ཕུང་བོ་གསུམ་བའི་མདོ།

འཕགས་པ་ཕུང་བོ་གསུམ་པ་ཞེས་བྱ་བའི་མདོ།

སངས་རྒྱས་ཤཱཀྱ་ཐུབ་པ།

ན་མོ་བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་བདག་མིང་འདི་ཞེས་བགྱི་བ། བླ་མ་ལ་སྐྱབས་སུ་མཆིའོ།།  སངས་རྒྱས་༝  ཆོས་ལ་༝   དགེ་འདུན་ལ་༝   སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རྡོ་རྗེའི་སྙིང་པོ་རབ་ཏུ་འཇོམས་པ་ལ༌༝  དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ༌༝  དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ལ༌༝  དེ་བཞིན་གཤེགས་པ་དཔའ་བོའི་སྡེ་ལ་༝   དེ་བཞིན་གཤེགས་པ་དཔལ་དགྱེས་ལ་༝   དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་༝   དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་ལ་༝   དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལ་༝   དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལ་༝   དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་༝   དེ་བཞིན་གཤེགས་པ་དཔལ་བྱིན་ལ་༝   དེ་བཞིན་གཤེགས་པ་ཚངས་པ་ལ་༝   ཚངས་པའི་བྱིན་ལ་༝   དེ་བཞིན་གཤེགས་པ་ཆུ་ལྷ་ལ་༝   དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་ལ་༝   དེ་བཞིན་གཤེགས་པ་དཔལ་བཟང་ལ་༝   དེ་བཞིན་གཤེགས་པ་ཙནྡན་དཔལ་ལ་༝   དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ་༝   དེ་བཞིན་གཤེགས་པ་འོད་དཔལ་ལ་༝   དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ལ་༝   དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་ལ་༝   དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་༝   དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་བའི་མངོན་པར་མཁྱེན་པ་ལ་༝   དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་བའི་མངོན་པར་མཁྱེན་པ་ལ་༝  དེ་བཞིན་གཤེགས་པ་ནོར་དཔལ་ལ༌༈ དེ་བཞིན་གཤེགས་པ་དྲན་པའི་དཔལ་ལ༌༈ དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་༝   དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་༝   དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་༝   དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་༝   དེ་བཞིན་གཤེགས་པ་རྣམ་པར་གནོན་པའི་གཤེགས་པའི་དཔལ་ལ་༝   དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་༝   དེ་བཞིན་གཤེགས་པ་རིན་ཆེན་པདྨའི་རྣམ་པར་གནོན་པ་ལ་༝   དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨའི་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༎ དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང༌།  བགྱིད་དུ་བསྩལ་བ་དང༌།  བགྱིད་པ་ལ་རྗེས་སུ་ཡི་རང་བའམ།  མཆོད་རྟེན་གྱི་དཀོར་རམ།  དགེ་འདུན་གྱི་དཀོར་རམ།  ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་པ་དང༌།  འཕྲོག་ཏུ་བཅུག་བ་དང༌།  འཕྲོག་པ་ལ་རྗེས་སུ་ཡི་རང་བའམ།  མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང༌།  བགྱིད་དུ་བསྩལ་བ་དང༌།  བགྱིས་པ་ལ་རྗེས་སུ་ཡི་རང་བའམ།  མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་བ་ལ་ཞུགས་པ་དང༌།  འཇུག་ཏུ་བསྩལ་བ་དང༌།  ཞུགས་པ་ལ་རྗེས་སུ་ཡི་རང་བའམ།  ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ།  དུད་འགྲོའི་སྐྱེ་གནས་སུ་མཆི་བའམ།  ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ།  ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ།  ཀླ་ཀློར་སྐྱེ་བའམ།  ལྷ་ཚེ་རིང་བོ་རྣམས་སུ་སྐྱེ་བའམ།   དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པ་འཛིན་པར་འགྱུར་བའམ།  སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་བ། སྤྱན་དུ་གྱུར་པ།  དཔང་དུ་གྱུར་པ།  ཚད་མར་གྱུར་པ།  མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ།།  འཆགས་སོ།།   མི་འཆབ་པོ༎   མི་སྦེད་དོ།།   སླད་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ།། སངས་རྒྱས་བཅོམ་ལྡན་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།  བདག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་མཐའ་མ་མ་མཆིས་པ་ནས།  འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང༌།  བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།  བདག་གིས་ཚངས་པར་སྤྱོད་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།   བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།  བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང༌།།  བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ།  དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང༌།  གོང་ན་མ་མཆིས་པ་དང༌།  གོང་མའི་ཡང་གོང་མ།  བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ།། ཇི་ལྟར་འདས་པའི་སངས་རྒྱས་བཅོལ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌།  ཇིལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང༌།   ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ།།  སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ།།  བསོད་ནམ་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ༌།  སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ།།  བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག   མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌།  གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན།  ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ།  ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ།། འཕགས་པ་ཕུང་བོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།ཤཱཀྱ་ཐུབ་པ།