རྗེ་བཙུན་འཕགས་མ་སྒྲོལ་མའི་ཉེར་བསྟོད་ཅེས་བྱ་བ།
ཤཱཀྱ་ཐུབ་པ།
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།། ཕྱག་འཚལ་སྟོན་ཁའི་ཟླ་བ་ཀུན་ཏུ།། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།། རབ་ཏུ་ཕྱེ་བའི་འོད་རབ་འབར་མ།། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས།། པདྨའི་ཕྱག་ནི་རྣམ་པར་བརྒྱན་མ།། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།། ཕྱག་འཚལ་ཏུཏ་ར་ཧཱུཾ་ཡི་གེས།། འདོད་དང་ཕྱོགས་དང་ནམ་མཁའ་གང་མ།། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མ།། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།། འབྱུང་བོ་རོ་ལངས་དྲི་ཟ་རྣམས་དང༌།། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།། ཕྱག་འཚལ་ཊད་ཀྱིས་བྱ་དང་ཕཊ་ཀྱིས།། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།། གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ།། མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།། ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།། ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།། དགྲ་བོ་ཐམས་ཅད་མ་ལུས་གསོད་མ།། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།། མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི།། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།། དབུ་རྒྱན་འོད་ཀྱི་ཕྲེང་མ་སྤེལ་མ།། བཞད་པ་རབ་བཞད་ཏུཏ་ར་ཡིས།། བདུད་དང་འཇིག་རྟེན་དབང་དུ་མཛད་མ།། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།། ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས།། ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།། ཕྱག་འཚལ་ཟླ་བའི་དུམ་བས་དབུ་བརྒྱན།། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།། རལ་བའི་ཁྲོད་ན་འོད་དཔག་མེད་ལས།། རྟག་པར་ཤིན་ཏུ་འོད་རབ་མཛད་མ།། ཕྱག་འཚལ་བསྐལ་བའི་ཐ་མའི་མེ་ལྟར།། འབར་བའི་ཕྲེང་བའི་དབུས་ན་གནས་མ།། གཡས་བསྐྱངས་གཡོན་བརྐུམས་ཀུན་ནས་སྐོར་དགའི།། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།། ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས།། རིམ་པ་བདུན་པོ་རྣམས་ནི་འགེམས་མ།། ཕྱག་འཚལ་བདེ་མ་དགེ་མ་ཞི་མ།། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།། སྭ་ཧཱ་ཨོཾ་དང་ཡང་དག་ལྡན་པའི།། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།། དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།། ཡི་གེ་བཅུ་བའི་ངག་གི་བཀོད་པའི།། རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ།། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས།། ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ།། རི་རབ་མནྡྷ་ར་དང་འབིགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།། རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།། ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།། དུག་རྣམས་མ་ལུས་པ་ནི་སེལ་མ།། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་བོ།། ལྷ་དང་མི་འམ་ཅི་ཡིས་བསྟེན་མ།། ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས།། རྩོད་དང་རྨི་ལམ་ངན་པ་སེལ་མ།། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།། སྤྱན་གཉིས་པོ་ལ་འོད་རབ་གསལ་མ།། ཧ་ར་གཉིས་བརྗོད་ཏུཏ་ར་ཡིས།། ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།། ཞི་བའི་མཐུ་དང་ཡང་དག་ལྡན་མ།། གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།། རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌།། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ལྷ་མོ་ལ་གུས་ཡང་དག་ལྡན་པའི།། བློ་ལྡན་གང་གིས་རབ་དད་བརྗོད་པས།། སྲོད་དང་ཐོ་རངས་ལངས་པར་བྱས་ནས།། དྲན་པས་མི་འཇིགས་ཐམས་ཅད་རབ་གཏེར།། སྡིག་པ་ཐམས་ཅད་རབ་ཏུ་ཞི་བས།། ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ།། འདི་ལས་ཆེ་བ་ཉིད་ནི་ཐོབ་ཀྱང༌།། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། དེ་ཡིས་དུག་ནི་དྲག་པོ་ཆེན་པོ།། བརྟན་གནས་པའམ་གཞན་ཡང་འགྲོ་བ།། ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང༌།། དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ།། གདོན་དང་རིམས་དང་དུག་གིས་གཟེར་བའི།། སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ།། སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༌།། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན།། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌།། ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ།། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ།། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག།