ལེའུ་དང་པོ།

༄༅། །ཨོཾ་སྭ་སྟི། ཆོས་ཉིད་ངང་ལས་མ་འགག་སྙིང་རྗེ་ཡིས། །

རིས་མེད་འགྲོ་བའི་དོན་དུ་བྱང་ཆུབ་སེམས། །

གཏོང་མིན་རྡོ་རྗེ་ལྟ་བུའི་དམ་ཚིག་གི །

རང་མདངས་ཕྲིན་ལས་རྣམ་བཞིའི་རྩེ་བརྒྱ་པས། །

རིང་ནས་སྨོན་ངན་ལོག་པའི་བསོད་ནམས་རིའི། །

ཁེངས་པས་དྲེགས་པའི་ང་རྒྱལ་བྲག་གི་རྩེ། །

རྒྱུ་འབྲས་སྟོན་ཕྱིར་བསྙིལ་ལ་ཆེས་དཔའ་བའི། །

སྐྱེས་མཆོག་ནོར་བུ་དགྲ་འདུལ་རྒྱལ་གྱུར་ཅིག།

ལེའུ་དང་པོ། འཕགས་མཆོག་ཐུགས་རྗེའི་ཟླ་དཀར་ཞིག། སྣང་སྲིད་ཟིལ་གནོན་ཐུགས་ཀར་ཐིམ།། བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡིས།། ཐོས་པ་དགའ་བར་དབང་བསྐུར་རོ།། ༈ དེའང་སྙིགས་མ་ལྔ་བདོ་བའི་དམུ་རྒོད་ཀྱི་སེམས་ཅན་ལས་ངན་པ་རྒྱུ་མཚན་ཉིད་ཀྱིས་གྲོལ་དཀའ་བ། འབྲས་བུ་གསང་སྔགས་ཀྱིས་སྨིན་དཀའ། སེམས་གྱོང་པོ་རྡོ་དང་འདྲ། སྲ་མཁྲེགས་ཟོང་གིས་མ་བརྐོས་ན། ཆབ་ཆུ་བོས་སྦངས་ཀྱང་ནེམ་མི་བབ། མར་སྣུམ་རྩི་བྱུགས་ཀྱང་སྐུད་མི་ལོན། ཆོས་འདི་ཕྱིས་བཀུག་པའི་གཉེན་མེད། ཁྲིམས་གྲྭ་སས་བཅུམ་པའི་ནེམ་མེད། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ། བོན་ཆོས་བན་ལ་བསྒྱུར་བའི་བོད་ཁམས་སུ། ལྷ་འདྲེ་སྡུག་པ་ཅན་རྣམས་ཀྱི་ཀོ་ལོང་རང་སར་ཞི་ཕྱིར་སྔགས་འཆང་པདྨ་ཐོད་ཕྲེང་གིས་དམ་བཞག་ལན་གསུམ་གྲུབ་ན་ཆོས་རྒྱལ་སྐུ་ཚེ་བརྟན། མངའ་འབངས་བདེ་སྐྱིད་འཛོམས་ཀྱང༌། བདུད་བློན་དབང་བཙན་གྱིས་རྗེ་ཁ་འབངས་ཀྱིས་བསྒྱུར། དམ་བཞག་ལན་གཉིས་ལས་མ་གྲུབ་པའི་རྟེན་འབྲེལ་དཔལ་ཁ་འཆུགས་པའི་རྐྱེན་གྱིས་མཐའ་བཞིའི་མཚོན་ཁ་འཁྲུག མཐའ་འདྲེ་དབུས་སུ་འཁྱམས། ཆོས་རྒྱལ་དམངས་སུ་ཕབ། སྤྱིར་འཛམ་གླིང༌། སྒོས་བོད་ཁམས་ཐམས་ཅད་འཕོ་འགྱུར་སྡུག་གིས་ནོན་པ་ལ། འཕགས་མཆོག་ཐུགས་རྗེ་ཆེན་པོས་སྙིང་རྗེའི་ཐུགས་ཀྱིས་མ་བཟོད་ནས། བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད་ལ་གསོལ་བ་བཏབ་པ། ཨོཾ་མ་ི་པདྨེ་ཧཱུྂ་ཧྲཱིཿ སྐྱབས་རབ་འབྱམས་ཞིང་ཁམས་གཙོ་ལ་འདུད། །ནུབ་བདེ་ཆེན་ཞིང་མགོན་འོད་མི་འགྱུར། །ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང༌། །མ་དག་འཁོར་བའི་གནས་ལ་གཟིགས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །སྡིག་པའི་ཆུ་སྲིན་གསོད་ལ་མཁས། །དུག་ལྔའི་རྦ་རླབས་ཡ་རེ་ང༌། །སེམས་མེ་ལོང་སྒྲིབ་པའི་དམུས་ལོང་རྣམས། །མཐའ་མེད་འཁོར་བ་སྙིང་རེ་རྗེ། །ཐུགས་རྗེས་ཐབས་མཆོག་བསྟན་དུ་གསོལ། ། དེ་སྐད་ཅེས་གསོལ་བ་བཏབ་པར། བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས་ལན་དུ་འདི་སྐད་ཅེས་གསུངས་སོ། །འོ་ལེགས་སོ་ལེགས་སོ་རིགས་ཀྱི་བུ། །སེམས་ཅན་མ་རིག་འཕྲུལ་པ་རྣམས། །འདུལ་སྐལ་མེད་ན་འདྲེན་པར་དཀའ། །དེ་བས་ལྔ་བདོའི་འགྲོ་བ་ལ། །དད་པའི་ཨ་ལོང་མེད་པས་ན། །ཁམས་གསུམ་འདྲེན་པའི་སྟོན་པས་ཀྱང༌། །ཐུཊ་རྗེའི་ལྕགས་ཀྱུས་འདྲེན་ཐབས་མེད། །འོན་ཀྱང་རྩ་གསུམ་ལྷ་ཡི་ཞིང༌། །ཡབ་རྗེ་ལྷ་ཆེན་འོད་ལྡན་དཀར། །ཡུམ་མཆོག་མན་དྭ་ལྷ་མཛེས་ལ། །སྲས་པོ་བདེ་མཆོག་ངང་ཡག་ཡོད། །དེ་དང་ལྷ་ལྕམ་སྒྱུ་མ་མཛེས། །ཨེ་ཝཾ་སྦྱོར་ལས་རྫུས་སྐྱེས་པ། །མི་སྐྱོད་ཐུགས་རྗེའི་འོད་ཟེར་ལས། །དོན་གྲུབ་བྱིན་རླབས་འཕྲུལ་གྱི་བུ། །ཐོས་ན་དགའ་ཞིང་མཐོང་ན་སྤྲོ། །འཛམ་གླིང་མི་ཡུལ་འཕོས་པ་ན། །སེམས་དཔའ་དེ་ཡིས་འདུལ་དཀའ་འདུལ། །བོད་ཁམས་སེམས་ཅན་བདེ་སྐྱིད་བྱུང༌། །ངན་སོང་གྲོལ་བར་ཐེ་ཚོམ་མེད། །དེ་ཕྱིར་རྔ་ཡབ་གླིང་དུ་སོང༌། །ཐོད་ཕྲེང་རྩལ་ལའང་དེ་སྐད་ཞུས། །འགྲོ་དོན་བརྩོན་ཅིག་སེམས་དཔའ་མཆོག །དེ་ལྟར་ཟུང་ཞིག་ཨེ་མ་ཧོ།། ཞེས་ལུང་བསྟན་དབུགས་དབྱུང་གིས་གཟེངས་བསྟོད་པ་དང༌། དེ་ནས་སྐད་ཅིག་ཡུད་ཙམ་ལ་ཐུགས་རྗེ་ཆེན་པོ་ཐབས་ལ་མཁས་པ་དེ་ཉིད་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་བདེ་ཆེན་ལྷུན་གྲུབ་ཀྱི་ཕོ་བྲང༌། རྔམས་བརྗིད་རཀྵའི་གྲོང་ཁྱེར། གཤིན་རྗེ་ཡིན་ཀྱང་ཡ་ང་ས། སྲོག་བདག་ཚངས་པ་ཕྱིར་ནུར་ཤོར་ས། བི་ན་ཡ་ག་གཟུར་འགྲོས་དགོས་ས། མི་ཕལ་པས་བལྟ་བས་མི་བཟོད་ས་དེ་ན། འགྲོ་དོན་ཚད་མེད་ཅིག་ཡོད་ཕྱིར་སྲིན་ཕྲུག་ཉ་ལྕིབས་ཀྱི་ཐོད་བཅིངས་པ་ཞིག་ཏུ་སྤྲུལ་ནས་ཤར་སྒོ་བྱམས་པ་ཀུན་ཁྱབ་དེ་ན་འོད་དཀར་པོ་ཕུབ་ཙམ་གཅིག་གིས་བསྐོར་བ་གྱི་ལེ་སོང་བར། སྲིན་བློན་རཀྵ་མགོ་བདུན་དེས་མཐོང་ནས། ཨ་མཚར་རེ་ད་ནང་ལྟད་མོ་ལ། །ལྷ་ཡིན་ཟེར་ན་སྲིན་ཕྲུག་འདྲ། །སྲིན་ཡིན་ཟེར་ན་འོད་སྐོར་ཅན། །ས་པདྨ་འབར་བའི་རྭ་བ་ན། །མ་རིག་འཁྲུལ་བའི་སེམས་ཅན་གྱིས། །བལྟ་མི་དགོས་ཐོས་ན་སྐྲག་པ་ལ། །ཆ་མེད་ཀྱི་མི་ཞིག་ཕེབས་ལུགས་ལ། །དོན་ཆེན་གྱི་གཏད་སྒོ་ཅི་འདྲ་ཡོད། ཟེར་ནས་སྐད་ཆ་འདྲི་རྨེད་ཀྱི་གླུ་འདི་འདྲ་བླངས་སོ།། ཨོཾ་མ་ི་པདྨེཧཱུྂཿ གླུ་ཨ་ལ་གླུ་ཡི་མགོ་མ་རེད། །ཐ་ལ་ངག་གི་བཀུག་ལུགས་རེད། །ས་འདི་ཀོ་རྔ་ཡབ་སྲིན་པོའི་ཡུལ། །མ་དག་རཀྵ་འདྲེ་ཡི་གླིང༌། །དག་པ་རིག་འཛིན་མཁའ་འགྲོའི་ཞིང༌། །ད་ནང་ཐོག་བབས་བུ་ཆུང་ཁྱོད། །ས་ག་དེའི་ཕྱོགས་ནས་ཡོང་ལེ་ཡིན། །དོན་ཆེན་པོའི་གཏད་སྒོ་ཅི་འདྲ་ཡོད། །དོན་ཆེན་ཞེ་ལ་མ་བརྣག་ན། །གལ་ཆེན་མཐའ་ལ་བསྙེགས་དོན་མེད། །སྡུག་ཆེན་གདོན་གྱིས་མ་ཟིན་ན། །གཙང་ཆེན་ཆུ་ལ་ལྕེབ་དོན་མེད། །གྱོད་ཆེན་རང་ལ་མ་བྱུང་ན། །རྒྱུ་ཆེན་ཁྲིམས་རར་འགྲིམ་དོན་མེད། །རྔ་ཡབ་སྡིག་པའི་ཁྲག་མཚོ་ལ། །སྲིན་པོ་ཟ་ཁ་མེ་ལས་ཚ། །སྲིན་མོ་བསྙབས་ལག་ཆུ་བས་རིང༌། །ཕྲ་མན་ཤ་ཉུལ་རླུང་ལས་མགྱོགས། །ས་འདི་ན་འོང་དོན་ཅི་ཞིག་ཡིན། །ཕ་མ་རིགས་ཆོས་ཅི་འདྲ་ཡོད། །མ་གསང་བླ་བོ་དྲང་པོར་ཤོད། །གཏམ་དྲང་པོ་གྲྭ་སའི་གཞུང་ན་འགྲིམ། །མདའ་དྲང་པོ་ཕ་རོལ་འབེན་ལ་འགྲོ། །ལམ་དྲང་ན་རྒྱ་དབུས་ཐག་རིང་མིན། །གོ་ན་ཕོ་རབ་བརྡ་ཡིས་ཆོག །མ་གོ་གླང་རྒན་བེར་ཀས་བཤད། །དེ་ཨེ་དགོས་སྲོག་གི་དམར་ཐང་ལྟོས། །གོ་ན་ཚིག་གི་འགྲེལ་བ་རེད། །མ་གོ་གླུ་ལ་སྐྱོར་ལྡབ་མེད།། ཅེས་ཟེར་བྱུང་བའི་ལན། ཁོ་ན་རེ། འོ་གོ་བྱུང་ལགས། གཏམ་འདྲ་མའི་གནད་གསང་མ་བཀྲོལ་ན། དོན་ཟབ་ཀྱང་གསང་ཚིག་ཁ་འཐམ་རེད། དོན་འབྲས་བུ་ལག་ལ་མ་ལོན་ན། ཚིག་མང་པོ་མཆིལ་མའི་ལྦུ་བ་རེད། དཔྱིད་སྔོན་མོས་ས་ཆུ་མ་གསོས་ན། ལྷོ་གཡུ་འབྲུག་སྔོན་མོ་དུག་སྦྲུལ་ཁ་འཐམ་རེད། དགུང་ཉིན་ཟླས་རི་རབ་བསྐོར་ལེ་དེས། གླིང་བཞིའི་ཉམས་ལ་མ་ཕན་ན། རི་རབ་ཕན་མེད་གནོད་མེད་རེད། ཉི་ཟླ་ཀླད་མེད་མགོ་འཁོར་འདྲ། གླིང་བཞི་བཟང་བྱས་ངོ་མེད་རེད། དེ་འདྲ་ཡིན་ཐབས་ཅི་ལ་ཡོད། ས་ནག་པོའི་ཚུགས་ལ་ཟད་ཡོད། སྤྲིན་དཀར་པོའི་ཚད་ལ་བཞག་མེད། དོན་ཆེ་ན་རྒྱ་དབུས་ཉིན་བསྐོར། གལ་ཆེ་ན་ཚིག་ལ་འོར་ལྡབ། ལོ་རྒྱུས་མང་པོ་ཞུ་རྒྱུ་ལོས་ཡོད་དེ། ཞུ་སའི་དཔོན་དེ་ཐོད་ཕྲེང་པདྨ་གཟི་ལྡན། འཛེགས་པའི་སྐས་དེ་བློན་ཆེན་གྲོས་ར་གོང་མ་རེད་མ་གཏོགས། རང་བཞིན་གཏམ་ཆེན་པོ་སྟོང་སྡེའི་འདུ་ར་ལ་བཤད་རྒྱུ་མེད། འབྲས་དྲུག་སྤང་ལ་གཏོར་ན་འབྲུ་མེད། ས་བོན་ཞིང་ལ་བཏབ་ན་དོན་ཡོད་ཟེར་བའི་དཔེ། ལོ་རྒྱུས་ཀྱི་འདྲ་མ་འདི་འདྲ་ཡོད་ཟེར་ནས་གླུ་འདི་བླངས་སོ།། ཨོཾ་མ་ི་པདྨེ་ཧཱུྂ་ཧྲཱིཿ ཆོས་ཕ་རོལ་ཕྱིན་ལ་གསོལ་བ་འདེབས། །དོན་སྟོང་ཉིད་རང་ས་ཟིན་པར་ཤོག །ང་དང་ང་ངོ་མ་ཤེས་ན། །ང་ཀུན་ཕན་སྙིང་རྗེའི་གཅེས་ཕྲུག་ཟེར། །ཕ་ནི་བྱང་སེམས་ཀུན་ཁྱབ་མགོན། །མ་ནི་སྟོང་ཉིད་ཆོས་སྒྲོན་ཡིན། །ད་ནང་བདེ་ཆེན་ཐང་ནས་འོང༌། །དོན་ནི་རང་གཞན་གཉིས་ཀའི་དོན། །གཏད་པ་རྔ་ཡབ་གླིང་ལ་གཏད། །ཞུ་བ་ཐོད་ཕྲེང་དཔོན་ལ་ཞུ། །དེ་སྟེ་གནའ་རབས་གཏམ་དཔེ་ལ། །རྒྱ་ནག་པོའི་ཟོང་དེ་དབུས་ལ་འགྲིམ། །དབུས་སུ་རུང་རྒྱུ་མེད་མ་རེད་དེ། །རྒྱ་བོད་སེམས་ཐག་སྦྲེལ་ཟས་རེད། །བླ་སློབ་བར་ལ་དབང་ཆོས་འགྲིམ། །ཆོས་ཟབ་མོ་འཕང་མེད་མ་རེད་དེ། །སྨོན་ལམ་དམ་ཚིག་སྦྲེལ་བ་རེད། །སྡེ་དཔོན་བར་ལ་བློན་ཆེན་འགྲིམ། །བློན་མ་ཡོད་ཐབས་ཆག་མ་རེད་དེ། །ཁྲིམས་གྲྭ་ས་གཉིས་ཀྱི་ཆེ་ཐོབ་རེད། །ངས་ཚིག་གི་གོ་བ་ཁྱེད་ལ་ཕུལ། །ཉམས་ཆུང་ཞུ་སྣ་བྱེད་རོགས་གྱིས། །དོན་གྱི་ཉམས་རྩ་དཔོན་ལ་ཞུ། །སྙིང་རྗེས་ཅི་ཁྱབ་ལས་ཀྱིས་ཕྱེ། །ང་དོན་ཆུང་མ་ཡིན་གལ་ཆེན་ཡིན། །དོན་ཆེན་འགྲོ་བ་སྤྱི་དོན་ཡིན། །དོན་མེད་ན་གཏམ་སྒོ་ཅི་ལ་ཟེར། །དོན་མེད་ས་མཐའ་འགྲིམ་ལེ་དེ། །མུ་གེ་རང་གིས་ཉོ་ལེ་ཡིན། །སྡུག་མེད་གཡང་ལ་ལྕེབས་པ་དེ། །རང་སྲོག་འདྲེ་ཡིས་ཁྱེར་ལེ་ཡིན། །ཕྱུག་པོས་རྒྱུ་མགོ་ཁུར་ལེ་དེ། །བསགས་པ་གྱོང་ལ་སྐྱེལ་འདོད་རེད། །བཙན་པོས་སྙད་བརྐོ་མང་ལེ་དེ། །རང་སྨ་རང་གིས་ཕབ་འདོད་རེད། །སྤྲང་པོ་ཚིག་སྤོབས་མཐོ་ལེ་དེ། །གྲོག་ཁ་རང་གིས་བཅིང་འདོད་རེད། །དེ་འདྲ་དགོས་པ་ལར་ནས་མེད། །རྗེ་རཀྵ་ཐོད་ཕྲེང་མདུན་ས་རུ། །ང་མ་ཚུད་ལས་ཀྱི་ཀ་མེད་ཡིན། །ཐུགས་རྗེས་ཟུང་ལ་དགོངས་པ་ལྷོད། །འདྲ་མ་གླུ་ཡི་མཆོད་པ་འདི། །སྙན་གསན་ཐུགས་ལ་འདྲོངས་པ་ཞུ།། ཞེས་ཞུས་པ་དང༌། སྲིན་བློན་ན་རེ། ཡ་ཁོ་རེ། ངེད་སྲིན་རྒྱལ་རཀྵ་ཐོད་ཕྲེང་གི་རྒྱལ་བརྒྱུད་འདི། གནའ་རབས་ཡིན་ན། ཁྲིམས་ཁ་དོག་ཟེར་བས་ཚ། ཁེབ་རྒྱ་ཨ་སྔོན་བས་ཆེ། སྐུ་དབང་གཟའ་རྒོད་ལས་བཙན། ཁྱོད་བུ་ཆུང་མཐའ་འཁྱམས་ཤིག་མི་དགོས་དང༌། ངེད་ནང་བློན་མདུན་འདུག་རྣམས་ཀྱང་ཉེས་མེད་ཆད་པས་གཅོད་ལ་ཁད། དོན་མེད་ཧབ་ལ་འཕེན་ལ་ཁད། དངོས་མེད་སྦར་གྱིས་འཛིན་ལ་ཁད། མི་གསོན་པོའི་ཤ་ལ་ཧབ་འཇང་བྱེད། རྟ་གསོན་པོའི་ཁྲག་ལ་ཧུབ་འཐུང་བྱེད་མི་འགའ་ཡིན་དར། མི་རབས་ཁ་ཤས་ཚུན་ཆད་གཟུགས་ལྷུ་དྲུག་གི་སྐུ་ཁོག་རྒྱས་ཞན་འདྲ། སེམས་སྟོང་ཉིད་བྱམས་སེམས་ལ་ཞི་དྲག་ལྷོད་གསུམ་འཛོམ་ལུགས་དཔེ་གཅིག་ལ་དྲས་པའི་ཕུ་ཐུང༌། ཚད་གཅིག་ལ་བཞག་པའི་ཕྲེང་རྡོག་ཤ་སྟག་ཡིན་དར་ཀྱང༌། ཁྲིམས་གྲྭ་སའི་ཁེབ་རྒྱ་ལ། རྩྭ་བསྲེ་ཤིང་བསྲེ་ཆོག་མི་དར། ཁྱོད་ཨེ་ཚུད་བཀའ་འདྲི་ཞུ་ཆོག དེ་མིན་ངེད་གཉིས་གླང་རྒན་ཆུ་ལ་བསྙབས་འདྲ། བ་རྒན་རྩྭ་ལ་ཡན་འདྲ། བོང་རྒན་ཆར་པས་དེད་འདྲ་བྱས་ནས་ཧར་རེ་འཛུལ་འགྲོ་ཡེ་མི་ཕོད། ལར་རྒྱ་ཁྱོད་ལ་ལྷ་ཁང་མཇལ་བའི་སྙན་ཤལ། བླ་མ་མཇལ་བའི་འབུལ་བ། དཔོན་པོ་མཇལ་བའི་ཕྱག་རྟེན་ཅི་ཡོད་ཟེར། ང་ལ་ཕྱག་རྟེན་ཚན་གྲངས་སུམ་ཅུ་ཐམ་པ་ཡོད། དེ་བགྲངས་ན་ཆོས་ལ་མ་ི་འབྲུ་དྲུག ལམ་ལ་ཕ་རོལ་ཕྱིན་དྲུག ཕྱི་སྣང་བའི་ཡུལ་དྲུག ནང་རྣམ་ཤེས་ཚོགས་དྲུག བར་དབང་པོ་སྒོ་དྲུག དེ་ཚོས་ཕྱག་རྟེན་ཨེ་ཡོང་ཟེར། ཡོང་ཟེར་རྒྱུ་ཡང་མེད། ཕོངས་བ་ཟས་རྩིས་ཆེ་ཞན་འདྲ། ཕྱུག་པོ་ལྟོ་ཁོག་ཇེ་དོག་ཡིན། ཕྱུག་པོ་རྟ་རྩིས་ཆེ་ཞན་འདྲ། ཚོང་ཡ་སྒོ་རྩ་ཇེ་མཁྲེགས་ཡིན། མེད་པོའི་མཛོ་མོ་རྟ་འདྲ་མ། ཇག་ཚོ་ཆེན་ལམ་འགྲོ་ཞོར་ཟས་ཡིན། སྤྱང་ཀི་རྟ་ཟན་ལུག་རོས་ཨེ་བརྒྱག་ན་སྟེ། མི་ཡོང་ཟེར་རྒྱུ་མེད། ཙ་རི་བསྐོར་བའི་ཕྱག་རྟགས་དེ། གནས་ཤིང་སྦ་སྨྱུག་ཚིགས་དགུ་ཡིན། ཇ་འུ་ཟིའི་རི་ལུང་དེད་ལེ་དེ། དངུལ་རིན་ཆེན་རྟ་མིག་ཁ་སྤྲོད་ཡིན། ལར་ཁྱོད་ཀྱི་དེ་ཚོ་ནོམ་པ་ཆེན་པོ་རེད་དམ་ཆུང་ཆུང་རེད་ཟེར། ཆེན་པོའང་མ་རེད། རང་ལུས་འདོམ་གང་གྲུ་བཞི་ལ། དལ་འབྱོར་རིན་ཆེན་ནོར་བུ་རེད། ཆུང་ཆུང་ཡང་མ་རེད། དཔྱད་ཤེས་ན་འདི་ཕྱིའི་གྲོ་རྒྱགས་རེད། གང་འདོད་འཁོར་བའི་ལས་ཟོག་རེད། ལོན་མེད་ཡིད་བཞིན་ནོར་བུ་རེད། དཔྱད་མ་ཤེས་དུག་གསུམ་འཁོར་བའི་གཏིང་རྡོ་རེད། སྐྱིད་སྡུག་གཉིས་ཀྱི་ཡོ་གེ་རེད། མི་གཙང་རྫས་ཀྱི་རྐྱལ་པ་རེད། ད་འོ་ན་ཅི་ཡིན་ཀྱང་ངེད་ཀྱིས་མདུན་བཅར་ཨེ་ཚུད་ཞུ་ཡོང༌། ཁྱོད་རེ་ཞིག་སྒུགས་ཟེར་ནས། ཁོང་ནང་དུ་སོང་བ་དང་རྔམ་བརྗིད་བམ་གྱི་གདན་སྟེང༌། མཛེས་བཀྲག་གསེར་གྱི་ཁྲི་ཁ་དེ་ནས་པདྨ་རཀྵ་ཐོད་ཕྲེང་དེའི་ཐུགས་ཆོས་ཉིད་ཆེན་པོར་མཉམ་པར་བཞག་ནས། དོན་ཁོང་དུ་ཚུད་ཀྱང་མ་མཁྱེན་པའི་ཚུལ་གྱིས་བློན་ཆེན་རཀྵ་མགོ་བདུན་ལ། ཡ་ཁོ་རེ་ད་ནང་དོན་འབྲས་མེད་པའི་གླུ་ལེན། སྙན་འགྱུར་མེད་པའི་ངག་བཀུག གླེན་པའི་ཚིག་ལ་འོར་ལྡབ་བྱེད་མཁན་དེ་སུ་རེད། ལས་དོན་ཆེན་ཅི་ལ་སྙེག་མི་རེད། ཞེ་བློ་སྒོ་སུ་ལ་གཏོད་མི་རེད། ལུས་ཐོད་པ་སུ་ལ་གཏོད་མི་རེད། གསུངས་པ་དང༌། ཁོའི་བསམ་པ་ལ་རྗེ་རྒྱལ་པོ་ཁྲི་ལ་འཁོད་ཞན་འདྲ། འོད་སྣང་འཛམ་གླིང་ཡོངས་ལ་ཁྱབ། ལྷོ་སྤྲིན་བར་སྣང་འཁྲིགས་ཞན་འདྲ། སྦྲང་ཆར་དོག་མོའི་ས་ལ་འབབ། ཟེར་བའི་དཔེ་ཁོང་གིས་གཟིགས་སོང་ཚོད་རེད་སྙམ་ནས། རིན་ཆེན་སྤྱི་བོའི་ནོར་བུ་ལགས། སྲིན་བདེ་ཆེན་འབུམ་གྲོང་ཁྲ་མོ་ཡི། ལྕགས་རི་གཉིས་པའི་ཤར་སྒོ་བྱམས་པའི་གླིང་ཆེན་དེ་ན། མི་མིིན་སྲིན་མིན་བུ་ཆུང་ཞིག ལྷ་མ་ཡིན་འོད་སྐོར་གྱི་ལེ་བབ། གནད་དོན་སྒོ་ཆེན་པོ་ཡོད་རབས་ཟེར། སྙན་དར་ལུང་སྲང་ཐག་ལྷང་ངེར་གཏོད། ཐུགས་མ་ཡེངས་ཞུ་བ་འདི་འདྲ་ཡོད་ཟེར་ཏེ་ཕྱག་གསུམ་འཚལ་ནས་གླུ་ཞུས་འདི་འདྲ་ཞིག་ཕུལ་ལོ།། ཨོཾ་མ་ི་པདྨེ་ཧཱུྂཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེད། །སྟེང་པདྨ་རཱ་གའི་ཕོ་བྲང་ནས། །ཨོ་རྒྱན་སྣང་བ་མཐའ་ཡས་མཁྱེན། །བདག་དང་མཁའ་མཉམ་སེམས་ཅན་རྣམས། །འཆི་མེད་རིག་འཛིན་འགྲུབ་པར་ཤོག །ཞི་དྲག་རིན་ཆེན་བམ་རོའི་ཁྲི། །པདྨ་འབར་བའི་གདན་སྟེང་ནས། །ཚེ་འདིའི་མགོ་རྗེ་དཔོན་ལུ་གསོན། །ཕྱི་མའི་འདྲེན་སྟོན་བླ་མ་གསོན། །འདི་ཕྱི་གཉིས་ཕན་སངས་རྒྱས་ལགས། །ད་ནང་ཁྲི་གདུགས་གསེར་མདངས་འོད། །དཔལ་རིའི་རྩེ་ལ་ཕོག་མཉམ་ལ། །ཤར་གླིང་བྱམས་པ་ཆེན་པོའི་སྒོ། །བདེ་ཆེན་ཀུན་ཁྱབ་ཐང་དཀྱིལ་ལ། །བུ་ཆུང་མཚར་སྡུག་འོད་ལ་ཆགས།།འོད་དང་འཇའ་ཡི་ཟེར་ཕྲེང་འཁྲིགས། །མིང་ལ་སྙིང་རྗེ་ཀུན་ཕན་ཟེར། །དོན་ཆེན་གཞན་ཕན་མཐའ་ཡས་དེ། །རྔ་ཡབ་དཔོན་ལ་མདུན་ཞུས་དགོས། །ཁོམ་མེད་ཚ་དྲག་ཆེའོ་ཟེར། །སྦྱིན་པའི་ཞིང་གི་ཆེ་བརྗོད་དེ། །མཆོད་པའི་ཁ་ཐབས་མ་ཡིན་ན། །བླ་མ་བཀའ་བཅུ་རབ་འབྱམས་རེད། །ཉེས་པ་རབ་ཀྱི་རྒྱུ་སྦྱངས་དེ། །བློན་པོའི་ཟ་འདོད་མ་ཡིན་ན། །དཔོན་ལུ་བཙན་པོས་གཉའ་ནོན་རེད། །ནམ་མཁའ་སྤྲིན་གྱི་ཚ་རག་དེ། །སྡེ་བརྒྱད་ཟ་ཁ་མ་ཡིན་ན། །སྦྲང་ཆར་འབྲས་དྲུག་སྨིན་རོགས་རེད། །ཉམས་ཆུང་སྤྲང་པོའི་སྨོན་ལམ་དེ། །ཟ་འདོད་གྲོག་འབོད་མ་ཡིན་ན། །སྤྲང་ཉམ་ཆུང་ཁོག་པ་དར་དཀར་རེད། །ཉམས་མ་ཆོད་བཀའ་འདྲི་ཞུའོ་བྱས། །ཡར་ཞུ་རྒྱུ་རྒྱ་དར་རིང་མོ་དེ། །གྲྭ་སའི་བློན་འགྲིམ་མི་བྱེད་དོ། །ཁོས་ཡར་ཞུ་དོན་གྱི་ཉམས་རྩ་དེ། །བཞུགས་གསེར་ཁང་མདུན་ཞུས་ཨེ་ཆོག་ལགས། །གླེན་རང་རྩིས་ཅན་གྱི་ཚིག་རྡོ་དེ། །སྙན་གྲྭ་སའི་གསེར་ཁང་མི་འགྲིམ་སྟེ། །ཆུས་གལ་ཆེན་བྱུང་ན་སྐུ་དོན་རེད། །སྙན་གསན་གླུ་ཡི་མཆོད་པ་རེད། །དོན་འབྲས་ཞུ་བའི་བཀའ་ལན་མཛོད།། ཅེས་ཞུས་པ་དང༌། ཐོད་ཕྲེང་པདྨ་གཟི་ལྡན་དེས། འོ་ལེགས་སོ། གཏམ་གྱི་དཔེར། འདྲེན་སྟོན་ཅན་གྱི་བླ་མ་ལ། འབུལ་བ་བརྒྱ་ལས་སྡིག་སྤང་མཉེས། ཁེབས་རྒྱ་ཅན་གྱི་དཔོན་པོ་ལ། ཕྱག་རྟེན་བརྒྱ་ལས་བདེན་དྲང་མཉེས། བསོད་ནམས་བསགས་པའི་ལས་མགོ་ལ། རྒྱུ་ཟས་བརྒྱ་ལས་རྟེན་འབྲེལ་མཉེས། དེ་རིང་མེ་སྤྲེལ་ཟླ་བ་དང་པོའི་ཚེས་བརྒྱད་རྟེན་འབྲེལ་གྱི་དཔལ་ཁ་འདི་ལ། ཁོ་ལྷ་ཀླུ་གཉན་གསུམ་མི་སྡེ་བརྒྱད་སུ་ཡིན་ཀྱང་ད་ལྟ་མྱུར་དུ་མདུན་ས་འདི་ལ་འོང་ཆུག་གསུངས། དེར་ཁོ་སྒོ་ལ་སོང་བས་ད་རེས་ཀྱི་བུ་ཆུང་དེ་གནམ་ལ་བྱ་རྗེས། བྱ་ལ་རླུང་ལམ། ས་ལ་བྱིས་རྗེས། བྱིས་ལ་འཛུལ་ཁུང་ཅི་ཡང་མི་འདུག ཕར་ཐད་ཀ་དེ་ན་གསེར་གྱི་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཧྲཱི་དཀར་པོ། འདབ་མ་ལ་ཨོཾ་མ་ི་པདྨེ་ཧཱུྂ་ཧྲཱིཿཨཿཟེར་བའི་ཡི་གེ་རང་སྒྲ་ཅན་ཞིག་འདུག ཁོས་བསམ་པ་ཨ་མཚར་རེ། ད་ངས་དཔོན་ལ་ཅི་ཞུ། བློན་ལ་ཅི་བཤད། གཡོག་ལ་ཅི་ཟེར། སྡེ་ལ་ཅི་བསྒྲག་བསམ། ཡང་བསམ་བློ་སྐོར་ཚོགས་བཅུ་གཉིས། བློ་རྩེ་ཉི་ཤུ་རྩ་ལྔ་བཏང་ནས། སྟོང་ཉིད་སེམས་དེ་མ་ཟད་ན། ཕོ་རབ་བློ་ལ་ཟད་པ་མེད། ལྕེ་ཆུང་སོ་རྡབ་མ་ཕོག་ན། མཁས་པའི་གཏམ་ལ་རྫོགས་མཐའ་མེད། རྐང་ཆུང་འགྲོ་ཚོད་མ་ཟིན་ན། སྐྱ་རིང་ལམ་ལ་ཆོད་མཐའ་མེད། སྔོན་མོའི་ཆུ་དང་མ་ཐུག་ན། དམར་པོའི་མེ་ལ་འབར་ཚོད་མེད། ད་རེས་འདི་རྟེན་བྱིན་མེད་ཕག་གི་རིང་བསྲེལ། གདབ་ཚིག་མེད་ལྐུག་པའི་བུ་རམ་རེད། ཁ་ལ་བརྗོད་བློ་མེད་ཀྱང་ལག་ལ་ཁྱེར་བློ་འདུག ལར་ད་ནང་དེ་སྤྲུལ་པ་ཞིག་ཡིན་ཚོད་རེད། ད་རེས་མེ་ཏོག་འདིའང་ཁོའི་ཆོ་འཕྲུལ་འདྲ་བས་རྒྱལ་པོའི་མདུན་དུ་ཁུར་འགྲོ་ཨེ་ཉན། ལར་ད་ནང་བསོད་ནམས་ཅན་ལ་རྟེན་འབྲེལ་མཁོ། ལྷ་འདྲེ་སུ་ཡིན་ནའང་ཁྲིད་ཤོག་གསུང་གྲགས། ད་འདི་དངོས་པོ་མེད་པའི་འཇའ་གཟུགས། སྒྱུ་མ་མཁན་གྱི་རྩེད་མོ། རྫུ་འཕྲུལ་ཅན་གྱི་སྤྲུལ་གཞི། བཟང་ངན་ཅི་ཡིན་ནའང་ངོ་མཚར་ཅན་ཞིག་ཡིན་ཐག་ཆོད། དེ་སྟེང་ད་རེས་འདབ་མའི་ཚིག་ཟེར་སར་མ་རྙེད་ཀྱང༌། སྟོན་པའི་རྫས་འདི་འབུལ་རྒྱུ་ཁུར་དགོས་སྙམ་ནས། གངས་དཀར་སེམས་ལ་ཐད་ལུགས། ཁྲ་ཆུང་མིག་ལ་མཛེས་ལུགས། རྟེན་འབྲེལ་ཞིག་ཡིན་ལས་ཆེ་བསམ་ནས་མེ་ཏོག་དེ་ཁུར་ཏེ་གཟིམ་ཆུང་པདྨ་རང་སྣང་གི་སྒོ་ལ་སླེབས་པ་དང༌། ད་རེས་ལག་གི་མེ་ཏོག་དེ། འོད་དཀར་པོ་ཟླ་བ་ཙམ་དུ་གྱུར་ནས་སྲིན་རྒྱལ་རཀྵ་ཐོད་ཕྲེང་གི་ཐུགས་ཀར་ཐིམ་མོ། དེར་རང་གསལ་དགོངས་པའི་རྒྱུད་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོས་ཐུགས་རྒྱུད་བསྐུལ་བ་གོ་བདེ་གླུ་ཚིག་ལ་དྲངས་ནས་འདི་སྐད་གསུངས་སོ།། ཨོཾ་མ་ི་པདྨེ་ཧཱུྂ་ཧྲཱིཿ པདྨ་འབར་བའི་ཞིང་ཁམས་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་མཁྱེན། །པདྨའི་རིགས་མཆོག་ཀུན་མཁྱེན་མཛོད། །སྒྱུ་འཕྲུལ་རྒྱལ་པོ་དགོངས་སུ་གསོལ། །གདུལ་དཀའ་མཐའ་འཁོབ་བོད་ཀྱི་ཡུལ། །ཁ་བ་ཅན་གྱི་རྒྱལ་ཁམས་ན། །སྨོན་ལམ་ལོག་པའི་དམ་སྲི་ནི། །རྒྱལ་བློན་དགུ་པོ་ཚེ་འཕོས་ནས། །ཤར་བདུད་ལྷོ་ཁྲི་སྟག་མིག་དང༌། ལྷོ་བདུད་ས་དམ་དུག་གི་སྡོང༌། །ནུབ་བདུད་ཀླུ་བཙན་དམུ་ཡི་བརྒྱུད། །བྱང་བདུད་གུར་དཀར་ཐེའུ་རང་བུ། །གཡུ་རྩེ་འོད་ཀྱི་བུ་ཆུང་དང༌། །ས་བདག་རྒྱལ་པོ་སྙན་ར་བ། །སེང་བདུད་ཨ་སེ་འཁྱིལ་བ་དང༌། །ལྷོ་བདུད་ཤིང་ཁྲི་རྒྱལ་པོ་དང༌། །སྲིད་པའི་དམངས་འདྲེ་དོམ་ནག་སོགས། །རེ་རེ་ལ་ཡང་གྲངས་མེད་འཁོར། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །བོད་ཁམས་སྡུག་གི་སྣ་འདྲེན་བྱེད། །རྒྱུ་འབྲས་དཀོན་མཆོག་ཁྱད་དུ་བསད། །འགྲོ་ཀུན་ངན་འགྲོའི་ལམ་དུ་ཁྲིད། །ངན་སོང་ས་བོན་གཏིང་རེ་ཟབ། །མ་རིག་འཁོར་བ་སྙིང་རེ་རྗེ། །གདུལ་དཀའ་གདུལ་བའི་མཐུ་བོ་ཆེ། །སྐྱེས་བུ་ལྷ་ཕྲུག་ཐོས་པ་དགའ། །ཡེ་དག་ཀུན་བཟང་རང་སར་གྲོལ། །རྒྱལ་བ་རིགས་ལྔས་དབང་ཡང་བསྐུར། །རིགས་གསུམ་མགོན་པོས་བྱིན་གྱིས་རླབས། །གདུག་པ་གདུལ་ཕྱིར་སྤྲུལ་བའི་སྐུ། །དམ་ཚིག་བསྐུལ་མ་ཁྱེད་ལ་བབ། །དེ་ཕྱིར་མ་གཡེལ་འགྲོ་བའི་མགོན། །ཞེས་གསོལ་བ་དང༌། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དེ་ཉིད་ཀྱིས་ཞལ་འཛུམ་པའི་མདངས་ཕྱུང༌། ཐུགས་དགྱེས་པའི་ལེགས་སོ་བརྗོད། གསུང་སྙན་པའི་གླུ་དབྱངས་ཀྱིས་འདི་སྐད་གསུངས་སོ།། ཀྱེ་ཧོ་ལེགས་སོ་སེམས་དཔའ་མཆོག །འགྲོ་དོན་བརྩོན་པ་ཤིན་ཏུ་ལེགས། །ཐུགས་སྐྱེད་ནམ་མཁའ་མཐའ་མེད་ལ། །གཞན་དོན་སྙིང་རྗེའི་འོད་དཀར་ཅན། །སྨོན་ལམ་སྐར་ཚོགས་གྲངས་ལས་འདས། །ཐུགས་རྗེས་མ་རིག་མུན་པ་སེལ། །སྒྱུ་སྐར་དབུས་ན་ཟླ་བ་བཞིན། །སྣང་སྲིད་བྲན་དུ་འཁོལ་བའི་བུ། །ཐོས་ན་དགའ་གྲོལ་སེམས་པ་ཆེ། །སངས་རྒྱས་གཅིག་བསྡུས་ཕྲིན་ལས་དབང༌། །རྒྱལ་ཀུན་ཡེ་ཤེས་ཀློང་ཏུ་གཅིག །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ། །དེ་ལྟར་མ་རྟོགས་འཁོར་བ་རྣམས། །བསྒྲལ་ཕྱིར་བདེ་བར་གཤེགས་པ་ཀུན། །འགྲོ་དོན་དམ་བཅས་འདའ་མི་སྲིད། །མགོན་ཁྱོད་གཞན་དོན་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ནས། །སྨོན་ལམ་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ་བ་ཞལ་བཞེས་ཀྱི་སྨོན་ལམ་དེ་ལྟར་གསུངས་ནས། ལོངས་སྐུའི་གདུལ་ཞིང་གི་སྲིན་བློན་རང་ངོ་མཚར་མཐོང་གྲོལ་གྱིས་བདེ་ལ་བཀོད་དེ། ཐུགས་རྗེ་ཆེན་པོ་རི་བོ་པོ་ཏ་ལར་གཤེགས་སོ།། དེ་ནས་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་ཡར་ངོའི་ཚེས་བཅུའི་ཉིན། འཆི་མེད་པདྨ་ཐོད་ཕྲེང་དེ་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། ཆོས་དབྱིངས་ཁྱབ་བརྡལ་གྱི་ཏིང་ངེ་འཛིན་ལ་ཞུགས་ཏེ། དབུ་གཙུག་ནས་འོད་ཟེར་ལྗང་གུ་ཞིག་གིས་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་རྒྱུད་བསྐུལ་བ་དང༌། ཆོས་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཞིག་འཕྲོས་ཏེ་རྩ་གསུམ་དགའ་བའི་ཚལ་ན་ལྷ་སྲས་བདེ་མཆོག་དཀར་པོའི་སྤྱི་བོ་ནས་ཞུགས་པས། བརྗོད་མེད་ཀྱི་བདེ་བ་སྐྱེས་ཏེ་དཔའ་བོ་རྟ་མགྲིན་དུ་གྱུར་པའི་སྣང་བ་ཤར། ཡུམ་མཆོག་ནམ་མཁའི་དབྱིངས་ཕྱུག་མའི་ཐུགས་ཀ་ནས་པདྨ་དམར་པོ་འདབ་མ་བཅུ་དྲུག་ཟེའུ་འབྲུ་ལ་ཨཱཿཡིས་མཚན་པ་ཞིག་འཕྲོས་ཏེ་ལྷ་མོ་སྒྱུ་མ་བདེ་མཛེས་མའི་སྤྱི་བོར་ཞུགས། བརྗོད་མེད་ཀྱི་ཉམས་འབར། རྡོ་རྗེ་ཕག་མོའི་སྐུར་གྱུར་བའི་སྣང་བ་ཤར། རྟ་ཕག་ཡབ་ཡུམ་མ་ཆགས་ཐབས་ཀྱིས་སྦྱོར་བས་བདེ་སྟོང་ཟུང་འཇུག་གི་ངང་ལས་སྙོམས་པར་ཞུགས་པའི་སྒྲས་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་ཏེ། བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས། ཚུར་འདུས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཞིག་གི་རྣམ་པར་གྱུར༌། བདེ་མཆོག་དཀར་པོའི་སྤྱི་བོ་ནས་ཞུགས་པ་དེ་ཉིད་བདེ་ཆེན་གྱིས་མེས་ཞུ་ནས། སྒྱུ་མ་ལྷ་མཛེས་ཀྱི་མཁའ་དབྱིངས་སུ་ཡེ་ཤེས་རླུང་གི་རང་བཞིན་སྤྲུལ་བའི་སྐུར་བྱིན་གྱིས་བརླབས་ཏེ། མི་རིང་བར་ཉིད་ནས་ལྷ་ཕྲུག་གཟི་བྱིན་འོད་དུ་འབར་བ་མཐོང་ན་གྲོལ་ཞིང་ཐོས་ན་དགའ་བ་ཞིག་ལྷ་མོ་སྒྱུ་མ་མཛེས་ལྡན་གྱི་པང་དུ་བརྫུས་ཏེ་སྐྱེས་མ་ཐག་ཡི་གེ་བརྒྱ་པའི་སྔགས་སྒྲ་སྒྲོག་པ་ཞིག་འཁྲུངས། གསེར་གྱི་པདྨ་འདབ་མ་བརྒྱད་པ་ཞིག་གི་ཁར་མདའ་གང་མཚམས་ལ་རྡོ་རྗེའི་སྐྱི་མོ་ཀྲུང་གིས་བཞུགས་ནས་རྒྱུ་འབྲས་དོན་སྟོན་གྱི་གླུ་འདི་བཞེངས་སོ།། ཨོཾ་མ་ི་པདྨེ་ཧཱུྂ་ཧྲཱིཿ འོག་མིན་ཆོས་ཀྱི་ཞིང་ཁམས་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔ་མཁྱེན། །བདག་དང་མཁའ་མཉམ་སེམས་ཅན་རྣམས། །དུག་ལྔའི་རྣམ་རྟོག་རང་སར་ཞི། །སྐུ་ལྔའི་ཡེ་ཤེས་མཇལ་བར་ཤོག ཆོས་སྐུ་ཐིག་ལེ་ཉག་གཅིག་དེ། །མཐོང་ན་སངས་རྒྱས་ལག་བཅང་ཡིན། །འོན་ཀྱང་མ་རིག་སེམས་ཅན་ལ། །བཤད་ཀྱང་གོ་བ་ཤིན་ཏུ་དཀའ། །དྲང་དོན་ལྟར་ན་ལྷ་དང་མིའི། །འཁོར་བའི་འཇིགས་ལས་བསྐྱབ་འདོད་ན། །དཀོན་མཆོག་གསུམ་ལ་སྐྱབས་གནས་ཞུས། །སྡུག་བསྔལ་རང་སར་ཞི་འདོད་ན། །བདག་ལས་གཞན་གཅེས་བྱང་སེམས་སྐྱེད། །ངན་སོང་ཀླ་ཀློ་གཡེང་བའི་ལྷ། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་ལྐུག །དེ་བརྒྱད་སྐྱོན་བྲལ་དལ་བའི་དུས། །དབུས་སྐྱེས་དབང་པོ་ཚང་ཞིང་དད། །ལས་མཐའ་མ་ལོག་དགེ་ལ་འདུན། །དེ་དུས་དམ་ཆོས་མ་བསྒྲུབས་ན། །འཆི་བདག་ཟེར་བའི་རྣོ་མྱུར་ཅན། །དགྲ་གཉེན་བཟང་ངན་ཀུན་ལ་འོང༌། །མཐོ་ཉི་ཟླ་ཟེར་བའི་གཡེར་གྲགས་ཅན། །གླིང་བཞི་འོད་ཀྱིས་ཁྱབ་ཞན་འདྲ། །གཟའ་དགྲ་གཅན་ཟིལ་གྱིས་ནོན་རབས་མེད། །མཐོ་རྒྱལ་པོ་རྣམས་ཀྱང་དེ་ལ་སོམས། །ཕུ་གསུམ་བྲག་དམར་མཐོ་ལ་བཙན། །བྱ་རྒོད་པོ་མིན་པས་འགྲིམ་ལམ་མེད། །ཐོག་གནམ་ལྕགས་ཡ་བོ་ཟིན་རབས་མེད། །བཙན་ཡ་མེད་རྣམས་ཀྱང་དེ་ལ་སོམས། །དབྱར་ཟླ་གསུམ་ས་སྟེང་སྲོག་ཆགས་གང༌། །སྟོན་བ་མོ་གཅིག་གིས་སྲོག་དམར་འཇོམས། །དམའ་ཉམ་ཆུང་རྣམས་ཀྱང་དེ་ལ་སོམས། །ལར་དང་པོ་མ་ལུའི་པང་ལ་སྐྱེས། །ཁ་འཇམ་མངར་གསུམ་ཟས་ཀྱིས་གསོས། །ལུས་འཇམ་དར་ཟབ་གོས་ཀྱིས་གཡོགས། །བར་དུ་འཁོར་བའི་བྱ་བས་གཡེངས། །དགྲ་གཉེན་ཆགས་སྡང་འཁོར་ལོ་བསྐོར། །མཐོ་ན་མི་ཆོག་དམའ་དོགས་སྡུག །དམའ་ན་ཁྲལ་དམག་འུ་ལག་སྡུག །བཙན་ན་ལས་མཐའ་ཨེ་སྐྱོང་སྡུག །ཉམས་ན་གཞན་གྱིས་བརྙས་དོགས་སྡུག །ཕྱུག་ན་འཚོ་སྐྱོང་མི་ཐུབ་སྡུག །དབུལ་ན་ཁ་རྒྱབ་མི་གསོས་སྡུག །མི་ཚེ་སྡུག་ལ་ཟད་མཐའ་སྡུག །ནད་རིགས་བཞི་བརྒྱ་རླུང་ལྟར་འཚུབས། །གློ་བུར་བར་ཆད་འཆི་བ་མང༌། །རྒས་ན་ལུས་པོས་ནད་མི་ཁྱོག །ལུས་རྒས་ཆུ་ཟུར་ཤིང་སྐམ་འདྲ། །ངག་རྒས་ཚིག་ལ་ཉན་མི་དཀོན། །སེམས་རྒས་རྒྱལ་ཁམས་སྤྱི་སྡུག་གསོག །དེ་ནས་གཅོང་ཆེན་ནད་ཀྱིས་ཐེབས། །མངར་དགུ་ཞིམ་དགུ་སྐྱུག་རེ་བྲོ། །དྲོ་འཇམ་མལ་ས་རྡོ་བས་གྱོང༌། །ཕན་པའི་སྨན་ལ་ཞེ་ཁ་ལོག །གཉིད་སྲུང་གྲོགས་ལ་ཚིག་པ་ཟ། །ཨ་ཚ་ཨ་ན་ཟད་པ་མེད། །ཉིན་དང་མཚན་ལ་ཆོད་དུས་མེད། །མོ་དང་ཕྱྭ་ལ་རྟེན་འབྲེལ་ལོག །གཅེས་ཆེན་སྲོག་གི་རིབ་མ་དེ། །ཆོས་རྣམ་དག་མེད་ཅིང་དགེ་རྩ་འཕྱི། །སེར་སྣ་ཅན་ལ་གཏོང་ཕོད་མེད། །ཞེ་དགུའི་རེ་བ་འཕྱི་ཟད་ཡིན། །འཆི་བ་དུས་ལ་བབ་ཉིན་མོ། །སྨན་དཔྱད་རྡོ་ཐོག་ཕུར་པ་རེད། །འཆི་བདག་མདུན་ལ་སླེབས་ཉིན་མོ། །གཏོ་བཅོས་ཆུ་ཡི་སྒྲོན་མེ་དེ། །བསོད་ནམས་དཔལ་ཁ་ཐུར་བསྟན་ལ། །སོ་ནམ་སེར་ཁ་གས་རོགས་རེད། །དབང་ཐང་རླུང་རྟ་མཐུར་བུད་ལ། །ཁ་བབ་ཆུ་ཡི་ལྦུ་བ་རེད། །དགྲ་ལྷའི་བསེ་མཁར་ཕྱིར་ལོག་ལ། །དགྲ་རྫོང་རང་སྲོག་མནར་རྫས་རེད། །ཕོ་རྒོད་དཔའ་སྙིང་འཛོམས་ལེ་དེ། །ཤི་ཁ་རང་ཐོག་ས་ཕུང་རེད། །ཕྱུག་པོ་སེར་སྣའི་ཕུག་ཟས་དེ། །ཞེ་ཆགས་འཁྲི་སའི་རྟོད་ཕུར་རེད། །མི་ཚེ་འཁྲུལ་བའི་ཟས་གོས་དེ། །ཤི་ན་གཅེར་བུ་ལག་སྟོང་རེད། །མཐོ་གསེར་ཁྲི་སྟེང་གི་རྒྱལ་པོས་ཀྱང༌། །ས་འཁྱགས་ཤིག་གི་མགོ་སྔས་རེད། །རྒྱབ་དར་ཟབ་ཅན་གྱི་རྒྱལ་མོ་ཡང༌། །དམར་མོ་མེ་ཡི་ཐབ་ལ་བསྲེགས། །དཔའ་དྲུག་འཛོམས་པའི་སྟག་ཤར་ཡང༌། །བྱ་རྒྱལ་རྒོད་པོས་སྐོར་འཐེན་བྱེད། །ཤེས་དྲུག་འཛོམས་པའི་མ་སྲུ་ཡང༌། །ཐག་ནག་ཞགས་པས་གཟུགས་བཞི་བསྒོངས། །སྐྱི་འདོང་དུར་ཁྲོད་དམར་པོའི་ནང༌། །སྐྱ་རིལ་ལེར་སྟ་གྲིས་གསེས་ཉིན་མོ། །ཨ་རེ་འགྱོད་དེ་འཕྱིས་ལེ་རེད། །དམྱལ་བའི་ཚ་གྲང་བཟོད་མེད་ལ། །ཡི་དྭགས་བཀྲེས་ཤིང་སྐོམ་པས་གདུངས། །དུད་འགྲོ་གླེན་ལྐུག་རང་དབང་བྲལ། །ལྷ་མིན་འཐབ་རྩོད་གྲི་ཁར་འཆི། །རང་རེ་མཐོ་རིས་སྐབས་གསུམ་ཡང༌། །ན་རྒས་མེད་ཀྱང་གཡེངས་བས་ཁྱེར། །ཞག་བདུན་འཆི་བའི་སྔོན་ཤེས་འཆར། །མཛེས་པའི་ཁང་བཟང་འོད་བཀྲག་ཉམས། །གཅེས་པའི་ཆུང་མ་རིང་དུ་བྲོས། །དྲི་ཞིམ་མེ་ཏོག་ཕྲེང་བ་རྙིང། །རུལ་དང་བསེ་དྲིས་རང་འོད་བསྒྲིབས། །རྒྱུ་འབྲས་མྱང་ཉེས་སྡུག་བསྔལ་འབར། །འགྱོད་ཀྱང་དེ་དུས་རང་སྡུག་ཡིན། །འགྲོ་དྲུག་བསམ་མེད་སྨྱོན་པ་རྣམས། །མ་ཡེངས་རིག་པ་ནང་ལ་ཁུག །རྗེ་བླ་མས་སེམས་ཉིད་ཁོ་ཐག་ཆོད། །གོང་དཔོན་པོས་རྒྱུ་འབྲས་གོ་མ་ལྡོག །བཙན་པོས་རྒྱལ་ཁམས་ཆུས་མ་དཀྲུག །ཕྱུག་པོས་མཆོད་དང་སྦྱིན་གཏོང་གྱིས། །ཕལ་པས་ཕྱག་སྐོར་མ་ི་སྒྲུབས། །དལ་འབྱོར་དགེ་ལ་མི་འགྲུབ་མེད། །བརྩོན་འགྲུས་ཞེ་ཟོན་ཅི་ཐུབ་ཡིན། །ང་ནི་རྡོ་རྗེ་སེམས་དཔའ་ཆེ། །ཆོས་དབྱིངས་ཡེ་དག་ཀུན་ཏུ་བཟང༌། །མ་དག་འཁྲུལ་པས་ཁྱབ་ཚད་རྣམས། །གླུ་ཚིག་ཉོན་ལ་དོན་འབྲས་དཔྱོད། །བག་ཡོད་གོང་ཁུག་ནོར་བུ་གྱིས། །མ་གོ་གླུ་ལ་འབྲེལ་བ་མེད། །ཅེས་རྒྱུ་དང་མི་རྒྱུའི་འགྲོ་བ་རང་རང་གི་སྐད་དུ་སེམས་དང་མཐུན་པའི་ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་སོ།། ཡང་དེའི་ཚེ་རྔ་ཡབ་ཟངས་མདོག་དཔལ་རི་ནས། སློབ་དཔོན་པདྨ་ཐོད་ཕྲེང་གིས་དབང་བསྐུར་དུས་ལ་བབས་པ་མཁྱེན་ནས། དཔྲལ་བ་ནས་འོད་ཟེར་དཀར་པོས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་སྔོན་པོས་མངོན་དགའི་ཞིང་ནས་མི་བསྐྱོད་པའི་ཐུགས་རྒྱུད་བསྐུལ། ལྟེ་བའི་འོད་ཟེར་སེར་པོས་དཔལ་མཛེས་ནས་རིན་འབྱུང་གི་ཐུགས་རྒྱུད་བསྐུལ། མགྲིན་པའི་འོད་ཟེར་དམར་པོས་བདེ་ཅན་ཞིང་ནས་སྣང་མཐའི་ཐུགས་རྒྱུད་བསྐུལ། གསང་གནས་ནས་འོད་ཟེར་ལྗང་གུས་ལས་རབ་ཞིང་ནས་དོན་གྲུབ་ཀྱི་ཐུགས་རྒྱུད་བསྐུལ་ཏེ། བདེན་འབྲས་གསོལ་འདེབས་ཀྱི་གླུ་འདི་བཞེངས་སོ།། ཨོཾ་དུག་ལྔ་རྣམ་དག་ཡེ་ཤེས་ལྔ། །སྐྱེ་མེད་དབྱིངས་ནས་ཐུགས་དམ་བསྐུལ། །འབྱུང་ལྔ་རྣམ་དག་ལྷ་མོ་ལྔ། །འགག་མེད་དབྱིངས་ནས་འགྲོ་དོན་བཞེངས། །ཐབས་མཆོག་ཆོས་ཉིད་སྟོང་པ་ལས། །ཤེས་རབ་སྙིང་རྗེའི་རང་གཟུགས་གསལ། །འགྲོ་བ་འདྲེན་པའི་སྤྲུལ་སྐུ་ལ། །བདུད་དཔུང་འཇོམས་པའི་མངའ་དབང་སྩོལ། །དེ་ནི་རང་གསལ་དོན་གྱི་གླུ། །འཇིག་རྟེན་ཕལ་བའི་དཔེ་འདྲེན་ལ། །དབང་ལུང་མེད་པའི་བླ་མ་སྡུག །དམ་ཚིག་མེད་པའི་སློབ་མ་སྡུག །བཀྱག་བཀུར་མེད་པའི་དཔོན་པོ་སྡུག །ཞེ་ས་མེད་པའི་འོག་སྡེ་སྡུག །རྣོ་ངར་མེད་པའི་མཚོན་ཆ་དེས། །ཡུ་ཤུབས་འཛོམས་ཀྱང་དགྲ་མི་ཐུབ། །ཁ་ཚར་མེད་པའི་བཟང་དྲུག་སྨན། །དྲི་མདངས་བཟང་ཡང་ནད་མི་ཕན། །སོ་ནམ་མེད་པའི་ཞིང་ས་ལ། །འབྲས་དྲུག་བཏབ་ཀྱང་ལྗང་མི་སྨིན། །དེ་བས་མངའ་གསོལ་གཟེངས་བསྟོད་མཛོད། །ཐུགས་རྗེའི་མཚོན་ཆས་དགྲ་སྲོག་ཆོད། །བྱིན་རླབས་སྨན་གྱིས་འགྲོ་དྲུག་གསོས། །གདུལ་བྱའི་ཞིང་ལ་ཕྲིན་ལས་རྒྱས། །འགྲོ་ཀུན་སྒྲོལ་བའི་སྨོན་ལམ་འདེབས། །བཀྲ་ཤིས་བསམ་དོན་ལྷུན་གྲུབ་ཤོག། ཅེས་ཐུགས་རྗེ་ཐུགས་དམ་བསྐུལ་བས། འོག་མིན་རྣམ་པར་སྣང་མཛད་ཀྱི་དཔྲལ་བ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས། ཨོཾ་ཡིག་གི་རྣམ་པར་ཚུར་འདུས་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཀྱི་རྣམ་པར་གྱུར་བ་དེ་ཉིད་ལྷ་སྲས་ཀྱི་ཐད་ཀའི་བར་སྣང་དུ་ཆགས་ཏེ། དེ་ལས་རང་སྒྲ་འདི་སྐད་གྲགས་སོ།། ཨོཾ། ཆོས་དབྱིངས་ཡེ་ཤེས་རང་སྣང་ལས། །སྐྱེས་མ་ཐག་པ་འགྲོ་བའི་བདག །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །གཏི་མུག་བློ་སྟེ་གཏི་མུག་སེལ། །དེ་སྟེ་འཕྲུལ་བའི་སེམས་ཅན་རྣམས། །མི་བསལ་བརྒྱད་འཕྲུལ་མི་སྨྲ་སྐྱོ། །ལེ་ལོ་ཐེ་ཚོམ་གཏི་མུག་གིས། །རྟོག་པའི་སྒྲིབ་པ་མ་རིག་པས། །དལ་ཡང་འཁོར་བའི་བྱ་བས་གཡེང༌། །འབྱོར་ཡང་ཆོས་ལ་ལེ་ལོ་ཆེ། །ནམ་ཞིག་འཆི་བའི་དུས་བབ་ཚེ། །ཆོས་མེད་བླ་མའི་གསེར་ཞུ་དེ། །དབུ་འཕང་འོད་སྣང་མཐོ་ཞན་འདྲ། །ཕྱི་མའི་ལམ་ངོ་ཕྱེད་པ་དཀའ། །བྱམས་སེམས་མེད་པའི་དཔོན་པོ་དེ། །རྒྱལ་ཁྲིམས་བཙན་དྲག་ཆེ་ཞན་འདྲ། །རྒྱུ་འབྲས་གནམ་ལ་རྡོ་འཕེན་འདྲ། །དམ་ཚིག་མེད་པའི་སློབ་མ་དེ། །ཡོན་ཏན་མཐོང་རྒྱ་ཆེ་ཞན་འདྲ། །ཁ་བཤད་མཆིལ་མའི་རླངས་པ་ཡིན། །སྦྱིན་པ་མེད་པའི་ཕྱུག་པོ་དེ། །རྒྱུ་ཟས་སེར་སྣས་བསགས་ཞན་འདྲ། །འཆི་དུས་གཅེར་བུ་ལག་སྟོང་ཡིན། །དེ་ཚོ་འཁོར་བའི་མཚན་ཉིད་རེད། །ཡོན་ཏན་ལྡན་པའི་སྐྱེས་བུ་འདིའི། །མཚན་ལ་ཐོས་པ་དགའ་བ་ཐོགས། །བྱིན་རླབས་ཅན་གྱི་སངས་རྒྱས་དེ། །ཐོས་ན་དགའ་ཞིང་སྡིག་པ་ཟད། །ཁེབས་རྒྱ་ཅན་གྱི་དཔོན་པོ་དེ། །བཞུགས་ན་རྒྱལ་ཁམས་བདེ་ལ་བཀོད། །སྐུ་ཡིས་དགྲ་བཞི་འདུལ་བར་ཤོག །འབྲེལ་ཚད་ངན་སོང་མེད་པར་ཤོག །མཐོང་ཚད་ཞིང་ཁམས་འབྱོང་བར་ཤོག །བུདྡྷ་ཨ་བྷི་ཥིཉྩ་ཨོཾ།། ཞེས་པའི་སྒྲ་དང་བཅས་ཏེ་སྲས་ཀྱི་དཔྲལ་བར་ཐིམ། དེ་ཡི་ཉིན་མོ་ནས་མཚན་ལ་ཐོས་པ་དགའ་བར་གྲགས་སོ། །ཡང་ཤར་ཕྱོགས་མངོན་དགའི་ཞིང་ཁམས་མི་བསྐྱོད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་གི་སྒྲིབ་པ་སྦྱངས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་རྡོ་རྗེ་སྔོན་པོ་རྩེ་ལྔ་བའི་རྣམ་པར་བྱོན་ཏེ་ལྷ་སྲས་ཀྱི་ཐུགས་ཀར་ཐིམ་པས་ཏིང་ངེ་འཛིན་གྱི་མཛོད་ལ་མངའ་བརྙེས་ནས། རིགས་ལྔའི་ལྷ་ཚོགས་ཐམས་ཅད་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་སྐུ་ཁྲུས་གསོལ་ཏེ། ཧཱུཾཿ སྟོང་ཉིད་རྡོ་རྗེ་ནམ་མཁའ་ཆེ། །མེ་ལོང་ཡེ་ཤེས་བདུད་རྩིའི་རྒྱུན། །ཞེ་སྡང་རྡོ་རྗེ་མཚོན་ཆ་ཡིས། །ཉོན་མོངས་དགྲ་དཔུང་འཇོམས་གྱུར་ཅིག །མ་རིག་འཁོར་བ་སྡང་སེམས་ཅན། །སྙིང་རྗེ་མེད་པའི་བླ་མ་དེ། །བསྙེན་སྒྲུབ་བརྩོན་ཀྱང་སངས་མི་རྒྱས། །བྱམས་སེམས་མེད་པའི་དཔོན་པོ་དེ། །ཁྲིམས་ཁ་བཙན་ཀྱང་སྡེ་མི་ཆགས། །ཚོད་ཟིན་མེད་པའི་རྒོད་པོ་དེ། །དཔའ་སྐྱེ་འཛོམས་ཀྱང་གྲི་ཁར་ཤི །དེ་ལྟར་དམུ་རྒོད་སེམས་ཅན་རྣམས། །གནག་སེམས་ཞེ་ལ་མ་ལྡང་ཞིག །སྐྱེས་མཆོག་ལྷ་ཕྲུག་ཐོས་པ་དགའ། །དུག་གསུམ་སྒྲིབ་པ་མི་མངའ་ཡང༌། །སྐུ་གསུམ་ཡོངས་རྫོགས་དབང་བསྐུར་རོ། །ཞི་བའི་ཕྲིན་ལན་ལྷུན་གྲུབ་ཤོག །བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བདུད་རྩིས་ཁྲུས་གསོལ་ལོ། །ཡང་དཔལ་མཛེས་ཞིང་ནས་རིན་འབྱུང་གི་ལྟེ་བ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་སྒྲིབ་པ་སྦྱངས། རྒྱལ་བ་རྣམས་ཀྱི་ཡོན་ཏན་དང་བསོད་ནམས་ཐམས་ཅད་ཚུར་འདུས། རིན་ཆེན་འབར་འི་རྣམ་པར་ལྷ་སྲས་ཀྱི་ལྟེ་བར་ཐིམ། ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིན་ཐང་དང་བྲལ་བའི་རིན་པོ་ཆེའི་དབུ་རྒྱན་མགུལ་དཔུང་ཕྱག་ཞབས་སྙན་རྒྱན་སོར་གདུབ་དོ་ཤལ་རིང་ཐུང་ལྷ་ཡི་གོས་པཉྩ་ལི་ཀ་སོགས་སེམས་དཔའ་ཆེན་པོ་ལ་འོས་པའི་རྒྱན་གྱིས་མངའ་གསོལ་ནས་བཀྲ་ཤིས་པའི་གླུ་འདི་བཞེངས་སོ།། ཏྲཾཾཾཿ མཉམ་ཉིད་ཡེ་ཤེས་རིན་པོ་ཆེ། །ང་རྒྱལ་རྣམ་དག་འཕགས་པའི་ནོར། །བསོད་ནམས་ལྡན་པ་གསོད་ནམས་ཚོགས། །ཡེ་ཤེས་རིན་ཆེན་འབྱུང་གནས་ཆེ། །གདུལ་དཀའ་གདུལ་ཕྱིར་མངའ་གསོལ་ན། །སྙིང་རྗེས་འགྲོ་བའི་དོན་གྱིས་ཤིག །ཐུགས་རྗེ་ནམ་མཁའ་ལྟ་བུ་ལ། །ཕྱོགས་རིས་མེད་པའི་བཀྲ་ཤིས་ཤོག །གདུལ་བྱ་སྐར་ཚོགས་ལྟ་བུ་ལ།།ཕྲིན་ལས་མཐའ་རྒྱས་བཀྲ་ཤིས་ཤོག །འགྲོ་དོན་དམ་བཅའི་གཡུང་དྲུང་ལ། །མི་འགྱུར་ལྷུན་གྲུབ་བཀྲ་ཤིས་ཤོག །རྒྱན་མཛེས་རིན་ཆེན་པྲོག་ཞུ་འདིས། །དབུ་འཕང་མཐོ་བའི་བཀྲ་ཤིས་ཤོག །སྙན་ཆ་གསེར་གྱི་མགུལ་ཆུན་འདིས། །སྙན་གྲགས་མཁའ་ཁྱབ་བཀྲ་ཤིས་ཤོག །སྲབ་འཇམ་ཡང་བའི་གོས་རྒྱན་འདིས། །བདུད་དཔུང་འཇོམས་པའི་བཀྲ་ཤིས་ཤོག །སྐྱེས་བུ་རིན་ཆེན་ཐོས་པ་དགའ། །ཐ་སྙད་རྒྱན་ལ་མི་ཆགས་ཀྱང༌། །ཡོན་ཏན་རིན་ཆེན་ལྔ་དབང་བསྐུར། །རྒྱས་པའི་ཕྲིན་ལས་ལྷུན་གྲུབ་ཤོག །རཏྣ་ཨ་བྷི་ཥིཉྩ་ཏྲཾཿ ཞེས་བཀྲ་ཤིས་ཀྱིས་མངའ་གསོལ། ཡང་བདེ་ཆེན་ཞིང་ཁམས་ཀྱི་བཅོམ་ལྡན་སྣང་མཐའི་མགྲིན་པ་ནས་འོད་ཟེར་སྤྲོས་པས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་སྒྲིབ་པ་སྦྱངས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་པདྨ་དམར་པོའི་རྣམ་པར་ལྷ་སྲས་ཀྱི་མགྲིན་པར་ཐིམ། གསུང་དབྱངས་ལན་ལག་དྲུག་ཅུ་ལ་དབང་འབྱོར། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྟེན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ནམ་མཁའ་ནས་ཕྱག་ཏུ་བབས་ཏེ། ཧྲཱིཿ འདོད་ཆགས་རྣམ་དག་སོར་རྟོག་དབྱིངས། །འདོད་པ་ཆེན་པོ་བདེ་བ་ཆེ། །ཆགས་བྲལ་པདྨ་གསུང་གི་དབང༌། །ཐབས་མཆོག་ལྷན་སྐྱེས་ཡེ་ཤེས་སོ། །རྡོ་རྗེ་འདི་ནི་དམ་ཚིག་རྟེན། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། སེམས་ཅན་རྒྱ་མཚོ་ཁྱོད་ཀྱིས་བསྒྲལ། །ཡེ་ཤེས་རྒྱ་མཚོ་རྟོགས་གྱུར་ནས། །སྨོན་ལམ་རྒྱ་མཚོ་མཐར་ཕྱིན་ཤོག །གོང་མ་ལྷ་ནས་དབང་ཡང་བསྐུར། །བར་མ་གཉན་ལ་ཐ་ཚིག་བསྒྲགས། །འོག་མ་ཀླུ་ཡི་གཏེར་སྒོ་ཕྱེ། །མཐོང་སྨོན་གླིང་ནས་འགྲོ་དོན་སྐྱོངས། །ནག་པོ་བདུད་དང་སེར་པོ་ཧོར། །གཟུགས་ཅན་གཟུགས་མེད་དམ་ལ་ཐོགས། འགྲོ་དོན་སྐྱོང་བའི་སེམས་དཔའ་ལ། །དམ་ཚིག་བསྐུལ་མ་མི་དགོས་ཀྱང༌། །འཁོར་བ་འདྲེན་པ་ཞལ་བཞེས་བཞིན། །དབང་གི་ཕྲིན་ལས་ལྷུན་གྲུབ་ཤོག །པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བར་སྣང་ནས་སྒྲ་དེ་སྐད་གྲགས་སོ། །ཡང་ལས་རབ་རྫོགས་པའི་ཞིང་ནས་བཅོམ་ལྡན་དོན་ཡོད་གྲུབ་པའི་གསང་བ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཕྲག་དོག་གི་སྒྲིབ་པ་སྦྱངས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོ་རྒྱ་གྲམ་ལྗང་གུའི་རྣམ་པར་གསང་བར་ཐིམ། ཕྲིན་ལས་རབ་འབྱམས་ལ་དབང་འབྱོར། སླར་ཡང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ཀྱི་མཚོན་བྱེད་དངུལ་དཀར་གྱི་དྲིལ་བུ་ཞིག་ཕྱག་གཡོན་དུ་བབས་ཏེ། ཨཱཿ ཕྲག་དོག་རྣམ་དག་དོན་ཡོད་གྲུབ། །བྱ་གྲུབ་ཡེ་ཤེས་རྣམ་པར་དག །ཁྲོ་བ་ཆེན་པོ་སྒྲ་ཆེ་བ། །དུག་ལྔའི་རང་སྒྲ་ཟིལ་གྱིས་གནོན། །ལྔ་བདོའི་གདུལ་ཞིང་ཐབས་ཀྱིས་འདུལ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཁྱོད་ནི་སངས་རྒྱས་ཕྲིན་ལས་རྫོགས། །ཞི་བ་སྙིང་རྗེའི་སྤྲིན་ཕུང་ནས། །དྲག་པོ་ཐོག་གི་ཚ་ཚ་འཕྲོ། །སྡིག་ཆེན་ང་རྒྱལ་བྲག་རི་བཅོམ། །དཀོར་དད་ཅན་གྱི་བླ་མ་དེ། །མཁས་པའི་གྲུབ་མཐས་མ་བཅོམ་ན། །ཐ་སྙད་ཚིག་གི་རོ་སྟོད་ཁེངས། །ང་རྒྱལ་ཅན་གྱི་དཔོན་པོ་དེ། །རྒྱུ་འབྲས་རང་ཐོག་མ་བབས་ན། །རྒྱལ་ཁམས་སྡེ་ཆེན་སྡུག་གིས་མནར། །རང་རྩིས་ཅན་གྱི་སྟག་ཤར་དེ། །དཔའ་བོས་དགྲ་སྣ་མ་བཅག་ན། །སྟོང་གཏམ་ཁ་བཤད་འབྲུག་སྟོང་ལྡིར། །རང་སྣང་ཅན་གྱི་བུད་མེད་དེ། །མུ་གེས་བློ་རྒྱག་མ་བྱུང་ན། །ཧམ་པ་སྣང་བ་དགུང་བས་མཐོ། །དེ་ལྟར་སྙིགས་དུས་གནག་སེམས་ཅན། །རྒྱུ་འབྲས་ཁྱད་གསོད་སྨོན་ལོག་དཔུང༌། །སྙིང་རྗེས་མ་དོར་དག་ཞིང་སྒྲོལ། །ཕུང་པོ་རྡོ་རྗེའི་མཚོན་ཆར་ཕོབ། །རྣམ་ཤེས་ཆོས་དབྱིངས་རྡོ་རྗེར་སྟིམས། །ཐུགས་རྗེ་གཅིག་འདུས་སེམས་པ་ཁྱེད། །ཕྲིན་ལས་ཐོགས་ཐུག་མི་མངའ་ཡང༌། །དྲག་པོའི་ཕྲིན་ལས་ལྷུན་གྲུབ་ཤོག །ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་དབང་བསྐུར། ཆེ་མཆོག་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱིས་ཀྱང་དབང་བཞི་ཡོངས་སུ་རྫོགས་པའི་མངའ་གསོལ། དེ་ནས་ལྷ་ཕྲུག་ཐོས་པ་དགའ་བ་དེ་ཉིད་ཡོན་ཏན་གཟི་བྱིན་སྲིད་ན་འགྲན་ཟླ་དང་བྲལ་བར་གྱུར་ཏོ། །ཞེས་དབང་བསྐུར་གྱི་ལེའུ་བྱིན་རླབས་ཆུ་རྒྱུན་སྐྱེ་བ་སྤྲུལ་གྱུར་གྱི་ལེའུ་བཅས་པ་ཕྱུང་ནས་ཐ་སྙད་གོ་བདེར་བཀོད་པའོ།། །།