ཅིག་མི་བཤད་ཐབས་མེད་བྱུང་སོང་།

ནམ་རྒྱུན་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱིས་དུས་འཁོར་དབང་ཆེན་གནང་སྐབས།  མཁས་བླུན་མང་པོ་ཞིག་གིས་རང་རང་གི་ས་ནས་དུས་དབང་གི་སྐོར་ལ་འགྲེལ་བཤད་སྣ་ཚོགས་གནང་བཞིན་ཡོད་པས།  དེ་རིང་གནས་ལུགས་དང་དྲང་བདེན་དཔང་བོར་བཞག་ནས་དངོས་ཡོད་ཀྱི་ལོ་རྒྱུས་ཕྱོགས་ཙམ་ཞིག་མི་བཤད་ཐབས་མེད་བྱུང་།

དང་པོ།  དུས་འཁོར་དབང་ཆེན་གྱི་བརྒྱུད་རིམ་ཐད།  མཁས་དབང་ཞིག་གི་བཅར་འདྲིའི་ལན་ཁ་བརྡ་དྲ་ཐོག་ཏུ་སྤེལ་གསལ།  “བར་སྐབས་ཤིག་ནས་བུ་ཇོ་ལུགས་གཉིས་ཞེས་བུ་སྟོན་ལུགས་དང་ཇོ་ནང་བའི་ལུགས་དེ་གཉིས་བྱུང་ཞིང་།  བུ་སྟོན་གྱི་ལུགས་ལ་ར་འབྲོ་གཉིས་ཀྱི་བརྒྱུད་པ་གཉིས་འདྲེས་སུ་ཚང་བར་བཤད།  དེ་ལས་རིམ་བཞིན་བརྒྱུད་པའི་གདམས་པ་ད་ལྟའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཕྱག་ལེན་འདི་ཡིན་ལ།  ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབང་རྒྱུན་ཡང་བུ་སྟོན་ཐམས་ཅད་མཁྱེན་པའི་ལུགས་ཡིན།  གཞན་ཡང་དེང་སྐབས་བོད་མདོ་དབུས་ཀྱི་ཆོས་སྡེ་རྣམས་སུ་བུ་ཇོ་གཉིས་ཀའི་ལུགས་དར་རྒྱས་ཆེ་ཞིང་ལྷག་པར་ཇོ་མོ་ནང་པའི་ཆོས་སྡེ་རྣམས་སུ་དུས་འཁོར་རྫོགས་རིམ་སྦྱོར་དྲུག་གི་ཉམས་ལེན་ཤིན་ཏུ་ངོ་གཙང་ཡོད།”  ཅེས་གསུངས་འདུག སྤྱིར་བཏང་དུས་འཁོར་ལ་འགྱུར་མི་འདྲ་བ་ཁ་ཤས་ཡོད་མོད།  ཡོངས་སུ་གྲགས་པ་འབྲོ་རྭ་གཉིས་ཡིན།  དེའི་རྒྱུ་མཚན་འབྲོ་པ་རྣམས་ཀྱིས་སྒྲུབ་པ་གཙོ་བོ་དང་།  རྭ་པ་རྣམས་ཀྱིས་བཤད་པ་གཙོ་བོ་མཛད་པས་ལུགས་སྲོལ་ཆེན་པོ་གཉིས་སུ་བགྲངས་པ་རེད།  འོན་ཀྱང་ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ ༡༢༤༣-༡༣༡༣ ཀྱི་སྐུ་རིང་ལ་དེ་གཉིས་གཅིག་འདྲེས་སུ་གྱུར་བ་མ་ཟད།  དུས་འཁོར་གྱི་ལུགས་སྲོལ་ཆེན་པོ་བཅུ་བདུན་པོ་ཐམས་ཅད་དེ་མདོར་ན།  བོད་དུ་འགྱུར་རོ་ཅོག་གི་དུས་འཁོར་གྱི་དབང་བཀའ་གདམས་ངག་དང་བཅས་པ་ཆུ་མགོ་གངས་ལ་ཐུག་པ་ལྟར།  ཇོ་ནང་ཀུན་སྤངས་ཆེན་པོར་ཐུག་ཡོད།  དེ་ཡང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཤེས་བྱ་ཀུན་ཁྱབ་1ཏུ།  “བོད་དུ་སྔོན་བྱོན་བཞི་དང་བར་བྱོན་ལྔ།།  ཕྱིས་བྱོན་གཉིས་སུ་གྲགས་ཆེ་གྱི་ཇོ་རྨ།།  ཁྲོམ་ལོ་ཇོ་བོ་འབྲོ་རྭ་ཙ་མི་དང་།།  རས་ཆུང་རྒ་ལོ་གསུམ་དང་ཁ་ཆེ་གཉིས།།  བི་བྷཱུ་ཏི་གཉིས་ཆག་ལོ་མན་ལུང་སྟེ།།  ལུགས་སྲོལ་བཅུ་བདུན་ཀུན་སྤངས་ཆེན་པོར་འདུ།།”  ཞེས་གསུངས་པ་ལྟར།  རིགས་ལྡན་སྤྲུལ་བའི་སྐུ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཐུགས་རྗེ་བརྩོན་འགྲུས་ཀྱིས་དུས་འཁོར་གྱི་ལུགས་སྲོལ་ཡོངས་སུ་རྫོགས་པ་གསན་བསམ་སྒོམ་པ་མཐར་ཕྱིན་མཛད།  ཆོས་རྒྱལ་རིགས་ལྡན་སོགས་བརྒྱུད་པའི་བླ་མ་རྣམས་བྱོན་ནས་བྱིན་རླབས་དང་ལུང་བསྟན་མཛད།  ཐོག་མཐའ་བར་དུ་དགེ་བའི་མཚན་མ་ཐོབ་ནས་སྦྱོར་དྲུག་ཁྲིད་ཡིག་ཐོག་མཐའ་བར་དགེ་དང་།  དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་སོགས་མཛད་པས་ཇོ་ནང་པ་ཆེན་པོ་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་།  དུས་འཁོར་གྱི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར་བས།  ཡོངས་གྲགས་སུ་དུས་འཁོར་ཇོ་ལུགས་ཞེས་གྲགས་པ་དེ་བྱུང་བ་རེད། དེ་བཞིན་དུ་དུས་འཁོར་བུ་ལུགས་ཞེས་གྲགས་པ་ཡང་།  བུ་སྟོན་རིན་ཆེན་གྲུབ་ ༡༢༩༠-༡༣༦༤ ཀྱིས་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ་བས་བུ་ལུགས་ཞེས་སྐད་གྲགས་ཆེན་པོ་ཆགས་པ་ཙམ་ལས།  དོན་ལ་ཁོང་གི་དུས་འཁོར་གྱི་དབང་ཁྲིད་ཆ་ཚང་གི་བརྒྱུད་པ་ཇོ་ནང་ཀུན་སྤངས་ཆེན་པོ་ལ་ཐུག་ཡོད་པས་བུ་ལུགས་ཇོ་ལུགས་ལས་འགྲོ་ས་མེད།  དེ་ཡར་འདེད་ཇི་ལྟར་བྱེད་དགོས་སྙམ་ན།  ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་གནང་བཞིན་པའི་དུས་འཁོར་དབང་ཆེན་གསན་ས་ཡོངས་འཛིན་གླིང་རིན་པོ་ཆེ་རེད།  ཁོང་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་ནས་བརྒྱུད་པ་རེད།  དེ་ནས་ཡར་དེད་ན་རྒྱལ་དབང་སྐལ་བཟང་རྒྱ་མཚོ་སོགས་རེད།  དེ་ནས་ཡར་དེད་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ལ་ཐུག་པ་རེད།  དེ་ནས་ཡར་དེད་ན་དབང་གི་བརྒྱུད་པ་མཁས་གྲུབ་ཁྱུང་པོ་ལྷས་པ་དང་།  བུ་སྟོན་རིན་ཆེན་གྲུབ།  ཀུན་མཁྱེན་འཕགས་པ་འོད་རེད།  འཕགས་འོད་ཀྱིས་དུས་འཁོར་གྱི་དབང་ཁྲིད་ཡོངས་རྫོགས་གསན་ས་ཇོ་ནང་གྲུབ་མཐའི་སྲོལ་འབྱེད་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་རེད།  དེས་ན་བུ་ལུགས་ཇོ་ལུགས་ལ་ཐུག་འདུག་གམ་མི་འདུག  དེ་ནས་ཡར་དེད་ན་ཁ་ཅིག་གིས་ལྟ་ལོག་ཏུ་བརྩི་བའི་གྲུབ་ཆེན་ཡུ་མོ་བ་མི་བསྐྱོད་རྡོ་རྗེ་ལ་ཐུག་པ་རེད།  གཏན་ཚིགས་ཀྱི་སྒོ་ནས་བཤད་ན།  ལྟ་ལོག་ནས་བརྒྱུད་པའི་ཆོས་དེ་ཡང་ཆོས་ལོག་ཞིག་ལོས་ཡིན།  ད་དུང་བྱུང་རིམ་གྱི་དབང་དུ་བཏང་ན་ཡང་།  དང་པོ་འབྲོ་ལུགས་དང་།  དེ་ནས་རྭ་ལུགས།  དེ་གཉིས་གཅིག་འདྲེས་སུ་གྱུར་བ་ཇོ་ལུགས།  དེའི་སློབ་རྒྱུད་དུ་བུ་ལུགས་བྱུང་བ་ཡིན་པས།  བུ་ཇོའི་ལུགས་ཞེས་པའི་ཐ་སྙད་དེ་ཡང་དྲང་མོ་ཞིག་བྱུང་མེད། གང་ལྟར་དེ་ནས་ཡར་དེད་ན་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་དང་།  གྲུབ་ཆེན་དུས་ཞབས་ཆེ་ཆུང་ནས་བྱང་ཤམ་བྷ་ལའི་རིགས་ལྡན་རྒྱལ་དཀའ།  དེ་ནས་ཡར་དེད་ན་ཆོས་རྒྱལ་ཟླ་བ་བཟང་པོ།  ཁོང་གིས་བསྟན་པའི་བདག་པོ་སྟོན་པ་བཅོལ་ལྡན་འདས་ཀྱི་ཞལ་ནས་དངོས་སུ་གསན་པ་རེད།  ལོ་རྒྱུས་དྲང་མོར་བཤད་ན་དེ་འདྲ་རེད།  ཐུགས་ཡིད་མ་ཆེས་ན་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་རྒྱུད་འདེབས2།  དེང་སྐབས་རྣམ་རྒྱལ་གྲྭ་ཚང་གིས་ནམ་རྒྱུན་གསུང་བཞིན་ཡོད་པ་འདིར་བཀོད་ཡོད་པས་གཟིགས་རོགས།  དེ་ཉིད་ལས།  “དུས་ཞབས་ཆེ་ཆུང་ཟླ་བ་མགོན་པོ་དང་།། དཀོན་མཆོག་སྲུང་བ་མཁས་པ་སྒྲོ་སྟོན་ཞབས།།  རྫུ་འཕྲུལ་མངའ་བརྙེས་མི་བསྐྱོད་རྡོ་རྗེ་ལ།།  གསོལ་བ་+  ཆོས་ཀྱི་དབང་ཕྱུག་གྲུབ་ཐོབ་ནམ་མཁའ་འོད།།  ནམ་མཁའ་རྒྱལ་མཚན་འཇམ་དབྱངས་གསར་མའི་ཞབས།།  འོད་གསལ་ཡེ་ཤེས་མངོན་གྱུར་ཆོས་སྐུ་བར།།  གསོལ་བ་+  མཉམ་མེད་ཐུགས་རྗེ་བརྩོན་འགྲུས་འཕགས་པ་འོད།།  ཀུན་མཁྱེན་བུ་སྟོན་ཆོས་ཀྱི་དཔལ་བའི་ཞབས།།  གསོལ་བ་+  བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་ལ།།”  ཞེས་སོགས་དང་།  ཡང་དེས་མཛད་པའི་དུས་འཁོར་སྒྲུབ་ཐབས་3༧གོང་ས་ཐམས་ཅད་མཁྱེན་པས་དུས་འཁོར་དབང་ཆེན་གནང་སྐབས་ཀྱི་སྒྲུབ་ཆོག་གཙོ་བོ་དེའི་སྨན་མཆོད་སྐབས།  “ཨོཾ་དུས་ཞབས་པ་ཆེ་བ་ལ་ན་མ༔  ཨོཾ་རྒྱལ་སྲས་ན་ལེན་ཏྲ་པ་ལ་ན་མ༔  ཨོཾ་ཁ་ཆེ་ཟླ་བ་མགོན་པོ་ལ་ན་མ༔  ཨོཾ་སྒོམ་པ་དཀོན་མཆོག་སྲུངས་ལ་ན་མ༔  ཨོཾ་སྒྲོ་སྟོན་གནམ་ལ་བརྩེགས་ལ་ན་མ༔  ཨོཾ་ཡུ་མོ་མི་བསྐྱོད་རྡོ་རྗེ་ལ་ན་མ༔  ཨོཾ་སྲས་དྷརྨེ་ཤྭ་ར་ལ་ན་མ༔  ཨོཾ་གྲུབ་ཐོབ་ནམ་མཁའ་འོད་ལ་ན་མ༔  ཨོཾ་གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན་ལ་ན་མ༔  ཨོཾ་འཇམ་གསར་ཤེས་རབ་འོད་ཟེར་ལ་ན་མ༔  ཨོཾ་བླ་མ་ཆོས་སྐུ་འོད་ཟེར་ལ་ན་མ༔  ཨོཾ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ལ་ན་མ༔  ཨོཾ་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ་ན་མ༔  ཨོཾ་ཀུན་མཁྱེན་བུ་སྟོན་ཁ་ཆེ་ལ་ན་མ༔”  ཞེས་སོགས་གསུངས་པའི་ཕྱིར་རོ།། གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེ་དང་།  ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སོགས་ལྟ་ལོག་རེད་སྙམ་ནས་དུས་དབང་གི་བརྒྱུད་པའི་བླ་མའི་ནང་ནས་ལེན་འདོད་པ་ཡིན་ནམ།  བླངས་ན་ཆོག་མོད།  དེ་དག་གི་ཚབ་ལ་སུ་ཞིག་འཇོག་རྒྱུ་ཡིན་ནམ།  ཡང་ན་དེའི་བར་ནས་བརྒྱུད་པ་ཆད་སོང་ཟེར་རྒྱུ་ཡིན་ནམ།  ཧ་ཧ།  ཧེ་ཧེ།  ཕཊ།  རྩེ་མཚར་ཙམ་དུ་ཐལ་ལོ།། གཉིས་པ།  དུས་འཁོར་དབང་ཆེན་ཁྲོམ་དབང་དུ་བསྐུར་ཚུལ་ཐད།  བོད་མིའི་རང་དབང་གསར་ཤོག་ཞིག་4ཏུ།  “བོད་དུ་དུས་འཁོར་གྱི་བཀའ་དབང་ཐོག་མ་དེ་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་སྩལ།  དེ་ནས་རིམ་བརྒྱུད་ཀྱིས་ད་ལྟའི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཡོངས་འཛིན་རྣམ་པ་གཉིས་ནས་དུས་འཁོར་གྱི་བཀའ་དབང་སྐོར་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཏེ་”  ཞེས་བཀོད་ཡོད་ཅིང་།  དེ་བཞིན་དུ་མཁས་དབང་ཁོང་གིས་ཀྱང་།  “བདག་ཅག་གི་སྟོན་པ་ནས་བཟུང་སྐབས་རེ་ཆིག་བརྒྱུད་དང་།  སྐབས་རེ་སློབ་མ་ཉུང་ཤས་ལ་དུས་འཁོར་གྱི་དབང་གནང་པ་ཡིན་ཞིང་།  ༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་།  ༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཀྱི་སྐུ་དུས་ནས་མི་མང་ལ་ཁྲོམ་དབང་དུ་གནང་བ་ཡིན་པས་ཐོག་མར་དེ་ནས་བྱུང་བ་དང་།”  ཞེས་གསུངས་འདུག་ལ།  ད་དུང་ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཐོག་ཏུ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས།  “དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་བརྒྱུད་པ་དེ་དུས་རབས་ ༡༨ ནང་༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གིས་དབུ་བཙུགས་གནང་ཡོད་པ་དང་།  ད་ལྟའི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༤ ལོའི་ཕྱི་ཟླ་ ༤ ནང་ལྷ་སའི་ནོར་བུ་གླིང་ཁར་དུས་འཁོར་དབང་ཆེན་ཐེངས་དང་པོ་དེ་གནང་བ་ནས་བཟུང་ད་བར་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ ཙམ་གནང་ཚར་ཡོད་”ཅེས་བཀོད་འདུག དྲང་མོར་ཞུས་ན།  དེ་ནི་དུས་འཁོར་ཆོས་འབྱུང་ལ་ཐུགས་རྒྱུས་ཤིན་ཏུ་ཆུང་བའི་རྟགས་རེད།  དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་རིམ་གོང་དུ་བཤད་ཟིན་པས་འདིར་བསྐྱར་བཤད་མི་དགོས་མོད།  གལ་ཏེ་དུས་འཁོར་དབང་ཆེན་ཁྲོམ་དབང་དུ་བསྐུར་བ་ལ་ཟེར་གྱིན་ཡོད་སྙམ་ན།  དེ་ཡང་བཤད་པར་པར་བྱ་སྟེ།  ༧རྒྱལ་དབང་སྐལ་བཟང་རྒྱ་མཚོའི་སྔོན་དུ་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་དུས་འཁོར་ཁྲོམ་དབང་དུ་བསྐུར་གནང་མཛད་ཡོད་དེ།  ཇོ་ནང་ཆོས་འབྱུང་5ལས།  “སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་བས་མི་རྣམས་ལ་ལྟ་ཅི་སྨོས།  སྲང་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང་།”  ཞེས་གསུངས་པ་ལྟར་དང་།  འོན་ཀྱང་རྒྱལ་བ་ཇོ་ནང་བའི་ལུགས་ལ་དུས་འཁོར་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་དང་།  རྒྱུད་འགྲེལ་འཆད་ཉན་གཙོ་བོར་མཛད་པ་ལས།  དབང་སྐུར་རྐྱང་བ་ཙམ་གྱིས་ཆོག་པར་འཛིན་གྱིན་མེད། ཡང་གཅིག་བཤད་ན།  ཇོ་ནང་གོང་མ་རྣམ་གསུམ་༼ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས།  བྱང་སེམས་རྒྱལ་བ་ཡེ་ཤེས།  མཁས་བཙུན་ཡོན་ཏན་རྒྱ་མཚོ།༽གྱི་སྐུ་རིང་ལ་སློབ་མས་དུས་འཁོར་སྦྱོར་དྲུག་ཉམས་ལེན་གྲུབ་རིམ་བཞིན།  དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣལ་འབྱོར་བཞི་བསྒོམ་པ་ལ་དབང་བྱེད་བྱིས་འཇུག་དབང་བདུན་དང་།  རྫོགས་རིམ་སྨིན་བྱེད་མཆོག་དབང་གོང་མ་བཞི་སྟེ་སློབ་མའི་དབང་བཅུ་གཅིག་དང་།  ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་ཡོངས་སུ་གྲུབ་རྗེས།  སློབ་ཆེན་རེ་ཟུང་ལ་བདག་པོ་བདག་ཆེན་གྱི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་གནང་སྲོལ་ཡོད་པ་ལས་ཁྲོམ་དབང་གནང་སྲོལ་ཆེར་མེད་མོད།  གོང་དུ་བཤད་པ་ལྟར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་སྐུ་དུས་ནས་དུས་འཁོར་ཁྲོམ་དབང་དུ་གནང་སྲོལ་བྱུང་ཡོད་ལ།  དབང་བསྐུར་གྲུབ་རྗེས་ཉམས་ཁྲིད་ཀྱང་མང་དུ་གནང་བས།  ལམ་ཁའི་སྤྲང་བོ་ཚུན་ཆད་ཀྱིས་དབེན་གསུམ་དང་།  དངོས་གཞི་སྦྱོར་བ་ཡན་ལག་དྲུག་སྒོམ་མཁན་མང་དུ་བྱུང་ཚུལ་ཇོ་ནང་ཆོས་འབྱུང་6དུ།  “དབང་དང་ཁྲིད་ཆ་ཚང་ཐོབ་པ་ཁྲི་ཕྲག་བརྒལ་བ་དང་།  མཆོག་དབང་གོང་མ་དང་སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་དཔོག་པ་ཙམ་ཡོད་པར་གྲགས་ཤིང་།  སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད།  སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང་།  བཤད་ཉན་གྱི་གྲྭ་ཐམས་ཅད་དུ་སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་པར་མཛད་དེ།”  ཅེས་དང་།  “གྲངས་སུ་མ་བཅད་པ་ལ་ཟབ་ལམ་སྒོམ་མཁན་དཔག་ཏུ་མེད་དེ།  སྤྲང་བོ་ཚུན་ཆད་ཀྱང་ཆོས་ལ་དད་པ་སྐྱེས་ནས་ལམ་སྲང་རྣམས་སུ་དབེན་གསུམ་སྒོམ་པ་དང་།”  ཞེས་གསུངས་པ་ལྟར་རོ།། དབང་སྐུར་མཁན་གྱི་བླ་མར་མཚོན་ན་ཡང་།  དུས་འཁོར་བསྡུས་རྒྱུད་7ལས།  དང་པོར་ཡང་དག་བསྟེན་བྱའི་བླ་མ་རྣམས་ནི་དམ་ཚིག་ལྡན་དང་རྡོ་རྗེ་ཐེག་ལ་ལྷག་པར་གནས།།  དེ་ཉིད་བསྒོམ་དང་ལྡན་དང་མ་ཆགས་སྡིག་པ་རྣམ་པར་སྤངས་དང་བཟོད་དང་རང་བཞིན་ལམ་ལ་གནས།།  སློབ་མ་རྣམས་ལ་ལམ་སྟེར་དམྱལ་བའི་འཇིགས་པ་འཇོམས་དང་དེ་ཁོ་ན་ཡི་ཚངས་པར་སྤྱོད་པ་དང༌།།  དེ་རྣམས་ལྡན་པ་བདུད་རྣམས་རྡོ་རྗེའི་དབྱུགས་པ་ས་ཡི་སྟེང་དུ་རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ།།  ཅེས་གསུངས་པ་ལྟར།  དུས་འཁོར་དབང་ཆེན་ཐོབ་པ་དང་གྲངས་བསྙེན་སོང་བ་ཙམ་མ་ཡིན་པར་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣལ་འབྱོར་ཆེན་པོ་བཞི་དང་།  རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་འཁོར་བའི་ལོ་གསུམ་ཕྱོགས་གསུམ་གྱི་སྒོ་ནས་མཐར་ཕྱིན་པ་རྐྱང་རྐྱང་ཡིན་ནོ།། གསུམ་པ།  དུས་འཁོར་དབང་ཆེན་ཞེས་པའི་ཐ་སྙད་ཀྱི་སྐོར་ལ།  ཡང་ཁོང་གིས།  “༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་།  ༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཀྱི་སྐུ་དུས་ནས་མི་མང་ལ་ཁྲོམ་དབང་དུ་གནང་བ་ཡིན་པས་ཐོག་མར་དེ་ནས་བྱུང་བ་དང་།  མི་མང་ལ་ཁྲོམ་དབང་གནང་བ་ཡིན་པས་དབང་ཆེན་ཞེས་བརྗོད་པ་ཡིན་སྙམ།”  ཞེས་གསུངས།  སྐུ་ཉིད་ཀྱིས་དེའི་སྐོར་གསལ་བོར་མཁྱེན་གྱིན་མེད་ན་མ་གསུང་ཀྱང་ཆོག  སྙམ་སྒྲ་སྦྱར་ཏེ་སྐྲག་ཞོར་ལ་ཅིག་གསུང་དོན་ཅི་ཡིན་ནམ།  ངས་དུས་ཚོད་མང་པོ་བཏང་ནས་ཞིབ་འཇུག་མ་བྱས་མོད།  དུས་རབས་ ༡༣ པའི་ནང་དུ་དུས་འཁོར་དབང་ཆེན་ཞེས་པའི་ཐ་སྙད་དེ་ཡོད།  དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་8ལས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་གྱི་སྐབས་སུ།  “མཁན་ཆེན་བསོད་གྲགས་པས་གཙོ་མཛད་ཇོ་གདན་ཚོགས་པ་ལ་གཞལ་ཡས་ཁང་དུ་དུས་འཁོར་གྱི་དབང་མོ་ཆེ་མཛད།”  ཅེས་གསུངས་པ་ལྟར།  ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་སྐུ་དུས་ནས་དུས་འཁོར་དབང་མོ་ཆེ་ཞེས་པའི་ཐ་སྙད་དེ་ཡོད། སྤྱིར་བཤད་ན།  གང་ཟག་སུ་ཡིན་ཡང་སོ་སོའི་ཆོས་བརྒྱུད་ལས་ཆོས་བརྒྱུད་གཞན་ལ་མ་དགའ་ན་ཆོག་ལ།  མ་དད་ན་དེ་བས་ཀྱང་ཆོག་མོད།  དཔལ་དུས་ཀྱི་འཁོར་ལོའི་དབང་དང་ཁྲིད་ཀྱི་བརྒྱུད་པའི་ལོ་རྒྱུས་དོན་གྱི་ལོ་རྒྱུས་སུ་རྩ་འཛིན་བྱེད་དགོས།  གལ་ཏེ་དུས་འཁོར་གྱི་དབང་ཁྲིད་ཀྱི་བརྒྱུད་རིམ་ནང་དུ་ཇོ་ནང་པའི་བླ་མ་མང་པོ་ཡོད་པས་དེ་ལྟར་མི་འདོད་སྙམ་ན།  དུས་འཁོར་གྱི་ཆོས་སྐོར་ཞུ་རྒྱུ་མཚམས་འཇོག་གནང་དགོས་པ་ལས།  དེའི་བརྒྱུད་པའི་བླ་མའི་ནང་དུ་དབྱེ་བསལ་དང་།  ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ནི་རང་གི་དེ་ཉིད་ཕྱིར་བསྟན་པ་ཙམ་དུ་ཟད་དོ།། དེའི་ཞོར་དུ་བཤད་འདོད་པ་ཞིག་ལ།  ཕྱི་ལོ་ ༢༠༡༢ ལོའི་དུས་དབང་སྐབས་མཁན་ཟུར་ཞིག་གིས།  དུས་བབ་བཅར་འདྲིའི་ལན་དུ།  “དུས་ཀྱི་འཁོར་ལོའི་དབང་རྡུལ་ཚོན་གྱི་ཐོག་ནས་འབྲི་བཞེངས་དང་།  ས་གར་མཆོད་གར་སོགས་ཆོ་ག་རྒྱས་ཤོས་ཀྱི་ཐོག་ནས་དུས་འཁོར་དབང་ཆེན་སྐུར་མཁན་དེ་ཕལ་ཆེར་དགེ་ལུགས་པ་མིན་འགྲོ་སྙམ།”  ཞེས་དང་།  ཡང་།  “དེ་མིན་རས་བྲིས་ཀྱི་དཀྱིལ་འཁོར་ཐོག་ས་སྐྱ་གོང་མ་རིན་པོ་ཆེ་དང་ཇོ་ནང་གི་བླ་མ་མཁན་པོ་ཚོས་དུས་དབང་གསུང་གི་ཡོད།”  ཅེས་གསུངས་པ་ནི་ཅུང་ཐུགས་ཉམས་མ་བཞག་པར་མངོན་ཏེ།  ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་སྐུ་དུས་ནས་ད་བར་དུ་དུས་འཁོར་དབང་ཆེན་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གཉིས་ཀར་བརྟེན་ནས་སྐུར་སྲོལ་ཡོད།  ལྷག་པར་དུ་གོང་དུ་ཞུས་པ་ལྟར།  སློབ་མས་སྦྱོར་དྲུག་ཉམས་ལེན་གྲུབ་རིམ་བཞིན།  བླ་མས་ཀྱང་དུས་དབང་རིམ་གནང་མཛད་སྐབས་རས་བྲིས་རྐྱང་བར་བརྟེན་ནས་དབང་བསྐུར་ཚུལ་ཀྱང་ཡོད།  འདི་ནི་ཀུན་སྤངས་ཀྱི་གནས་སུ་རྡུལ་ཚོན་དཀྱིལ་འཁོར་འབྲི་བཞེངས་ཀྱི་ཆ་སྐྱེན་མ་འཛོམས་པ་ཡིན་སྲིད།  གང་ལྟར་ཀྱང་རས་བྲིས་ལ་བརྟེན་ནས་དབང་བསྐུར་གནང་ཚུལ་གྲུབ་མཐའ་ཚང་མར་ཡོད་ཅིང་།  ཇོ་ནང་པར་ཡང་དེ་མཚུངས་ཡོད་ལ།  ད་དུང་ལུས་དཀྱིལ་དང་།  བསམ་གཏན།  བློས་བསླངས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་གནང་ཚུལ་ཀྱང་ཡོད། ཡང་མཁན་རིན་པོ་ཆེས།  “རིགས་ལྡན་དང་པོ་འཇམ་དཔལ་གྲགས་པ་ནས་ད་ལྟའི་བར་རིགས་ལྡན་ཉེར་གསུམ་པར་བསླེབས་ཡོད།”  ཅེས་གསུངས་པ་ནི་དུས་འཁོར་བསྟན་རྩིས་ཙམ་ལ་ཡང་གཟིགས་མ་མྱོང་བའི་བཟང་རྟགས་རེད།  དུས་འཁོར་ལུགས་གཞིར་བཟུང་བྱས་ན།  ད་ལྟའི་གནམ་ལོ་འདི་རབ་བྱུང་ ༡༧ བགྲང་བྱ་ ༣༠ པ་བསྟོད་འགྲེལ་དུ་གདོང་ངན་དང་བོད་དུ་མེ་སྤྲེལ་ཞེས་གྲགས་པ་དེ་རེད།  རིགས་ལྡན་ ༢༡ པ་མ་འགགས་པ་ཤམ་བྷ་ལའི་ཆོས་ཁྲིར་འཁོད་ནས་མི་ལོ་ ༩༠ ཕྱིན་ཡོད།  འདི་ནས་མར་བརྩིས་པའི་ལོ་གྲངས་ ༡༡ སྟེ་རབ་བྱུང་ ༡༧ ཉག་མ་ ༤༡ མེ་ལུག  ཕྱི་ལོ་ལྟར་བརྩིས་ན་ ༢༠༢༧ ལོར་རིགས་ལྡན་ ༢༢ མི་ཡི་སེང་གེ་ཤམ་བྷ་ལའི་ཆོས་ཁྲིར་ཕེབས་རྒྱུ་རེད།  དེའི་ཁྲི་ལོ་ ༡༠༠ རྫོགས་རྗེས་གཟོད་རིགས་ལྡན་ ༢༣ པ་དབང་ཕྱུག་ཆེན་པོ་ཁྲིར་ཕེབས་རྒྱུ་རེད།  དེས་ན་དེ་རིང་ནས་བརྩིས་ན་རིགས་ལྡན་ཉེར་གསུམ་པ་ཁྲི་ལ་འཁོད་རྒྱུར་ད་དུང་མི་ལོ་ཧྲིལ་བོ་ ༡༡༠ ཡོད། གཞན་ཡང་ཁོང་རྣམ་པས་དུས་འཁོར་གྱི་ཕྱི་ནང་གཞན་གསུམ་སྦྱོར་ཚུལ་དང་།  དེའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག  ཤམ་བྷ་ལའི་ཞིང་གི་གནས་སྟངས།  དུས་དབང་གནང་མཁན་གྱི་སློབ་དཔོན་དང་ཞུ་བ་པོ་སློབ་མའི་མཚན་ཉིད།  དབང་གི་ཕན་ཡོན་དང་དབང་ཞུས་རྗེས་ཀྱི་དམ་ཚིག་དང་སྡོམ་པ།  ད་དུང་དུས་ཀྱི་འཁོར་ལོའི་ཞལ་ཕྱག་གི་གྲངས་དང་།  ཕྱག་མཚན།  ལྷག་པར་ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བརྙན་ཐོག  སྟོང་གཟུགས་མ་འགྲུབ་པ་སྒྲུབ་བྱེད་ཏིང་འཛིན་གྱི་ཡན་ལག་གསུངས་པ་སོགས་མདོར་ན་དུས་ཀྱི་འཁོར་ལོའི་རྒྱུད་དང་དེའི་འགྲེལ་བར་མི་མཐུན་པའི་འགྲེལ་བཤད་མང་པོ་གསུང་བཞིན་ཡོད་མོད།  རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་སོ།། མདོར་བསྡུས་ན།  འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་9ཀྱིས།  “ཁྱད་པར་རྟོན་པ་བཞི་ལྡན་ཀུན་མཁྱེན་རྗེ།།  རྩོད་དུས་རྡོ་རྗེ་འཆང་དངོས་སྒྲོལ་བའི་མགོན།།  རིགས་ལྡན་གཉིས་པའི་བཀའ་བརྒྱུད་ཕུལ་དུ་བྱུང་།།  ལུགས་སྲོལ་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྔ་བོ་ཆེའི་མདོ་སོགས་ནས་ཐུབ་མཚན་འཆང་བའི་དགེ་སློང་དུ་ལུང་བསྟན་པ།  རིགས་ལྡན་སྤྲུལ་པའི་སྐུ་དོལ་པོ་པ་ཆེན་པོ་རྒྱལ་བའི་གསུང་རབ་ལ་མཐར་ཐུག་རྟོན་པ་རྣམ་པ་བཞི་དང་ལྡན་པ་ཀུན་མཁྱེན་ཆོས་ཀྱི་རྗེ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་།  རྩོད་པའི་དུས་ཀྱི་མཐར་གྲུབ་ཆེན་སྤྱོད་འཆང་དབང་པོ་བསམ་བཞིན་སྐྱེ་བ་བཞེས་པ།  གསང་བ་ཟབ་མོའི་གནས་ལ་རྡོ་རྗེ་འཆང་གཉིས་པའི་གོ་འཕང་བརྙེས་པ་རྗེ་བཙུན་སྒྲོལ་བའི་མགོན་པོས་ཤིང་རྟའི་ལམ་སྲོལ་ཕྱེས་པ་དག་ནི་རིགས་ལྡན་གཉིས་པའི་བཀའ་བརྒྱུད་དེ་གཞན་ལས་ཕུལ་དུ་བྱུང་ཞིང་སྒྲུབ་བརྒྱུད་འདིའི་བཀའ་ཆེན་བབས་པ་ཡིན་ནོ།།”  ཞེས་དང་།

༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱང་།
“མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།།
ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།” 
ཅེས་གསུངས་པ་ལྟར་རོ།།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན།  བེ་རི་རིག་པའི་རྡོ་རྗེས།

1 ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ། པར་མ། གླེགས་བམ་དང་པོ། ཤོག་ཨང་། 34b
2  དུས་འཁོར་བརྒྱུད་འདེབས། པར་མ། 156b-157a
3  བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་། པར་མ། ཤོག་ངོས། བོད་ཡིག དོན་གཅིག ས དབྱིན་ཨང་། 391
4  ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༡ ནང་གི་བོད་མིའི་རང་དབང་གསར་ཤོག་གི་ཤོག་ངོས་ ༦ པར།
5  ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ངག་དབང་བློ་གྲོས་གྲགས་པ། དེབ་གཟུགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ཨང་། 31
6  ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ངག་དབང་བློ་གྲོས་གྲགས་པ། དེབ་གཟུགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ཨང་། 29, 31
7  དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོ། ལྷ་ས་བཀའ་འགྱུར། རྒྱུད། ཀ ཤོག་གྲངས། ༢༡༤ ས-༢༡༥ ཉ
8  ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ། པར་མ། 89b
9  ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ། པར་མ། གླེགས་བམ་དང་པོ། ཤོག་ཨང་། 547b  
ཁ་བརྡ་དྲ་བ།