད་ཅེས་པའོ། ། དེ་དག་གཉིས་སུ་སྒྲུབ་པ། ཡོན་ཏན་དེ་དག་གཉིས་སུ་བསྡུ་བ་ནི། བཤད་མ་ཐག་པའི་གཞུང་འདིས། ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་སྟོན་པ་སྟེ། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་གཟིགས་པ་ཆགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དང༌། ཡུལ་ཆོས་ཅན་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་ནི་ཡེ་ཤེས་ཀྱི་གཟིགས་པ་ཐོགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ཏེ། དེ་དག་དང་ལྡན་པའི་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ། །ཞེས་པའོ། ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པ་ལ་བཞི་སྟེ། ཇི་ལྟ་བ་རྟོགས་ཚུལ་རྒྱས་པར་བཤད་པ། ཇི་སྙེད་པ་རྟོགས་ཚུལ་རྒྱས་པར་བཤད་པ། དེ་དག་ཀྱང་རྣམ་པར་དག་པར་བསྟན་པ། དེ་ཀུན་གྱི་སྐྱབས་གནས་མཆོག་ཏུ་བསྟན་པའོ། ། ཇི་ལྟ་བ་རྟོགས་ཚུལ། དེ་ལ་ཇི་ལྟ་བ་རྟོགས་ཚུལ་ནི། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གདོད་མ་ནས་སྤྲོས་པ་ཞི་བའི་ཆོས་ཉིད་ཅན་དུ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པའི་ཕྱིར་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཉིད་དོ་ཞེས་བྱ་བ་ཡིན་ལ། དེ་ཡང་སེམས་རང་བཞིན་གྱིས་ནི་ཡོངས་སུ་དག་ཅིང་འོད་གསལ་བར་རྟོགས་པའི་ཕྱིར་དང༌། དེ་གློ་བུར་གྱི་ཉོན་མོངས་པ་གདོད་མ་ནས་མ་སྐྱེས་པས་ཟད་ཅིང་འགགས་པར་རྟོགས་པའི་ཕྱིར་རོ། །ཞེས་པའོ། ། ཇི་སྙེད་པ་རྟོགས་ཚུལ། ཇི་སྙེད་པ་རྟོགས་ཚུལ་ནི། ཡུལ་ཤེས་བྱའི་དངོས་པོ་ཐམས་ཅད་དང་དེའི་མཐར་ཐུག་དེ་བཞིན་ཉིད་རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བློས་ཐམས་ཅད་མཁྱེན་པའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོས་ནི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་རང་བཞིན་དུ་ཁྱབ་ཡོད་པར་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་བའི་ཕྱིར་ན། ཆོས་ཅན་ཇི་སྙེད་པ་ཡོད་པ་མཁྱེན་པའི་ཡེ་ཤེས་ཉིད་དོ། །ཞེས་པའོ། །མཐོང་བ་དེ་ཡང་ས་དང་པོ་ནས་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། ། དེ་དག་རྣམ་པར་དག་པར་བསྟན་པ། དེ་དག་ཀྱང་རྣམ་པར་དག་པར་བསྟན་པ་ནི། དེ་ལྟར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་གཞན་དང་ཐུན་མོང་མ་ཡིན་པར་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ཞིང༌། དེ་ཡང་ཐམས་ཅད་ལ་ཁྱབ་པར་རང་བཞིན་གྱིས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ཆགས་པ་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་མེད་པ་དང་དེ་ཤེས་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཐོགས་པ་དང་བཅས་པའི་ཤེས་བྱའི་སྒྲིབ་པ་མེད་པ་ཡིན་ལ། དེའི་ཕྱིར་ཡེ་ཤེས་གཉིས་པོ་དེ་ནི་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པའང་ཡིན་ཞེས་སོ། ། དེ་ཀུན་གྱི་སྐྱབས་མཆོག་ཏུ་བསྟན་པ། དེ་ཀུན་གྱི་སྐྱབས་གནས་སུ་བསྟན་པ་ནི། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཡུལ་ལ་གཟིགས་པ་ཆགས་པ་དང་ཐོགས་པའི་སྒྲིབ་པས་རྣམ་པར་དག་པས་ན་སངས་རྒྱས་ཡེ་ཤེས་ཀྱི་གཟིགས་པ་བླ་ན་མེད་པ་དང་ཉེ་བར་གནས་པར་གྱུར་པའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་བའི་འཕགས་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་ནི་ལུས་ཅན་ཀུན་འཁོར་བར་སྡུག་བསྔལ་གྱི་ཚོར་བ་ལས་སྐྱོབ་པའི་སྐྱབས་གནས་སུ་གྱུར་པ་ཡིན་ནོ་ཞེས་པའོ། །