ཐོབ་ཐང་འདྲ་མཉམ་ནི་དམངས་གཙོའི་སྲོག་རྩ་ཡིན།

ཐོབ་ཐང་འདྲ་མཉམ་ནི་དམངས་གཙོའི་སྲོག་རྩ་ཡིན།

བེ་རི་རིག་པའི་རྡོ་རྗེ།

དེང་སྐབས་རྒྱ་ནག་དང་། བྱང་ཁོར་རེས་ཡ། ར་ཤིས་ཡ་སོགས་དམར་ཕྱོགས་རྒྱལ་ཁབ་འགའ་རེ་ལས། འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ཕལ་མོ་ཆེས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱས་ཏེ། དམངས་གཙོའི་ལམ་ལུགས་གཙིགས་སུ་བཟུང་ནས་སོ་སོའི་མི་མང་ལ་འདྲ་མཉམ་གྱི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཆོག་པའི་ཁྲིམས་ལུགས་གཏན་ལ་ཕབ་ཅིང་། དེ་ལྟར་ལག་ལེན་དུ་འདེབས་བཞིན་ཡོད་མོད། བཙན་བྱོལ་བོད་མིའི་སྲིད་གཞུང་གིས་ད་དུང་དུས་རབས་ ༡༧ ནང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་མདོག་མ་འགྱུར་དྲི་མ་ཡལ་བར་རྒྱུན་ཁྱོངས་བྱས་ནས་བསྡད་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཏེ་ལྔ་ལས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་འདྲ་མཉམ་གྱི་ཐོབ་ཐང་རྩ་བ་ནས་མེད་པ་བྱས་ཏེ། ཆོས་བརྒྱུད་བར་ལ་དབྱེ་འབྱེད་ཆེན་པོ་བྱས་ཡོད། དེར་བརྟེན་ཉེ་ཆར་རྡ་སར་གསར་བསྐྲུན་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་ཟེར་བ་དེའི་ནང་དུ་ཡང་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་གྱི་རྟེན་དངོས་ལས། ཇོ་ནང་གི་རྟེན་དངོས་གང་ཡང་བཤམ་སྟོན་བྱས་མེད་པ་མ་ཟད། རླུང་འཕྲིན་ཁང་འགའ་རེས་འབྲེལ་ཡོད་ལ་བཅར་འདྲི་བྱེད་སྐབས་ཀྱང་། ཐེ་ཚོམ་མེད་པར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་རྟེན་དངོས་རྩ་ཆེན་སྐོར་བཤམ་སྟོན་བྱས་ཡོད་ཅེས་ལན་འདེབས་བྱས་ཡོད།

བཙན་བྱོལ་སྲིད་གཞུང་ནས་ཆོས་བརྒྱུད་དབྱེ་འབྱེད་བྱས་པ་འདི་ཁོ་ན་མིན།

གཅིག ཁྲིམས་ཐོག་ནས་ཆོས་བརྒྱུད་བར་ལ་དབྱེ་འབྱེད་ཆེན་པོ་བྱས་ཏེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་གདམས་བྱ་འདེམ་བྱེད་ཐོབ་ཐང་སོགས་མེད་པ་བྱས་ཡོད།

གཉིས། གཞུང་འབྲེལ་སློབ་དེབ་དང་། དྲྭ་རྒྱ་སོགས་སུ་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་ལས་ཇོ་ནང་དེ་དག་གི་ནང་དུ་བཞག་མེད།

གསུམ། གཞུང་འབྲེལ་གྱི་ཡིག་ཆ་ཁག་དང་། གཏམ་བཤད། ཐ་ན་ལོ་གསར་འཚམས་འཕྲིན་སོགས་ཀྱི་ནང་དུ་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་ལས་ཇོ་ནང་མེད།

བཞི། ཉེ་ཆར་སྒོ་འབྱེད་བྱས་མ་ཐག་པའི་བོད་ཀྱི་འགྲེམས་སྟོན་ཁང་དེའི་ནང་དུ་གཙོ་བོ་སྡེ་ཚན་བཅུར་བགོས་པའི་དང་པོ་ལེགས་བྱང་སྡེ་ཚན་གྱི་ནང་དུ་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔའི་རྟེན་དངོས་ལས་ཇོ་ནང་གི་རྟེན་དངོས་གང་ཡང་བཤམ་མེད་པ་མ་ཟད། ཐ་ན་ཇོ་ནང་ལ་ས་མིག་ཀྱང་བཞག་མེད།

ཡིན་ན་ཡང་བཙན་བྱོལ་ཁྲོད་ཀྱི་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་མི་རིགས་བར་ལ་དབྱེ་འབྱེད་བྱེད་ཀྱིན་འདུག དཔེར་ན་བོད་ནང་དུ་བོད་ཀྱི་རླངས་འཁོར་ཁ་ལོ་བ་ཚོར་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་ཀྱིན་འདུག་ཅེས་འུར་འུར་ཟིང་ཟིང་བྱེད་བཞིན་ཡོད་མོད། དོན་ངོ་མར་བཙན་བྱོལ་སྲིད་གཞུང་གིས་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་པ་དེ་དང་། རྒྱ་ནག་སྲིད་གཞུང་གིས་མི་རིགས་བར་ལ་དབྱེ་འབྱེད་བྱས་པ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད། དཔེར་ན། བཙན་བྱོལ་སྲིད་གཞུང་གིས་ཁྲིམས་ཐོག་ནས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་ཐོབ་ཐང་འདྲ་མཉམ་མེད་པ་བྱས་ཡོད། རྒྱ་ནག་གཞུང་གི་རྩ་ཁྲིམས་སུ་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་གཅིག་མཚུངས་སུ་སྤྲད་ཡོད། རྒྱ་མི་རིགས་ཚུད་པའི་རྒྱ་ནག་གི་མི་མང་ཡོངས་ལ་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་སོགས་རྩ་ཁྲིམས་སུ་འཁོད་པ་ལྟར་མེད་པ་ནི་གཅིག་མཚུངས་མེད།

གལ་ཏེ་བཙན་བྱོལ་སྲིད་གཞུང་གིས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་ཁྲིམས་ཐོག་ནས་འདྲ་མཉམ་གྱི་ཐོབ་ཐང་སྤྲད་པ་ཡིན་ན། རེ་ཞིག་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་སོགས་མ་སྤྲད་ན་ཡང་གནད་འགག་དེ་ཙམ་མི་འདུག འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་གཙོ་བོ་དེ་ཐོབ་ཐང་འདྲ་མཉམ་ཟེར་བ་འདི་རེད། འདི་མེད་ན་དམངས་གཙོ་ཟེར་བ་དང་། རང་དབང་ཟེར་བ་དེ་འུག་པའི་རྫུན་ཚིག་ཁོ་ནར་གྱུར་བ་རེད།