ཕར་ཕྱིན་མདོ་ལུགས་མ།

དེ་བཞིན་འཁོར་བ་ཇི་སྲིད་འདི། ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ལས་ཐམས་ཅད་སེམས་ཅན་གྱི་དོན་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པར་འཇུག་པ་ནི་འཕྲིན་ལས་ཏེ། རྒྱུད་བླ་མར། དཔེ་དགུས་འཕྲིན་ལས་གསུངས་ལ། །མི་རྟོག་བཞིན་ཏུ་སྐུའི་སྣང་བ་སྟོན་པ་བརྒྱ་བྱིན་གྱི་དཔེ་དང༌། འབད་པ་མེད་པར་ཆོས་གསུངས་པ་ལྷའི་རྔའི་དཔེ་དང༌། མཁྱེན་བརྩེས་ཀུན་ལ་ཁྱབ་པ་སྤྲིན་གྱི་དཔེ་དང༌། ཆོས་སྐུ་ཀུན་ལ་མ་གཡོས་པ་བཞིན་ཏུ་སྤྲུལ་པ་སྟོན་པ་ཚངས་པའི་དཔེ་དང༌། ཡེ་ཤེས་ཀྱི་སྣང་བ་འཕྲོ་བ་ཉི་མའི་དཔེ་དང༌། ཐུགས་ཀྱི་གསང་བ་ཡིད་བཞིན་ནོར་བུའི་དཔེ་དང༌། གསུང་གི་གསང་བ་སྒྲ་བརྙན་གྱི་དཔེ་དང༌། སྐུ་ཡི་གསང་བ་ནམ་མཁའི་དཔེ་དང༌། འགྲོ་བའི་དཀར་པོའི་ཆོས་ཀྱི་གཞི་རྟེན་དུ་གྱུར་པས་གཞིའི་དཔེ་སྟེ་དགུས་སོ། །ཇི་སྐད་དུ། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། ། སྒྲ་བརྙན་ནམ་མཁའ་ས་གཞི་སྲིད་མཐའི་པར། །འབད་མེད་གཞན་གྱི་དོན་བྱེད་རྣལ་འབྱོར་རིག ། རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་རྩེ་ཆེན་སྦྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱེད་པར། སྤྲུལ་བ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་འཕྲོ་གང༌། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་སྟེ། བྲག་ཆ་བཞིན་དུ་ཡི་གེ་མེད། སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟག་པ་ཉིད། ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་སྐུའི་རྣམ་འགྱུར་ནི་སྐུའི་གསང་བ་དང༌། གསུང་གི་རྣམ་འགྱུར་ནི་གསུང་གི་གསང་བ་དང༌། ཐུགས་ཀྱི་རྣམ་འགྱུར་ནི་ཐུགས་ཀྱི་གསང་བའོ། ། རྣམ་འགྱུར་དེ་དག་གསང་ཞིང་སྦས་བ་བཞིན་དུ་གཞན་གྱིས་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ནི་གསང་བའི་དོན་ཏོ། །འཇིག་རྟེན་ན་ཡང་གསང་དགོས་པའི་དོན་དེ་གཞན་གྱིས་ཤེས་པ་དང་མ་ཤེས་པ་ལས་གསང་ཐུབ་མ་ཐུབ་པར་འཇོག་པ་བཞིན་ནོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་ལ་གསང་བའི་དོན་དུ། ལག་ན་རྡོ་རྗེས་གསུངས་སོ། །དེས་ན་སྤྲུལ་བའི་སྐུ་སྣ་ཚོགས་པས་འཁོར་བ་སྲིད་དུ་གཅིག་ཆར་གཞན་དོན་མཛད་པ་དེ་བཞིན་དུ་ཡུན་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཐུགས་པ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ནི་རྒྱུན་མི་འཆད་པར་འདོད་ཅིང་བསྟན་ཏོ། ། ཇི་ལྟར་སེམས་ཅན་གྱི་ལུས་ངག་ཡིད་ཀྱི་ལས་ནི་རྣམ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་རྣམ་ཤེས་ཀྱི་རྗེས་སུ་འབྲང་བ་ལྟར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ལས་དག་ཀྱང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །ལས་གསུམ་པོ་དེ་ཉིད་སྐབས་འདིར་རྣམ་པ་ཉི་ཤུར་ཕྱེ་ནས་གསུངས་པ་འདི་ལྟ་སྟེ། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང༌། བརྡ་དང་དམིགས་པ་མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། ། བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་བཞིན་མེད་པའི་ཚུལ་དང་ནི༌། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པ་ལ་འདིར་དེ་ལ་འགོད་པ་དང་དེ་ལ་སྦྱོར་བ་དང་དེ་ལ་བཀྲི་བ་དང་དེ་ལ་འདྲེན་པ་དང་དེ་ལ་བསྐུལ་པ་དང་དེ་ལ་གཞུག་པ་དང་དེ་ལ་གདམས་པ་ཞེས་པ་དག་རྣམ་གྲངས་སུ་རིག་པར་བྱའོ། །ངན་སོང་དང་ལྷའི་འགྲོ་བ་རྣམས་རིམ་གྱིས་ཞི་བ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་དང༌། མིའི་འགྲོ་བ་རྣམས་བསྡུ་བའི་དངོས་པོ་རྣམ་བཞི་ལ་འགོད་པའི་འཕྲིན་ལས་དང༌། ཀུན་ནས་ཉོན་མོངས་པ་དང་བཅས་པའི་རྣམ་པར་བྱང་བའི་ཆོས་དག་སྒྱུ་མ་ལྟ་བུར་རྟོགས་པ་ལ་འགོད་པའི་འཕྲིན་ལས་དང༌། སེམས་ཅན་རྣམས་ཡང་དག་པའི་མཐའི་དོན་ཇི་ལྟ་བ་བཞིན་གྱི་དོན་ལ་འགོད་པ་དང༌། སྒྱུ་མ་ལྟ་བུའི་ཕ་རོལ་ཏུ་ཕྱིན་དྲུག་གི་སྦྱོད་པ་ལ་འགོད་པ་དང༌། སངས་རྒྱས་་ཀྱི་ལམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པ་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་པ་ལ་འགོད་པ་དང༌། གཉིས་ཆོས་ཐམས་ཅད་གདོད་ནས་ཟད་པར་ཁོངས་སུ་ཆུད་པ་ལ་འགོད་པ་དང༌། རང་བཞིན་གྱིས་སྟོང་ཡང་ཆོས་ཀྱི་རྣམ་དབྱེ་བྱེད་པའི་ཆོ་བཏགས་པའི་ཐ་སྙད་འཇིག་རྟེན་གྱི་བརྡ་ཉེ་བར་བཟུང་བ་ལ་འགོད་པ་དང༌། སྦྱིན་སོགས་ཀྱི་སྤྱོད་པ་འཁོར་གསུམ་དུ་དམིགས་པ་མེད་པ་ལ་འགོད་པ་དང༌། ལུས་ཅན་རྣམས་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལ་འགོད་པའི་ལས་དང༌། རྒྱལ་སྲས་ཀྱིས་མི་བསླབ་པའི་ཆོས་གང་ཡང་མེད་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའི་ལམ་དུ་ཤེས་པ་ལ་འགོད་པ་དང༌། སེམས་ཅན་རྣམས་དངོས་པོར་མངོན་པར་ཞེན་པའི་རློམས་སེམས་བཟློག་པ་ལ་གདམས་པའི་ལས་དང༌། བྱང་ཆུབ་ལ་བསླབས་པས་་མ་འདྲེས་པའི་བར་རྫོགས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བྱང་ཆུབ་འཐོབ་པ་ལ་འགོད་པ་དང༌། རང་གཞན་གྱི་ལུས་ངག་ཡིད་ཀྱི་གནས་ངན་ལེན་དག་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་དང༌། སེམས་དང་བོ་བསྐྱེད་པ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཕུང་པོར་ངེས་པ་ལ་འགོད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ནི་ཚད་མེད་པ་འགྲུབ་པ་ལ་འགོད་པ་དང༌། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་བསྙེན་བཀུར་དང༌། ཆོས་ཉན་པ་དང་མངོན་ཤེས་ཀྱི་ཕར་ཕྱིན་གྲུབ་པ་ལ་སོགས་པའི་ཡོན་ཏན་ལ་འགོད་པ་དང༌། བྱང་ཆུབ་བསྒྲུབ་པའི་ལམ། སྦྱིན་སོགས་ཀྱི་ཡན་ལག་འཁོར་གསུམ་དུ་མི་རྟོག་པའི་དགེ་བ་ལ་འགོད་པ་དང༌། སངས་རྒྱས་ཀྱིས་དོན་བྱས་པའི་སེམས་ཅན་གྱི་དགེ་བ་ཕྱིས་ཆུད་ཟོས་ཤིང་འཁོར་བར་ལྟུང་བ་མ་ཡིན་པའི་ལས་དགེ་བ་རྣམས་ནི་ཆུད་མི་ཟ་བ་ལ་འགོད་པ་དང༌། འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་དུ་མཐོང་བ་ལ་འགོད་པ་དང༌། སེམས་ཅན་རྣམས་ཕྱིན་ཅི་ལོག་བཞི་པོ་ནི་སྤངས་བ་ལ་འགོད་པ་དང༌། ཕྱིན་ཅི་ལོག་དེའི་གཞིའི་འམ་གནས་སུ་གྱུར་པའི་དངོས་པོ་མེད་པའི་དཔེའི་ཚུལ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་བ་ལ་འགོད་པ་དང༌། རྣམ་པར་བྱང་བ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འགོད་པ་དང༌། སྒྱུ་མ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་འགོད་པ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་མཉམ་པ་ཉིད་གང་ཡིན་པ་དོན་དམ་པ་དེ་ལ་ཐ་དད་ཡོངས་སུ་མི་ཤེས་པ་ལ་འགོད་པ་དང༌། གང་གིས་ཀྱང་མ་སྤྲུལ་བའི་སྟོང་བ་ཉིད་སྐྱེ་མེད་འགག་མེད་མི་མཉམ་བའི་མྱ་ངན་འདས་པ་ལ་འགོད་བའི་འཕྲིན་ལས་ཏེ། དེ་ལྟར་ན་ཆོས་ཉིད་ཀྱི་སྐུའི་མཛད་པ་འཕྲིན་ལས་བཤད་མ་ཐག་པ་འདི་སྐབས་འདིར་དབྱེ་བ་རྣམ་པ་ཉི་ཤུ་རྩ་བདུན་དུ་བཅོམ་ལྡན་འདས་བཞེད་དོ། །དེའི་ཕྱིར་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་སྐུ་གསུམ་མཛད་པ་དང་བཞིར་ཡང་དག་པར་བསྟན་ཏོ། །དེ་རྣམས་ཀྱིས། ངོ་བོ་ཉིད་ལོངས་སྦྱོད་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པ་རྣམས་བཤད་ཟིན་ཏོ། ། དངོས་པོ་བརྒྱད་ལས་ཆོས་ཀྱིས་སྐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །སྐབས་བརྒྱད་པ་འདི་ཉི་ཁྲིའི་ལེའུ་རེ་གཉིས་པའི་སྟོད་ཅུང་སོང་བ་ནས་བཟུང་སྟེ། ལེའུ་བདུན་བཅུ་རྩ་གཅིག་པ་ཆོས་ཉིད་མི་འགྱུར་བའི་ལེའུ་རྫོགས་མཚམས་ཀྱི་བར་གྱིས་སྟོན་ནོ། །དེ་ལྟར་བསྟན་པ་དེ་རྣམས་ཀྱིས་དགོས་འབྲེལ་བསྟན་ནས་དངོས་པོ་བརྒྱད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་སོང་ཟིན་ཏོ། ། ༼༣༽དོན་བསྡུས་གཞན་དང་གཞན་གྱིས་མཇུག་བསྡུས་ཏེ་བསྟན་པ། ད་ནི་གསུམ་པ་དོན་བསྡུས་གཞན་དང་གཞན་གྱིས་འཇུག་བསྡུས་ཏེ་བསྟན་པ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་སྦྱོར་པ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཞེས་པ་གང་ལ་བསླབ་པར་བྱ་བའི་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཆོས་ཀྱི་དབྱིངས་སྐབས་དང་པོ་གསུམ་གྱི་གནས་སྐབས་སུ། དེ་དང་དེའི་མངོན་པར་རྟོགས་པ་དང་མཐུན་པའི་མཁྱེན་པ་གསུམ་གྱི་མཚན་ཉིད་དང༌། གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགོག་བདེན་ཟབ་མོའི་མཁྱེན་པ་གསུམ་གྱི་མཚན་ཉིད་དེའི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་པོ་ཀུན་མངོན་སུམ་དུ་རྫོགས་པར་རྟོགས་པའི་རྣལ་འབྱོར་དང༌། རྣལ་འབྱོར་དེ་རབ་ཏུ་གྱུར་པ་ཆོས་ཐམས་ཅད་དངོས་པོ་མེད་པ་རྨི་ལམ་ལྟ་བུའི་ངོ་བོར་མཐོང་བ་རྩེ་མོའི་རྣལ་འབྱོར་དང༌། ཆོས་ཐམས་ཅད་དངོས་པོ་མེད་པ་སྒྱུ་མ་ལྟ་བུའི་ངོ་བོར་ཁོང་དུ་ཆུད་པ་ནི་རྣལ་འབྱོར་རབ་ཏུ་གྱུར་པ་དེའི་ངང་ནས་ལམ་བགྲོད་པས་རིམ་གྱིས་ཆོས་སྐུ་རྫོགས་པའི་གོ་རིམ་མཐར་གྱིས་པའི་རྣལ་འབྱོར་དང༌། ཆོས་སྐུ་ཡོངས་སུ་རྫོགས་པས་རིམ་པ་དེ་མཐར་ཐུག་པ་ཡེ་ཤེས་སྐད་ཅིག་མ་གཅིག་ཆར་དུ་ཆོས་སྐུ་རྫོགས་པའི་རྣལ་འབྱོར་དང༌། རྣལ་འབྱོར་དེའི་འབྲས་བུ་རྣམ་པར་སྨིན་པ་ལྷུན་གྱིས་གྲུབ་པའི་ཆོས་སྐུ་སྟེ། དེ་རྣམས་ནི་ཤེར་ཕྱིན་གྱི་དོན་བསྡུས་པའི་ཚུལ་སྔར་བསྟན་པ་ལས་གཞན་རྣམ་པ་དྲུག་ཡིན་ནོ། ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ་སྦྱོར་བ་བཞིའི་བདག་ཉིད་དང༌། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི་དོན་བསྡུས་གཞན་དེ་རྣམ་པ་གསུམ་ཞེས་པ་བྱང་ཆུབ་སེམས་དཔའ་གང་ལ་བསླབ་བར་བྱ་བའི་ཡུལ་ཆོས་ཉིད་ཀྱི་གནས་སྐབས་མཁྱེན་པ་རྣམ་པ་གསུམ་པོ་དང༌། དེ་སྒྲིབ་བ་དང་བྲལ་བར་བྱེད་པའི་རྒྱུ་སྦྱོར་བ་བཞིའི་བདག་ཉིད་དང༌། ཆོས་ཀྱི་སྐུ་འཕྲིན་ལས་དང་བཅས་པ་བྲལ་བའི་འབྲས་བུ་སྟེ། དེ་དག་ནི་ཤེར་ཕྱིན་གྱི་དོན་བསྡུས་ཚུལ་སྔར་བསྟན་པ་རྣམས་ལས་གཞན་རྣམ་པ་གསུམ་དུ་བསྡུས་པའི་ཚུལ་ཡིན་ནོ། །དེ་རྣམས་ཀྱིས་དོན་བསྡུས་གཞན་དང་གཞན་གྱི་མཇུག་བསྡུས་ཏེ་བསྟན་པ་དང༌། དེའི་གོང་དུ་དགོས་འབྲེལ་བསྟན་ནས་དངོས་པོ་བརྒྱད་ཀྱི་ཤེར་ཕྱིན་བཤད་པ་དང༌། དེའི་གོང་དུ་བསྟན་བཅོས་ལ་འཇུག་པའི་སྒོ་འདོད་པའི་ལྷ་ལ་ཕྱག་འཚལ་བ་དང་གསུམ་གྱིས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མདོ་ཇི་ལྟ་བ་བཞིན་དུ་རྒྱལ་བས་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། ། རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་བསྟན་བཅོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་ལུགས་མ་ཞེས་བྱ་བ་འདི་ཡང་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བུ་སློབ་མང་པོས་ཡང་ཡང་གསོལ་བ་བཏབ་པའི་ངོར་ཡོངས་སུ་རྫོགས་པར་སྦྱར་བའོ། །མདྒ་ལཾ། བྷ་ཝན་དུ། དགེའོ། །བཀྲ་ཤིས། བོད་རྒྱལ་ལོ། ༢༡༣༩ ཕྱི་ལོ་ ༡༠༡༢ ཟླ་ ༥ ཚེས་ ༢༢ ཉིན། བེ་རི་རིག་པའི་རྡོ་རྗེས་ཇོ་ནང་དེབ་ཕྲེང་དུ་བཞུགས་པའི་<<བསྟན་བཅོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་ལུགས་མ་ཞེས་བྱ་བ་>>འདི་ཉིད་རྒྱལ་སྤྱིའི་བོད་ཡིག་ཏུ་བསྒྱུར་ཅིང་།   དཀར་ཆག་ལ་སྣོན་འཕྲི་ཅུང་ཟད་བྱས་ཏེ་འཕྲུལ་དེབ་ཏུ་ཕབ་པོ།།