ཁ་བརྡའི་རྒྱང་འདྲི།

དྲི་བ།  ཁྱེད་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་ཅིག་གནང་རོགས།

ལན།   ང་ནི་ཆེས་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ་ངའི་ལོ་རྒྱུས་ཡང་ཆེས་སྤྱིར་བཏང་བ་ཞིག་ཡིན་པས་བཤད་རིན་ཡོད་པ་ཅི་ཡང་མེད།   འོན་ཀྱང་ཁྱེད་ཀྱི་དྲི་བར་ལན་ཅིག་མ་བཏབ་ན་མི་འགྲིག་གི  ངའི་མིང་ལ་བེ་རི་རིག་པའི་རྡོ་རྗེ་ཟེར་ཞིང་སྐྱེ་ཡུལ་མདོ་སྨད་མགོ་ལོག་ཡིན།   ཆུང་དུས་ནས་ཕ་མས་བཀོད་སྒྲིག་ལྟར་དགོན་པར་ཞུགས་ནས་གྲྭ་བ་བྱས།   ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་དུ་ཕྱིན་ཅིང་ཕྱི་ལོ་ ༢༠༠༤ ལོར་ཨ་རིར་སླེབས།   ད་ལྟ་ཨ་རིའི་མངའ་སྡེ་བུ་རྒྱས་གནས་ཤར་ལྷོ་བསུ་དཔལ་དུ་ཁ་སོས་ལ་མ་སོས་བྱས་ནས་བསྡད་ཡོད།

དྲི་བ།  ཁྱེད་ཀྱིས་རིག་མཛོད་དྲ་བ་འདི་ཐོག་མར་བཟོ་དུས་ཀྱི་ཀུན་སློང་དང་མགོ་བཙུགས་པའི་ལས་རིམ་སྐོར་ཅིག་གསུངས་རོགས།

ལན།   ཐོག་མར་བསམ་བློ་འདི་འདྲ་ཞིག་བཏང་ནས་མགོ་བཙུགས་པ་ཡིན།  དེང་སྐབས་བོད་ཡིག་དྲ་རྒྱ་དང་དྲ་ཐོག་དཔེ་མཛོད་ཁ་ཤས་ཡོད་མོད།   ཁག་གཅིག་ནི་བོད་ཀྱི་རིག་གནས་ཉོ་ཚོང་ལྟེ་གནས་དང་།   ལ་ལ་ཞིག་ནི་མིང་རྫིག་དོན་གྱིས་སྟོང་བ།   ལ་ལ་ཞིག་ནི་ཕྱོགས་རིས་སུ་སོང་སྟེ་རང་ཕྱོགས་ཁོ་ན་ལས་གྲུབ་མཐའ་གཞན་དང་།   ཡུལ་ལུང་གཞན་གྱི་རིག་གནས་མེད་པ།   ཡང་ཁག་ཅིག་ནི་བོད་ཡིག་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་རྒྱབ་ཏུ་བཞག་ཡོད་པའི་དབང་གིས།   དྲ་རྒྱར་གཟིགས་མཁན་ལ་དབྱིན་ཡིག་གི་ཤེས་ཚད་ངེས་ཅན་ཞིག་མེད་ན།   ནང་དོན་འཚོལ་དཀའ་བ་སོགས་བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་འཐུས་སྒོ་ཚང་མེད། དེར་བརྟེན་ངས་བོད་ཡིག་དང་།   བོད་ཀྱི་རིག་གནས་དགོན་སྡེའི་སློབ་གསོ་ཙམ་མ་ཡིན་པར་བོད་ཡིག་དང་།   བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་ཆེ་རུ་བཏང་ནས་བོད་ཡིག་ཀློག་མཁན་དང་།   བོད་ཀྱི་རིག་གནས་ལ་དོ་སྣང་བྱེད་མཁན་སྔར་ལས་ཇེ་མང་དུ་བཏང་ཏེ།    བོད་ཡིག་དང་བོད་ཀྱི་རིག་གནས་དེང་རབས་ཅན་དུ་བསྒྱུར་འདོད་པ་དེ་ཡིན། སོང་ཙང་ངས་ཕྱི་ལོ་ ༢༠༡༢  ཟླ་  ༢  ཚེས་  ༡༨  ཉིན།    ནང་བསྟན་རིག་མཛོད་ཅེས་པའི་དྲ་ཚིགས་འདི་གསར་བཟོ་བྱས་ཏེ།  www.rigzod.org ཡོངས་ཁྱབ་ཤར་གཏོང་བྱས་པ་ཡིན།  དྲ་ཚིགས་འདིའི་ཁོངས་སུ་བོད་ཀྱི་ཆོས་ལུགས་དང་།  རིག་གནས།  ཡུལ་སྲོལ་གོམས་གཤིས་སོགས་ཀྱང་འདུས་ཡོད།   ངས་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་ནི།   ཚང་མས་མཁྱེན་གསལ་ལྟར།   དེང་སྐབས་བོད་ཀྱི་ཆོས་དང་རིག་གནས་ནི་རླུང་ནང་གི་མར་མེ་ལྟར་ཆེས་ཉེན་ཁའི་རང་བཞིན་ཅན་ཞིག་ཆགས་ཡོད།   རིག་གཞུང་འདི་མྱུར་སྐྱོབ་མ་བྱས་ན་དུས་ཡུན་ཐུང་ཐུང་ཞིག་གི་ནང་རྩ་བརླག་ཏུ་འགྲོ་རྒྱུ་ཉག་གཅིག་ཡིན།   གལ་ཏེ་བོད་ཀྱི་རིག་གནས་རྩ་བརླག་ཏུ་ཕྱིན་པ་ཡིན་ན།   བོད་གཅིག་པོ་མ་ཡིན་པར་འཛམ་གླིང་སྤྱིའི་གྱོང་གུད་ཞིག་ཡིན།    དེས་ན་ང་ཚོས་ངེས་པར་དུ་མྱུར་སྐྱོབ་བྱེད་དགོས།  མྱུར་སྐྱོབ་བྱེད་སྟངས་ལ་རིགས་ཁ་ཤས་ཡོད་མོད།   ངས་བསམ་ན་དེང་རབས་དྲ་རྒྱའི་རིག་གནས་ནི་རིག་གནས་མྱུར་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་ཅིག་རེད།   དཔེར་ན་ང་ཚོ་བོད་ཀྱི་ཆོས་དང་རིག་གནས་ཀྱི་དཔེ་ཆ་རྣམས་རྩིས་འཁོར་དུ་བཅུག་སྟེ་དྲ་རྒྱའི་ཐོག་འཇོག་ཐུབ་ན།   ཇི་སྲིད་དྲ་བའི་འཇིག་རྟེན་མ་རྫོགས་བར་དུ་བོད་ཀྱི་རིག་གནས་ཡང་ཉམས་མི་སྲིད།   དེར་བརྟེན་ངས་བོད་ཀྱི་རིག་གནས་ཡོངས་རྫོགས་དྲ་རྒྱའི་ཐོག་འཇོག་འདོད་ཀྱི་བསམ་བློ་བཏང་བ་ཡིན། འོན་ཀྱང་སྐབས་དེ་དུས་རིག་མཛོད་དྲ་ཐོག་ཏུ་འཕྲུལ་དེབ་འཇོག་རྒྱུའི་བསམ་བློ་མེད།   དེ་ཤེད་ཅིག་ནས་འཕྲུལ་དེབ་དྲ་ཚིགས་ཞིག་མཐོང་ཞིང་།   དེའི་ཐོག་གི་འཕྲུལ་དེབ་རྣམས་ཀྱི་བཟོ་རྩལ་དེ་ཙམ་དང་།  ལྷག་པར་དུ་དཀར་ཆག་གམ་ས་བཅད་མེད་པར་ནག་བླུགས་བྱས་ཡོད་པས།   ཀློག་མཁན་རྣམས་ཀྱི་ཐུགས་འདོད་ཡོངས་སུ་བསྐང་མི་ཐུབ་པས་རྐྱེན་བྱས་ནས་སྔར་རང་གིས་བཟོས་ཟིན་པའི་འཕྲུལ་དེབ་རྣམས་དྲ་ཐོག་ཏུ་བཞག་སྟེ།   བོད་དང་བོད་ཡིག་ལ་དགའ་མཁན་རྣམས་པར་ཞབས་ཞུ་གང་ནུས་བསྒྲུབ་རྒྱུའི་བློ་ཐག་བཅད་པ་ཡིན།

 

དྲི་བ།   རིག་མཛོད་དྲ་བའི་ལས་འཆར་གཙོ་བོ་ག་རེ་ག་རེ་ཡིན་ནམ།

 

ལན།   ལས་འཆར་གཙོ་བོ་ནི།   བོད་ཀྱི་ནང་པའི་བཀའ་བསྟན་གཉིས་ནས་དབུ་བརྩམས་ཏེ།   གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཡོངས་སུ་རྫོགས་པའི་བཀའ་འབུམ་རྣམས་དང་།    ད་དུང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྐོར་དང་།   དེང་རབས་རྩོམ་རིག་དང་གེ་སར་ལྷ་སྒྲུང་།   ཐ་ན་གླུ་གཞས་དང་གཏམ་དཔེ།   ཤོ་འབོད་དང་བཞད་གར།   རྫིག་གཏམ་དང་གྱོད་བཤད།  ཐ་ན་ཕོ་མོའི་བརྩེ་དུང་གི་སྐོར་སོགས་ཀྱང་རྩིས་འཁོར་དུ་གཏག་སྟེ།   དྲ་ཐོག་ཏུ་འཇོག་རྒྱུ་མ་ཟད།   དེ་ཡང་ཁག་གཉིས་སུ་བགོས་ནས།   གཅིག་དྲ་ཐོག་རང་ནས་ལྟ་ཀློག་ཐུབ་པ་དང་།   གཉིས་འཕྲུལ་དེབ་ཏུ་བཟོས་ཏེ་སོ་སོའི་རྩིས་འཁོར་ནང་ཕབ་ལེན་ཆོག་པ་བྱེད་རྒྱུ་དེ་ཡིན།

དྲི་བ།   རིག་མཛོད་དྲ་བ་འདི་སྒྲིག་སྟངས་ཐད་གློག་དེབ་དྲ་བ་གཞན་དང་མི་འདྲ་བའི་ཁྱད་ཆོས་ག་འདྲ་ཡོད་དམ།

ལན།   རིག་མཛོད་དྲ་བར་དྲ་ཚིགས་གཞན་ལ་མེད་པའི་ཁྱད་ཆོས་ཆེན་པོ་བཞི་ཡོད་ཅེས་བཤད་ཆོག

༡༽ བརྗོད་དོན་ཡོངས་སུ་རྫོགས་པ་བོད་ཡིག་ཁོ་ན་ལས་སྐད་ཡིག་གཞན་བཀོལ་སྤྱོད་བྱས་མེད་ཅིང་།   དེ་དག་ཀྱང་རིགས་གསུམ་སྟེ།    དྲ་ཐོག་ནས་ལྟ་ཀློག་ཐུབ་པ་དང་།    PDF  ཡིག་ཆ།   འཕྲུབ་དེབ་བཅས་སོ།།

༢༽ དྲ་རྒྱ་འདིར་ཆོས་ལུགས་དང་གྲུབ་མཐའི་དབྱེ་མཚམས་མེད་པར་བོད་ཀྱི་ཆོས་དང་རིག་གནས།   ཡུལ་སྲོལ་གོམས་གཤིས་སོགས་མདོར་ན་བོད་ཡིག་ཐོག་ཡོད་ཚད་འགོད་འཆར་ཡོད་པ།

༣༽  ཡིག་ཆ་ཡོངས་རྫོགས་རྩིས་འཁོར་དུ་བཅུག་པ་ཡིན་སྟབས་གཞན་གྱིས་ཕབ་བཤུས་བྱས་ཏེ་དེབ་གཟུགས་སོགས་དཔེ་གཟུགས་སུ་དཔར་བསྐྲུན་དང་།   ཡང་ན་དྲ་ཚིགས་གཞན་དུ་བརྒྱུད་འགོད་བྱེད་རྒྱུར་སྟབས་བདེ་ཡོད་པ་མ་ཟད།   དྲ་ཐོག་ནས་དགོས་ངེས་ཀྱི་ཡིག་ཆ་འམ་མིང་ཚིག་འཚོལ་སླ་བ།   ཡིག་ཆ་གང་རུང་ཕབ་ལེན་གནང་སྐབས་ཐ་ན་དེབ་སྐྱེལ་ཙམ་ཡང་མི་དགོས་པར་ཐད་ཀར་ལེན་ཆོག

༤༽ དེང་སྐབས་སྤྱོད་སྒོ་ཧ་ཅང་ཆེ་ཞིང་གཞོན་སྐྱེས་ཁྲོད་དགའ་མོས་ཚད་མཐོ་བྱེད་བཞིན་པའི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ཆུང་ཆུང་  iPad, iPhone and ipod touch སོགས་ཀྱི་ནང་རིན་མེད་ཕབ་ལེན་ཆོག་པའི་འཕྲུལ་དེབ་མང་པོ་ཡོད།   དེང་སྐབས་བོད་ཕྱི་ནང་གཉིས་སུ་འཕྲུལ་དེབ་བཟོ་མཁན་ཁག་ཅིག་འབྱུང་བཞིན་ཡོད་མོད།   འཕྲུལ་དེབ་ཁག་ཅིག་ལ་དཀར་ཆག་གམ་ས་བཅད་མེད་པར་ནག་བླུགས་བྱས་ཡོད་པས་ཀློག་མི་བདེ་ཞིང་སྐབས་དོན་འཚོལ་དཀའ་བ་དང་།   ཁག་གཅིག་འཕྲུལ་དེབ་ཀྱི་རྗིད་ཚད་ཧ་ཅང་ཆེ་བས་ཁ་འབྱེད་དཀའ་བ་སོགས་སྐྱོན་ཆ་མི་ཉུང་བ་རེ་མཆིས།   རིག་མཛོད་དྲ་བའི་འཕྲུལ་ཁག་གི་ཕྱི་ནང་བཟོ་རྩལ་ཁྱད་འཕགས་ཡིན་པ་མ་ཟད།   རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས་དང་།   མཇུག་ཏུ་པར་བྱང་སྨོན་ཚིག   ཁྱད་པར་དུ་གཞུང་ལུགས་ཆེ་ཆུང་ཡོངས་རྫོགས་ཀྱི་ས་བཅད་དམ་དཀར་ཆག་གསལ་བོར་བཀོད་ཡོད་ཅིང་།   འཕྲུལ་དེབ་ཆེ་ཆུང་ཁྱད་མེད་ཁ་འབྱེད་སླ་བ་སོགས་ནི།   དྲ་བ་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། སྤྱིར་བཏང་ངས་འཕྲུལ་དེབ་གསར་བཟོའི་ལས་ཀ་ཕྱི་ལོ་ ༢༠༡༡ ཟླ་བདུན་པའི་ནང་ནས་མགོ་བཙུགས་ཏེ།   འཕྲུལ་དེབ་ཁ་ཤས་བཟོས་ནས་རང་གི་རྩིས་འཁོར་དུ་ཉར་ཏེ་ཚོད་ལྟ་བྱས་པ་ཡིན།    འདི་ཕལ་ཆེར་སའི་གོ་ལའི་ཐོག་གི་བོད་ཡིག་འཕྲུལ་དེབ་དང་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

 

དྲི་བ།   རིག་མཛོད་དྲ་བའི་ནང་དུ་དཔེ་ཆ་ག་ཚོད་ཅིག་ཡོད་དམ།

 

ལན།   འདས་པའི་ལོ་གཅིག་ལྷག་གི་རིང་རིག་མཛོད་དྲ་བའི་ཐོག་ཏུ་བོད་ཀྱི་རྩ་ཆེའི་དཔེ་རྙིང་འགའ་ཞིག་གིས་གཙོས་ཡིག་ཆ་ཁག་སུམ་བརྒྱ་ལྷག་ཡོད་ཅིང་།   དེའི་ནང་དུ་གེ་སར་སྒྲུང་ཡིག་ལྔ་བཅུ་ང་གཉིས་ཡོད།   མིག་སྔར་འཕྲུལ་དེབ་བརྒྱ་དང་བརྒྱད་བཅུ་ཐམ་པ་ཡོད།    དེ་དག་ཀྱང་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་དབང་རྣམས་ཀྱི་གསུང་རྩོམ་དང་།   དེང་རབས་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་ཡོད།   དེང་སྐབས་རྩོམ་ཡིག་ཕལ་ཆེ་བ་རྩོམ་པ་པོ་སྐུ་སྐེར་དང་འབྲེལ་བའི་ཐོག་ནས་བཟོས་པ་རྐྱང་རྐྱང་ཡིན། རིག་མཛོད་དྲ་ཐོག་ཏུ་མིག་སྔར་འཕྲུལ་དེབ་གང་ཡོད་ཕྱོགས་ཙམ་ཞུས་ན།   སྔ་འགྱུར་སྙིང་མའི་ཕྱོགས་ནས་ཀློང་ཆེན་མཛོད་བདུན་སོགས་དང་།   ས་སྐྱའི་ཕྱོགས་ནས་ལམ་འབྲས།   བཀའ་བརྒྱུད་པའི་ཕྱོགས་ནས་རང་བྱུང་རྡོ་རྗེའི་གསུང་སྐོར།    ཇོ་ནང་ཕྱོགས་ནས་དོལ་པོ་པའི་རྒྱུད་བླའི་འགྲེལ་བ་དང་།   ཡུ་མོའི་གསལ་སྒྲོན་སྐོར་བཞི་སོགས་དང་།    དགེ་ལུགས་ཕྱོགས་ནས་རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་སོགས་དང་།   ད་དུང་རིག་གནས་ཀྱི་ཕྱོགས་ནས་སྙན་ངག་དང་།   སུམ་རྟགས།   སྨན་གྱི་རྒྱུད་བཞི།   གླིང་སྒྲུང་།   རྩིས་རིག་སོགས་སྣ་འཛོམས་རང་བཞིན་ཅན་དུ་བྱས་ཡོད།    འཕྲུལ་དེབ་དེ་དག་ཀྱང་འཕྲུལ་དེབ་ཏུ་ཕབ་པ་ཙམ་མ་ཡིན་པར།   འཕྲུལ་དེབ་རེ་རེའི་དབུར་རྩོམ་པ་པོ་ངོ་སྤྲོད་དང་།   འཕྲུལ་དེབ་གླེང་བརྗོད།  ཡོང་ཁུངས།   གཞུང་དོན་ཡོངས་སུ་རྫོགས་པའི་ས་བཅད་དམ་དཀར་ཆག་ཤིན་ཏུ་རྒྱས་པ།   མཇུག་པར་བྱང་སྨོན་ཚིག་བཅས་ཡོད་ལ།    འཕྲུལ་དེབ་དེ་དག་ཆོས་ཚན་ནམ་སྡེ་ཚན་འགའ་ཞིག་ཏུ་བགོས་ཡོད་པ་ལས།   དགེ་ལུགས་རྙིང་མ་ཞེས་གྲུབ་མཐའི་དབྱེ་འབྱེད་བྱས་མེད།   དཔེར་ན།   ཤམ་བྷ་ལའི་ངེས་གསང་དང་།   བློ་གསལ་འཇུག་སྒོ།  གངས་ཅན་རིག་མཛོད་ལྟ་བུའོ།། དེ་དག་གི་ནང་དུ་དུས་རབས་བཅུ་གཅིག་བཅུ་གཉིས་སྐབས་ཀྱི་རྩ་ཆེའི་དཔེ་རྙིང་དཀོན་རིགས་ཀྱང་ཧ་ཅང་མང་པོ་ཡོད།

 

དྲི་བ།   ཀློག་མཁན་གྱི་ངོས་ནས་བསམ་ཚུལ་ག་འདྲ་འདུག

 

ལན།   ཀློག་མཁན་རྣམས་ཀྱི་ཕྱོགས་ནས་བཤད་ན།   གཙོ་བོ་རིག་མཛོད་དྲ་བའི་རིས་མེད་ལས་འཆར་དང་དྲ་བའི་འཆར་འགོད།   ལྷག་པར་དུ་འཕྲུལ་དེབ་ཀྱི་སྤུས་ཚད་སོགས་ལ་བསྔགས་བརྗོད་གནང་མཁན་འདུག    དཔེར་ན།   ཀློག་མཁན་ཁག་ཅིག་གིས་བཏབ་གནང་བའི་ཞབས་མཆན་ཟུར་ཙམ་བཀོད་ན། ཀློག་མཁན་ཞིག་གིས། དེ་ཉིད་ཕྱོགས་སོ་སོར་མ་འདྲེས་པར་གདུལ་བྱའི་ཁམས་ དང་བག་ལ་ཉལ་ལ་སོ གས་པར་གཟིགས་ནས་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཇོ་ནང་བོན་དང་བཅས་པའི་སྐྱེས་ཆེན་དམ་པ་ཚོས་མཛད་པའི་དེ་དག་གི་བཀའ་འགྲེལ་ཆ་ཚང་བ་ཞིག་འཕྲུལ་དེབ་དུ་བསྐྲུན་རོགས་ཞུ་རྒྱུ་དང་།   ཞེས་དང་།   ངས་འཕྲུལ་དེབ་ཀྱི་དྲ་ལམ་ tibetanebooks ཞེས་པ་ཞིག་མཐོང་བྱུང་ཡང་རིག་མཛོད་དྲ་བ་ལྟར་ཆོས་རྒྱུད་ཁག་གི་འཕྲུབ་དེབ་དེ་ཙམ་མི་འདུག་པས་ཁྱེད་ཉིད་ཀྱི་དྲ་བ་ལེགས་ཤོས་རེད་འདུག ཡང་གཞན་ཞིག་གིས།   སྐུ་ཉིད་ནས་བསྐྲུན་པའི་འཕྲུབ་དེབ་ཁག་དཔེ་མི་སྲིད་པའི་དགོས་འཁོ་དང་འཐུས་ཚང་སྤུས་ལེགས་ཧ་ལས་པ་ཞིག་འདུག ཡང་གཞན་ཞིག་གིས།   དེང་རབས་སྔོན་ཐོན་ཚན་རིག་སྒྱུ་རྩལ་ལས།། མངོན་པར་གྲུབ་པའི་ཆ་རྐྱེན་དྲ་རྒྱའི་རིགས།། རྣམ་པར་སྤྱོད་པའི་བློ་ལྡན་མང་ལགས་ཀྱང་།། རང་འདོད་ཕྱོགས་རེའི་ཕྱོགས་སུ་བཀོལ་བ་ལས།། འདི་བཞིན་ཐུན་མིན་རིག་པའི་གཞུང་ལུགས་ཀུན།། རང་རིགས་རྣམས་ཀྱི་སྤྱན་སྔར་འབུལ་བཞིན་དུ།། ཀུན་ལ་སྨན་པའི་སྲི་ཞུ་རྣམ་དག་ཞིག།། སྒྲུབ་པར་བྱེད་པའི་ཤེས་ལྡན་ཤིན་ཏུ་ཉུང་།། དེ་ཕྱིར་རང་རིགས་ཀུན་ཀྱི་ཚབ་ཞུས་ཏེ།། རིག་མཛོད་དྲ་རྒྱའི་རྒྱུན་ལས་ཡོངས་རྫོགས་ཀྱི།། རླབས་ཆེན་མཛད་རྗེས་ཀུན་ལ་བཅོས་མིན་ངང།། སྙིང་ནས་རྗེས་སུ་ཡི་རངས་ལན་བརྒྱར་ཞུ།།  དེ་ལྟར་ཀློག་མཁན་རྣམས་ཀྱིས་ཐུགས་ཚོར་ཆེན་པོས་རྒྱབ་སྐྱོར་གྱི་རྣམ་པ་གསལ་བོར་སྟོན་གྱིན་འདུག    ད་དུང་ཡིག་ཟམ་དང་ཁ་པར་སོགས་བརྒྱུད་ལམ་དུ་མ་ཞིག་ནས་རིག་མཛོད་དྲ་བ་དང་།   ལྷག་པར་དུ་འཕྲུལ་དེབ་ཀྱི་སྤུས་ཚད་ལ་བསྟོད་པའི་མཐེ་བོང་སྒྲེང་མཁན་མང་པོ་ཡོང་གིན་འདུག    ཡིན་ན་ཡང་།   ལྡོག་ཕྱོགས་ནས་འདུག་མཁན་ཀྱང་རེ་ཟུང་བྱུང་།   དཔེར་ན།   ངས་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་སེང་རྡོར་དང་སྒེར་འབྲེལ་བརྒྱུད།   ཁོང་གི་རྩོམ་ཡིག་རྟུལ་ཕོད་དང་།   འབྲེལ་ཡོད་གཞན་གྱིས་བརྒྱུད་བསྐུལ་འོག་རྩོམ་པ་པོ་ཚ་བ་མདའ་སྙུག་གི་ལོག་རྟོག་སྙིང་སྟོབས་གཉིས་འཕྲུབ་དེབ་ཏུ་ཕབ་ཏེ་དྲ་ཐོག་ཏུ་བཞག་རྗེས།   ཁ་པར་དང་ཡིག་ཟམ་བརྒྱུད།  “ནང་བསྟན་རིག་མཛོད་དྲ་བར་ནང་བསྟན་དགག་ཡིག་བཞག་ན་མི་འགྲིག” ཅེས་གསུང་མཁན་བྱུང་སོང་།   ཡིན་ན་ཡང་ངའི་ཐོག་མའི་ཀུན་སློང་བོད་ཡིག་དང་བོད་ཡིག་ཀློག་མཁན་གྱི་ཁོར་ཡུག་ཆེ་རུ་གཏོང་འདོད་པ་དེ་ཡིན་ལ།  དེ་ལྟར་ལན་འདེབས་ཀྱང་ཞུ་བཞིན་ཡོད།

 

དྲི་བ།   རིག་མཛོད་དྲ་བས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་ཞུ་ག་འདྲ་ཞིག་ཞུ་ཐུབ་ཀིན་འདུག

 

ལན།   བོད་ནང་ནས་དགོན་སྡེ་དུ་མ་ཞིག་དང་།    མཐོ་རིམ་སློབ་གྲྭ་ཁག་གཅིག་གིས་རིག་མཛོད་དྲ་བར་རྒྱབ་སྐྱོར་མཚོན་སླད།   རྩིས་འཁོར་དུ་གཏག་ཟིན་པའི་ཡིག་ཆ་གང་མང་ཞིག་གསོལ་བསྩལ་གནང་བ་མ་ཟད།    མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུའི་ཞལ་བཞེས་ཀྱང་ཐོབ་ཡོད།   འབྲེལ་ཡོད་དགོན་སྡེ་ཁ་ཤས་ཀྱི་གྲྭ་བ་སློབ་གཉེར་བ་རེ་རེས་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ཆུང་བ་རེ་ཉོས་ཏེ།    རིག་མཛོད་དྲ་བའི་འཕྲུལ་དེབ་དེ་དག་སློབ་རྟེན་དུ་བཀོལ་བཞིན་ཡོད་པ་སོགས་མདོར་ན་བོད་ནང་ནས་གང་ཟག་སྒེར་དང་ཚོགས་སྡེ་མི་ཉུང་བ་ཞིག་གིས་བཀོལ་སྤྱོད་གནང་གིན་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་ནས་དགེ་ལུགས་རྒྱུག་སྤྲོད་ཆེན་མོའི་སློབ་རྟེན་གནང་དགོས་ཞེས་བསྐུལ་མ་བྱུང་བ་ལྟར།   ལེགས་བཤད་གསེར་ཕྲེང་དང་།   འདུལ་སྡོམ་སོགས་འཕྲལ་དུ་འཕྲུལ་དེབ་ཏུ་ཕབ་རྒྱུའི་སྐལ་བཟང་ཀྱང་བྱུང་།        དེ་དག་གིས་རིག་མཛོད་དྲ་བས་བོད་ཀྱི་རིག་གནས་ལ་ཞབས་ཞུ་ཇི་འདྲ་ཞུ་ཐུབ་ཀྱིན་ཡོད་པ་གསལ་བོར་མཚོན་ཐུབ་སྙམ། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ།   ཉེ་དུས་ཤིག་ནས་བཟུང་རིག་མཛོད་དྲ་བ་བོད་ནང་ནས་བཀག་འགོག་བྱས་འདུག   དེར་བརྟེན་ང་ཚོས་ཐབས་ལམ་གཞན་ཞིག་བརྒྱུད་འཕྲུལ་དེབ་ཁག་བོད་ནང་དུ་གཏོང་བཞིན་ཡོད།

 

དྲི་བ།   རིག་མཛོད་དྲ་བའི་དཀའ་ཁག་ཆེ་བའི་དུས་ཚོད་དང་མ་འོངས་པར་གདོང་ལེན་བྱེད་དགོས་པའི་སྐོར་ག་འདྲ་ཡོད་དམ།

 

ལན།   དཀའ་ངལ་གྱི་གཙོ་བོ་དཔལ་འབྱོར་རེད།   བོད་མི་རིགས་དང་དེའི་རིག་གནས་ལ་དགའ་ཞེན་ཡོད་མཁན་རྣམས་ཀྱིས་རིག་མཛོད་དྲ་བར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།    ད་ལྟའི་ཆར་རིག་མཛོད་དྲ་བར་དཔལ་འབྱོར་གྱི་རོགས་རམ་གནང་མཁན་༧སྐུའི་གསུང་སྒྱུར་དགེ་བཤེས་གླིང་རི་ཐུབ་བསྟན་སྦྱིན་པ་མཆོག་གི་ཐུགས་བརྩེ་གཟིགས་པ་ཆེན་པོས།  ཡིག་གཏག་པ་མི་གཉིས་ལ་ལོ་གཅིག་རིང་གླ་ཆ་གནང་བཞིན་ཡོད་པ་ལས།   གཞན་རོགས་རམ་གནང་མཁན་གཅིག་ཀྱང་མེད་པས།    འགྲོ་སོང་ཆ་ཚང་ང་རང་སྒེར་གྱིས་གཏོང་བཞིན་ཡོད་ལ།   དུས་ཚོད་ཀྱང་མང་ཆེ་བ་ལས་གཞི་འདིའི་ཐོག་གཏོང་བཞིན་ཡོད། མ་འོངས་པར་ཡང་དཀའ་ངལ་ཅི་ཙམ་འཕྲད་ཀྱང་དེ་ཙམ་གྱིས་གདོང་མཆོང་བྱས་ཏེ།   རིག་མཛོད་དྲ་བའམ་རིག་མཛོད་འཕྲུལ་དེབ་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་ཇི་སྲིད་ཕན་ཐོག་ཡོད་པ་དེ་སྲིད་དུ།   རིག་མཛོད་དྲ་བ་བསྐྱེད་བསྲིང་དང་ལྷག་པར་དུ་འཕྲུལ་དེབ་ཀྱི་ལས་གཞི་མཚམས་འཇོག་མི་བྱེད་པའི་དམ་བཅའ་བསྟན་པོར་བཟུང་ཡོད། གལ་ཏེ་བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་ཕྱག་ལས་གནང་བཞིན་པའི་ཚོགས་སྡེ་འམ།   གང་ཟག་སྒེར་གྱིས་མཉམ་འབྲེལ་ལམ།   རོགས་རམ་རྒྱབ་སྐྱོར་གནང་རྒྱུའི་ཐུགས་དགོངས་བཞེས་ཚེ།   བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད།   རིག་མཛོད་དྲ་བ་ནམ་གནས་ཀྱི་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཁས་ལེན་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།

ཁ་བརྡ་དྲ་བའི་རྒྱང་འདྲི་འདི་ན་ཡོད།

སེང་རྡོར་དྲ་བ།