རྒྱུ་འབྲས་དབུ་མའི་ཐིག་ལེ་ཞེས་བྱ་བ།
ཏཱ་ར་ནཱ་ཐ།
༄༅།། ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྷ་བོ་དྷི་ས་ཏཱེ་བྷྱཿ རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཕ་ལ་མ་དྷྱ་མ་བི་ནྟུ་པྲ་ཀ་ར་ནཱ་མ། བོད་སྐད་དུ། དཔལ་རྒྱུ་འབྲས་དབུ་མའི་ཐིག་ལེ་ཞེས་བྱ་བའི་རབ་ཏུ་འབྱེད་པ། སངས་རྒྱས་ལ་ཕྱག་འཚལ་ལོ།། སྐྱེ་འགྲོའི་མགོན་པོ་ཇོ་ནང་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་འདུད། །གང་དེའི་དགོངས་པ་དབུ་མའི་ཆོས། །གཞན་གྱིས་མ་རྟོགས་འདིར་བཤད་བྱ། གནས་ལུགས་དབུ་མ་འཁོར་འདས་ཀུན་ཁྱབ་ཡིན། །སེམས༌ཅན་རྣམས་ལ་གཞི་ཡི་ཆོས་སུ་སྣང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་དུ་སྣང༌། །གདུལ་བྱ་དག་པ་རྣམས་ལ་འབྲས་བུར་སྣང༌། །དེ་གསུམ་སྣང་ཚུལ་ཡིན་གྱི་གནས་ཚུལ་མིན། །གནས་ལུགས་རྗེན་པ་སངས་རྒྱས་ཁོ་ནས་གཟིགས། །ལམ་ཞུགས་རྣམས་ཀྱིས་ཕྱོགས་རེ་མཐོང་བ་དང༌། །གནས་ཚུལ་འཁྲུལ་ཚུལ་འདྲེས་མར་སྣང་བ་ཡོད། །གནས་ལུགས་དེ་ནི་ཟུང་འཇུག་ཁོ་ན་ཏེ། །གཞི་ཡི་གནས་ཚུལ་འབྲས་བུའི་སྡོད་ལུགས་ཡིན། །གནས་ལུགས་དེ་ནི་དབུ་མ་ཡིན་པའི་ཕྱིར། །དེ་ལ་མཐུན་པར་འཇུག་ན་དབུ་མའི་ལམ། །ཀུན་རྫོབ་དོན་དམ་ཟུང་འཇུག་ཅེས་པ་དང༌། །སྣང་སྟོང་ཟུང་འཇུག་གསལ་སྟོང་ཟུང་འཇུག་དང༌། །ཐབས་ཤེས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང༌། །བདེ་སྟོང་སྒྱུ་ལུས་འོད་གསལ་ཟུང་འཇུག་དང༌། །སྐུ་དང་ཡེ་ཤེས་ཟུང་འཇུག་ལ་སོགས་པ། །དེ་དག་ཀུན་ལ་ལམ་གྱི་ཟུང་འཇུག་དང༌། །གནས་ལུགས་ཆོས་ཉིད་ཟུང་འཇུག་སོ་སོར་དབྱེ། །ལམ་རྣམས་བདེན་མེད་སྒྱུ་མ་ལྟ་བུ་ཡིན། །དོན་དམ་དབྱིངས་ཀྱི་ཟུང་འཇུག་ཞེས་བྱ་བ། །ཆོས་སྐུ་ངེས་པའི་དོན་གྱི་སངས་རྒྱས་ཏེ། །བདེ་གཤེགས་སྙིང་པོ་དེ་ཡིན་ཆོས་དབྱིངས་ཏེ། །སྟོང་ཉིད་སྤྲོས་བྲལ་རང་བཞིན་ཤེར་ཕྱིན་ཏེ། །ཀུན་འགྲོ་ཡིན་ཕྱིར་ཀུན་ཁྱབ་ཆ་མེད་<sic corr=”དེ” resp=”knd”>ཏེ་</sic>། །དུས་གསུམ་ཀུན་ལ་ཁྱབ་ཕྱིར་དུས་མེད་དོ། །མཚན་དཔེ་ལ་སོགས་སངས་རྒྱས་ཡོན་ཏན་ཀུན། །རང་བྱུང་གདོད་ནས་གྲུབ་པའི་རྟག་པ་སྟེ། །མདོ་ལས་ཆོས་དབྱིངས་སངས་རྒྱས་རྟག་པར་གསུངས། །དེ་ཉིད་སྔགས་ལས་འགྱུར་མེད་བདེ་བར་བསྟན། །མདོ་ལས་སངས་རྒྱས་ཆོས་ཀུན་ལྡན་པར་གསུངས། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་ནོ། བདེ་གཤེགས་སྙིང་པོ་རྟག་པར་འཇོག་པའི་གནད། །གནས་ལུགས་འགྱུར་མེད་བདེ་བ་ཡིན་པར་ཐུགས། །རྒྱལ་བའི་ཡོན་ཏན་རང་བྱུང་ལྷུན་གྲུབ་པའང༌། །ཆོས་ཉིད་རྣམ་པ་ཀུན་ལྡན་ཉིད་ལས་སོ། །འགྱུར་མེད་དེ་ཉིད་རྣམ་པ་ཐམས་ཅད་པར། །གདོད་ནས་རྟག་ཏུ་ཤར་བ་ངོ་མཚར་ཆེ། །རྣམ་ཀུན་ཚུལ་དུ་ཤར་ཡང་ལྷན་སྐྱེས་ཀྱི། །བདེ་ཆེན་གཅིག་ཏུ་རོ་མཉམ་རྨད་དུ་བྱུང༌། །རྣམ་པ་ཀུན་ལྡན་ཡིན་ཡང་ཆ་བཅས་མིན། །རང་བཞིན་འགྱུར་མེད་གནས་ཀྱང་དུས་ཀུན་ཤར། །སྲིད་གསུམ་རྣམ་པར་ཤར་ཡང་སྤྲོས་དང་བྲལ། །བདེ་ཆེན་རང་གི་རིག་ཀྱང་མྱོང་ཚོར་བྲལ། །རྒྱལ་བའི་ཡོན་ཏན་ཤེས་བྱ་ཀུན་ཁྱབ་ཅིང༌། །ཡེ་ཤེས་གཅིག་དང་ཤེས་བྱ་ཐམས་ཅད་མཉམ། །ཤེས་བྱ་མ་ལུས་མ་འདྲེས་གསལ་བར་མཁྱེན། །མཁྱེན་པ་དེ་ལ་སྤྲོས་པ་ཅི་ཡང་མེད། །ཆོས་ཉིད་རང་བཞིན་ཆོས་སྐུ་ཡིན་པའི་ཕྱིར། །ཆོས་སྐུའི་རང་བཞིན་ཡོན་ཏན་ལྡན་པར་གྲུབ། །ཆོས་སྐུ་ཤེས་བྱ་ཀུན་མཁྱེན་ཡེ་ཤེས་ཕྱིར། །རྣམ་པ་ཐམས་ཅད་པར་ཡང་གྲུབ་པ་ཡིན། །ཆོས་དབྱིངས་ངོ་བོ་དབྱེ་བ་མེད་པར་གསུངས། །ཤེས་བྱ་རེ་རེ་ལ་ཡང་ཆོས་དབྱིངས་རེ། །ཡོད་པ་ལྟ་བུ་གསུངས་བའི་སྐབས་ཀྱང་ཡོད། །དེ་གཉིས་སྡོམས་པས་རྣམ་ཀུན་མཆོག་ལྡན་གྲུབ། །གཟུགས་སོགས་མི་དམིགས་གཟུགས་སོགས་ལ་མི་གནས། །ཡོད་མེད་མི་དམིགས་ཡོད་མེད་ལ་མི་གནས། །དེ་ལྟར་གསུངས་པའི་ཀུན་རྫོབ་ལས་གྲོལ་ཞིང༌། །མི་རྟག་སྤྲོས་ལས་གྲོལ་བས་རྟག་པར་གྲུབ། །ཆོས་དབྱིངས་རང་བཞིན་ནམ་ཡང་འགྱུར་མེད་དང༌། སངས་རྒྱས་རྟག་པ་འགྲོ་ལ་ཡོད་གྱུར་ན། །རྟག་ན་རྟག་དངོས་སྤྲོས་པར་འགྱུར་སྙམ་པའི། །དོགས་པ་བསལ་ཕྱིར་སྤྲོས་བྲལ་སྟོང་པར་གསུངས། །སྟོང་པ་ཞེས་པས་ནམ་ཡང་བདེན་མེད་དང༌། །ཅི་ཡང་མ་ཡིན་ཙམ་ཞིག་བསྟན་པ་མིན། །ཀུན་རྫོབ་ཕྱོགས་ནས་མེད་དང་མ་ཡིན་སྟོང༌། །དོམ་དམ་ཕྱོགས་ན་རྟོགས་པའི་ཡུལ་གྱིས་སྟོང༌། །དོན་དམ་རང་གི་ངོ་བོས་སྟོང་པར་ལྟ། །གསུངས་པའི་དགོངས་པ་དོན་དམ་ལ་དམིགས་ནས། །བློ་ཡིས་བཟུང་ལྟར་མ་གྲུབ་པ་ལ་དགོངས། །ཡེ་མེད་ཡེ་མིན་ཙམ་གྱི་སྟོང་པ་མིན། །སྙིང་བོ་དེ་ཉིད་རྣམ་པ་ཀུན་ལྡན་ཡིན། །དེ་ཉིད་མི་འགྱུར་རྟག་ཡིན་བདེ་བའང་ཡིན། །སྔགས་ཀྱི་ཚུལ་ལས་དེ་ལྟར་གསལ་བར་བཤད། །མདོ་ལས་དེ་ལ་དགོངས་ནས་ཕྱོགས་མཚོན་གསུངས། །ཆ་མེད་ཀུན་ཁྱབ་ནམ་མཁའ་ལྟ་བུ་ལ། །བསྒྲིབས་དང་མ་སྒྲིབས་ཆ་གཉིས་མི་འཐད་ཟེར། །དེ་ནི་འདོད་ཐོག་ཡིན་ཏེ་ཆོས་དབྱིངས་ཀྱི། །རང་ངོས་ནས་ནི་བསྒྲིབས་དང་མ་སྒྲིབས་མེད། །དེ་ལ་དམིགས་པའི་ཡུལ་ཅན་ཤེས་པ་ལ། །གནས་སྐབས་དུ་མ་ཡོད་ཕྱིར་དབྱེ་བ་བསྟན། །རྟོགས་པ་པོ་ལ་དབྱེ་བ་ཡོད་པས་ན། །རྟོགས་བྱའི་ཡུལའང་དབྱེར་ཡོད་ལྟ་བུར་བཤད། །དངོས་སུ་རང་བློ་སྒྲིབས་པས་བསྒྲིབས་གྱུར་ཀྱང༌། །བློ་ངོར་ཆོས་ཉིད་སྒྲིབས་པས་བསྒྲིབས་ལྟར་སྣང༌། །གྲོང་ཁྱེར་སྤྲིན་དང་སྨུགས་པས་བསྒྲིབས་པ་ན། །འགྲོ་རྣམས་ཉི་མ་སྤྲིན་གྱིས་བསྒྲིབས་པར་འཛིན། །ས་ལ་སྤྲིན་ཏེ་རླུང་གིས་གཏོར་བ་ན། །ཉི་མའི་སྒྲིབས་བྱེད་སངས་ཞེས་རྟོག་པ་ལྟར། །གདུལ་བྱའི་བློ་དང་བསྟུན་ནས་དེ་བཞིན་ཉིད། །དྲི་བྲལ་གནས་སྐབས་ཐོབ་པར་གྱུར་ཞེས་གསུངས། །སངས་རྒྱས་དམ་པའི་དོན་དུ་ཡོད་པ་སྟེ། །སངས་རྒྱས་ཉིད་ནི་དོན་དམ་ཡིན་པའི་ཕྱིར། །གནས་དུ་སངས་རྒྱས་དོན་དམ་མིན་འགྱུར་ཏེ། །ཁྱད་གཞི་མེད་ན་ཁྱད་ཆོས་མི་སྲིད་ཕྱིར། །ཐོབ་བྱ་སངས་རྒྱས་གནས་ལུགས་ཡིན་ནམ་མིན། །མིན་ན་འཁྲུལ་སྣང་ཐོབ་པས་དགོངས་པ་ཅི། །གནས་ལུགས་ཡིན་པས་སངས་རྒྱས་ཐོབ་འགྱུར་ན། །སེམས་ཅན་དུས་ཀྱི་ཆོས་ཉིད་དེ་ཡིན་པས། །དེ་དེའི་བར་དུ་ཡོད་ཅིང་མ་འགྱུར་རྟག །སྔོན་དང་ཕྱི་མཐའ་དུས་གསུམ་དོན་ལ་མེད། །གནས་སྐབས་གསུམ་སོགས་བློ་ཡིས་མཐོང་ཚུལ་ཡིན། དུས་ཀྱི་གོས་མ་མྱོང་བའི་ཆོས་ཉིད་གནས། །འཁྲུལ་དང་འཁོར་བ་རྣམ་རྟོག་དབང་གིས་བྱུང༌། །གཉེན་པོར་རྣམ་པར་མི་རྟོག་ལམ་བསྒོམ་བྱ། །རྟོག་པའི་བཞོན་པ་ལས་ཀྱི་རླུང་ཡིན་པས། །རླུང་རྣམས་དབྱིངས་སུ་དག་བྱེད་ཐབས་བསྒོམས་ན། །འབྲས་བུ་དོན་གཉིས་ཕུན་སུམ་ཚོགས། །དེ་ལས་མངོན་པར་གསལ་བར་འབྱུང༌། །དབུ་མའི་དོན་བཤད་དགེ་བ་འདིས། །ཡིད་བཞིན་ནོར་བུའི་གནས་ཐོབ་ཤོག།
མཛད་བྱང་།
ཞེས་པ་རྒྱུ་འབྲས་དབུ་མའི་ཐིག་ལེ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སྐྱེ་བོ་ཐམས་ཅད་གྲུབ་མཐའ་བཟང་པོ་མཐར་ཐུག་འདི་ལ་འཇུག་པར་གྱུར་ཅིག ཞུས་དག ཤུབྷཾ།