ཆོས་རྗེ་ཀུན་སྤངས་ཆེན་པོ།
ཆོས་རྗེ་ཀུན་སྤངས་ཆེན་པོའི་གསུང་འབུམ། ཀ ཁ ཀུན་སྤངས་ཆེན་ཐུགས་རྗེ་བརྩོན་འགྲུས་(༡༢༤༠-༡༣༡༣)ནི། རྒྱལ་བསྟན་སྤྱི་དང་བྱེ་བྲག་དུས་འཁོར་བསྟན་པའི་བདག་པོ་དང་། ཇོ་ནང་ཆོས་བརྒྱུད་ཀྱི་ཐོག་མའི་སྲོལ་འབྱེད་ཡིན། བོད་གཙང་སྟོད་བྱང་མདོག་གི་ངབ་ཕྱར་ཏེ། དེང་ངམ་རིང་རྫོང་ངབ་ཕྱར་གྲོང་ཚོར་སྐུ་འཁྲུངས་ཤིང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་སོགས་བླ་མར་བརྟེན་ནས་ནང་བསྟན་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བརྩོན་མཛད་པ་མ་ཟད། བོད་དུ་འགྱུར་བའི་དུས་འཁོར་གྱི་ལུགས་སྲོལ་ཆེན་པོ་བཅུ་བདུན་པོར་ཐོས་བསམ་སྒོམ་པ་མཐར་ཕྱིན་མཛད། དགུང་གྲངས་ང་གཅིག་ཐོག་(༡༢༩༤)ལོར་རི་ཁྲོད་ཆེན་མོ་ཇོ་ནང་དུ་ཕེབས་ནས་དུས་འཁོར་གྱི་འཆད་ཉན་དང་ཉམས་ཁྲིད་རྒྱ་ཆེར་མཛད་ཅིང་། སློབ་ཚོགས་དཔག་ཏུ་མེད་པ་འདུས་པས་ཇོ་ནང་པ་ཞེས་ཡོངས་སུ་གྲགས།