བོད་ཀྱི་ལོ་སར་དང་ཧོར་གྱི་ལོ་སར་ནོར་མི་ཉན།
བེ་རི་རིག་པའི་རྡོ་རྗེ།
དེ་རིང་ཁ་སང་མང་པོ་ཞིག་གིས། ཨ་མདོ་བས་རྒྱའི་ལོ་སར་བྱེད་ཀྱིན་ཡོད་རེད། ཨ་མདོའི་སྐར་རྩིས་ཡང་རྒྱ་རྩིས་རེད། བོད་རང་གི་རྩིས་རིག་ལྷ་སའི་ལུགས་རེད། ལོ་སར་ཡང་ལྷ་སའི་ལོ་ཐོ་ལྟར་བྱེད་དགོས། ཞེས་ནག་ཉེས་ཡོད་ཚད་ཨ་མདོའི་མགོ་ལ་འགེལ་རྐྱང་བྱེད་ཀྱིན་འདུག་པས། འདི་ལ་གསལ་བཤད་ཐུང་ཐུང་ཞིག་མི་བྱེད་ཐབས་མེད་བྱུང་།
བོད་ཀྱི་ལོ་རྒྱུས་དང་། ཡུལ་སྲོལ་རིག་གནས་སོགས་འཁོད་པའི་གནའ་བོའི་ཡིག་ཚང་ཁག་ཏུ་བལྟས་ན། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་བོད་ཀྱི་ལོ་སར་བྱེད་སྲོལ་འདུག སྲོལ་འདི་སྔོན་ནས་ད་ལྟའི་བར་དུ་མདོ་སྨད་དང་། མངའ་རིས། ཀོང་པོ། དེང་དུས་ཧི་མ་ལ་ཡི་རི་རྒྱུད་དུ་འབོད་པའི་མི་རིགས་དོལ་པོ་སོགས་ཀྱིས་ཀྱང་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་སར་བྱེད་བཞིན་ཡོད་པ་འདི་རེད། བོད་ཀྱི་ལོ་སར་ངོ་མ་འདི་རེད། འདི་རྒྱ་ལུགས་མ་རེད་ལ། ཨ་མདོ་བའི་ལུགས་ཀྱང་མ་རེད། འདི་ལ་བོད་ཀྱི་ལོ་སར་རམ། ཡང་ན་སོ་ནམ་ལོ་སར་ཀྱང་ཟེར། ལོ་སར་སྐབས་བོད་ཀྱི་སྐྱེ་ལྡན་སོ་ནམ་ཞིང་ལས་ཀྱི་མཚོན་དོན་ལོ་ཕུད་ཅེས་གྲོ་སོ་སྔོ་ལྗང་མཆོད་སྟེགས་སུ་བཤམ་དོན་ཡང་དེ་རེད།
འདི་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ལོ་རྒྱུས་ལྡན། ཡུལ་སྲོལ་འདི་བོད་ཀྱི་གདོད་མའི་བསམ་བློ་རྨང་གཞི་བྱས་ནས་དུས་རབས་རིམ་བྱུང་དུ་འཕེལ་རྒྱས་བྱུང་བ་ཞིག་ཡིན། དཔེར་ན། ཆེས་གནའ་བོའི་དུས་སུ་བོད་མི་རྣམས་ཀྱིས་གནམ་གྱི་སྐར་མ་དང་། བར་སྣང་གི་སྤྲིན་དང་རླུང་། ས་གཞིའི་ཤིང་དང་རྩི་ཏོག མཚོ་དང་ཆབ་རོམ་སོགས་ལ་བརྟགས་ཤིང་དཔྱད་ནས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་སར་བྱེད་རྒྱུ་གཏན་འབེབ་བྱས་ཏེ། ལོ་སར་དགའ་སྟོན་ཡོངས་སུ་གྲུབ་རྗེས་སོ་ནམ་འདེབས་ལས་ཀྱི་མགོ་ཚུགས་པས་སོ་ནམ་ལོ་སར་ཞེས་བཏགས་པ་རེད།
ལྷ་སའི་ལོ་ཐོའི་ནང་དུ་བོད་ཀྱི་ལོ་སར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ཁེལ་བ་བྱས་པ་འདི་ཧོར་ལུགས་རེད། འདི་ས་སྐྱའི་འགྲོ་མགོན་ཆོས་འཕགས་ཀྱིས་ཧོར་ཡུལ་ནས་ཁྱེར་ཡོང་བའི་ཧོར་ལུགས་ཀྱི་ལོ་སར་རེད། འདིའི་འབྱུང་ཁུངས་མ་བཤད་ཀྱང་ཤེས་མོད། ཟུར་ཙམ་བཤད་ན། ཧོར་ཇིང་གིར་རྒྱལ་པོས་སོག་པོའི་རྟ་དམག་བོད་དུ་དྲངས་ཏེ། མི་ཉག་རྒྱལ་ཕྲན་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་བརྩིས་ཏེ་ལོ་མགོར་བརྩིས་པ་ནས་བཟུང་། ཧོར་ཡུལ་དུ་ཉིན་དེར་ལོ་སར་བྱེད་སྲོལ་བྱུང་ཞིང་། ཕྱིས་སུ་ས་བླ་འགྲོ་མགོན་ཆོས་འཕགས་སོག་ཡུལ་དུ་ཕྱིན་ནས་ཕྱིར་བོད་དུ་འབྱོར་རྗེས། ཧོར་གྱི་ལུགས་ལྟར་བོད་ཀྱི་ལོ་སར་བྱེད་དགོས་པའི་བཙན་བཀའ་ཕབ་སྟེ། བོད་ཀྱི་སོ་ནམ་ལོ་སར་རྩིས་མེད་བྱས་ནས། ཧོར་ལུགས་ཀྱི་ལོ་སར་བྱེད་པའི་སྲོལ་དེ་རྒྱ་ཁྱབ་ཏུ་བཏང་བ་རེད། སྐད་ཆ་དྲང་མོར་བཤད་ན་དེ་འདྲ་རེད། ཉན་འདོད་མེད་ན་ཡང་སྡུག་གྱོང་རེད།
དེ་བཞིན་དུ་ལྷ་སའི་ཕྱོགས་སུ་ལོ་སར་སྐབས་ལུག་མགོ་བཤམ་པའི་སྲོལ་དེ་ཡང་། ཕྱི་ལོ་ ༡༦༤༢ ལོར་ཧོར་གུ་ཤིར་གྱིས་གནམ་སའི་དབང་ཕྱུག་བོད་བཙན་པོའི་རྒྱུན་འཛིན་ཆོས་རྒྱལ་གཙང་བ་ཡབ་སྲས་དང་། མདོ་ཁམས་བེ་རི་རྒྱལ་པོ་བཅས་རྩ་མེད་བཏང་ནས་ཁ་ཙམ་གྱིས་བོད་ཀྱི་སྲིད་དབང་རྒྱལ་དབང་ལྔ་བ་ཆེན་པོར་ཕུལ་ཚུལ་བྱས་ཏེ། བོད་ཁམས་སོག་པོས་ཁྱབ་པར་ཤིང་། གུ་ཤིར་རམ་སོག་པོས་བོད་མགོ་བཅད་པའི་རྗེས་དྲན་མཚོན་སླད། ལོ་སར་སྐབས་ལུག་མགོ་བཤམ་དགོས་པའི་བཀོད་ཁྱབ་བཏང་ཚུལ། སྨོན་འགྲོ་དབང་རྒྱལ་རྡོ་རྗེས་བརྩམས་པའི་རྒྱལ་དབང་ལྔ་བའི་རྣམ་ཐར་དུ་གསལ་བར་འཁོད་ཡོད། དེས་ན་བོད་ཀྱིས་ཧོར་ལུགས་ལྟར་ལོ་སར་བྱེད་པ་དང་། ལོ་སར་སྐབས་ལུག་མགོ་བཤམ་པ་ནོར་འཁྲུལ་ཡིན་མིན་རང་རང་ས་ནས་བསམ་བློ་བཏང་ན་ཤེས་ཐུབ། ཨ་མདོའི་ཕྱོགས་སུ་ལུགས་སྲོལ་འདི་མེད། ཕལ་ཆེར་ཁམས་ཕྱོགས་སུ་ཡང་མེད་སྙམ།
ད་དུང་བོད་མི་མང་པོ་ཞིག་གིས་ལོ་སར་སྡེར་ཁ་ཡིན་ཞེས་གོ་རེ་སྣུམ་བསྲེག་ཆེན་པོ་བོང་བུའི་རྣ་བ་འདྲ་བ་མང་པོ་བརྩེགས་ནས་བོང་བུའི་རྣ་མཆོག་ཅེས་བཏགས་ནས་ཅིག་ཡིན་མདོག་མདོག་བྱེད་ཀྱིན་ཡོད་པ་དེ་ཡང་། ཧོར་གྱིས་བོད་མི་རྣམས་བོང་བུ་འདྲ་བ་རེད་ཅེས་མཐོང་ཆུང་མཚོན་བྱེད་ཡིན་མོད། བོད་མི་རྣམས་ཀྱིས་དེ་ཡང་མ་ཤེས་པར་དུས་རབས་ ༡༧ ནས་བཟུང་ད་ལྟའི་བར་ལོ་སར་སྡེར་ཁའི་གཙོ་བོ་བྱེད་བཞིན་ཡོད། བྱེད་སྲོལ་འདི་ཨ་མདོའི་ཕྱོགས་སུ་མེད་ལ། ཁམས་ཕྱོགས་སུ་ཡང་མེད་ཟེར།
ཡང་གཅིག་བཤད་ན། བོད་ཀྱི་རྩིས་རིག་སྨྲ་བ་རྣམས་ཀྱིས་ཟླ་ལྷག་འདོན་སྐབས། འཁྲུལ་མེད་དུས་འཁོར་སྐར་རྩིས་ཀྱི་ནང་དུ་རྒྱ་ལུགས་ཀྱིས་བསྲེ་ལྷད་བྱས་རྐྱེན་ལོ་སར་སོགས་གཅིག་མཚུངས་མ་ཡིན་པ་བྱུང་བ་རེད། སྤྱིར་བཏང་ཨ་མདོ་དང་ལྷ་ས་གཉིས་ཀྱི་ཐུན་མོང་སྐར་རྩིས་ཀྱི་རྩིས་གཞུང་ནི། བསྟན་བཅོས་བཻཌཱུརྱ་དཀར་པོ་དང་། ཉིན་བྱེད་སྣང་བའི་དགོངས་དོན་གསལ་བར་སྟོན་པ་རྩིས་གཞིའི་མན་ངག་རིགས་ལྡན་སྙིང་གི་ཐིག་ལེ་ཞེས་བྱ་བ་དེ་རེད། རྩིས་གཞུང་གཅིག་རེད། དེའི་ཁུངས་དུས་འཁོར་རེད། འདི་ལ་རྩོད་པ་ཡོད་མ་རེད། ཡིན་ན་ཡང་གཉིས་ཀས་ནོར་འཁྲུལ་ཞིག་ཤོར་ཡོད།
དང་པོ། ལྷ་སའི་ཕྱོགས་ནས་དུས་འཁོར་སྐར་རྩིས་ལྟར་ལོ་ཐོ་བཟོ་དུས་ཟླ་ལྷག་འདོན་སྐབས། རྒྱ་ནག་ལུགས་ཀྱི་ཟླ་ལྷག་འདོན་སྟངས། “ཞེ་བརྒྱད་ཞེ་དགུ་ཟླ་བ་བཤོལ།།” ཟེར་བ་དེའི་ཐོག་ནས་ཟླ་ལྷག་འདོན་བཞིན་ཡོད། དཔེར་ན་ན་ནིང་གི་བོད་ཟླ་ ༡༡ པའི་མདའ་འཕྲོའམ་མདའ་ལྷག་ ༤༨ ཡིན་པས། བོད་ཟླ་ ༡༡ ཉིས་བརྩེགས་ཡོད་པ་རེད།
གཉིས་པ། ཨ་མདོའི་ཕྱོགས་ནས་ཡང་ལོ་ཐོ་འདོན་སྐབས། ཡང་རྒྱ་རྩིས་ཀྱི་ལུགས་གཞན། “སྒང་བྲལ་ཟླ་བ་ལྷག་པར་འདོད་” ཞེས་ཟླ་བ་གང་ལ་སྒང་མེད་ན་དེ་ལྷག་ཅེས་ཟླ་ལྷག་འདོད་ཚུལ་མི་འདྲ་བ་ཞིག་བྱུང་ཡོད། དེར་བརྟེན་རྩིས་གཞུང་གཙོ་བོ་གཅིག་པ་ཡིན་ན་ཡང་། ཟླ་ལྷག་འདོན་ཚུལ་རྒྱ་ལུགས་མི་འདྲ་བ་གཉིས་བྱུང་བ་རེད།
དེས་ན་དེ་གཉིས་སུས་ནོར་བ་རེད་ཟེར་ན། གཉིས་ཀ་ནོར་བ་རེད། ནོར་འཁྲུལ་གཙོ་བོ་དུས་འཁོར་ལུགས་ཀྱི་སྐར་རྩིས་རྨད་དུ་བྱུང་བ་དེའི་ནང་དུ་རྒྱ་རྩིས་ཀྱི་བསྲེ་ལྷད་བཏང་བ་དེ་མ་འགྲིག་པ་རེད། བསྲེ་ལྷད་གཅིག་གིས་མི་ཚད་གཉིས་བྱུང་བ་རེད། དུས་རབས་ ༡༧ ནང་བསྲེ་ལྷད་འདི་བྱུང་བ་རེད། བསྲེ་ལྷད་འདི་བྱུང་དོན་དུས་འཁོར་སྐར་རྩིས་ཀྱི་ནང་དུ་ཟླ་ལྷག་འདོན་ཚུལ་མེད་པ་རེད་དམ་ཟེར་ན་གཏན་ནས་མ་རེད། དུས་འཁོར་སྐར་རྩིས་སུ། “མདའ་རོའི་ལྷག་མར་ཐིག་ཤར་ཚེ།། མཐའ་རུ་བཤོལ་བྱུང་གཟུགས་ཤར་ན། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།” ཞེས་ཟླ་ལྷག་འདོན་ཚུལ་གསལ་བོར་ཡོད་མོད། གཉིས་ཀས་དེ་གཡུགས་ནས་རྒྱ་རྩིས་རིགས་མི་འདྲ་བ་གཉིས་དུས་འཁོར་སྐར་རྩིས་ཀྱི་ནང་དུ་བསྲེས་ཏེ། དེའི་ལུགས་ཀྱི་ཐོག་ནས་ཟླ་ལྷག་བཏོན་པས་གནད་དོན་འདི་བྱུང་བ་རེད། དེས་ན་ནོར་འཁྲུལ་ལ་ཆེ་ཆུང་དང་ཡང་ལྗི་མེད། ཡིན་ན་ཡང་རྒྱ་རྩིས་ཐོག་མར་རྒྱ་ནས་ལེན་མཁན་ཨ་མདོ་བ་མ་རེད། འདི་རིག་གནས་ཀྱི་བཙན་འཛུལ་ཞིག་རེད།
གང་ལྟར་སུས་ནོར་འཁྲུལ་བཟོས་མིན་ལ་ཁྱད་པར་མེད། གལ་ཆེ་ཤོས་དེ་མདོ་དབུས་གཉིས་ཀྱི་ལོ་སར་གཅིག་གྱུར་བྱེད་རྒྱུ་འདི་གལ་ཆེན་པོ་ཡིན་པས། ནོར་འཁྲུལ་སུས་བཟོས་ལ་མ་ལྟོས་པར་ད་ལྟའི་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ནས། བོད་དབུས་ལྷ་ས་བོད་ཀྱི་རྒྱལ་ས་ཡིན་པས། དེའི་ལུགས་སམ་ཧོར་ལུགས་ལྟར་ལོ་སར་བྱས་ན། ད་ལྟའི་ཆར་དགག་བྱ་ལས་དགོས་པ་ཅུང་ཆེ་བར་མངོན།
ཡང་ན་མདོ་དབུས་གཉིས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས། ད་ལོ་ནས་བཟུང་ལོ་ཐོ་འདོན་སྐབས། དུས་འཁོར་སྐར་རྩིས་རང་གི་ནང་གསལ་བའི་“མདའ་རོའི་ལྷག་མར་ཐིག་ཤར་ཚེ།། མཐའ་རུ་བཤོལ་བྱུང་གཟུགས་ཤར་ན། དབུས་སུ་ཟླ་བཤོལ་ཐོན་པ་ཡིན།”ཞེས་གསུངས་པ་ལྟར། མདའ་ལྷག་ ༠ ཡིན་ན་ཟླ་བཤོལ་མཐའ་དང་། མདའ་ལྷག་ ༡ ཤར་ན་དབུས་སུ་ཟླ་ལྷག་བཏོན་ཏེ་ལོ་ཐོ་འདོན་གནང་རོགས། དེས་ཀྱང་མདོ་དབུས་གཉིས་ཀྱི་ལོ་སར་སོགས་དུས་ཆེན་ཡོངས་རྫོགས་གཅིག་གྱུར་ཡོང་བ་ལ་ཕན་ཐོག་ངེས་ཅན་ཞིག་ཡོད།
མཚམས་འདིར་ཟླ་ལྷག་འདོན་དགོས་པའི་རྒྱུ་མཚན་ཟུར་ཙམ་བཤད་ན། སྤྱིར་བཏང་སྐར་རྩིས་ལ་སྦྱང་མ་མྱོང་མཁན་ཞིག་ཡིན་ན་འདི་གོ་དཀའ་མོ་ཞིག་ཡིན་མོད། འདི་གཙོ་བོ་ཞག་གསུམ་སྟེ། ཉིན་ཞག་དང་། ཚེས་ཞག ཁྱིམ་ཞག་གསུམ་གྱི་དབང་གིས་འབྱུང་གིན་ཡོད། ཉིན་ཞག་ནི་དེ་རིང་གི་ནམ་ལངས་ནས་སང་ཉིན་ནམ་ལངས་བར་ཡིན། ལུགས་འདིར་ལོ་གཅིག་ལ་ཉིན་ཞག་ ༣༦༠ ཡོད། ཚེས་ཞག་ནི་ཟླ་བའི་འཕེལ་འགྲིབ་ལ་བརྟེན་ནས་བཞག་པ་རེད། ལུགས་འདིར་ལོ་གཅིག་ལ་ཞག་ ༣༥༤ དང་། ༣༥༥ གང་རུང་ཡོད་པ་རེད། གལ་ཏེ་ང་ཚོས་རྒྱུན་ལྡན་དུ་ཉིན་ཞག་ལྟར་བརྩིས་ན་ཟླ་བའི་ཡར་ངོ་མར་ངོ་གོ་ཟློག་སོགས་སྐྱོན་མང་པོ་ཡོད། ཁྱིམ་ཞག་ནི་ཉི་མས་གོ་ལའི་ཁྱིམ་བཅུ་གཉིས་བསྐོར་བའི་ཡུན་ཚད་ཡིན། ལུགས་འདིར་ལོ་གཅིག་ལ་ཉིན་ཞག་ ༣༦༥ ཡོད།
དེ་ལྟར་ཉིན་ཞག་དང་ཚེས་ཞག་གཉིས་ཀྱི་བར་ཞག་ལྔའི་ཁྱད་པར་ཡོད་པས། ལོ་བཅོ་བརྒྱད་ཀྱི་རྗེས་སུ་དབྱར་སྟོན་གོ་བརྗེ་བ་དང་། ལོ་སོ་དྲུག་གི་རྗེས་སུ་དབྱར་དགུན་གོ་བརྗེ་བའི་དཀའ་ངལ་ཡོད་སྟབས། ཁྱིམ་ཞག་དང་ཚེས་ཞག་གཉིས་གོ་བསྟུན་པའི་ཕྱིར་དུ་ལོ་གཉིས་སམ་གསུམ་རེའི་ནང་དུ་ཟླ་ལྷག་རེ་འདོན་སྲོལ་བཟོས་པ་རེད།
དེ་ལྟ་ན་ཡང་། ད་ལྟའི་ཆར་ང་ཚོར་དགོས་པ་ནི་ཆིལ་བསྒྲིལ་ཡིན་པ་ལས། ཁ་བྲལ་མ་རེད། བཀའ་དྲིན་ཆེ། དགོངས་པ་བཞེས་རོགས། ད་ལྟ་ང་ཚོས་ཕྱོགས་ཡོངས་ནས་ཆིག་བསྒྲིལ་བྱེད་པའི་དུས་ཡིན་པ་ལས། ང་བཟང་ཁྱོད་ངན་དང་། ངས་ཤེས་ཁྱོད་ནོར་ཟེར་བའི་དུས་ཚོད་མ་རེད། ཐུགས་བསམ་བཞེས་རོགས།
བེ་རི་བས། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣ ཉིན།
qi3we4
16ucvq
55tzuu
6l2iyc
4ze6ev