ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྣམ་པར་བཤད་པ་སྔོན་མེད་ལེགས་བཤད།
ཏཱ་ར་ནཱ་ཐ།
༄༅། །ཨོཾ་སྭ་སྟི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་སྔོན་མེད་ལེགས་བཤད་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཁྱབ་དང་རྟག་པའི་རང་བཞིན་ཅན། །རྒྱལ་བ་ཐུགས་རྗེའི་བདག་ཉིད་ལ། །གུས་པས་བཏུང་ནས་མདོ་འདིའི་དོན། ཆ་ཙམ་འབྱེད་ལ་སྤྲོ་བ་སྐྱེས། དེ་ལ་མདོ་འདིའི་མིང་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། ཇི་སྐད་དུ་འཕགས་པ་ཐོགས་མེད་ཞབས་ཀྱིས་གང་གསུངས་པ་དེ་ཁོ་ན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་ཀྱང་དྲངས་པ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །སྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཅེས་གསུངས་ཏེ། རང་བཞིན་ཤེར་ཕྱིན་དང་། འབྲས་བུ་ཤེར་ཕྱིན་དང་། ལམ་ཤེར་ཕྱིན་ཏེ། བརྗོད་བྱ་དོན་གྱི་ཤེར་ཕྱིན་རྣམ་གྲངས་གསུམ་དང་། གཞུང་ཤེར་ཕྱིན་ནི། བརྗོད་བྱེད་ཚིག་གི་ཤེར་ཕྱིན་ཏེ། ཤེར་ཕྱིན་གྱི་རྣམ་གྲངས་བཞིའོ། །དེ་ལ་རང་བཞིན་ཤེར་ཕྱིན་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆོས་དབྱིངས་གདོད་མ་ནས་གནས་པ་གང་ཡིན་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་ཐ་སྙད་གང་ལ་འཇུག་པའི་གཞི་དེའོ། །དེ་ཉིད་གཞི་ལམ་འབྲས་བུ་གང་གི་ཡང་ལྡོག་ཆ་དང་མ་སྦྲེལ་པར། རང་རྐང་དུ་བཞག་པའི་ཚེ་རང་བཞིན་ཞེས་བྱ་ཞིང༌། གནས་ལུགས་དེ་ཉིད་དེ་བཞིན་གཤེགས་པ་སྟེ། དོན་དམ་པའི་སངས་རྒྱས་དངོས་ཀྱང་ཡིན་ལ། དེ་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པའི་སྐྱེས་བུ་ཐོབ་པ་ན། སྐྱེས་བུ་དེའི་འབྲས་བུར་འཇོག་པའི་རྒྱུ་མཚན་དང་སྦྲེལ་ནས། འབྲས་བུ་ཤེར་ཕྱིན་ཅེས་བྱ་ཞིང༌། དོན་ལ་ཡེ་ཤེས་གཅིག་ཉིད་སངས་རྒྱས་ཀྱི་སྐྱེས་བུ་ཁོ་ན་ལ་ལྟོས་ནས་འབྲས་བུ་དང༌། གཞི་ལམ་འབྲས་བུའི་ཆོས་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རང་བཞིན་དུ་བཞག་གོ །དེ་བས་ན་འབྲས་བུ་དེ་དངོས་ནི་གདོད་མ་རང་བྱུང་ཡིན་པའི་ཕྱིར། ལམ་གྱིས་སྐྱེད་མི་དགོས་ཀྱང༌། གང་ཟག་དེས་འབྲས་བུ་དེ་ཐོབ་ཅིང་མངོན་དུ་འགྱུར་བ་ནི། ལམ་གྱིས་བསྐྱེད་དགོས་པའི་ཕྱིར། འཕགས་པའི་ལམ་གྱིས་བསྡུས་པ་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ནི་ལམ་ཤེར་ཕྱིན་ནོ། །དེ་གསུམ་བརྗོད་བྱར་སྟོན་པར་བྱེད་པའི་ངག་ཚིག་དེ་བཞིན་གཤེགས་པའི་བཀའ་ཡིན་པ་དེ་ལ་ནི། གཞུང་ཤེར་ཕྱིན་ཅེས་བྱ་སྟེ། སྐབས་འདིར་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ཅེས་པ་ཡང་གཞུང་ཤེར་ཕྱིན་ནོ། །
གཞུང་གསུམ་དུ་དབྱེ་བ།
གཞུང་དེ་ཡང་རྣམ་པ་གསུམ་ཡོད་དེ། སངས་རྒྱས་རང་སྣང་གི་གསུང་དབྱིངས་ཐེག་པ་ཆེན་པོའི་མདོ་སྡེ་ནི། གཉིས་མེད་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་པར་ཤར་པའི་ནང་ཚན་གྱི་མདོ་སྡེའི་དག་གི་རྣམ་པ་དོན་དམ་དེ་ཡིན་པས་འདི་ནི་རང་བཞིན་ཤེར་ཕྱིན་ནས་འབྲས་བུ་ཤེར་ཕྱིན་དང་ངོ་བོ་གཅིག་སྟེ་གཞུང་དང་པོའོ། །གཞན་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡིད་ལ་སྒྲ་སྤྱིའི་རྣམ་པར་ཤར་བའིི་མིང་ཚིག་ཡི་གེའི་ཚོགས་པ་ཐེག་ཆེན་གྱི་མདོ་སྡེ་ནི་གཞུང་གཉིས་པའོ། །དེ་དང་མཐུན་པར་ངག་ཏུ་བརྗོད་པའི་སྒྲ་ནི་གཞུང་ཤེར་ཕྱིན་གསུམ་པ་སྟེ། ཕྱི་མ་འདི་གཉིས་ནི། རང་བཞིན་འབྲས་བུ་ལམ་གསུམ་ལས་ངོ་བོ་ཤིན་ཏུ་ཐ་དད་མོད་ཀྱི། སངས་རྒྱས་རྣམས་ཀྱི་སྨོན་ལམ་ལས་བྱུང་བ། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་སྒྲིབ་གཉིས་སྤོང་བར་བྱེད་པའི་ནུས་མཐུ་ཅན་ཡིན་པའི་ཕྱིར། ཟག་མེད་ཀྱི་ཆོས་དང༌། རྣམ་པར་བྱང་བའི་དམིགས་པ་དང༌། ཡོངས་གྲུབ་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་ཤེས་པར་བྱའོ།། དེ་དག་ནི་ཞིབ་མོར་དཔྱད་པའི་སྙིང་པོ་ཡིན་ལ། དཔྱད་པ་མ་བཏང་བར་རགས་བཤད་དུ་བྱས་ན། ཆོས་དབྱིངས་གཉིས་མེད་ཡེ་ཤེས་ཀུན་ཁྱབ་ཙམ་རང་བཞིན་དང༌། ཆོས་དབྱིངས་དེ་སྒྲིབ་པ་སྤངས་པའི་དག་པ་གཉིས་ལྡན་སངས་རྒྱས་ཀྱི་སྐུ་ནི་འབྲས་བུ་དང༌། དེ་ཐོབ་བྱེད་རྣམ་པར་མི་རྟོག་པའི་སྒོམ་པ་ནི་ལམ་དང༌། དེ་གསུམ་པོ་སྟོན་བྱེད་སངས་རྒྱས་ཀྱི་བཀའ་ནི་གཞུང་ཤེར་ཕྱིན་ནོ། །ཅེས་ཀྱང་རྣམ་པར་བཞག་གོ །གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྒྱས་པ་མཐའ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་བྱར་སྟོན་པར་བྱེད་པའི་ཕྱིར། ངེས་པར་ན་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་མོད་ཀྱི། ཤེར་ཕྱིན་གྱི་མཚན་མདོ་ཐམས་ཅད་ལ་མ་གྲགས་པས། སྐབས་འདིར་མདོ་སྡེ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མཚན་བཏགས་པ་དེ་ཉིད་ངེས་པར་བཟུང་ངོ༌། །བཅོམ་ལྡན་འདས་མ་ཞེས་པ་ནི། གོང་དུ་ཇི་སྐད་བསྟན་པའི་རང་བཞིན་དང་འབྲས་བུ་ཤེར་ཕྱིན་དེ་ཉིད། སངས་རྒྱས་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་ལ། དེའི་ངོ་བོར་སྦྱོར་བ་ཐབས་དང་ཤེས་རབ་ཟུང་དུའཇུགཔ་ཡིན་ཀྱང༌། །སྐབས་འདིར་ཤེས་རབ་ཀྱི་ཆ་གཅོ་བོར་སྨོས་ཏེ། བཅོམ་ལྡན་འདས་མ་ཅེས་མོ་རྟགས་ཀྱི་སྒྲས་བསྟན་པ་ཡིན་ནོ། །དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་བཅོམ་ལྡན་འདས་མ་ཞེས་མཚན་དུ་གསོལ་ཞིང་། །དེ་ལྟར་ན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འབུམ་པ་ལ་སོགས་པ་ཐམས་ཅད་ཀྱི་བརྗོད་བྱའི་དོན་འདུས་ཤིང༌། ཚིག་ཤིན་དུ་ཉུང་ངུས་སྟོན་པའི་ཕྱིར་སྙིང་པོ་ཞེས་བྱའོ། །མདོ་རྒྱས་པ་དེ་དག་དང་གཞུང་འདི་ལ་བརྗོད་བྱའི་ངོ་བོ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པར་འདོད་པ་མི་འཐད་ལ། །བརྗོད་བྱ་སྟོན་ཚུལ་རྣམ་གྲངས་མི་འདྲ་བ་མང་ཉུང་གི་ཁྱད་པར་ནི་ཤིན་དུ་ཆེའོ། །དེ་ལ་མཁས་པ་ཆེན་པོ་འགའ་ཞིག་འདི་སྐད་གསུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འབུམ་པ་ལ་སོགས་པ་ཤེར་མདོ་མཐའ་ཡས་པ་རྣམས་ཡིན་ལ། དེའི་དོན་གྱི་སྙིང་པོ་འམ་མཆོག་ནི་རྣམ་ཐར་སྒོ་གསུམ་མོ།།
རྣམ་ཐར་སྒོ་གསུམ།
རྣམ་ཐར་སྒོ་གསུམ་རྟོགས་པའི་ཡེ་ཤེས་ནི། ལམ་ཤེར་ཕྱིན་གྱི་སྙིང་པོ་ཡིན་ལ། དེ་ཉིད་ཆ་ཚང་བར་སྟོན་བྱེད་ཀྱི་མདོ་ཡང་གཞུང་ཤེར་ཕྱིན་གྱི་སྙིང་པོར་འགྱུར་བས། །ཚིག་ཉུང་དུས་དེ་འདྲ་སྟོན་པ་ནི་ཤེར་ཕྱིན་གྱི་སྙིང་པོའོ། །དེ་ཡང་མདོ་འདིར་སྟོང་པ་ཉིད་དང་མཚན་ཉིད་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། དྲི་མ་མེད་པ་དང༌། དྲི་མ་དང་བྲལ་བ་མེད་པ་དང༌། བྲི་བ་མེད་པ་དང༌། གང་བ་མེད་པ་སྟེ་རྣམ་གྲངས་བརྒྱད་གསུངས་སོ། །དེའི་དང་པོ་གཉིས་སྟོང་ཉིད་དང༌། བར་བ་བཞི་མཚན་མེད་དང༌། ཐ་མ་གཉིས་སྨོན་མེད་དོ། །གཟུགས་སོགས་ཆོས་རྣམས་ངོ་བོ་ཉིད་མེད་པ་དང༌། རང་སྤྱིའི་མཚན་ཉིད་ཀྱིས་སྟོངས་བའི་ཕྱིར་སྟོང་ཉིད་དང༌། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལ་བསྐྱེད་བྱེད་ཀྱི་རྒྱུ་མ་གྲུབ་ཅིང༌། རྣམ་བྱང་གི་རྟེན་འབྲེལ་ལ་འགོག་བྱེད་ཀྱི་རྒྱུ་མ་གྲུབ་པ་དང༌། དྲི་མ་ནི་ཀུན་ནས་ཉོན་མོངས་ཡིན་ལ། དྲི་མ་དང་བྲལ་བ་ནི་རྣམ་པར་བྱང་བའོ། །བཞི་པོ་དེ་ཀུན་བྱང་གི་རྒྱུའི་དོན་དང་འབྲེལ་བས། དེ་དག་ལ་བླང་དོར་གྱི་མཚན་མ་མ་དམིགས་པའི་ཕྱིར་མཚན་མ་མེད་པ་དང༌། སྐྱོན་བྲི་བ་དང་ཡོན་ཏན་གྱིས་གང་བ་མ་གྲུབ་སྟེ། བསལ་བཞག་མེད་པས་ན། སྐྱོན་སྤོང་ཡོན་ཏན་ཐོབ་པའི་ཕྱིར་མི་སྨོན་པས་སྨོན་པ་མེད་པའོ། །དེ་ལ་གཅིག་དུ་བྲལ་གྱི་རིགས་པས་ངོ་བོས་སྟོངས་པ་དང༌། རྡོ་རྗེ་གཟེགས་མས་རྒྱུའི་མཚན་པ་མེད་པ་དང༌། ཡོད་མེད་སྐྱེ་འགོག་གིས་འབྲས་བུ་ལ་སྨོན་པ་མེད་པ་རྣམས་གྲུབ་ལ། དོན་དེ་ཙམ་ཞིག་གིས་ཡུམ་གྱི་སྙིང་བོར་འགྱུར་ཞིང༌། གཞི་ལམ་འབྲས་གསུམ་ལ་རྨོངས་པ་སེལ་བའི་དོན་དུ། རྣམ་ཐར་སྒོ་གསུམ་དུ་ཕྱེ་བ་ཡིན་གྱི། ངོ་བོའི་སྒོ་ནས་ནི་སྟོང་ཉིད་གཅིག་པུར་འདུས་སོ་ཞེས་གསུངས་ཏེ། གཞུང་གི་ཚིག་དོན་འཆད་པའི་སྐབས་རྣམ་པ་གཞན་དུ་བཤད་དགོས་ཀྱང༌། མཚན་དོན་གྱི་སྐབས་འདིར་བཤད་ཚུལ་འདི་ཡང་ཁས་བླང་བར་བྱའོ། །
མཚན་ཉིད་གསུམ།
དེ་ལ་མདོ་འདིས་བརྗོད་བྱའི་དོན་སྟོང་ཉིད་ཁོ་ན་གཙོ་བོར་བསྟན་པ་ཡིན་ན། སྟོང་ཉིད་དེ་ཡང་ཇི་སྐད་དུ། ཆོས་དབྱིངས་བསྟོད་པ་ལས། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཅེས་དང༌། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་ལས་ཀྱང༌། ཀུན་བཏགས་དང་ནི་གཞན་གྱི་དབང༌། །ཉོན་མོངས་མཚན་ཉིད་ཤེས་པར་བྱ། །རྣམ་པར་བྱང་བའི་རང་བཞིན་ནི། །ཡོངས་སུ་གྲུབ་པར་འདོད་པ་ཡིན། །ཅེས་ཀྱང་གསུངས་ཏེ། ལུང་དོན་དང་ལམ་བསྒོམས་པས་རྟོག་པས་བརྟགས་པའི་ཆོས་ཉོན་མོངས་འགོག་པ་ཡིན་མོད། ཡོངས་གྲུབ་རང་བཞིན་གྱིས་དག་པའི་ཁམས། ཆོས་དབྱིངས་དམ་པ་ཟད་མི་ཤེས་དེ་ནི། སྟོང་གཞིའི་ངོ་པོར་རྟག་ཏུ་ཡོད་དོ། །དེའི་ཕྱིར་སྟོང་རྐྱང་དུ་བལྟ་བར་མི་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ཞིག་སྟོང་པ་ཁོ་ནར་བལྟ་གྱུར་པ། །དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས། །ཅེས་དང༌། ཀླུ་སྒྲུབ་ཀྱིས་ཀྱང༌། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཅེས་སོ། །རང་སྟོང་བར་གྲགས་པ་རྙིང་པ་རྣམས་ཀྱིས་བསམ་པ། སྟོང་པ་ཡང་མི་སྟོང་པ་ལ་བལྟས་པའི་ཕྱིར། མི་སྟོང་པའི་ཆོས་མི་སྲིད་པས་སྟོང་པ་ཡང་མི་སྲིད་དེ། དེའི་ཕྱིར་ཁོ་བོ་ཅག བསམ་བྱུང་གི་རིགས་པས་ཀྱང་སྟོང་པར་མི་འཛིན་ལ། སྒོམ་པའི་ཚེ་ཡང་གང་དུ་ཡང་རྣམ་པར་མི་རྟོག་པའི་ཕྱིར་སྐྱོན་མེད་དོ་སྙམ་ན། མི་སྟོང་པ་གཏན་ནས་མི་སྲིད་པར་གོ་བ་དེ་ཀ་བསམ་བྱུང་གི་བློས་སྟོང་རྐྱང་དུ་ལྟ་བ་ཟད་མ་ཡིན་པའི་སྟེང་དུ། སྟོང་བ་ཡང་མི་སྲིད་པར་གོ་བས་ན། དེ་བས་ཀྱང་ཆེས་ཤིན་ཏུ་སྟོང་པར་འཛིན་པ་མ་རུངས་པར་སོང་སྟེ། གྲོང་ཁྱེར་གྱི་མི་རྣམས་ཤི་བས་སྟོངས་པར་གྱུར་བའི་རྗེས་སུ། ཁྱིམ་རྣམས་ཀྱང་ཞིག་ན་ཆེས་སྟོངས་པར་འགྱུར་བ་བཞིན་ནོ། །དེས་ན་བསམ་བྱུང་དེ་ནི་སྟོང་པར་འཛིན་པ་ཡིན་པར་གྲུབ་ལ། གཞན་ཡང་དངོས་གཞི་མི་རྟོག་པ་ཙམ་ཡིན་དུ་ཆུག་ཀྱང༌། འཛིན་པ་མངོན་འགྱུར་བའི་རྣམ་པར་རྟོག་པ་ལོག་པ་ཙམ་གྱི་སྒོམ་པ་ནི། སྟོང་ཉིད་དུ་བལྟ་བ་རང་དེ་མིན་ཤས་ཆེ་ཡང་དེ་ཙམ་ཞིག་ནི་སྒྲིབ་པ་གང་གི་ཡང་གཉེན་པོར་འགྱུར་བ་མ་ཡིན་ཏེ། དེ་འདྲ་དེ་སྔར་བརྗོད་པའི་ལྟ་དེ་དང་འབྲེལ་ལམ་མ་འབྲེལ། འབྲེལ་ན་ནི། དངོས་གཞིའི་སྐབས་དེར་འཛིན་སྟངས་མི་གསལ་བའི་ཆ་ཤས་ཁོ་ནས་ཡོན་ཏན་དུ་མ་སྟེ་ནུས་ཤིང་འཚེངས་ན་མ་གཏོགས། སྦྱོར་བ་ཐོས་བསམ་སྐབས་ལས་ལྷག་རྒྱུ་ཅི་ཡང་མ་བྱུང་ལ། དེ་ནི་སྟོང་རྐྱང་དུ་འཛིན་པ་དེ་ཁོ་ནས་བསྒོས་པ་ཡང་ཡིན་ནོ། །འཛིན་སྟངས་མི་གསལ་བ་ཙམ་དེ་ལ་ནི། ངོ་མཚར་བའི་ཕན་ཡོན་ཅུང་ཟད་ཀྱང་ཡོད་པ་མ་མཐོང་ལ། དེ་འདྲ་བའི་རྣམ་རྟོག་རགས་པ་ལོག་ཙམ་ཁོ་ན་དོན་དུ་གཉེར་བ་ལ་ནི། སྟོང་པ་དང་མི་སྟོང་པའི་དཔྱད་པ་གང་ཡང་སྔོན་དུ་འགྲོ་མི་དགོས་སོ། །ཡང་སྔར་གྱི་དཔྱད་པ་དང་ཕྱིས་ཀྱི་སྒོམ་པ་མ་འབྲེལ་པས། ཐར་བའི་དོན་དང་སྒོམ་པའི་དོན་དུ་དཔྱད་པ་དེ་ཡང་མི་དགོས་པར་འདོད་ན། ཐུག་མེད་ཀྱི་དཔྱད་པ་འདིས་ཅི་ཞིག་བྱ་སྟེ་རྩོད་པ་ལྷུར་ལེན་ཁོ་ནར་ཟད་དོ། །དེ་བས་ན་དབུ་མ་འཇུག་པ་ལས། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་འབྱུང་སྟེ། ལྟ་བ་མཐོ་རུ་རེ་བ་འང་ཐང་ཆེ་ཆེ་མོ། དོན་གོ་བདེ་བདེ་འདྲ་བ། ཚིག་ལེགས་ལེགས་ལྟར་སྣང་བ་འདི་འདྲའི་རིགས་མང་པོས། རྒྱ་བོད་ཀྱི་མཁས་པར་གྲགས་་པ་ཕལ་ཆེ་བ་ཡང་བསླུས་པར་གྱུར་ཏོ། །དེས་ན་སློབ་དཔོན་ཀླུས་བྱང་ཆུབ་ཀྱི་སེམས་འགྲེལ་ལས། དངོས་པོ་ཞེས་བྱ་རྣམ་རྟོག་སྟེ། །རྣམ་རྟོག་མེད་པ་སྟོང་ཉིད་ཡིན། །གང་ལ་རྣམ་རྟོག་སྣང་ཡོད་པ། །དེ་ལ་སྟོང་ཉིད་ག་ལ་ཡོད། །ཅེས་གསུངསཏེ། དེའི་ཕྱིར་སྟོང་ཉིད་དངོས་ནི་ཡེ་ཤེས་ཡིན་ལ། ཡེ་ཤེས་ཤར་བ་དང་རྣམ་རྟོག་ནུབ་པ་འགྲོས་གཅིག་པ་ལས། ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་ཉིད་ནི་དེ་འདྲ་མ་ཡིན་ཏེ། རྣམ་རྟོག་གི་སྣང་བ་མ་ཉམས་པར་ཡོད་ཀྱང་དེའི་སྣང་བ་ཡོད་པ་ཡང་མི་འགལ་བའི་ཕྱིར་རོ། །དེ་བས་ན་སྟོང་ཉིད་ཙམ་ལ་སྤྱི་ལྡོག་ནས། རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཅེས་གསུངས་པ་ལྟར། ཀུན་བཏགས་རྣམས་ནི། ཞེན་ཡུལ་དུ་ཤར་བ་ཙམ་མ་གཏོགས། གནས་ལུགས་ལ་ལྟ་ཅི་སྨོས། ཀུན་རྫོབ་ཀྱི་ཤེས་པ་རླང་པོས་བཞིགས་ན། ཤེས་པ་ཀུན་རྫོབ་པ་དེའི་ངོར་ཡང་མ་གྲུབ་པའི་ཕྱིར། མེད་པའི་སྟོང་ཉིད་ཅེས་བྱ་སྟེ། དེའི་ཕྱིར་ཐོས་བསམ་སྒོམ་གསུམ་གྱི་རིམ་པས། མེད་པར་ཤེས་དགོས་པ་ཙམ་ཞིག་ཡིན་པས་ཤེས་བྱར་བཤད་ལ། གཞན་དབང་ནི་མེད་བཞིན་དུ་དངོས་པོར་འཁྲུལ་བའི་བློ་ལ་དངོས་པོར་གསལ་བར་སྣང་བ་ཡིན་པས། འཁྲུལ་སྣང་རྒྱུ་དང་བཅས་པ་སྤང་དགོས་པས་སྤང་བྱ་དང་། ཀུན་རྫོབ་ཀྱི་ཤེས་པ་ལ་གསལ་བར་སྣང་བ་ཡིན་པས་ཡོད་པའི་སྟོང་ཉིད་དེ་རྒྱ་སྐད་དུ་སཱཏ་ཅེས་པ་ཡོད་པའི་དངོས་པོའི་དོན་ནོ། །ཡོངས་གྲུབ་ནི་དྲི་མ་སྦྱང་བའི་གཞི། གདོད་ནས་ཆོས་ཀུན་གྱི་རང་བཞིན་དུ་ཡོད་པ་ཡིན་ཀྱང༌། དེ་ལྟར་མ་རྟོགས་པའི་དྲི་མ་སྦྱོང་དགོས་ཤིང༌། མངོན་སུམ་དུ་རྟོགས་ཤིང་ཐོབ་པར་བྱ་དགོས་པས་ན། སྦྱང་གཞི་དང༌། ཐོབ་བྱ་དང༌། རེག་པར་བྱ་བ་ཡིན་ཅིང༌། རང་གི་ངོ་བོ་དོན་དམ་ཡང་ཡིན། སྤྲོས་བྲལ་གྱི་སྟོང་ཉིད་ཀྱང་ཡིན། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་ཡང་ཡིན། གློ་བུར་གྱི་དྲི་མའམ་འཁྲུལ་སྣང་གིས་གདོད་ནས་སྟོངས་པ་ཡང་ཡིན་པས་དེ་ལ་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་ན་སྟོང་ཉིད་རྣམ་པ་གསུམ་གྱི་དབྱེ་བ་འདི་མ་ཤེས་ན། འཁོར་ལོ་གསུམ་གྱི་མདོ་སྡེ་རྣམས་ལས་སྟོང་ཉིད་ཀྱི་རྣམབཞག་མང་པོ་གསུངས་པའི་དངོས་བསྟན་ཡང་རྟོགས་བར་མི་འགྱུར་ན། དགོངས་དོན་ལྟ་སྨོས་ཀྱང་ཅི་དགོས་ལ། འདི་ཤེས་པས་ན་དངོས་བསྟན་དང་དགོངས་དོན་མཐའ་དག་ལ་མཁས་པར་འགྱུར་རོ། །
སྟོང་ཉིད་བཅུ་དྲུག
དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་བ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཤེས་རབ་སྙིང་པོའི་མདོ་འདིར་སྟོང་པ་ཉིད་བཅུ་དྲུག་ཚང་བར་གསུངས་སམ་མ་གསུངས་ཞེ་ན། འདིར་སྟོང་ཉིད་ཁོ་ན་བརྗོད་བྱའི་གཙོ་བོར་གསུངས་མོད། དངོས་བསྟན་ཚིག་ཟིན་ལ་བཅུ་དྲུག་གི་རབ་དབྱེ་མིང་གསལ་གསུངས་པ་མ་ཡིན་ཀྱང༌། ཤུགས་ལ་བཅུ་དྲུག་རྫོགས་པར་བསྟན་ཏེ། མིག་མེད་ཅེས་སོགས་ཀྱིས་ནང་ཟ་བ་པོ་སྟོང་པ་ཉིད་དང༌། གཟུགས་མེད་ཅེས་སོགས་ཀྱིས་ཕྱི་བཟའ་བ་སྟོང་པ་ཉིད་དང༌། ཁམས་བཅོ་བརྒྱད་མེད་པར་བསྟན་པས་བཟུང་སྣང་དང་རྣམ་ཤེས་ཀྱི་སྤྲེལ་ཐག་རྟེན་དང་བཅས་པ་བཀག་པས་ཕྱི་ནང་སྟོང་པ་ཉིད་དང༌། གཟུགས་སོགས་བཀག་པས། གནས་སྣོད་ཀྱི་འཇིག་རྟེན་ཆེན་པོ་སྟོང་པ་ཉིད་དང༌། ཡེ་ཤེས་མེད་ཅེས་པས། ལམ་གྱི་ཡེ་ཤེས་དང་དེའི་རྣམ་པ་བཀག་པའི་ཕྱིར། དོན་དམ་སྟོང་པ་ཉིད་དང༌། སྟོང་ཉིད་སྟོང་པ་ཉིད་གཉིས་བསྟན་ནོ། །ལམ་མེད་ཅེས་པས། འདུས་བྱས་ཀྱི་དགེ་བ་སྟེ། འདུས་བྱས་སྟོང་ཉིད་དང༌། འགོག་པ་མེད་ཅེས་པས་འདུས་མ་བྱས་སྟོང་པ་ཉིད་དང༌། ཐོབ་པ་དང་མ་ཐོབ་པ་མེད་པར་བསྟན་པས་དགེ་བ་མི་ཟད་པའི་ཕྱིར་དོར་བ་མེད་པ་སྟོང་ཉིད་དང༌། སྡུག་བསྔལ་དང་ཀུན་འབྱུང་མེད་ཅེས་པས་སེམས་ཅན་ལ་ཕན་པ་བསྒྲུབ་པའི་ཕྱིར། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། སྡུག་ཀུན་ཉིད་འཁོར་བ་ཡིན་ན་དེ་བཀག་པས་འཁོར་བ་ལ་སྤང་བྱར་ཞེན་པ་བཀག་པའི་ཕྱིར། ཐོག་མཐའ་མེད་པ་སྟོང་ཉིད་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཤེར་ཕྱིན་ཟབ་མོ་འདི་ལ་བརྟེན་ཅེས་པས། རིགས་རྣམ་པར་དག་པ་རང་བཞིན་སྟོང་ཉིད་དང༌། སྔགས་ཀྱི་ཕན་ཡོན་རྣམས་ཀྱིས་ནི་གཟུགས་སྐུ་དང་ཆོས་སྐུའི་ཡོན་ཏན་དག་བསྟན་པའི་ཕྱིར། མཚན་དཔེ་དང་སྟོབས་སོགས་བསྒྲུབ་པའི་ཕྱིར་དུ་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་རྣམས་བསྟན་པ་ཡིན་ཏེ། དེ་ལྟར་ན་བཅུ་བཞི་ཡིན་ཅིང༌། གང་ཟག་དང་ཆོས་ཀྱི་བདག་མེད་པ་ནི་དངོས་པོ་མེད་པ་སྟོང་ཉིད་ཏེ། དབུ་ཞབས་ཐམས་ཅད་དུ་བསྟན་ལ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། སྟོང་ཉིད་ཁྱད་གཞིར་བྱས་ནས། གཟུགས་སོགས་འགོག་པ་དང་གཞན་ཡང་དོན་དམ་གཞན་སྟོང་ཆེན་པོ་གསལ་བར་བསྟན་པའི་ཚིག་རྣམས་ཀྱིས་བསྟན་ནོ། །མི་དམིགས་པ་སྟོང་ཉིད་ནི་དངོས་མེད་སྟོང་པ་ཉིད་དང་དོན་གཅིག་ལ་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་མེད་ངོ་བོ་ཉིད་དང་དོན་གཅིག་གོ །ལྡོག་ཆའི་ཁྱད་པར་ནི། དངོས་མེད་སྟོང་ཉིད་ནི། ངོ་བོའི་སྒོ་ནས་མ་གྲུབ་པ་དང༌། མི་དམིགས་པ་ནི་ཡེ་ཤེས་ཀྱི་ངོ་བོར་དམིགས་སུ་མེད་ཅིང་མཐོང་རྒྱུ་མེད་པའི་དོན་ནོ། །ངོ་བོ་ཉིད་ནི་ཕྱིན་ཅི་མ་ལོག་པའི་རང་བཞིན་དེ་ལམ་གྱིས་གསར་དུ་མ་བཅོས་པའི་དོན་དང༌། དངོས་མེད་ངོ་བོ་ཉིད་ཀྱི་དོན་ནི་དངོས་པོ་རྣམས་གདོད་ནས་མ་གྲུབ་པའི་ཤུལ་ན་ཆོས་ཉིད་མི་གཡོ་ཞིང་བརྟན་པར་གནས་པའི་དོན་ནོ། །
སྟོང་ཉིད་ཉི་ཤུ
དེ་བཞིན་དུ་སྟོང་ཉིད་ཉི་ཤུའི་དབང་དུ་བྱས་ན། རང་གི་ངོ་བོ་སྟོང་པ་ཉིད་ནི། དངོས་མེད་སྟོང་ཉིད་དང་གཅིག་ལ་གཞན་གྱི་ངོ་བོ་སྟོང་པ་ཉིད་ནི་དངོས་མེད་ངོ་བོ་ཉིད་དང་གཅིག་གོ རྣམ་གཞག་འདི་ནི་ཤིན་ཏུ་གསལ་པར་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་རྒྱུད་གཉིས་ལས་འབྱུང་བ་དང༌། མདོ་ལུགས་ཀྱི་དབུ་མཐའ་རྣམ་འབྱེད་རྩལ་འགྲེལ་དང༌། ཡུམ་གསུམ་གནོད་འཇོམས་དང༌། བརྒྱད་སྟོང་དོན་བསྡུ་སོགས་ལས་ཤེས་པར་བྱའོ། །
རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོ།
དེ་བཞིན་དུ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་མདོ་འདི་ནི། སྤྲོས་པའི་མཐའ་བཅུ་འམ། རྣམ་གཡེང་གི་རྣམ་པར་རྟོག་པ་བཅུའི་གཉེན་པོར་ཡང་གསུངས་པ་ཡིན་ཏེ་ཇི་སྐད་དུ། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་དང་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཅེས་གསུངས་པ་ལྟར། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་ནི། མེད་པའི་རྣམ་གཡེང་གི་གཉེན་པོར་བསྟན་ནོ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ཞེས་པ་ནི་ཡོད་པའི་རྣམ་གཡེང་གི་གཉེན་པོའོ། །གཟུགས་སྟོང་པའོ་ཞེས་པ་ནི་སྒྲོ་འདོགས་པའི་གཉེན་པོའོ། །སྟོང་པ་ཉིད་གཟུགས་སོ་ཅེས་པ་ནི་སྐུར་འདེབས་ཀྱི་གཉེན་པོའོ། །སྟོང་པ་ཉིད་ལ་གཟུགས་མེད་ཅེས་སོགས་ནི། སྟོང་ཉིད་དང་དངོས་པོ་གཅིག་པར་རྟོགས་པའི་གཉེན་པོའོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཅེས་པ་ནི། ཐ་དད་དུ་རྟོགས་པའི་གཉེན་པོའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཅེས་པ་ནི། ཀུན་རྫོབ་ཀྱི་ཆོས་རྣམས་རང་གི་ངོ་བོས་གྲུབ་པར་རྟོགས་པའི་གཉེན་པོའོ། །མ་སྐྱེས་པ་ནས་གང་བ་མེད་པའི་བར་ནི་སྐྱེ་བ་ལ་སོགས་པ་ཁྱད་དུ་རྟོག་པའི་གཉེན་པོའོ། །ཐོབ་པ་མེད་ཅེས་པས། ཆོས་རྣམས་ཀྱི་ཐོབ་ཚུལ་སྤྱིར་བཀག་པས་བྱེ་ཕྲག་ཏུ་འབྲེལ་བ་བཀག་པར་འགྱུར་ལ། དེའི་ཕྱིར་མིང་དོན་གྱི་འབྲེལ་པ་ཡང་བཀག་པ་སྟེ། མིང་ཇི་ལྟ་བ་བཞིན་དོན་དུ་རྟོགས་པ་དང༌། དོན་ཇི་ལྟ་བ་བཞིན་མིང་དུ་རྟོག་པའི་གཉེན་པོའོ། །གཞན་ཡང་གཟུགས་སོགས་དངོས་པོ་ཉིད་བཀག་པས། ཀུན་རྫོབ་རྣམས་དོན་དུ་མེད་པའི་མིང་རྐྱང་ཙམ་དུ་གོ་བར་འགྱུར་བས། དོན་དམ་དུ་མིང་དོན་གཉིས་གདོད་ནས་མ་གྲུབ་ཅིང༌། ཀུན་རྫོབ་ཏུ་ཡང་མིང་དོན་གཉིས་བློ་ཀུན་བཏགས་ཀྱིས་སྦྲེལ་བ་མ་གཏོགས། དོན་ལ་མིང་གིས་སྟོངས་པ་དང༌། མིང་ལ་དོན་གྱིས་སྟོངས་པ་ཡིན་ནོ། །
འཁོར་ལོ་གསུམ་ཆར་ལས་གཞན་སྟོང་བསྟན་ཚུལ།
དེ་ལྟ་བས་ན། རྒྱལ་བ་སྟོན་པ་ཉིད་ཀྱི་ཞལ་སྔ་ནས། འཁོར་ལོ་དང་པོར་གཏོགས་པ་སྟོང་པ་ཉིད་ཀྱི་དོན་ཆེན་པོ་ལས་ཀྱང༌། ཀུན་དགའ་པོ་དེ་ལྟ་བས་ན། གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར། ཡང་དག་པར་རྗེས་སུ་མཐོང་ཡང་དེས་ལྷག་མ་གང་ཡོད་བ་དེ། དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུརབ་ཏུ་ཤེས་ཏེ། ཀུན་དགའ་བོ་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི། སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ནོ། །ཅེས་གསུངས་ཤིང༌། ཆེན་པོ་སྟོང་པ་ཉིད་ཀྱི་མདོ་ལས་ཀྱང༌། ཕྱི་དང་ནང་དང་ཕྱི་ནང་སྟོང་པ་ཉིད་གསུམ་གསུངས་པ་ཡང་དེ་དང་འདྲ་ལ། འཁོར་ལོ་བར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྒྱས་པ་རྣམས་ལས་ཀྱང༌། དེ་ལ་གཞན་གྱི་དངོས་པོ་སྟོང་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་གནས་པ་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་པ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་མཐའ་དེ་ནི་གནས་པ་ཉིད་དེ། དེ་ལྟར་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་བོ་སྟོང་བ་ཉིད་ཅེས་བྱའོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡིན་ནོ། །ཅེས་གསུངས་ཤིང༌། འཁོར་ལོ་ཐ་མའི་མདོ་རྣམས་ལས་ནི་ལྷག་པར་ཡང་རྒྱས་ཤིང་གསལ་བར་གསུངས་ཏེ། བཀའ་འཁོར་ལོ་གསུམ་ཆར་གྱི་དངོས་བསྟན་དང༌། ཤུགས་བསྟན་དང༌། དགོངས་དོན་གྱི་གཙོ་བོའི་སྟོང་པ་ཉིད་ནི། གཞན་སྟོང་དབུ་མ་ཆེན་པོ་ཁོ་ན་ཡིན་གྱི། སྲིད་ཚད་ཐམས་ཅད་རང་སྟོང་དུ་འདོད་པའི་ལུགས་ལྟར་གསུངས་པ་ནི་མེད་དོ། །དེ་ལྟ་བས་ན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོས་སྟོངས་པར་འཇོག་པའི་གྲུབ་མཐའ་ནི། རང་སྟོང་རྣམ་དག་རྒྱལ་བའི་དགོངས་པ་ཡིན་ཡང༌། མཐར་ཐུག་དོན་དམ་དབྱིངས་ཀྱང༌། རང་གི་ངོ་བོས་སྟོང་བར་འདོད་པ་ནི། ཤིན་ཏུ་ཆེས་ལོག་པར་ལྟ་བ་ཡིན་པས། དེ་གཉིས་བསྡོམས་པའི་གྲུབ་མཐའ་ཐལ་རང་གི་ལུགས་འདི་དག་ནི་ཁ་ཟས་བཟང་པོ་དུག་ཅན་དང་འདྲ་ལ་ཀུན་རྫོབ་ཐམས་ཅད་རང་སྟོང་དང༌། དོན་དམ་དབྱིངས་གཞན་སྟོང་དུ་འཁྱེར་ཤེས་པ། ཟུང་འཇུག་གི་ལྟ་བ་ཡོན་ཏན་ཀུན་དང་ལྡན་པ་འདི་ནི། ཆོས་ཉིད་ཀྱི་གནས་ལུགས་དང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའོ། །དེའི་རྒྱུ་མཚན་ཆོས་ཉིད་རྟག་ཏུ་གནས་པ་བདེན་གྲུབ་ལ་བདེན་མེད་དོ་ཞེས་སྐུར་པ་བཏབ་བས། དོན་དམ་པའི་ཆོས་དཀོན་མཆོག་ལ་སྡིག་གསག་པ་དང༌། ཆོས་སྐུ་དོན་དམ་དེ་ཀུན་ཁྱབ་ཡིན་པ་ལ་ཀུན་ཁྱབ་མིན་ཅེས་དང༌། ཀུན་ཁྱབ་ཀྱི་ཆོས་ཉིད་ཡོན་ཏན་ཀུན་ལྡན་ལ་ཡོན་ཏན་མེད་ཅེས་དོན་དམ་པའི་སངས་རྒྱས་དཀོན་མཆོག་ལ་སྐུར་པ་བཏབ་བའི་ཉེས་པ་ཆེན་པོ་དང༌། འཕགས་ཆེན་རྣམས་ཀྱི་མཉམ་བཞག་རྣམ་པ་ཀུན་ལྡན་ཡིན་པ་ལ་ཅི་ཡང་སྣང་བ་མེད་དོ། །ཅེས་དགེ་འདུན་དཀོན་མཆོག་ལ་སྨད་པའི་ཁ་ན་མ་ཐོ་བ་ཆེས་མི་བཟད་པ་དང་བཅས་པ་རྣམས་ནི་ཐལ་རང་པར་གྲགས་པ་རྣམས་ལ་ཐོག་ཏུ་བབས་པ་དང༌། གཞན་སྟོང་སྨྲ་བ་རྣམས་ནི་སྐྱོན་དེ་ལས་གྲོལ་བའི་ཕྱིར་རོ། །ད་ནི་ཚིག་གི་དོན་ལ་འཇུག་པར་བྱ་སྟེ། དེ་ཡང་མདོ་འདི་འཆད་པར་བྱེད་པ་ལ།
བར་དུ་དགེ་བ་གཞུང་།
དང་པོར། གླེང་བསླང་བའི་ཚུལ་གྱིས་ངོ་མཚར་བསྐྱེད་པ་དང༌། བར་དུ་ཟབ་ཅིང་རྒྱ་ཆེའི་དོན་གཏན་ལ་དབབ་པ་དང༌། མཐར་ཡི་རང་མངོན་པར་བསྟོད་པ་སྟེ་གསུམ་ལས། དང་པོ་ལ། གླེང་གཞིའི་ཚིག་དང༌། མདོ་སྡེའི་ཆོས་འབྱུང་བའི་སྒོ་གཉིས་ལས།
རྩ་བའི་དང་པོ། གླེང་བསླང་བས་ངོ་མཚར་བསྐྱེད་པ།
༼༡༽ གླེང་གཞིའི་ཚིག
དང་པོ་ནི། འདི་སྐད་བདག་གིས་ཐོས་པ་ཅེས་པ་ལ་སོགས་པ་སྟེ། དེ་ལ་འདི་སྐད་ཅེས་པ་ནི། སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་ཡང་ཇི་ལྟ་བུ་ཞེ་ན། འདི་སྐད་དམ་འདི་ལྟར་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་རྗེས་སུ་ཡི་རང་ངོ་ཅེས་པའི་མཐར་ཐུག་པ་འདི་སྐད་དུ་ཐོས་ཞེས་པ་ཡིན་པས། དེ་ལྟར་ན་ཆོས་ཕུན་སུམ་ཚོགས་པའོ། །བདག་ཅེས་པ་ནི་བསྡུད་པ་པོ་ཕྱག་ན་རྡོ་རྗེ་བདག་གིས་དངོས་སུ་ཐོས་པ་སྟེ། མདོ་སྡེ་དམ་པ་འདི་གསུང་བའི་དུས་ན། སྟོན་པ་འཁོར་དང་བཅས་པའི་ཚོགས་པ་དེར་མངོན་སུམ་དུ་རང་ཉིད་ཡོད་པས་ན། གཞན་ལས་བརྒྱུད་ཏེ་ཐོས་པ་ནི་མ་ཡིན་ནོ་ཅེས་པའོ། །སྟོན་པ་ནི་རྣམ་པར་འཕྲུལ་བ་རྒྱུ་མ་ལྟ་བུ་ལ་མངའ་བརྙེས་པའི་ཕྱིར༌། དབྱར་དང་སྟོན་ལ་སོགས་བའི་དུས་འདི་ལྟ་བུའོ་ཞེས་ངེས་བཟུང་སུ་མ་བརྗོད་པར། དུས་གཅིག་ན་ཅེས་ཡངས་པའི་སྒྲ་སྨོས་ཏེ་དུས་ཕུན་སུམ་ཚོགས་པའོ། །བཅོམ་ལྡན་འདས་ཅེས་པ་ལ་བྷ་ག་ཝན་གྱི་སྒྲ་ལས་དྲངས་ན། ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པའི་ཕྱིར་ལེགས་ལྡན་ནམ། ཉེས་སྐྱོན་དང་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་བཅོམ་ཞིང་ཞིང་པ་དང༌། གཞན་གྱི་ཉེས་སྐྱོན་རྣམས་འཇོམས་བར་མཛད་པའི་ཡོན་ཏན་དང་ལྡན་བའི་ཕྱིར། བཅོམ་ལྡན་ཞེས་བྱ་ལ་གང་རང་ཉིད་སྐྱོན་སྤངས་ཤིང་ཡོན་ཏན་ཀུན་དང་ལྡན་ལ། གཞན་གྱི་སྡུག་བསྔལ་སེལ་བར་མཛད་པ་དེ་ནི། སྐྱབས་དང་སྐྱོབས་པ་དང༌། སྐྱེས་བུ་དམ་པ་བླ་ན་མེད་པ་ཡིན་པས། ཤཱཀྱ་ཐུབ་པ་བཅོམ་ལྡན་འདས་དེ་ནི། སྟོན་པ་ཕུན་སུམ་ཚོགས་པའོ། །འདས་ཅེས་པའོ་སྒྲ་ནི། འཇིག་རྟེན་ལས་འདས་པ་འམ་འཁོར་བ་པ་དང་ཐེག་དམན་པའི་སྤྱོད་ཡུལ་ལས་འདས་པའི་དོན་དུ་སྦྱོར་ཞིང༌། འཇིག་རྟེན་གྱི་ལྷ་ཁྱབ་འཇུག་ནག་པོ་སོགས་ལ་ཡང་འཇིག་རྟེན་དུ་ལེགས་ལྡན་དང་བཅོམ་ལྡན་དུ་གྲགས་པ་ལས། ཁྱད་པར་འབྱེད་ཅིང་མི་ནོར་བའི་ཕྱིར་དང་པོའི་ལོ་ཙཱ་བས་བཅུག་པའོ་ཞེས་གྲགས་པ་ནི། སྤྱིར་དེ་ལྟར་ཡིན་ལ། འདས་བའི་སྐད་དོད་མེད་དོ་ཅེས་ཀུན་ཏུ་གྲགས་ན། བྷ་ག་ཝཱན་ཅེས་པ། བྷ་ག་བཅོམ་པ་དང༌། ཝཱན་ལྡན་པའི་སྐད་དོད་ཡིན་པ་བཞིན་དུ། འདས་པའི་སྐད་དོད་ཞིག་བཅོམ་པ་དང་ལྡན་པའི་སྐད་དོད་ལས་ལོགས་སུ་ཡོད་པ་མ་ཡིན་ཀྱང༌། དེ་ཉིད་ལ་འདས་པའི་དོན་ཡོད་དུ་རུང་པ་ནི། བྷ་ག་ཅེས་པ་ཉིད་ཀྱི། བྷ་ལ་ཡི་གེ་བསྣན་པས། ཨ་བྷ་ཝི་ཥྱ་ཏི་སྟེ་འབྱུང་བར་མི་འགྱུར་བ་དང༌། ག་ནི་ག་ཏི་སྟེ་སོང་བ་ཅེས་པ་ཡིན་པས། སོང་ཞིང་མི་འབྱུང་བ་ནི། ཡང་དག་པའི་གནས་སུ་སོང་ཞིང་ལོགས་བའི་གནས་སུ་མི་འབྱུང་པ་སྟེ། འཇིག་རྟེན་ལས་འདས་པའི་དོན་ནོ། །དེའི་ཕྱིར་མི་ནོར་པའི་ཆེད་ཁོ་ནར་སྐད་དོད་དང་མ་འབྲེལ་པ་ཞིག གློ་བུར་དུ་དབང་ཆེའི་རིགས་པས་བསྣན་པ་མ་ཡིན་གྱི་སྐད་དོད་དང་ཡང་འབྲེལ་བ་ཉིད་ཡིན་ནོ། །གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་ཀྱང་ཡིན་ལ་དེའི་ས་ཡུལ་དུ་གཏོགས་པ་ན། དཀའ་ཐུབ་ཀྱི་གནས་བྱ་རྒོད་ཕུང་བོའི་རི་བོ་ཡོད་པ་ཡིན་ཏེ། དེ་ཡང་སེམས་ཅན་ཕལ་བ་རྣམས་ཀྱི་སྣང་ངོ་ལྟར་ན། ཡུལ་ཕྱོགས་དང་གྲོང་ཁྱེར་དེ་དང་རི་བོ་དེར་སྣང་བ་ཡིན་ལ་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་དང༌། སངས་རྒྱས་ཀྱི་གཟིགས་པའི་སྤྱོད་ཡུལ་ལྟར་ན། ངོ་བོ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན། རྣམ་པར་དག་པའི་ཞིང་མཆོག་གཞལ་མེད་ཁང་དང་བཅས་པ་སྟེ། དེ་སྐད་དུ་གསེར་འོད་དམ་པ་སོགས་ལས་ཀྱང༌། བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན། །ཅེས་གསུངས་པའི་ཕྱིར། ཕྱི་ནང་གི་བྱ་རྒོད་ཕུང་པོ་དེ་ནི། གནས་ཕུན་སུམ་ཚོགསཔའོ། །དགེ་སློང་གི་དགེ་འདུན་ཆེན་པོ་ཅེས་པ་ལ། སྤྱིར་བྱང་ཆུབ་སེམས་དཔའི་དགེ་སློང་ཡང་ཤིན་ཏུ་མང་མོད་ཀྱི། འདིར་དགེ་སློང་ཞེས་པ་ནི་ཉན་ཐོས་ཀྱི་ཡིན་ལ། དེ་ལས་ཀྱང་ཕལ་ཆེ་བ་ནི། ཉན་ཐོས་དགྲ་བཅོམ་པ་ཡིན་བས། དོན་དམ་པའི་དགེ་སློང་ཡང་ཡིན་མོད་ཀྱི། ཁྱད་པར་དུ་སོ་སོར་ཐར་པ་རིགས་བརྒྱད་ཀྱི་ནང་ཚན་དགེ་སློང་གི་སྡོམ་པ་དང་ལྡན་པ་ཁོ་ནའོ། །ཁ་ཅིག་གསོལ་བཞིའི་ལས་ཀྱི་དགེ་སློང་ཁོ་ནའོ་ཅེས་ཟེར་བ་ནི་མ་བརྟགས་པ་སྟེ། ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་པར་རྫོགས་པ་འང་མང་དུ་ཡོད་ལ། ཚུར་ཤོག་གིས་བསྙེན་པར་རྫོགས་པ་ནི་ཤིན་ཏུ་མང་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཅེས་པ་ལ། སྤྱིར་སེམས་ཡང་དག་པར་བསྐྱེད་པའི་སོ་སོ་སྐྱེ་བོ་ཡང་བྱང་ཆུབ་སེམས་དཔའ་ཡིན་མོད་ཀྱི། འདིར་ནི་ཐེག་ཆེན་འཕགས་པ་རྣམས་བཟུང་སྟེ། དོན་དམ་པའི་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའིཕྱིར་རོ། །དེའི་རྒྱུ་མཚན་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཙམ་བསྐྱེད་པ་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དམིགས་ནས། སེམས་ཅན་ཐམས་ཅད་དེ་ལ་འགོད་བར་འདོད་པའི་སེམས་པ་ཙམ་ཡོད་ཀྱང༌། བྱང་ཆུབ་ཀྱི་རང་བཞིན་མངོན་སུམ་དུ་མ་མཐོང་བས། བྱང་ཆུབ་ལ་ཇི་ལྟ་བ་བཞིན་དུ་སེམས་པར་མ་ནུས་ལ། འཕགས་པ་རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆོས་ཉིད་དེ་བྱང་ཆུབ་ཀྱི་རང་བཞིན་ཡིན་པས། དོན་དམ་སེམས་བསྐྱེད་ཐོབ་པ་ན། བྱང་ཆུབ་ལ་དངོས་སུ་སེམས་ནུས་པའམ་ཡང་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་འདྲ་བའི་གནས་སྐབས་ཐོབ་པ་ན། བྱང་ཆུབ་ཀྱི་ཕྱིར་དུ་སྤྱོད་པ་མཐུ་དང་ལྡན་པར་སྤྱོད་པས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བོ་དྷི་སཏྭ་ཅེས་པ་ལ། བོ་དྷི་བྱང་ཆུབ་ཡིན་ལ། སེམས་དཔའི་སྐད་དོད་སཏྭ་ཅེས་པ་ནི། སྙིང་སྟོབས་སམ་མཐུ་ནུས་ལ་ཡང་འཇུག་པས་སོ། །དགེ་འདུན་ཅེས་པ་ལ་སྤྱིར་དོན་མང་དུ་བཤད་དུ་ཡོད་ཀྱང༌། འདིར་རེ་ཞིག་ཚོགས་པ་དང་འདུས་བའི་དོན་ཡིན་ལ། ཆེན་པོ་ནི་གྲངས་མང་བ་དང༌། ཐམས་ཅད་ཀྱང་འཕགས་པ་ཁོ་ན་ཡིན་པའི་ཕྱིར་ཆེས་བཟང་བའི་དོན་ནོ། །དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་བལྟ་བ་དང༌། དམ་པའི་ཆོས་ཉན་པ་དང༌། སེམས་ཅན་རྣམས་ལ་ཕན་བའི་དོན་དུ། དགོངས་པ་གཅིག་པ་དང༌། བྱ་བ་གཅིག་པ་དང༌། གནས་གཅིག་ཏུ་འདུས་པས་ན་ཐབས་གཅིག་ཏུ་བཞུགས་པ་སྟེ་འཁོར་ཕུན་སུམ་ཚོགས་པའོ། །ཡང་ན་བཀའ་བསྡུད་པ་པོ་ཕུན་སུམ་ཚོགས་པ་ལོགས་སུ་བགྲངས་ཤིང་ཉན་ཐོས་ཀྱི་དགེ་འདུན་ནི་འཁོར་ཙམ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཆེད་དུ་བྱ་བའི་གདུལ་བྱ་ཕུན་སུམ་ཚོགས་པ་སྟེ། ཕུན་སུམ་ཚོགས་པ་བདུན་དུ་རྣམ་པར་བཞག་ཀྱང་རུང་ལ། ཡང་ན་བསྡུད་པ་པོ་ཙམ་ལོགས་སུ་བྱས་ནས། ཁྱད་ཆོས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཁྱད་གཞི། །བསྟན་པ་དམ་ཆོས་ཕུན་སུམ་ཚོགས་ཞེས་བཤད་ཀྱང་རུང་ངོ་།། དུས་གཅིག་ན་ཞེས་པ་དུས་ཀྱི་ཁྱད་པར་མ་ངེས་པ་དང༌། ཐོས་པ་ཅེས་པ་དངོས་སུ་ཐོས་པ་ཁོ་ན་ལ་འཇོག་པ་ནི། ཐེག་པ་ཆེན་པོའི་མདོ་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། ཉན་ཐོས་ཀྱི་མདོ་ཕལ་ཆེ་བ་དུས་ཀྱི་ཁྱད་པར་ངེས་པ་ཅན་ཡིན་པ་དང༌། བཀའ་བསྡུད་བ་པོ་ཀུན་དགའ་བོ་ལྟ་བུས་ཀྱང༌། མདོ་སྡེ་དངོས་སུ་ཐོས་པ་ཡང་ཡོད། དངོས་སུ་མ་ཐོས་པར་བརྒྱུད་ནས་ཐོས་པ་ཡང་ཡོད་ཅེས་བཤད་ཅིང༌། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལས། སྟོང་ཕྲག་ཉི་ཤུ་ཙམ་བརྒྱུད་ནས་ཐོས་པར་བཤད་པ་ཡང་ཡོད་པས། བཤད་སྒྲོས་གཅིག་གི་ཕྱོགས་ཞེན་ལ་བརྟེན་ནས། རྣམ་གྲངས་དུ་མ་འབྱུང་བ་རྣམས་དགག་པར་མི་བྱའོ། །དེ་བཞིན་དུ་ཐོས་པ་ཞེས་པ་ཐོས་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་ཆོས་ཟབ་མོ་རྟོགས་པར་མ་ནུས་སོ་ཅེས་འཆད་པ་ཡང༌། ཆོས་ཀྱི་ཆེ་བ་དབྱུང་བའི་སྐབས་འགའ་ཞིག་ཏུ་ཡིན་གྱི་རྣམ་པ་ཐམས་ཅད་དུ་འཆད་དགོས་པ་མ་ཡིན་ནོ། །ཡང་ཁ་ཅིག་གླིང་གཞི་ཞལ་ནས་གསུངས་བའི་བཀར་བྱས་ནས། སྟོན་འཁོར་གཅིག་པའི་རྣམ་བཞག་མཛད་པ་ནི། ལུགས་གཞན་ཡིན་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ཕར་ཕྱིན་ཐེག་པ་འདིའི་ཕྱོགས་མཚུངས་ཀྱི་སྔགས་རྒྱུད་རྣམས་ལ་སྦྱར་བར་མི་བྱའོ། །འདི་ལ་དཔལ་ཕྱོགས་ཀྱི་གླང་བོའི་ཞལ་སྔ་ནས། སྟོན་པ་དབང་པོ་འཁོར་དང་ནི། ཡུལ་དང་དུས་ཀྱི་ངེས་བསྟན་པ། །བསྡུད་པོ་རང་ཉིད་ཚད་མར་ནི། །རབ་གྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་དུས་ཀྱང་ཉེར་མཚོན་ཅིང༌། །དབང་པོར་བཅས་པ་སྨྲ་བ་ཡི། །སྨྲ་པོ་ཚད་མར་རྗེས་སུ་རྟོགས། །ཅེས་བརྒྱད་སྟོང་དོན་བསྡུ་ལས་གསུངས་ཏེ། སྟོན་པ་དང་ཡུལ་དུས་ངེས་པ་དང༌། འཁོར་ཚོགས་དབང་པོར་བཞག་ནས་བཤད་པས། སྨྲ་བ་པོའི་ཚིག་ཡིད་ཆེས་ཅན་དུ་འགྱུར་བའི་ཕྱིར་དང༌། གཞུང་མཛེས་པར་འགྱུར་པས་དད་ལྡན་འཇུག་པའི་ཡན་ལག་གོ །ཅེས་ཕྱིར་གཞུང་མཛེས་པར་འགྱུར་སྙམ་ན། མདོ་སྡེ་ཕལ་ཆེ་བ་ནི་ཞུ་བ་དང༌། ཞུ་ལན་སྤེལ་བའི་ཚུལ་ཡིན་པས། དེ་འདྲ་ལ་ནི་གླེང་གཞི་མ་སྨོས་པར། ཞུ་ལན་ཁོ་ན་རྩམ་ཐབས་སུ་བཀོད་ན། །མགོ་བཅད་པའི་ཤིང་བཞིན་མི་མཛེས་པར་འགྱུར་བ་ལས། གླེང་གཞི་བཀོད་བས་འབྲེལ་ཆགས་ཤིང་བརྗིད་བག་ཆེན་པོར་སྣང་བར་བྱེད་པའི་ཕྱིར་རོ། །དྲི་མེད་བཤེས་གཉེན་ན་རེ། འཁོར་གྱི་མིང་མ་སྨོས་པས་དབང་པོ་ཡིན་པར་ཡང་མི་གྲུབ་ཅིང༌། ཡུལ་དེ་དག་ཏུ་སོང་ཞིང་དྲིས་ན་ངེས་པ་རྙེད་བར་འགྱུར་སྲིད་ཀྱང༌། དེ་ལྟར་མི་ནུས་པ་རྣམས་ཀྱིས་མདོ་དོན་ལ་ངེས་པ་མི་རྙེད་པར་ཐལ་པར་འགྱུར་རོ་ཞེས་ཕྱོགས་ཀྱི་གླང་པོ་འགོག་པ་ནི། རིགས་པ་ཡང་ལྟར་སྣང་ཡིན་ལ། དགག་ཡུལ་གྱི་ས་མཚམས་ཡང་མ་ཟིན་པའོ། །དེའི་རང་ལུགས་ལ་ཆོས་ཉན་པའི་སྐལ་པ་ཡོད་པ་རྣམས་འདིར་སྨོས་པ་ཡིན་ཞེས་ཟེར་བ་ནི། རང་གི་ཇི་སྐད་བཏོན་པའི་སྐྱོན་དེ་ཐོག་ཏུ་འབབ་ཏེ། མིང་མ་སྨོས་པའི་ཕྱིར། སྐལ་བ་དང་ལྡན་པ་ཡང་སུ་ཡིན་ངེས་པ་མི་རྙེད་པའི་ཕྱིར་རོ། །དེ་བཞིན་དུ་བཞུགས་ཏེ་ཅེས་པའི་སྐབས་སུ། བཅོམ་ལྡན་འདས་འཕགས་པའི་གནས་པ་རྣམ་ཐར་སྒོ་གསུམ་དང༌། ལྷའི་གནས་པ་བསམ་གཏན་གཟུགགས་མེད་ཏིང་ངེ་འཛིན་དང༌། ཚངས་པའི་གནས་པ་ཚད་མེད་བཞིའི་སྒོ་ནས་བཞུགས་ཞེས་འཆད་པ་ཡང༌། དོན་དང་མ་འབྲེལ་ཞིང༌། འོག་ཏུ་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་པར་བཤད་པས། དེ་དག་ནི་དགོས་མེད་ལྷག་པོའི་བཤད་པར་སྣང་ལ། ཡང་སྐུ་སྤྱོད་ལམ་དང༌། གསུང་ཆོས་གསུང་པ་དང༌། ཐུགས་ཏིང་ངེ་འཛིན་གྱི་གནས་པས་བཞུགས་ཞེས་འཆད་པ་ཡང༌། སྤྲོས་བཤད་ཁོ་ནར་བས་སོ། །འདི་སྐད་ཅེས་པའི་སྐབས་སུ། འདི་སྐད་ཁོ་ན་ཡིན་གྱི། ཚུལ་གཞན་གྱི་སྒོ་ནས་མ་ཡིན་ཏེ། དོན་གཞན་ནམ་ཚིག་གཞན་གྱི་རིམ་པས་བྱུང་ངམ་སྙམ་པའི་ཐེ་ཚོམ་གཅོད་པའོ། །ཡང་འདི་སྐད་ཅེས་པས། འདི་ཁོ་ན་ལྟར་ཡིན་གྱི་ཚིག་དང་དོན་གྱི་རིམ་པ་གཞན་ནི་མ་ཡིན་ནོ། །ཅེས་མདོ་ཚིག་འདི་དག་ལ་ལྷག་ཆད་ལ་སོགས་པའི་འཁྲུལ་བ་མེད་པར་བསྟན་ནོ། །ཅེས་ཀྱང་འཆད་པ་རྣམ་གྲངས་སུ་ནི་རུང་ལ། འཁོར་གྱི་གྲངས་ལ་ཁ་ཅིག་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་དང༌། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་འདུན་ཞེས། མདོ་སྡེགཞན་དག་ལས་འབྱུང་བ་ལ། ཁ་ཡར་བ་སྟོང་ཕྲག་ལྔ་ལ། བཞི་ཚན་དུ་བསྡེབ་ན། བཞི་ཚན་པ་སྟོང་ཉིས་རྒྱ་ལྔ་བཅུ་འབྱུང་བས། དེ་གཉིས་དོན་གཅིག་གོ་ཞེས་ཟེར་བ་ཡང་བླུན་གཏམ་དུ་སྣང་ངོ༌། །མདོ་འདི་ལ་ཡང་ཤེར་མདོ་རྒྱས་པ་བཞིན་དུ། དགེ་སློང་ལྔ་སྟོང་དང༌། བཟང་སྐྱོང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཞེས་འཆད་པ་ནི། མདོ་འདི་ཉིད་ལས་གྲངས་དང་དམིགས་གསལ་མ་གསུངས་པ་དང༌། ཤེར་མདོ་རྒྱས་པའི་དུས་དང་་འཁོར་སོགས་དང༌། འདིའི་དུས་དང་འཁོར་སོགས་གཅིག་ཁོ་ནའི་རྒྱུ་མཚན་མི་སྣང་བས། རང་བཟོའི་བཤད་པར་འགྱུར་པ་ཡིན་ནོ། །
༼༢༽ མདོ་སྡེའི་ཆོས་འབྱུང་བའི་སྒོ།
གཉིས་པ་མདོ་སྡེའི་ཆོས་འབྱུང་བའི་སྒོ་ནི། དེའི་ཚེ་བཅོམ་ལྡན་འདས་ཅེས་པ་ལ་སོགས་པ་སྟེ། དེའི་ཚེ་ཅེས་པ་ནི། འཁོར་འདུས་པ་དེའི་ཚེ་ཅེས་པ་ཡིན་མོད་ཀྱི། འོན་ཀྱང་དེའི་ཚེ་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཡོངས་སུ་སྨིན་པས་ཆོས་འདི་བསྟན་ན་གྲོལ་བར་འགྱུར་ངེས་པའི་དུས་ཡིན་པར་མཁྱེན་པའོ། །དེས་ན་ཟབ་མོ་སྣང་བ་ཞེས་བྱ་བ་ལ། ཟབ་མོ་ནི་ཤིན་དུ་རྟོགས་པར་དཀའ་བ་སྟེ། ཆོས་ཀྱི་དབྱིངས་སྤྲོས་བྲལ་ནམ་དུ་ཡང་འགྱུར་བ་མེད་ལ་རྣམ་པ་ཐམས་ཅད་པ་ཡང་ཡིན་པ་སྟེ། དེ་མངོན་སུམ་དུ་རྟོགས་བའིཡེ་ཤེས་དེ་སྣང་བ་སྟེ། ཟབ་མོ་སྣང་བ་དེ་དང་ལྡན་པའི་མཉམ་བཞག་གི་ཐུགས་ནི་ཟབ་མོ་སྣང་་བའི་ཏིང་ངེ་འཛིན་ནོ། །སྒྲ་བཤད་དེ་ནི་སངས་རྒྱས་ཀྱི་མཁྱེན་པ་སྤྱི་ལ་ཚང་བ་ཡིན་ཀྱང༌། སྤྱི་མང་བྱེ་བྲག་ལ་བཏགས་པའི་ཚུལ་གྱིས། བཤད་པའི་ཆོས་ཀྱི་རྣམ་གྲངས་འདི་འབྱུང་བའི་རྒྱུ་ཏིང་ངེ་འཛིན་གྱི་ཁྱད་པར་ལ་དེ་སྐད་ཅེས་བྱ་བ་ཡིན་ནོ། །དེ་ཡང་དངོས་སུ་ན། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཐམས་ཅད་ལ་རྟག་ཏུ་མཉམ་པར་བཞག་པ་ཡིན་པས། སྐབས་འདིར་ཟབ་མོ་སྣང་བའི་ཏིང་ངེའཛིན་ལ་གསར་དུ་མཉམ་པར་བཞག་པ་མ་ཡིན་ཀྱང༌། ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་སྣང་ངོར། ཏིང་ངེ་འཛིན་དེ་ལ་གསར་དུ་མཉམ་པར་བཞག་བར་བསྟན་པ་ཡིན་ནོ།། ཡང་དག་པར་ན་སངས་རྒྱས་ཀྱིས་རྣམ་པར་ཐར་བ་ནི། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་མ་ཡིན་མོད། སྟོན་པའི་གཟུགས་ཀྱི་སྐུ་ནི་གདུལ་བྱའི་སྣང་ངོར་བསྟན་པའི་ངེས་པ་ལས། གང་གདུལ་བྱ་རྣམས་ཀྱིས་ཇི་ལྟ་བུ་ཞིག་མཐོང་བར་འགྱུར་བ། དེ་ལྟ་བུར་བྱིན་གྱིས་རླབས་པས་དེ་ལྟར་སྣང་བ་ཡིན་ཏེ། ལུང་ལས་ཀྱང༌། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པའི་ཚེ། སྲོག་ཆགས་གྲོག་སྦུར་ཕྱིན་ཆད་ཀྱིས་ཀྱང་སྟོན་པའི་ཐུགས་ཤེས་སོ་ཞེས་འབྱུང་པ་ལྟ་བུའོ། །ཡང་དེའི་ཚེ་ཅེས་པ་ནི། དེ་ཁོ་ནར་མ་ཟད་གཞན་ཡང་ཅེས་པ་སྟེ། སྟོན་པ་ཉིད་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་མ་ཐག་དེའི་ཚེའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ལ། བྱང་ཆུབ་སེམས་དཔའ་ནི་གོང་དུ་བཤད་ཟིན་ལ། སེམས་དཔའ་ཆེན་པོ་ནི། དག་པའི་ས་ལ་གནས་པ་དག་ལ་སྤྱི་ཁྱབ་ཏུ་འཇུག་པ་ཙམ་ཡིན་ཡང༌། གཙོ་བོར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པ། དེ་བཞིན་གཤེགས་པའི་རྒྱལ་ཚབ་རྣམས་སོ། །དེའི་སྒྲ་བཤད་པ་ནི། ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །ཆགས་པ་གཅོད་བྱེད་ཀུན་ནས་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་འགྱུར་ལ་རེག །དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་པོ། །ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྷ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་རབ་བརྗོད་དོ། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བསྒོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཅེས་གསུངས་པ་ལྟར་རོ། །ཚིགས་བཅད་འདི་དག་གི་སྦས་དོན་འོག་ཏུ་ཡང་འཆད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ནི་དོན་གནས་ཚུལ་ལ་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ། འཇིག་རྟེན་ཁམས་གཞན་མང་བོ་ཞིག་ཏུ་སངས་རྒྱས་ཉིད་དུ་ཡང་སྟོན་མོད་ཀྱི། སངས་རྒྱས་གཞན་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ། བྱང་ཆུབ་སེམས་དཔའི་ཚུལ་ཡང་སྟོན་པའི་ཕྱིར། གདུལ་བྱ་རྣམས་ཀྱི་སྣང་ཚུལ་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་ལྟར་སྨོས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྟོད་ཅིང་ཉམས་སུ་ལེན་པའི་ཚུལ་གྱིས་ཡང་དག་པའི་དོན་ལ་མཉམ་པར་འཇོག་ཅིང༌། ལྷག་པའི་ཤེས་རབ་ཀྱིས་རྣམ་པར་བལྟ་ལ་ཞེས་སྤྱིར་སྨོས་ནས། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའི་སྒོ་ཕུང་པོ་ལྔ་པོ་དེ་དག་རང་བཞིན་གྱིས་ཏེ་གདོད་ནས་སྟོང་པར་རྣམ་པར་བལྟའོ། །དེ་དག་ཀྱང་ཞེས་ཀྱང་ཡིག་གི་སྒྲས། ཁམས་དང་སྐྱེ་མཆེད་ལ་སོགས་པ་འཇུག་སྒོ་ཐམས་ཅད་ཀྱང་བསྟན་ནོ། །དེ་ཡང་མདོ་འདིའི་རྒྱས་བཤད་གསུང་བ་པོ་འཕགས་པ་སྤྱན་རས་གཟིགས་ཡིན་པས། ཆོས་ཀྱི་རྣམ་གྲངས་ཀྱི་ཚིག་འདི་དག་འབྱུང་བའི་གཞི། དོན་དམ་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་གསར་དུ་བསྐྱེད་པའི་ཚུལ་བསྟན་པ་ཡིན་ཅིང༌། ཕུང་པོ་ལྔ་སོགས་སྟོང་པར་བསྒོམ་མོ་ཞེས་བསྟན་པ་ནི། རྗེས་འཇུག་རྣམས་ཀྱིས་ཀྱང་ཕུང་སོགས་སྟོང་ཉིད་དུ་བསྒོམས་པས། ཤེར་ཕྱིན་གྱིས་ཡེ་ཤེས་དེ་རྟོགས་པར་འགྱུར་རོ། །ཞེས་གོ་བའི་ཆེད་དོ།།
རྩ་བའི་གཉིས་པ། ཟབ་རྒྱས་ཀྱི་དོན་གཏན་ལ་དབབ་པ།གཉིས་པ་བར་དུ་ཟབ་ཅིང་རྒྱ་ཆེ་བའི་དོན་གཏན་ལ་དབབ་པ་ལ། དྲི་ལན་གྱི་སྒོ་ནས་རྒྱས་པར་གཏན་ལ་ཕབ་པ་དང༌། མཐུན་གྱུར་གྱི་སྒོ་ནས་ཐེ་ཚོམ་བསལ་པའོ། །
༼༡༽ དྲི་ལན་གྱི་སྒོ་ནས་གཏན་ལ་ཕབ་པ།
དང་པོ་ལ། དྲིས་པ་དང༌། ལན་གཉིས་སོ། །
དང་པོ། དྲིས་པ།
དང་པོ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཅེས་པ་ལ་སོགས་པ་སྟེ། དེ་ཡང་སྐབས་དེའི་གདུལ་བྱ་རྣམས་ཀྱི་སྣང་ཚུལ་གྱི་དབང་དུ་བྱས་ཏེ། འཕགས་པ་ཤཱ་རིའི་བུ་ནི་ཤེས་རབ་ཅན་གྱི་མཆོག་ཡིན་པའི་ཕྱིར། ཟབ་མོའི་ཆོས་འདི་ལྟ་བུ་ལ་གླེང་བར་འོས་པ་ཡིན་ལ། འོན་ཀྱང་ཐེག་ཆེན་གྱི་ཆོས་ཟབ་མོ་འདི་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། འདི་འདྲི་བ་ཡང་རང་སྟོབས་མ་ཡིན་གྱི་སངས་རྒྱས་ཀྱིས་བྱིན་གྱིས་རླབས་པའི་མཐུ་ཡིན་ནོ།། དོན་དུ་ནི། ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཉན་ཐོས་ཀྱི་བཟུང་བ་ཡིན་པར་ངེས་པས། ཐེག་ཆེན་གྱི་ཆོས་ལ་དབང་བསྒྱུར་བར་མི་ནུས་པ་སྟེ་མ་ཡིན་མོད། དེ་ཡང་སངས་རྒྱས་ཀྱི་མཐུ་ནི་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་དགེ་ཐམས་ཅད་སངས་རྒྱས་ཀྱི་མཐུ་ཉིད་ཀྱི་ཕྱིར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཅེས་པ་ནི། སྐྱེས་པ་དང་བུད་མེད་དེ། དེ་ལས་གཞན་མ་ནང་གི་འགྲོ་བ་ནི་ཆོས་སྤྱོད་པ་ལ་མཐུ་ཆུང་བར་དགོངས་པས་མ་སྨོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་ནི། ཅེས་པ་ལ། སྤྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་བཞི་སྟེ། ཐེག་དམན་ལ་མོས་པ་རྣམས་ཀྱི་ཆེད་དུ་བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་པ་དང༌། ཐེག་ཆེན་ལ་མོས་པ་རྣམས་ཀྱི་ཆེད་དུ་ཕར་ཕྱིན་དྲུག་གི་སྤྱོད་པ་དང༌། དེ་གཉིས་ཀ་མདུན་བའི་ཕྱིར་དུ་མངོན་ཤེས་ཀྱི་སྤྱོད་པ་དང༌། གཉིས་ཀ་གདུལ་བའི་ཕྱིར་དུ་སེམས་ཅན་ཡོངས་སྨིན་གྱི་སྤྱོད་པ་སྟེ་བསྡུ་དངོས་བཞིའོ། །དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པར་མི་འདུ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་ཐབས་ཡིན་པས་སོ། །དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས། ལུས་ཅན་ཐེག་པ་ཆེན་པོ་དང༌། །ཐེག་པ་དམན་ལ་མོས་པ་རྣམས། །གཉིས་ཀ་མདུན་པར་བྱ་བ་དང༌། །གདུལ་བའི་ཕྱིར་ནི་བརྟན་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་བཤད་པ་ཡིན། །ཅེས་སོ། །དོན་འདི་ནི་འཕགས་པ་དཀོན་མཆོག་བརྩེགས་པའི་ནང་ཚན་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་འབྱུང་ངོ༌། །དེ་དག་ལས་ཀྱང་ལས་དང་བོ་པས་ལག་ལེན་དུ་འདེབས་སླ་བའི་དབང་དུ་བྱས་ནས། ཆོས་སྤྱོད་བཅུ་སྟེ། དེ་ལྟར་ཡང༌། ཡི་གེ་འབྲི་མཆོད་སྦྱིིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལ། ཆོས་སྤྱོད་བཅུའི་སྒོ་ནས་ནན་ཏན་དུ་བསྒྲུབས་པ་ནི། ཤེར་ཕྱིན་ཟབ་མོ་ལ་སྤྱད་པ་སྤྱོད་པ་སྟེ། འདིས་ནི་ཤེར་ཕྱིན་རྟོགས་པའི་རྒྱུད་ཐབས་ཀྱི་ཕྱོགས་རྣམས་ཀྱང་གསལ་བར་བསྟན་པའོ། །འདིར་འགྲེལ་ཆེན་ལྟར་ན། རིགས་ཀྱི་བུ་མོ་ཞེས་པ་མི་འདོད་ཞིང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བོད་པ་ཡང་མེད་པར། །རིགས་ཀྱི་བུ་གང་ལ་ལ་ཅེས་འདོད་ཏེ། །རིགས་ཀྱི་བུ་ཞེས་པ་སངས་རྒྱས་ཀྱི་སྲས་ཡིན་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ལ་བོད་བའི་ཚིག་ཏུ་བཤད་མོད་ཀྱི། དོན་བསྒྱུར་ཞིང་བཤད་ན་དེ་ལྟར་འབྱུང་སྲིད་ཀྱང༌། སྒྲ་ཟིན་ལྟར་ན། འཕགས་པ་སྤྱན་རས་གཟིགས་ལ་མ་གུས་པའི་ཚིག་ཏུ་འགྱུར་བས། མདོ་འདོན་ཚུལ་དེ་དང་བཤད་ཚུལ་དེ་མི་ལེགས་པར་མཐོང་ངོ༌། །
གཉིས་པ། ལན།
གཉིས་པ་ལ། ཤེར་ཕྱིན་ལ་སྤྱོད་ཚུལ་མདོར་བསྟན་པ་དང༌། ཤེར་ཕྱིན་གྱི་ངོ་བོ་རྒྱས་པར་བསྟན་པ་དང༌། དེ་རྟོགས་པའི་ལམ་གྱི་ཡོན་ཏན་དང༌། ལམ་དེས་ཐོབ་པའི་འབྲས་བུ་མངོན་དུ་འགྱུར་ཚུལ་དང༌། ཕན་ཡོན་དང་བཅས་པའི་གཟུངས་སྔགས་བསྟན་པ་དང༌། དོན་བསྡུའི་ཚུལ་དུ་ཤེར་ཕྱིན་སློབ་པར་གདམས་པའོ། །
༼༡༽ ཤེར་ཕྱིན་ལ་སྤྱོད་ཚུལ་མདོར་བསྟན་པ།
དང་པོ་ནི། དེ་སྐད་ཅེས་སྨྲས་པ་དང༌། ཅེས་པ་ལ་སོགས་པ་སྟེ། གང་ལ་ལ་ཅེས་པ་སྔ་ཕྱི་གཉིས་ནི། གང་ཅི་ཡང་རུང་པ་ཤེར་ཕྱིན་ལ་སྤྱོད་པར་འདོད་པ་དེ་ཐམས་ཅད་ཅེས་པའི་དོན་ནོ། །འདི་ལྟར་རྣམ་པར་བལྟ་བར་བྱ་ཞེས་པ་ནི། དེ་མ་ཐག་ཏུ་འཆད་པར་འགྱུར་པ་འདི་ལྟར་ཤིན་ཏུ་སྒོམ་པར་བྱ་ཞེས་པ་སྟེ། ཆོས་སྤྱོད་བཅུ་དང་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས། སྤྱོད་པ་བཞི་པོ་གང་ལ་འཇུག་ཀྱང༌། རང་གཞན་སྣོད་བཅུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་དེ་དག རང་བཞིན་གདོད་མ་ནས་སྟོང་པར་བལྟ་བ་སྟེ། སྟོང་པར་མངོན་སུམ་དུ་མཐོང་བ་འམ། མོས་པའམ། མྱོང་བའི་སྒོ་ནས་ཤིན་ཏུ་རྣམ་པར་ཏེ་ལན་མང་པོ་དང༌། ཡུན་རིང་པོར་སྒོམ་པའོ། །ཀྱང་གི་སྒྲས་རྣམ་གྲངས་གཞན་བསྟན་པ་ཡང་གོང་དད་འདྲ་སྟེ། མདོར་ན་སྦྱིན་སོགས་སྤྱོད་པ་ཐམས་ཅད་སྤྲོས་བྲལ་རྟོགས་པའི་ལྟ་བས་ཟིན་པ་ཅིག་དགོས་སོ་ཅེས་པའོ། །
༼༢༽ ཤེར་ཕྱིན་གྱི་ངོ་བོ་རྒྱས་པར་བཤད་པ།
གཉིས་པ་ཤེར་ཕྱིན་གྱི་ངོ་བོ་རྒྱས་པར་བཤད་པ་ལ། ཟབ་མོའི་མཚན་ཉིད་རྣམ་པ་བརྒྱད་ཀྱི་སྒོ་ནས་རང་བཞིན་ཤེར་ཕྱིན་གཏན་ལ་ཕབ། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པའི་སྒོ་ནས་ལམ་ཤེར་ཕྱིན་ཇི་ལྟར་སྒོམ་ཚུལ་ལོ། །
༡༽ ཟབ་མོའི་མཚན་ཉིད་རྣམ་པ་བརྒྱད།
དང་པོ་ནི་གཟུགས་སྟོང་པའོ་སོགས་ཏེ། སྟོང་པ་ཉིད་དང༌། མཚན་ཉིད་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། དྲི་མ་མེད་པ་དང༌། དྲི་བྲལ་མེད་པ་དང༌། བྲི་བ་མེད་པ་དང༌། གང་བ་མེད་པ་སྟེ། བརྒྱད་ལས་དང་པོ་སྟོང་ཉིད་ཅུང་ཟད་རྒྱས་པར་བཤད་ཅིང༌། ལྷག་མ་གཞན་རྣམས་དེས་རིགས་བསྒྲེས་ན་གོ་སླ་བར་དགོངས་ནས་མིང་ཙམ་སྨོས་པའོ། །
དང་པོ། སྟོང་པ་ཉིད།
དེ་ལ་ཕུང་པོ་ལྔ་སོགས་དང༌། དེ་དག་སྟོང་པར་ཤེས་པ་ལ། ཐོག་མར་ཤེས་བྱ་སྤྱིའི་རྣམ་བཞག་རྒྱས་པ་ཤེས་ན་ནི་ལེགས་ལ། ཤིན་ཏུ་བློ་གྲོས་ཞན་པས་ཀྱང་འདི་ཙམ་ཞིག་ཤེས་དགོས་ཏེ། འདིར་ཤེས་པར་བྱ་བའི་ཆོས་ཐམས་ཅད་ནི་མདོར་བསྡུ་ན། དངོས་པོའི་འདུས་བྱས་སུ་གཏོགས་པ་དང༌། འདུས་མ་བྱས་སུ་གཏོགས་པ་གཉིས་སོ། །
༡ འདུས་བྱས་སུ་གཏོགས་པ།
དངོས་པོའི་འདུས་བྱས་དེ་ཡང་གཟུགས་ཅན་དུ་སྣང་བ་དང་ཤེས་པ་དང་དེ་དག་གི་གནས་སྐབས་ལ་བཏགས་པ་སྟེ་གསུམ་དུ་ཡོད་ལ། དང་པོ་གཉིས་ནི་དངོས་པོ་དངོས་ཡིན་ལ། ཕྱི་མ་ནི་བཏགས་པ་པའོ། །
གཟུགས་ཅན།
དེའི་དང་པོ་ནི་ཡུལ་དཔྱད་པས་གཟུགས་སུ་རུང་བ་སྟེ་རེག་པ་བསྐྱེད་པ་དང༌། ཐོགས་པ་དང་བཅས་པ་སོགས། དབང་ཤེས་ཀྱི་སྤྱོད་ཡུལ་ལམ་རྟེན་གྱིི་མཚན་ཉིད་ཅན་ནོ། །དེ་ཡང་རྒྱུའི་གཟུགས་ཅན་ནི། སྲ་བ་དང༌། བཤེར་བ་དང༌། དྲོ་བ་དང༌། གཡོ་བའི་རང་བཞིན་གྱི་རྡུལ་ཏེ། འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་རྣམས་སོ། །འབྲས་བུའི་གཟུགས་ཅན་ནི། དཀར་དམར་སྔོ་སེར་ལ་སོགས་པ་ཁ་དོག་དང༌། གྲུ་བཞི་ཟླུམ་པོ་ལ་སོགས་པ་དབྱིབས་ཏེ་གཟུགས་དང༌། ཐོས་པར་བྱ་བ་སྙན་པ་དང༌། མི་སྙན་པ་དང་ཡང་ན་གླུ་དབྱངས་ལྟ་བུ་སེམས་ཅན་གྱི་རྒྱུད་དུ་གཏོགས་པ་དང༌། ཆུ་སྒྲ་ལྟ་བུ་དེར་གཏོགས་པ་སྟེ་སྒྲ་དང༌། སྣོམས་པ་ན་ཞིམ་མི་ཞིམ་གྱི་ཁྱད་པར་སོགས་དྲི་དང༌། མངར་སྐྱུར་ལ་སོགས་པའི་རོ་དང༌། འཇམ་རྩུབ་ལ་སོགས་པའི་རེག་བྱ་མང་པོ་ཞིག་དང༌། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་སྟེ་དེ་རྣམས་ནི། རྒྱུ་འབྱུང་བ་ལས་བྱུང་ཞིང༌། དངོས་སུ་འབྱུང་བ་རྣམས་དང་འབྲེལ་བས་ན། འབྱུང་བ་ལས་གྱུར་པའི་གཟུགས་ཞེས་བྱའོ། །སྤྱིར་འབྱུང་བ་རྣམས་ཀྱང་རེག་བྱའི་ནང་དུ་འདུ་སྟེ། སྲ་བའི་རེག་བྱ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཟུགས་སོགས་ལྔ་དང༌། མིག་སོགས་ལྔ་སྟེ་བཅུ་པོ་དེ་དག་ནི། གཟུགས་ཀྱི་ཁམས་དང་གཟུགས་ཀྱི་སྐྱེ་མཆེད་ནས། ལུས་ཀྱི་ཁམས་དང་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ། ཁམས་བཅུ་དང་སྐྱེ་མཆེད་ཀྱི་བར་དུ། ཁམས་བཅུ་དང་སྐྱེ་མཆེད་བཅུ་ཡིན་ལ། ཐམས་ཅད་ཀྱང་གཟུགས་ཅན་དུ་སྣང་བ་ཡིན་པའི་ཕྱིར། གཟུགས་ཀྱི་ཕུང་པོ་ཅེས་བྱའོ། །འགྲོ་བ་དྲུག་གི་ལུས་དང༌། ཕྱི་རོལ་གྱི་རི་དང༌། ལྗོན་ཤིང་དང༌། ཆུ་བོ་དང༌། རྒྱ་མཚོ་དང༌། བཟའ་བ་དང་བཏུང་བ་ལ་སོགས་པ། གནས་ལུགས་ལོངས་སྤྱོད་འདི་དག་ཐམས་ཅད་ནི། གཟུགས་ཅན་བཅུ་པོ་དེ་དག་ཕན་ཚུན་དུ་ཚོགས་ཤིང་འདྲེས་པའི་གོང་བུ་ཡིན་པས་དེ་དག་ལས་གཞན་དུ་བསམ་མོ། །
ཤེས་པ།
གཉིས་པ་ཤེས་པ་ནི། དབང་པོ་ལྔའི་རྣམ་ཤེས་དང་། ཡིད་ཀྱི་རྣམ་ཤེས་ཏེ་དྲུག་ནི་རྣམ་ཤེས་རགས་པ་དང༌། བདག་ཏུ་སྣང་བའི་ཉོན་ཡིད་ནི་འབྲང་པོ་དང༌། དེ་ཀུན་ལ་ཁྱབ་པའི་ཀུན་གཞི་ནི་ཕྲ་བ་སྟེ། དེ་དག་ཐམས་ཅད་རྣམ་པར་ཤེས་པའི་ཕུང་པོ་ཡིན་པ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཤེས་ཀྱི་ཁམས་ཀྱི་བར་དུ་ཁམས་དྲུག་དང༌། ཡིད་ཁམས་ཏེ་བདུན་ནི། སྐྱེ་མཆེད་ཀྱི་སྐབས་ཡིད་ཀྱི་སྐྱེ་མཆེད་གཅིག་པུ་ཡང་ཡིན་ཏེ། འོན་ཀྱང་ཀུན་གཞི་རྣམ་ཤེས་ནི་ཆོས་ཁམས་སུ་བསྡུ་པ་འང་སྣང་བ་ལོགས་སུ་དཔྱད་པར་བྱར་ཡོད་དོ། །དབང་ཤེས་དྲུག་པོ་དེ་དག་དང་འབྲེལ་པར། བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་གསུམ་ཚོར་ཞིང་ཉམས་སུ་མྱོང་པ་ནི། ཚོར་བའི་ཕུང་པོ་དང༌། ཕྱི་དང་ནང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ལ་ཡང༌། འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ། །འདི་ནི་བཟང་པའོ། །འདི་ནི་ངན་པའོ། །འདི་ནི་རིང་པའོ། །འདི་ནི་ཐུང་བའོ། །འདི་ནི་ཀ་ཞེས་པའོ། །འདི་ནི་ཀ་ལ་ཞེས་པའོ། །ཅེས་པ་ལ་སོགས་པ། མིང་ཙམ་དུ་འཛིན་པ་དང༌། དོན་ཙམ་དུ་འཛིན་པ་དང༌། མིང་ཁོ་ན་འཛིན་པ་དང༌། དོན་ཁོ་ན་འཛིན་པ་དང༌། མིང་དོན་གཉིས་ཀ་འཛིན་པའི་མཚན་མ་ཅན་གྱི་རྟོག་པ་རྣམས་ནི་རྒྱུ་མཚན་གཏན་ཚིགས་ལ་བརྟེན་པ་དང་མ་བརྟེན་པ་ཇི་ལྟར་ཡིན་ཡང་རུང་སྟེ་འདུ་ཤེས་ཀྱི་ཕུང་པོ་ཅེས་བྱའོ། །འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང༌། དད་པ་དང༌། བརྩོན་འགྲུས་ལ་སོགས་པའི་དགེ་བ་དང༌། རྟོག་དཔྱོད་ལ་སོགས་པ་མ་ངེས་པ་དང༌། དེ་ཀུན་ལ་ཁྱབ་པ་ཡུལ་ཡིད་ལ་བྱེད་པ་དང༌། ཡུལ་ལ་གཡོ་པའི་སེམས་དཔའ་ལ་སོགས་པ། མདོར་ན་ལས་བྱེད་པ་དང་འབྲེལ་བའི་རྣམ་རྟོག་ཐམས་ཅད་ནི། མཚུངས་ལྡན་འདུ་བྱེད་ཅེས་བྱ་སྟེ་འདུ་བྱེད་ཀྱི་ཕུང་པོའི་ཕྱེད་སྔ་མ་དང་འདུ་བྱེད་དངོས་དང་འདུ་བྱེད་ཀྱི་གཙོ་བོ་ཡིན་ནོ། །དེ་ལྟར་རྣམ་ཤེས་ཚོར་བ། འདུ་ཤེས། འདུ་བྱེད་ཀྱི་ཕུང་པོའི་ཕྱེད་དེ། ཕུང་པོ་ཕྱེད་དང་བཞི་པོ་དེ་ནི་རིག་པ་འམ་ཤེས་པ་ཡིན་ནོ། །འདུས་བྱས་རྣམས་ཀྱི་མཚན་ཉིད། སྐྱེ་བ་དང། གནས་པ་དང་འཇིག་པ་ལ་སོགས་པ་དང༌། མི་དང་མི་ཕན་ཚུན་འདྲ་བ་ལ་སོགས་པའི་སྐལ་མཉམ་དང༌། སྡུག་བསྔལ་ཐོབ་པ་དང༌། རྒྱལ་སྲིད་ཐོབ་པ་དང༌། སྡོམ་པ་ཐོབ་པ་དང༌། ལམ་དང་འབྲས་བུ་ཐོབ་པ་ལ་སོགས་པའི་འགྱུར་བའི་ཁྱད་པར་ནི་ཐོབ་པ་སྟེ། དེ་དག་ལ་སོགས་པ་གཟུགས་སེམས་གྱི་དངོས་པོའི་ཁྱད་པར་ལ་བཏགས་པ་ཤིན་ཏུ་མང་པ་དག་ནི། ལྡན་མིན་འདུ་བྱེད་ཅེས་གྲགས་ཏེ། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གམ། ཕྱེད་ཕྱི་མ་སྟེ། བཏགས་པའི་འདུ་བྱེད་དང་འདུ་བྱེད་རྣམ་གྲངས་པའོ། །
དངོས་པོ་བཏགས་པ་པ།
རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཅེས་པ་ནི་སྡོམ་པ་དང་སྡོམ་མིན་དང༌། དགེ་བའི་བརྟུལ་ཞུགས་ཙམ་པོ་རྣམས་ལ་ཟེར་ཏེ། འདི་མིང་གི་སྒོ་ནས་གཟུགས་ཕུང་དུ་བསྡུ་ཡང༌། གཟུགས་སེམས་གཉིས་འདུས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ཡིན་པས། དངོས་པོ་བཏགས་པ་པའི་ནང་ཚན་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ཕུང་པོ་ལྔ་སྟེ་ཆོས་ཀྱི་ཁམས་ཀྱི་ཕྱེད་མ་དང༌། །ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱེད་མ་མ་གཏོགས་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཀྱང་དེ་ལ་ཚང་ངོ༌། །ཕྱེད་མ་དེ་ཡང་ཅི་སྙམ་ན།
༢ འདུས་མ་བྱས་སུ་གཏོགས་པ།
འདུས་མ་བྱས་སུ་གཏོགས་པ་ཡང་གཉིས་ཏེ་བཏགས་པ་པ་དང་དངོས་སོ། །
འདུས་མ་བྱས་བཏགས་པ་པ།
དང་པོ་ནི། ནམ་མཁའ་དང་འགོག་པ་གཉིས་དང༌། རིགས་སྤྱི་ལ་སོགས་པ་ཡིན་ལ། འདི་ནི་ཕུང་པོར་མ་གཏོགས་པར་འདོད་ཅིང་ཁམས་དང་སྐྱེ་མཆེད་དུ་ནི་འདུས་ཏེ། ཚོར་འདུ་འདུ་ཤེས་འདུ་བྱེད་དེ་ཕུང་པོ་གསུམ་དང་འདུས་མ་བྱས་བཏགས་པ་བ་འདི་རྣམས་བསྡོམས་པ་ནི་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་དོ། །
འདུས་མ་བྱས་དངོས།
གཉིས་པ་འདུས་མ་བྱས་དངོས་ནི། དོན་པའི་སེམས་ཉིད་རྣམ་པ་ཐམས་ཅད་པ་རྟག་བརྟན་ཞི་བ་གཡུང་དྲུང་བདེ་བར་གཤེགས་པའི་སྙིང་པོ། ཆོས་དབྱིངས་དེ་བཞིན་ཉིད་དོ། །དེ་ལ་འདུས་མ་བྱས་བཏགས་པ་བ་ནི། དངོས་སུ་འདུས་བྱས་ཡིན་ཀྱང༌། རང་གི་མཚན་ཉིད་ཀྱིས་མེད་པས། སྐྱེ་འཇིག་གནས་པའི་དངོས་པོར་མེད་པའི་ཕྱིར། འདུས་བྱས་གཞན་རྣམས་དང་མཚན་ཉིད་མི་འདྲ་བ་ཤིན་ཏུ་ཆེ་བའི་ཕྱིར་ན་འདུས་མ་བྱས་སུ་བཏགས་པའོ། །ལམ་གྱི་ཆོས་རྣམས་ནི་འདུས་མ་བྱས་རྟོགས་པའི་ཐབས་ཡིན་ཡང༌། ངོ་བོ་ནི་དངོས་པོ་སྟེ། དད་པ་དང་བརྩོན་འགྲུས་དང་ཤེས་རབ་ལ་སོགས་པའི་སེམས་བྱུང་དང་རྣམ་ཤེས་སུ་འདུས་པ་ཡིན་ནོ། །འབྲས་བུས་བསྡུས་པའི་ཆོས་ལ་ནི། ཉན་ཐོས་དང༌། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་ལམ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་འགྱུར་ལ། དེ་བཞིན་གཤེགས་པའི་རྣམ་གྲོལ་ལམ་དང༌། ཁྱད་པར་ལམ་དང་པོར་ཐོབ་པ་ཡང་དེ་དང་འདྲ་ཞིང༌། ཐེག་པ་གསུམ་ལ་སྤང་བྱ་སྒྲིབ་པ་རྣམས་འགགས་པའི་སྤངས་པ་ནི་སོ་སོར་བརྟགས་འགོག་ཡིན་པའི་ཕྱིར། འདུས་མ་བྱས་བཏགས་པ་པ་དང་དངོས་མེད་ཡིན་ནོ། །འགོག་བདེན་དངོས་ནི། དོན་དམ་ཆོས་སྐུ་གཞི་ལམ་འབྲས་བུ་ཀུན་གྱི་ཆོས་ཉིད། སངས་རྒྱས་ཀྱི་སྙིང་པོ་དེ་ཡིན་ཏེ། །དེ་དངོས་པོ་དངོས་མེད་གཉིས་ཀ་མ་ཡིན་ཅིང༌། འདུས་མ་བྱས་ནི་དངོས་ཡིན་ནོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་དང༌། སྟོང་པ་ཉིད་ཅེས་བྱ་བ་ཡང༌། སེམས་ཉིད་འདུས་མ་བྱས་འདི་ཁོ་ན་ཡིན་གྱི། གཞན་ནི་ཡང་དག་པར་མ་ཡིན་ནོ། །དེ་ལྟར་ན་ཆོས་ཉིད་འདི། རེས་འགའ་ཆོས་ཀྱི་སྐྱེ་མཆེད་ཡིན་པ་ལྟར་བཤད་པ་ནི་དགོས་པའི་དབང་གིས་གསུངས་པ་སྟེ། རིག་ཤེས་རྗེས་དཔག་གིས་ཆོས་ཉིད་འདི་ལ་དམིགས་ནས་དོན་སྤྱིའི་ཚུལ་གྱིས་སྤྱོད་ཡུལ་དུ་བྱེད་པས་དབྱིངས་འདིི་ཡང༌། ཡིད་ཀྱི་ཡུལ་རྗེས་མཐུན་ཡིན་པ་ལ་དགོངས་སོ། །ངེས་པར་ན་དེས་དེ་ཡུལ་དུ་བྱེད་མི་ནུས་ཏེ། རྣམ་པར་ཤེས་པ་དང་རྣམ་པར་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ནི་དངོས་གནས་ལ་ཕུང་ཁམས་སྐྱེ་མཆེད་གང་ཡང་མ་ཡིན་ལ། རྟེན་འབྲེལ་ལས་ཀྱང་གྲོལ་བའོ། །དོན་དམ་པའི་ནི་ཕུང་ཁམས་སྐྱེ་མཆེད་དང་རྟེན་འབྲེལ་དུ་ཡང་འཇོག་མོད་ཀྱི། ཕུང་སོགས་དེ་དག་ཀུན་རྫོབ་ཁོ་ནས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། དེ་ཡིན་པས་དེ་དག་ཡིན་པར་མི་འགྱུར་ཏེ། དངུལ་ཆུའི་སྐྱེས་བུ་སྐྱེས་བུ་མ་ཡིན་པ་བཞིན་ནོ། །དེ་བས་ན་ནམ་མཁའ་ལ་སོགས་པ་དེ་དག་དངོས་མེད་ཡིན་ལ། གཟུགས་སོགས་ཕུང་པོ་ལྔ་ནི་དངོས་པོ་སྟེ། དེ་གཉིས་ལ་འདུས་བྱས་དང་འདུས་མ་བྱས་སུ་གྲགས་ཀྱང༌། སོ་སོ་སྐྱེ་བོ་རྣམས་ཀྱི་རྟོག་ངོ་དང་མཐུན་པར་གསུངས་པས་དྲང་དོན་ཀུན་རྫོབ་ཏུ་དེ་ལྟར་ཡིན་གྱི། ཡང་དག་པར་ན་དངོས་མེད་རྣམས་་ཀྱང་འདུས་བྱས་ཏེ། དངོས་པོ་ལ་བརྟེན་པ་ཁོ་ནའི་ཕྱིར་རོ། །དེའི་ཕྱིར་དོན་དམ་དབྱིངས་ནི་ཕུང་ཁམས་སྐྱེ་མཆེད་གང་ཡང་མ་ཡིན་པ་དང༌། དེ་རྣམས་ལ་འདུས་བྱས་ཀྱིས་ཁྱབ་པ་དང༌། འདུས་མ་བྱས་དངོས་ཡིན་ན་དངོས་པོ་དངོས་མེད་གཉིས་ཀ་ལས་གྲོལ་བས་ཁྱབ་པ་ཡིན་ནོ། །དེ་ལས་དངོས་མེད་རྣམས་ནི་བཏགས་ངོ་ཁོ་ན་ཡིན་པའི་ཕྱིར། མཚན་ཉིད་ཀྱི་ངོ་བོ་མེད་པས་ན། སྣང་བ་ཡང་མེད། མྱོང་བ་ཡང་མེད། བླང་བྱ་དང་དོར་བྱ་གང་ཡང་མ་ཡིན་པའི་ཕྱིར། ཞར་བྱུང་ཙམ་དུ་བཞག་ནས་དེ་མ་གཏོགས་པའི་ལྷག་མ་ཆོས་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་ཅེས་པ་རེ་རེས་ཀྱང་བསྡུས་པ་ཡིན་མོད། །དེ་གསུམ་པོ་མཚན་གཞི་དབྱེ་བ་མེད་པས། ཕུང་པོ་གང་ཡིན་སྐྱེ་མཆེད་ཡིན་པ་སོགས། མདོར་ན་དངོས་མེད་རྣམས་ཕར་བཞག་ནས་ལྷག་མ་གསུམ་པོ་ཕན་ཚུན་དུ་སྤྱི་ལྡོག་ནས་ངོ་བོ་གཅིག་གོ །དགོས་པའི་དབང་དང༌། ལྡོག་ཆའི་སྒོ་ནས་རྣམ་གྲངས་ཐ་དད་པར་བསྟན་ཏེ། དངོས་པོ་རྣམས་ཆོས་མི་འདྲ་བ་དུ་མ་ཁོ་ན་ཡིན་པས། སྐྱེས་པའོ། །བུད་མེད་དོ། །རིའོ། །ཤིང་སྡོང་ངོ༌། ཁང་བཟང་ངོ་ཅེས་པ་ལ་སོགས་པ། དངོས་པོ་དུ་མ་མང་པོ་ཞིག་ཕྱོགས་རེ་རེར་འདུས་པ་ན། བློས་གཅིག་ཏུ་འཕྲུལ་ནས་བཟུང་བ་ཙམ་མ་གཏོགས་གཅིག་ཏུ་མེད་ཅིང༌། དུ་མ་འདུས་པ་མཉམ་པོ་ཡིན་ཀྱང༌། འགའ་ཞིག་བློས་ཕྱོགས་གཅིག་ཏུ་བསྡུས་ནས་གཅིག་ཏུ་རློམ་ཞིང་། གའ་ཞིག་དེ་ལས་གཞན་དུ་འབྱེད་དེ། དཔེར་ན་ཁང་པ་ཞེས་བྱ་བའི་དངོས་པོ་ལ་སོགས་པ་གཅིག་མེད་ཀྱང༌། རྡོ་ཤིང་ས་སོགས་དུ་མ་ཡོད་པའི་ཕྱོགས་གཅིག་ལ་བློས་བསྡུས་ནས་ཁང་པར་རློམ་ཞིང༌། ཕྱི་རོལ་རྡོ་ཤིང་ས་སོགས་དུ་མ་འདུས་པ་ཡིན་ཀྱང༌། འདི་ནི་ཁང་པ་མིན་གྱི་ས་སྟོངས་སོ་ཞེས་སོ་སོར་འབྱེད་པ་ལྟ་བུའོ། །དེ་བཞིན་དུ་གཅིག་ཏུ་མེད་མཉམ་དང༌། སྣ་ཚོགས་འདུས་མཉམ་ཡིན་ཀྱང༌། འདི་ནི་གཟུགས་སོ་ཞེས་མང་པོ་ཞིག་གཅིག་ཏུ་བསྡུ་ཞིང་ཡང་འདི་ནི་ཚོར་བ་སྟེ་གཟུགས་མིན་ནོ། །ཞེས་གཞི་འགའ་ཞིག་གཅིག་ཏུ་ཆོས་གཞན་འགའ་ཞིག་ལས་སོ་སོར་འབྱེད་པ་ལྟ་བུའོ། །དེ་བས་ན་དངོས་པོ་དུ་མ་ཅི་རིགས་ཅི་རིགས་ལ་རིལ་པོ་གཅིག་ཏུ་འཛིན་པའི་གཉེན་པོར། སྣ་ཚོགས་འདུས་པའི་ཕུང་པོ་ཡིན་ནོ་ཞེས་གསུགས་སོ། །དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས། ཐོག་མ་དུ་མ་ཉིད་དང་ནི། །བསྡུས་དང་རབ་ཏུ་ཕྱེ་བའི་དོན། །ཞེས་གསུངས་སོ། །སྐྱེ་མཆེད་ཀྱི་དོན་ནི་སྐྱེ་བའི་སྒོ་ཡིན་ལ། དེ་ཡང་དངོས་པོ་དེ་དང་དེ་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་ནོ། །སྐྱེ་མཆེད་ཀྱི་སྐབས་འདིར་བཟུང་བྱ་དྲུག་དང་འཛིན་པ་དྲུག་ཏུ་བྱས་ཏེ། གྲངས་མཉམ་པར་བསྟན་པའི་དགོས་པ་ནི། ཚོར་བ་ཉེ་བར་སྤྱོད་པ་འབྱུང་བའི་སྒོ། མིག་སོགས་དབང་པོ་དྲུག་སྟེ། དེ་ལ་ཚོར་བ་ཉེ་བར་སྤྱོད་པ་ནི། ཡུལ་དང་ཕྲད་པའི་ཚོར་བ་ངོ་ཤེས་པར་བྱེད་མཁན་གྱི་དོན་ཡིན་པས་དེའི་ངོ་བོ་འདུ་ཤེས་སོ། །དབང་པོ་མེད་ན་ནི་ཡུལ་ཡོད་ཀྱང༌། འདུ་ཤེས་ཀྱིས་ཡུལ་གྱི་དོན་སྤྱོད་པ་མི་སྲིད་པའི་ཕྱིར། དབང་པོ་ནི་འདུ་ཤེས་སྐྱེ་བའི་སྒོ་སྟེ། རྐྱེན་ཡིན་ལ། ཡུལ་དྲུག་ནི། དོན་ཡོངས་སུ་གཅོད་པའི་ཉེར་སྤྱོད་དེ། གཟུགས་སོགས་ཀྱི་རྣམ་པ་མཐོང་བ་ལ་བརྟེན་ནས། དེ་དང་དེར་ངོ་ཤེས་པའི་འདུ་ཤེས་འབྱུང་བའི་སྒོ་འམ། འདུ་ཤེས་སྐྱེ་བའི་རྐྱེན་བྱེད་པ་ཡིན་པས་སོ། །དེ་ཡང་ཡུལ་རྣམས་མེད་ན་ནི་དབང་པོ་ཡོད་ཀྱང༌། གཟུགས་སོགས་སྣང་བའི་དོན་རྣམས་གཅོད་པ་ནི་མི་སྲིད་པའི་ཕྱིར་རོ། །དེ་བས་ན་འདིས་ནི་སྣ་ཚོགས་སྣང་པ་འདི་ཐམས་ཅད་དབང་ཕྱུག་ལ་སོགས་པའི་བྱེད་པོ་གཞན་རྐྱེན་ཅན་ནོ་སྙམ་པ་ལ་སོགས་པ་ཟློག་པའི་དོན་ཏེ། གཟུགས་སུ་སྣང་བ་ལ་སོགས་པའི་རྐྱེན་ཀྱིས་མཐོང་ཐོས་ཀྱི་ཤེས་པ་འབྱུང་ལ། དབང་པོར་སྣང་བ་ལ་བརྟེན་ནས། །གཟུགས་སྣང་སོགས་ཉམས་སུ་མྱོང་བའི་བློ་སྐྱེའོ། །དེ་དག་ཀྱང་གཅིག་མེད་ན་ཅིག་ཤོས་ཀྱང་མི་འབྱུང་ངོ་ཞེས་རྟོགས་པར་འགྱུར་རོ། །དེ་ལྟར་ཡང༌། ཚོར་་དང་དོན་རྣམས་ཡོངས་གཅོད་ཀྱི། ཉེར་སྤྱོད་འབྱུང་སྒོ་གཞན་ཡིན་ནོ། །ཅེས་སོ། །ཁམས་ཞེས་བྱ་བ་ནི་རྒྱུ་སྟེ། རྒྱུ་དེ་ཡང་ས་བོན་ནམ། ཉེ་བར་ལེན་པའི་རྒྱུ་ལས་བརྩམས་པ་ཡིན་ན། དེ་བས་ན་འདིར་གཟུགས་སོགས་ཡུལ་དྲུག་ནི་འབྱུང་བཞིན་པའམ་འབྱུང་བར་འགྱུར་བའི་ས་བོན་ཅེས་ས་བོན་གྱི་དོན་ཡིན་ཏེ། །སྔོན་པོར་སྣང་བ་ད་ལྟར་བ་སྐད་ཅིག་མ་དང་པོ་འདི་ནི། །སྔོན་པོར་སྣང་བ་སྐད་ཅིག་མ་གཉིས་པ་མ་འོངས་པའི་ས་བོན་ནམ་ཉེར་ལེན་གྱི་རྒྱུའི་མཚན་ཉིད་ཅན་ནོ། །རིམ་པ་དེ་ཀས་སྐད་ཅིག་མ་གསུམ་པ་ནས་མཐའ་མེད་པའི་བར་དུ་སྦྱོར་ཏེ། ཡང་ད་ལྟར་གྱི་སྔོན་པོར་སྣང་བ་འདི་ནི། སྔོན་རོལ་འདས་མ་ཐག་པའི་སྐད་ཅིག་མ་ལ། སྔོན་པོར་སྣང་བ་བྱུང་བ་དེས། རྒྱུ་འམ་ས་བོན་བྱས་བ་ལས་སྐྱེས་སོ། །ཅེས་དང༌། དེའི་ཡང་སྔོན་རོལ་གྱི་སྐད་ཅིག་མ་སོགས་མཐའ་མེད་པའི་བར་དུ་སྦྱོར་རོ། །དེ་བཞིན་དུ་འཛིན་པ་མིག་སོགས་སུ་སྣང་བ་ད་ལྟར་བ་འདིས་ཀྱང༌། མ་འོངས་པའི་མིག་སོགས་སུ་སྣང་བ་སྐྱེ་བའི་ས་བོན་བྱེད་པ་དང༌། མིག་གི་རྣམ་པར་ཤེས་པ་དངོས། ད་ལྟར་བས་ཀྱང་མིག་གི་རྣམ་ཤེས་ཕྱི་མའི་ཉེར་ལེན་གྱི་རྒྱུ་བྱེད་པའི་ཕྱིར་ཁམས་ཏེ། དངུལ་རྡོ་ལ་དངུལ་གྱི་ཁམས་ཞེས་ཟེར་བ་ལྟབུའོ། །ཡང་དཔེར་ན་མིག་གི་རྣམ་ཤེས་སྐད་ཅིག་མ་དང་པོ་དེ། སྐད་ཅིག་མ་གཉིས་པ་མ་ཡིན་ཞིང༌། ངོ་བོ་མི་གཅིག་ཀྱང༌། སྐད་ཅིག་མ་གཉིས་པའི་ཁམས་སམ་རྒྱུར་གནས་པའི་ཕྱིར། ཁམས་ཞེས་བྱ་ཡི། རང་དང་དུས་མཉམ་གྱི་ཁམས་མ་ཡིན་ནོ། །དེ་ལྟར་ཡང༌། འཛིན་དང་བཟུང་དང་དེ་འཛིན་པ། །ས་བོན་དོན་ཏེ་གཞན་དུ་འདོད། །ཅེས་སོ། །དེ་ལྟར་ན། སྔོན་པོར་སྣང་བ་གཟུགས་ཀྱི་སྐྱེ་མཆེད་ལྟ་བུ་ཞིག་དུས་དང་རྣམ་པའི་ཆ་ཤས་དུ་མ་ཡིན་པའི་སྒོ་ནས་ཕུང་པོར་འཇོག་ལ་སྔོན་པོར་འཛིན་པའི་འདུ་ཤེས་བསྐྱེད་པའི་ཕྱིར་ན། སྐྱེ་མཆེད་དང༌། སྔོ་སྣང་སྐད་ཅིག་མ་གཉིས་པའི་རྒྱུ་བྱེད་པའི་ཕྱིར་ན། ཁམས་སུ་འཇོག་སྟེ། དེ་བས་ན་དངོས་པོ་གཅིག་ཉིད་ལ་རྒྱུ་མཚན་དེ་དང་དེས། ཕུང་པོ་ལ་སོགས་པའི་དོན་དེ་དང་དེའི་རྣམ་གཞག་སོ་སོར་འཇོག་གོ །གཞན་ཡང་དགོས་པ་དང༌། རྒྱུ་མཚན་རྣམ་གྲངས་མང་པོ་གཞུང་སོ་སོར་འབྱུང་བ་རྣམས་ནི་འདིར་མ་བཀོད་དོ། །
བདེན་གཉིས་ཀྱི་དོན་ཅུང་ཟད་བརྗོད་པ།
ད་ནི་དེ་རྣམས་ཉིད་ལ་ཁྱད་ཆོས་སམ་མཚན་ཉིད་ཀྱི་ཚུལ་དུ་གནས་པའི་གནས་ལུགས་བདེན་པ་གཉིས་ཀྱི་དོན་ཅུང་ཟད་བརྗོད་ན། ཇི་སྐད་དུ་འཕགས་པ་ཀླུས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་གསུངས་ཤིང༌། སློབ་དཔོན་རང་ཉིད་ཀྱི་གསུང་ངག་ལས་འཇིགས་མེད་ཅེས་བྱ་བའི་འགྲེལ་པར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི། བདེན་པ་གཉིས་པོ་དེ་དག་ལ་བརྟེན་ནས་འབྱུང་སྟེ།
ཀུན་རྫོབ་བདེན་པ།
འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་སྟོང་པ་དག་ལ། འཇིག་རྟེན་གྱིས་ཕྱིན་ཅི་ལོག་མ་རྟོགས་པས། ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས། ཀུན་རྫོབ་ཀྱི་བདེན་པའོ། །
དོན་དམ་བདེན་པ།
དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོགས་པའི་དོན་ཐུགས་སུ་ཆུད་པས། ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པའོ། །ཅེས་གསུངས་སོ། །
ཀུན་རྫོབ་ཀྱི་མཚན་གཞི།
དེ་ལ་ཀུན་རྫོབ་ཀྱི་མཚན་གཞི་ནི། གོང་དུ་ཇི་སྐད་བསྟན་པའི་དངོས་པོ་དང་དངོས་མེད་ཀྱི་ཆོས་གང་ཡིན་པ་དེ་དག་རྣམས་སོ། །
དོན་དམ་པའི་ངོ་བོ།
དོན་དམ་པའི་ངོ་བོ་ནི། ཆོས་དབྱིངས་སྤྲོས་བྲལ་གཉིས་མེད་ཀྱི་ཡེ་ཤེས་དེ་ཡིན་ཏེ། དེ་གཉིས་ཀྱང་གཞི་ཤིན་ཏུ་ཐ་དད་པ་མ་ཡིན་ཏེ། གནས་ལུགས་ལ་ནི་ཆོས་དབྱིངས་དོན་དམ་མ་གཏོགས་གཞན་གང་ཡང་མེད་མོད་ཀྱི། གནས་ཚུལ་དེ་དང་མཐུན་པར་མཐོང་བ་ནི་འཕགས་པའི་མཉམ་གཞག་ཡེ་ཤེས་ཁོ་ན་ཡིན་ལ། སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་ཇི་ཙམ་དུ་ཆོས་དབྱིངས་ཡོད་པ་དེའི་སར། ཡོད་པའི་དོན་དམ་མི་མཐོང་པར། མེད་པའི་ཀུན་རྫོབ་ཀྱི་སྣང་བ་སྣ་ཚོགས་པ་དངོས་སུ་འཆར་བ་དང་འཆར་དུ་རུང་བ་དག་ཡིན་ནོ། །དཔེར་ན་མིག་སེར་གྱི་ནད་ཅན་གྱིས། དུང་དཀར་པོ་ཡོད་པ་དེ་ཡེ་ནས་མ་མཐོང་ཞིང༌། དཀར་པོའི་ཤུལ་དུ་སེར་པོའི་ལོག་སྣང་ཙམ་ཤར་བ་ཡིན་ཀྱང༌། མིག་ལྡན་གཞན་དང་དེ་གཉིས་ཐུན་མོང་གི་དབང་དུ་བྱས་ནས། དུང་དཀར་པོ་དེ་མཁྲིས་ནད་ཅན་གྱིས་སེར་པོར་མཐོང་ཞེས་ཟེར་བ་ལྟ་བུ་སྟེ་བྱིས་པ་རྣམས་ཀྱིས་ནི་གནས་ལུགས་དེ་ཡང་ཕྱིན་ཅི་ལོག་ཏུ་མཐོང་སྟེ། གནས་ལུགས་དོན་དམ་དེ་སྣང་ཚུལ་ཀུན་རྫོབ་ཏུ་སྣང་ངོ༌། །ཞེས་ཀྱང་གྲགས་པའོ། །
ཀུན་རྫོབ་བདེན་པའི་མཚན་ཉིད།
དེ་ལྟ་བས་ན་རང་གི་ངོ་བོ་བདེན་པས་སྟོང་ཞིང༌། རྣམ་ཤེས་འཁོར་བཅས་ཀྱི་སྤྱོད་ཡུལ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ།
དོན་དམ་བདེན་པའི་མཚན་ཉིད།
རང་གི་ངོ་བོ་ཡང་དག་པར་གྲུབ་ཅིང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི། དོན་དམ་བདེན་པའི་མཚན་ཉིད་དོ།། ཀུན་རྫོབ་བདེན་པ་དང་། ཐ་སྙད་བདེན་པ་དང་། བརྫུན་པའི་བདེན་པ་རྣམས་དོན་གཅིག་ཅིང་འཇིག་རྟེན་པའི་བདེན་པ་ཞེས་ཀྱང་བྱ་ལ། དོན་དམ་པ་ཞེས་པའི་དམ་པ་ཞེས་པ་ནི། མཆོག་གི་སྒྲ་ཡིན་ཏེ། མཆོག་ཏུ་གྱུར་པའི་དོན་ཡང་བདེན་པར་ཡོད་པ་ཉིད་ལ་བྱའོ། །ཀུན་རྫོབ་དེ་ལ་ཡང་དབྱེ་ན་ཀུན་རྫོབ་ཀྱི་ཀུན་རྫོབ་དང༌། ཀུན་རྫོབ་ཀྱི་དོན་དམ་མོ། །
ལོག་པའི་ཀུན་རྫོབ།
དང་པོ་ནི་ལོག་པའི་ཀུན་རྫོབ་སྟེ་ཆུ་ཟླ་ལ་སོགས་པ་རང་གི་ཡུལ་ཅན་གྱི་ཤེས་པ་ལོག་པ་ཙམ་ནི་བསྐྱེད་ནུས་ལ། ཟླ་བར་སྣང་མོད་ཟླ་བའི་དོན་མི་བྱེད་པ་འདི་ལྟ་བུའི་རིགས་དབང་པོ་བསླད་པ་ལས་བྱུང་བ་སྟེ་རྨི་ལམ་དང༌། རྒྱུ་མ་དང༌། ནད་ཀྱིས་འཁྲུགས་པ་དང༌། རབ་རིབ་ལ་སོགས་པ་དང༌། དཔེ་དང་གཏན་ཚིག་ལ་སོགས་པས་ཡིད་བསླད་པ་ལ་བརྟེན་ནས། གཙོ་བོ་དང༌། བདག་དང༌། དབང་ཕྱུག་ལ་སོགས་པར་འཛིན་པའི་རྣམ་རྟོག་གིས། དེ་དང་དེར་བཏགས་པའི་བཏགས་ཆ་གཙོ་བོ་ལ་སོགས་པའི་དོན་སྤྱི་དང༌། གཞན་ཡང་བ་ལང་རྟས་སྟོངས་པ་ཙམ་ལ་སོགས་པ། དོན་བྱེད་ནུས་པ་དང་བྲལ་བ། འཇིག་རྟེན་ཉིད་དུ་ཡང་འདོད་པའི་འབྲས་བུ་བྱེད་མི་ནུས་པ་རྣམས་སོ། །
ཡང་དག་པའི་ཀུན་རྫོབ།
གཉིས་པ་ནི་ཡང་དག་པའི་ཀུན་རྫོབ་སྟེ། དངོས་སུ་རྣམ་པར་རྟོག་པས་བཏགས་པ་ལ་མ་བལྟོས་ཤིང༌། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་གསལ་སྣང་ཅན། འཇིག་རྟེན་ཉིད་དུ་བླང་དོར་གྱི་གནས་ལ་མི་བསླུ་ཞིང༌། འདོད་པའི་འབྲས་བུའི་དོན་བྱེད་པ་སྟེ་མེས་བསྲེག་པར་བྱེད། ཆུས་གཤེར་བར་བྱེད། མིག་གིས་ནི་གཟུགས་མཐོང༌། རྣ་བས་ནི་སྒྲ་ཐོས། ལམ་དུ་སོང་ན་ནི་དེར་ཕྱིན་པར་འགྱུར། སྡིག་པས་ནི་དམྱལ་བར་འགྲོའོ། །དགེ་པས་ནི་མཐོ་རིས་སུ་འགྲོའོ། །བདགམེད་བསྒོམས་པས་ནི་ཐར་བ་ཐོབ་པོ། །ཚོགས་རྫོགས་པ་ལས་སངས་རྒྱས་འབྱུང་བ་ལ་སོགས་པ་སྟེ། དེ་ལྟ་བུའི་དངོས་པོ་དང༌། བྱ་བྱེད་དང༌། རྒྱུ་འབྲས་དེ་དག་དོན་དམ་པའི་དོན་ཅུང་ཟད་ཀྱང་མ་གྲུབ་མོད་ཀྱི། འཇིག་རྟེན་ཉིད་དུ་རྒྱུ་འབྲས་མ་འཁྲུལ་བར་འབྱུང་བ་དང༌། ཉམས་སུ་མྱོང་བ་བརྟན་པོ་དང་བཅས་པ་དང༌། བླང་དོར་གྱི་གནས་དོན་ཡོད་པར་འགྱུར་བའི་ཕྱིར། ཀུན་རྫོབ་དང་དག་པ་གཞི་མཐུན་པའི་མིང་གིས་བསྟན་ནོ། །
མཐའ་དཔྱད་པ།
དབུ་མ་པར་ཁས་འཆེ་བ་མང་པོ་ཞིག ཡང་དག་དང་ལོག་པའི་ཀུན་རྫོབ་ནི། འཇིག་རྟེན་ཉིད་དུ་གྲགས་པའི་དབྱེ་བ་ཡིན་གྱི། དབུ་མ་པ་རང་ཉིད་ཀྱི་ཀུན་རྫོབ་ལ། ཡང་ལོག་གི་དབྱེ་བ་མེད་དེ། རྨི་ལམ་གྱི་མེས་ཀྱང་རྨི་ལམ་དུ་འཚིག་པར་འགྱུར་བས་རྨི་ལམ་དུ་དོན་བྱེད་ནུས་པར་འགྱུར་ཞིང༌། མེ་དངོས་ཀྱིས་ཀྱང་དོན་དམ་པར་བསྲེག་པའི་བྱ་བ་མི་བྱེད་པས། གནས་ཚུལ་ལ་བྱ་བྱེད་མེད་པར་ཡང་འདྲ། སྣང་ངོར་བྱ་བ་བྱེད་པར་ཡང་འདྲ་བས་སོ། །ཞེས་ཟེར་རོ། །འདི་ནི་མི་རུང་སྟེ། སད་པའི་གནས་སྐབས་ཀྱི་དབང་པོ་སྐྱོན་མེད་པ་ལ་སྣང་བའི། རྒྱུ་འབྲས་བརྟེན་འབྲེལ་འདི་ནི་གནས་དང་ལུས་དང་ཚེ་རིགས་མཐུན་རྒྱུན་གཅིག་པ་ངེས་པར་སྣང་ཞིང་རྒྱུ་མཚན་དང་བཅས་པ་མ་འཁྲུགས་པར་ཉམས་སུ་མྱོང་བའི་ཕྱིར་དང༌། རྨི་ལམ་ན་ནི་གནས་ལུས་ཚེ་གསུམ་རིགས་རྒྱུན་གཅིག་ཅིང༌། རེས་འགའ་ནི་མེ་ལ་ཞུགས་པས་བསྲེག་པར་བྱེད། རེས་འགའ་ནི་མེ་ལ་ཞུགས་པས་བཤེར་བར་ཡང་སྣང༌། རེས་འགའ་ནི་མེ་ལ་ཞུགས་པས་སུམ་ཅུ་རྩ་གསུམ་དུ་ཕྱིན་པ་ལ་སོགས་པ། ཤིན་ཏུ་མ་ངེས་པར་འཁྲུལ་པ་མཐོང་བའི་ཕྱིར་རོ། །དེས་ན་བག་ཆགས་བརྟན་པ་ལས་བྱུང་བ་དང༌། མི་བརྟན་པ་ལས་བྱུང་བའི་འབྲས་བུ་ནི་ཤིན་ཏུ་མི་འདྲའོ། །ཡང་ཀུན་རྫོབ་བདེན་པ་ནི་འཇིག་རྟེན་པའི་བདེན་པ་ཞེས་བྱ་སྟེ། འཇིག་རྟེན་པས་རབ་ཏུ་ཕྱེ་བ་འཇིག་རྟེན་པའི་བློ་ལ་བརྟེན་ནས་འཇོག་དགོས་པ་ཡིན་ན། གང་འཇིག་རྟེན་གྱི་ཤེས་ལྡན་རྣམས་ལ་རིགས་པར་གྲགས་པ་དེ་ནི། འདིར་ཡང་རིགས་པ་ཁོ་ན་ཡིན་གྱི། འཇིག་རྟེན་པ་དང་འགལ་བའི་འཇིག་རྟེན་བདེན་པའི་རྣམ་གཞག་དེ་ནི་ངོ་མཚར་ཆེའོ། །དབུ་མ་པའི་རང་ལུགས་ཅེས་བྱ་བ་འདི་ཡང་ཅི་ཞིག རིག་པའི་དཔྱད་ངོ་ལ་ཟེར་བ་ཡིན་ན་ནི། ཁྱེད་ཀྱི་ལུགས་ལ་རིག་ཤེས་ཀྱི་དཔྱད་ངོ་ན་ཁྱད་གཞི་ཀུན་རྫོབ་རང་མ་གྲུབ་པའི་ཕྱིར། ཡང་ལོག་གི་དབྱེ་བ་དེ་མི་འབྱུང་བ་བདེན་མོད་ཀྱི། དེ་འདྲའི་རང་ལུགས་ལ་ཀུན་རྫོབ་ཀྱི་རྣམ་གཞག་བྱེད་པ་རང་བླུན་པ་ཡིན་ཞིང༌། རིག་པ་དེའི་དོར་ཀུན་རྫོབ་རྒྱུ་མ་ཙམ་དུ་མི་འགྱུར་ཏེ། རྒྱུ་མ་ལྟ་བུར་འཇོག་བྱེད་ལ་སྣང་བ་འཆར་བ་ཞིག་དགོས་པ་ལས་རིག་ངོར་དེ་མེད་པས་སོ། །ཡང་རྣལ་འབྱོར་བའི་རྗེས་ཐོབ་ཀྱི་ཉམས་སུ་མྱོང་བ་ལ་ཟེར་བ་ཡིན་ན་ནི། །དེ་ལ་ནི་ཡང་ལོག་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། ལོག་པ་ནི་མྱོང་བ་མི་སྲིད་ལ། ཡང་དག་ནི་མྱོང་བའི་ཕྱིར་རོ། །རྒྱུ་མ་ལྟ་བུར་མཚུངས་སུ་ཆུག་ཀྱང༌། རང་གི་མཚན་ཉིད་ཐ་དད་པ་མི་འགལ་ཏེ། རྒྱུ་མའི་གླང་པོ་ཆེ་ནི་མཆེ་བ་ཅན་གྱི་གཟུགས་ཅན་དུ་སྣང་ལ། རྒྱུ་མའི་རྟ་ནི་མཆེ་བ་ཅན་དུ་མི་སྣང་བའི་ཕྱིར་རོ། །བྱེད་ལས་ཀྱང་ཐ་དད་དེ། རྒྱུ་མ་མཛེས་པར་སྣང་བ་ལས་དགའ་བ་སྐྱེ་ལ། མི་མཛེས་པར་སྣ་བ་ལས་མི་དགའ་བ་སྐྱེ་བ་བཞིན་ནོ། །སྒྱུ་མ་མཁན་པོ་ལྟ་བུས་རྒྱུ་མར་ཤེས་ཀྱང༌། དགའ་མི་དགའ་ཟློག་པ་མ་ཡིན་ཏེ། སྲེད་པ་ནི་བག་ཆགས་ཀྱི་སྟོབས་ལས་འབྱུང་བའི་ཕྱིར། ལུས་མི་གཙང་པར་གོ་རིག་གིས་ཤེས་ཀྱང་ལུས་ལ་ཆགས་པ་མི་ཟློག་པ་བཞིན་ནོ། །དེའི་ཕྱིར་རྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ན་མ་གཏོགས། རིག་ཤེས་ཀྱིས་རྒྱུ་མ་ལྟ་བུར་རྟོགས་ཀྱང༌། ཆགས་སྡང་ལ་སོགས་པ་ཟློག་པ་ཡང་མ་ཡིན་མོད། གོམས་ན་ཤས་ཆུང་བར་འགྲོ་བ་ཙམ་ནི་ཡིན་ནོ། །ཅེས་ཀྱང་གོ་བར་བྱའོ། །ཅི་སྟེ་འཇིག་རྟེན་གྱི་ལུགས་གང་ཡིན་པ་དེ་ཡང༌། ཁྱེད་ཅག་ཁས་ལེན་པར་འདོད་པའི་ཕྱིར། ཡང་ལོག་གི་དབྱེ་བ་ཡང་ཅེའི་ཕྱིར་རང་ལུགས་མ་ཡིན། ཡང་ཀུན་རྫོབ་རྣམ་པར་འཇོག་བཞིན་དུ། ཡང་ལོག་གི་དབྱེ་བ་ལ་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་དཔྱོད་པ་འདི་ནི། དོན་དམ་སྒོ་ཅན་གྱི་གླན་ཀ་ཡིན་པས་ལྟ་བ་ངན་པའི་གཞི་ཆེན་པོར་འགྱུར་ལ། དེར་མ་ཟད་དབུ་མ་འཇུག་པ་ལས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་ཀུན་རྫོབ་མ་བརྟག་མ་དཔྱད་པ་ཁོ་ནར་འཇོག་པར་འདོད་པ་དང༌། དེ་ཉིད་སྐབས་སུ་རིག་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིག་མིན་པས། །རིག་དེས་ཐ་སྙད་དུ་ཡང་རིག་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཅེས་དང༌། གང་ཟག་བདག་མེད་འཆད་པའི་སྐབས་ནའང༌། དེ་ནི་དེ་ཉིད་དུ་ཡང་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །ཅེས་དོན་དམ་དཔྱོད་བྱེད་ཀྱི་རིག་པ་དེས་ཐ་སྙད་དུ་དཔྱད་ཀྱང༌། སྣང་ཙམ་དེ་ཡོད་མེད་ཡིན་མིན་ལས་གྲོལ་བའི་སྤྲོས་བྲལ་དུ་གཏན་ལ་འབེབས་ནུས་སོ་ཅེས། དཔྱད་ངོར་རྒྱུ་མ་ལྟ་བུ་ཀུན་རྫོབ་ཏུ་འདོད་པ་གཉིས། རང་ཚིག་སྔ་ཕྱི་ཆེས་འགལ་བ་ཡིན་ལ་རིག་པས་ཀྱང་མི་འཐད་དེ། རིག་ཤེས་ཀྱིས་དཔྱད་པའི་ཚེ། དཔྱད་ངོ་ན་ཀུན་རྫོབ་རང་མ་གྲུབ་པས། དཔྱད་གཞི་མེད་པའི་ཁྱད་ཆོས་སྤྲོས་བྲལ་མི་སྲིད་ཅིང༌། སྣང་བ་མ་འགགས་པར་ཤར་བ་དེ་ནི་བག་ཆགས་ཀྱི་སྟོབས་ལས་དབང་མེད་དུ་ཤར་བ་ཡིན་གྱི། རིག་ངོར་མ་ཡིན་པས། དཔྱད་པ་མེད་པའི་སྣང་བ་ཙམ་ལ། སྤྲོས་བྲལ་ལམ་སྒྱུ་མའི་མཚན་ཉིད་དང༌། ཐ་སྙད་འཇོག་ཏུ་མེད་དེ། མ་དཔྱད་ཅིང་མ་བསྒོམས་པ་ལ་ཡང་དེ་ནི་ཡོད་ན། འཁོར་བ་པ་ཐམས་ཅད་ཀྱང༌། སྒྱུ་མ་ལྟ་བུ་ཤེས་པ་དང༌། སྤྲོས་བྲལ་གྱི་ཡེ་ཤེས་ལ་འཇུག་བཞིན་པ་ཡིན་པར་འགྱུར་རོ། །ཁྱེད་ཀྱི་ལུགས་ལ་མ་དཔྱད་པའི་ཚེ་རྣམ་གཞག་ཐམས་ཅད་ཁས་ལེན་ལ། དེ་ནི་ཀུན་རྫོབ་བདེན་པའི་འཇུག་ཚུལ་ཡིན་ཅིང༌། །དཔྱད་པའི་ཚེ་ཁས་ལེན་ཐམས་ཅད་དང་བྲལ་བ་འདི་ནི་དོན་དམ་བདེན་པ་ལ་འཇུག་པའོ། །ཞེས་རྐང་བཙུགས་ཏེ་སྨྲས་པ་ཡིན་ན་ཀུན་རྫོབ་ཏུ་ཡང་དཔྱད་པའི་ཚེ། དེ་དང་དེ་མི་འགྲུབ་ཅེས་ཟེར་བ་འདི་ནི། རང་ཚིག་ཤིན་ཏུ་འགལ་བ་ཡིན་ཏེ། དཔེར་ན་ཤི་བའི་རོ་དུམ་བུར་གཏུབས་ན་འཇིག་པ་བཞིན་དུ། མ་ཤི་གསོན་བཞིན་དུ་ཤི་བའི་རོ་དུམ་བུར་གཏུབས་ཀྱང་འཇིག་པར་འགྱུར་རོ་ཅེས་ཟེར་ན། ཤིན་ཏུ་འབྲེལ་མེད་པ་བླ་རྡོལ་ལྟ་བུའི་ཚིག་ཏུ་འགྱུར་བ་བཞིན་ནོ། །དེས་ན་གསོན་བཞིན་དུ་ཤི་བའི་རོ་མི་སྲིད་པ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིག་པས་ཀུན་རྫོབ་ཏུ་དཔྱོད་པ་དེ་འདྲ་མི་སྲིད་དེ། རིག་པ་དེས་དཔྱད་ཕྱིན་དོན་དམ་ཁོ་ནར་དཔྱད་པར་འགྲོ་བས་སོ། །དོན་དམ་དཔྱོད་བྱེད་ཀྱི་རིག་པས་དཔྱད་ཅེས་པའི་དཔྱད་པ་རང་ངོས་ནས་ཀུན་རྫོབ་ཡིན་ཡང༌། ཀུམ་རྫོབ་ཏུ་དཔྱད་པ་མ་ཡིན་ཏེ་དཔྱད་པས་དོན་དམ་གོ་ནུས་པའི་ཕྱིར་རོ། །གཞན་དུ་ན་དཔྱད་འབྲས་ཀུན་རྫོབ་གོ་བ་ལ་འཇོག་དགོས་ཤིང༌། ཁྱེད་ཅག་དོན་དམ་དཔྱོད་བྱེད་ཀྱི་རིག་པས་ཀུན་རྫོབ་ཏུ་དཔྱད་ན་དོན་དམ་གོ་བར་འགྱུར་རོ་ཅེས་སྨྲ་བའམ། ཀུན་རྫོབ་ཏུ་དཔྱད་པས་དམ་པའི་དོན་གོ་བར་འགྱུར་ཅེས་སྨྲ་ལ་རག དེའི་ཕྱིར་མ་འབྲེལ་བ། འགལ་བ་ཕྱིན་ཅི་ལོག་དེ་ལ་སུ་ཞིག་ཡིད་རྟོན་པར་བྱེད། ཁོ་བོ་ཅག་ནི་འདི་སྐད་ཅེས་སྨྲ་སྟེ། ཡང་ལོག་གི་དབྱེ་བ་གཉིས་སུ་མ་ཟད་ད་དུང་དབྱེ་བ་དུ་མ་འཐད་ལྡན་དུ་འབྱུང་བར་འགྱུར་ལ། རིག་པའི་དཔྱད་ངོ་ཅེས་པ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་དག་པ་པའི་དཔྱད་པ་དང༌། དོན་དམ་རིག་ཤེས་དཔྱད་པ་གཉིས་ཡོད་པས། དང་པོས་ནི་རྒྱུ་འབྲས་རྟེན་འབྲེལ་མ་འཁྲུལ་བ་ལ་ངེས་ཤེས་བསྐྱེད་པར་བྱེད། ཕྱི་མའི་དོན་ཀུན་རྫོབ་སྣང་གྲགས་ཀྱི་ཆོས་གང་ཡང་མི་འགྲུབ་མོད་ཀྱི། དོན་དམ་བྱིངས་ནི་འགོག་པར་ནུས་པ་མ་ཡིན་ནོ། །ཅེས་པའོ། །དོན་དམ་དངོས་ལ་ནི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། བློའི་རྟོགས་ཚུལ་གྱི་དབང་དུ་བྱས་ནས། དོན་དམ་གྱི་ཀུན་རྫོབ་པ་དང༌། དོན་དམ་གྱི་དོན་དམ་མོ། །དང་པོ་ནི་སོ་སོ་སྐྱེ་བོའི་ཤེས་པ་ཡིན་ཡང༌། གང་ལ་དམིགས་ཏེ་སྒོམས་ན། གནས་ལུགས་མཐོང་ཞིང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ནི། རྗེས་སུ་མཐུན་པའི་དོན་དམ་དང༌། རྣམ་གྲངས་ཀྱི་དོན་དམ་ཅེས་ཀྱང་བྱ་སྟེ། ལུགས་གཞན་ལས་ཇི་སྐད་དུ། སྐྱེ་ལ་སོགས་པ་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོས་འདོད། །ཅེས་སྨྲ་བ་ལྟ་བུ་དང་མཚུངས་ཏེ། རིག་ཤེས་ཀྱི་ཡུལ་དུ་དགག་བྱ་མཐའ་དག་བཀག་པ་ཙམ་དེ་དང༌། གཞན་ཡང་མི་རྟག་སྡུག་བསྔལ་བདག་མེད་ལ་སོགས་པ་ཡང་ཡིན་ཏེ། འདི་དངོས་སུ་ན་ཀུན་རྫོབ་ཡིན་ཀྱང༌། དོན་དམ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར། དོན་དམ་གྱི་རྣམ་གྲངས་ལ་བགྲང་ངོ༌། །གཉིས་པ་ནི། མཐོང་བའི་ལམ་ཐོབ་པ་ཡན་ཆད་ཀྱི། མཉམ་གཞག་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་དེ་ཁོ་ན་ཡིན་ནོ། །དེ་དག་ལས། ལོག་པའི་ཀུན་རྫོབ་ནི། ཀུན་རྫོབ་ཙམ་པོ་སྟེ། ཀུབ་རྫོབ་བདེན་པ་བཏགས་པ་པ་དང༌། ཡང་དག་ཀུན་རྫོབ་ནི། དེ་དངོས་སོ། །རྣམ་གྲངས་ཀྱི་དོན་དམ་ནི་དོན་དམ་ཙམ་པོ་སྟེ། དོན་དམ་བཏགས་པ་པ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་ནི་དོན་དམ་དངོས་སོ། །
ཀུན་རྫོབ་ཀྱི་སྐད་དོད།
ཅིའི་ཕྱིར་ཀུན་རྫོབ་ཅེས་བྱ་ན། ཀུན་རྫོབ་ཀྱི་སྐད་དོད། སམ་བྲྀ་ཏའི་སྒྲ་ལས་དྲངས་ན། ཡང་དག་པ་ལ་སྒྲིབ་བྱེད་མ་རིག་པའི་སྣང་ངོར་གྱུར་པའི་དོན་ཡིན་ལ། ཡང་སམ་ནི་ཀུན་གྱི་དོན་དང༌། པྲྀ་ཏ་བསླུ་བ་དང༌། སྒྲིབ་པ་དང༌། བརྫུན་གྱི་དོན་ཡིན་པས། ཀུན་ཏུ་བརྫུན་པའོ། །འཇིག་རྟེན་ཅེས་བྱ་བ་ནི། འཇིག་རྟེན་པའི་ཚད་མས་བསྟན་པར་བྱའོ། །ཐ་སྙད་བདེན་པ་ཅེས་བྱ་བ་ལ། ཐ་སྙད་ཀྱི་སྐད་དོད་བྱ་བ་ཧ་རཿཞེས་བྱ་བ་ཡིན་ལ། དེ་ཡང་བི་དང་ཨ་བ་ཧ་ར་མཚམས་སྦྱར་བའོ། །དེའི་བི་ཞེས་བྱ་བ་ལ། ཤེ་ཥ་བསྣན་ཏེ། ཁྱད་པར་རམ། བྱེ་བྲག་གམ། ཐ་དད་པར་ངེས་བཟུང་བྱེད་པའི་དོན་ཏེ། བི་ཤེ་ཥ་ཞེས་བྱའོ། །ཨ་བ་ནི་ངེས་པ། ཧ་ར་ནི་བསྡུད་ཅིང་འཛིན་པ་ཡིན་པས། སོ་སོ་ཐ་དད་པར་ངེས་པར་འཛིན་པ་ཅེས་པ་སྟེ། དཔེར་ན་བུམ་པ་ཅེས་པ་ནི། ལྟོ་ལྡིར་ཞབས་ཞུམ་པ་ལ་འཇུག་གི་གཞན་ལ་མ་ཡིན་ནོ། །ཀ་བ་ཅེས་པ་ནི་གདུང་འདེགས་པའི་བྱ་བ་བྱེད་པ་ལ་འཇུག་གི་གཞན་ལ་མ་ཡིན་ནོ་ཅེས་པ་ལྟར་རྣམ་པར་རྟོག་པས་དོན་ཐ་དད་པ་མང་པོ་ལ་མིང་སྣ་ཚོགས་པ་བསྙད་ཅིང་བརྗོད་ལ་ངོས་བཟུང་བྱེད་པའི་དོན་ནོ། །ཐ་དད་ཅེས་པའི་ཐ་ཡིག་དང༌། ཐ་སྙད་ཅེས་པའི་ཡི་གེ་དང་པོ་ནི། དོན་གཅིག་སྟེ་དངོས་པོ་སོ་སོའི་མིང་ཡིན་པ་དང༌། ཐ་དད་ཅེས་པ་ཡང་སོ་སོར་གནས་པའི་དོན་ཡིན་པས་མིང་གཉིས་འདུས་པའོ། །དེའི་ཕྱིར་ཐ་དད་ལ་དགག་པའི་སྒྲ་སྦྱོར་པའི་ཚེ། མི་ཐ་དད་ཅེས་མི་ཟེར་བར། ཐ་མི་དད་ཅེས་མིང་གཉིས་ཀྱི་དབུས་སུ་འཇུག་པ་མཐོང་ངོ༌། །
དོན་དམ་གྱི་སྐད་དོད།
དོན་དམ་ཅེས་བྱ་བ་ལ་པ་ར་མཱརྠ་ཅེས་བྱ་སྟེ། །པ་ར་མ་ནི་མཆོག་གི་དམ་པ་སྟེ། །མི་རྟོག་ཡེ་ཤེས་སོ། །ཨརྠ་ནི་དོན་ཏེ་ངེས་རྟོགས་ཤིང་ཁོང་དུ་ཆུད་ལ། ངེས་པ་ཐོབ་པའི་རྙེད་དོན་ནོ། །དེས་ན་དངོས་ནི་གནས་ལུགས་ཀྱི་ཡེ་ཤེས་ཁོ་ན་ཡིན་མོད། རྗེས་མཐུན་པའི་དབང་དུ་བྱས་ནས། སོ་སོ་སྐྱེ་བོའི་རིག་ཤེས་མ་ནོར་བ་དང༌། གནས་ལུགས་ལ་དམིགས་པའི་ལྷག་མཐོང་ཕལ་པ་རྣམས་ལ་ཡང༌། ཡེ་ཤེས་དང༌། དོན་དམ་དང༌། འཕགས་པའི་མིང་གིས་བཏགས་པ་ཡོད་དོ། །འོ་ན་ཡོད་དང་མེད་ཁོ་ན་ཏེ། ཅེས་པའི་གཞུང་ཁས་ལེན་དགོས་པས། གཟུང་འཛིན་མེད་པ་དང༌། རྣམ་རིག་ཡོད་པ་ལྟ་བུ་གནས་ལུགས་དེ་ཁོ་ན་ཉིད་གཉིས་སུ་འགྱུར་བས། དོན་དམ་གཉིས་སུ་མེད་པ་དང་འགལ་ལོ་སྙམ་ན། སྤྱིར་ནི་གནས་ལུགས་མཐར་ཐུག་པ་དང་དོན་དམ་དངོས་ནི་གཉིས་སུ་མེད་པ་ཡིན་གྱི། དོན་དམ་ཙམ་དང༌། དེ་ཁོ་ན་ཉིད་ཙམ་པོ་ནི། གནས་སྐབས་སུ་དགོས་པའི་དབང་གིས་གཞག་པའི་ཕྱིར་གཉིས་སུ་མ་ཟད་མཐའ་ཡས་པའི་བར་དུ་ཡང་འགྱུར་རོ། །འོན་ཀྱང་གཟུང་འཛིན་མེད་པ་ཅེས་པ་དེ་ཡོད་པ་ལས་ལོག་ཙམ་ལ་འཇོག་པས་གཟུང་འཛིན་མེད་པ་དང༌། ཡེ་ཤེས་ཡོད་པ་ནི་གཅིག་ཁོ་ནར་འགྱུར་གྱི་གཉིས་སུ་མི་འགྱུར་རོ། །དཔེར་ན་སྐྱེས་བུ་ཞིག་མིའི་ངོར་ཡོད་པ་དང༌། འགྲོ་བ་གཞན་དུ་མེད་པ་གཉིས། གནས་ལུགས་སོ་སོ་མ་ཡིན་པ་བཞིན་ནོ། །མཚན་ཉིད་ཀྱི་རྣམ་གྲངས་དང༌། ཁྱད་ཆོས་ཀྱི་རྣམ་གྲངས་བསྟན་ན་ནི། བསྐལ་པ་འབྱམས་ཀླས་པར་ཡང་ཟད་པ་མེད་མོད་ཀྱི། དེ་ཙམ་གྱིས་གནས་ལུགས་མང་པོར་མི་འགྱུར་པས། འདི་ལ་བསམས་ནས་དགག་པ་ཐན་ཐུན་སྨྲ་ཞིང༌། མུ་ཅོར་གྱི་ང་རོ་སྒྲོག་པར་བྱེད་པ་ལ་སྙིང་པོ་མེད་དོ། །བདེན་པ་རྣམ་པ་གཉིས་པོ་འདི་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་ཐེག་པ་ཆེན་པོ་གསང་བའི་མདོ་འམ་རྒྱུད་ལས་འདི་སྐད་ཅེས་གསུངས་ཏེ། ཐེག་པ་ཆེན་པོ་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་དང༌། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །དེ་ལ་འདུས་བྱས་ཀྱི་རབ་ཏུ་ཕྱེ་བ་ནི། སྤྱོད་པའི་ངོ་བོའི། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཐེག་པ་ཆེན་པོ་ཉིད་ནི། ཐེག་པ་ཆེན་པོའོ། །རིགས་ཀྱི་བུ་གཞན་ཡང་འདུས་བྱས་ནི་རྐྱེན་གྱིས་བསྐྱེད་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དོ། །རིགས་ཀྱི་བུ་འདུས་མ་བྱས་ནི་མི་སྐྱེ་བའི་ཆོས་ཉིད་དང༌། སྟོང་པ་ཉིད་ཀྱི་རང་གི་ངོ་བོའོ། །རིགས་ཀྱི་བུ་གཞན་ཡང་སྤྱོད་པའི་ངོ་བོའི་ཐེག་པ་ཆེན་པོ་གང་ཞེ་ན། སྟོང་པ་ཉིད་མངོན་དུ་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡུལ་དང་དུས་ཀྱི་དབང་གིས་སེམས་ཅན་འདུལ་བའི་དབང་ཉེ་བར་བཟུང་སྟེ། བྱ་བ་དང་ལས་ཀྱིས་ཀུན་ཏུ་བསླངས་པའི་ཚུལ་གྱིས་འདོགས་པ་སྟེ། རིགས་ཀྱི་བུ་འདི་ནི་སྤྱོད་པའི་ངོ་བོའི་ཐེག་པ་ཆེན་པོའོ། རིགས་ཀྱིས་བུ་དེ་ལ་འདུས་མ་བྱས་ཀྱི་ཐེག་པ་ཆེན་པོ་ཉིད་ཐེག་པ་ཆེན་པོ་གང་ཞེ་ན། ཇི་ལྟར་གནས་པའི་ཆོས་ཉིད་ཀྱི་ཚིག་བླ་དྭགས་སོ། །རིགསཀྱི་བུ་ཇི་ལྟར་གནས་པའི་ཆོས་ཉིད་ཅེས་བྱ་བ་འདི་ནི། བསམ་ཀྱིས་མི་ཁྱབ་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་གང་ཡིན་པ་དེ་ནི། མཐའ་གཉིས་ལ་མི་བལྟོས་པ་སྟེ། དེ་ལ་གདགས་པའི་ངོ་བོ་ཉིད་མེད་ཅིང༌། མི་གདགས་པའི་ངོ་བོ་ཡང་མེད་དོ། །གང་ལ་གདགས་པའི་ངོ་བོ་ཉིད་མེད་ཅིང༌། མི་གདགས་པའི་ངོ་བོ་མེད་པ་དེ་ལ་སྤྱོད་པ་མེད་དོ། །གང་ལ་སྤྱོད་པ་མེད་པ་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །གང་བརྗོད་པར་བྱ་བ་མ་ཡིན་པ་དེ་དངོས་པོ་ཐམས་ཅད་དང་བྲལ་བའོ། །གང་དངོས་པོ་ཐམས་ཅད་དང་བྲལ་བ་དེ་ནི་མི་འཁྲུགས་པའོ། །གང་མི་འཁྲུགས་པ་དེ་ཆོས་སོ། །ཆོས་གང་ཡིན་པ་དེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བདེན་པའོ། །རིགས་ཀྱི་བུ་བདེན་པ་གང་ཡིན་པ་དེ་ཡོད་པའོ། །ཡོད་པ་གང་ཡིན་པ་དེ་བརྫུན་མ་ཡིན་པའོ། །གང་བརྫུན་མ་ཡིན་པ་དེ་ཡང་དག་པའོ། །ཡང་དག་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །ཆོས་ཉིད་གང་ཡིན་པ་དེ་ནི་མི་རྟོག་རྣམ་པར་མི་རྟོག་པའོ། །གང་མི་རྟོག་རྣམ་པར་མི་རྟོག་པ་དེ་ཡེ་ཤེས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། ཆོས་ཉིད་དེ་ནི་དངོས་པོ་ལས་གྲོལ་ཞིང༌། །ཇི་ལྟར་གནས་པའི་གནས་ཚུལ་ཡང་ཡིན་ལ། །མི་འཁྲུགས་པ་སྟེ་མི་འཇིག་པ་དང༌། །སངས་རྒྱས་ཐོབ་མཁན་རྣམས་ཀྱི་ཐོབ་བྱ་སངས་རྒྱས་དངོས་དང༌། བདེན་གྲུབ་དང༌། ཡོད་པ་དང༌། ཡེ་ཤེས་རྣམས་ཡིན་པར་གསུངས་ཤིང༌། གདགས་པའི་ངོ་བོ་ཉིད་མེད་ཅེས་སྒྲ་དང་རྟོག་པའི་ཡུལ་ལས་འདས་པ་དང་། མི་གདགས་པའི་ངོ་བོ་ཉིད་མེད་ཅེས་པ། སྒྲ་དོན་འདྲེས་འཛིན་མ་ཡིན་པར་རྣམ་ཤེས་ལ་སྣང་བའི་ངོ་བོར་ཡང་མེད་ཅེས་པ་སྟེ། ཀུན་བཏགས་དང་གཞན་དབང་གི་མཚན་ཉིད་བཀག་པ་ཡིན་ནོ། །
ཀུན་བཏགས་པའི་མཚན་ཉིད།
དེ་ལ་ཀུན་བཏགས་པའི་མཚན་ཉིད་ནི། ལོག་པའི་ཀུན་རྫོབ་ཐམས་ཅད་ཡིན་མོད་ཀྱི། གཟུང་འཛིན་རྒྱང་ཆད་དུ་སྣང་བ་འམ། ཡུལ་སེམས་ཐ་དད་དུ་སྣང་བའི་སྣང་ཆ་དང༌། མིང་དོན་འབྲེལ་བར་སྣང་བའི་སྣང་ཆ་དང༌། མི་དང་དུད་འགྲོ་དང་རི་དང་ཁང་ཁྱིམ་ལ་སོགས་པ་རགས་པར་འཛིན་པའི་བློ་དང༌། རྣམ་རྟོག་གི་བཏགས་ཆ་དོན་སྤྱི་ཐམས་ཅད་དེ། མདོར་ན་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་གཟུང་བྱ་ཐམས་ཅད་དག དངོས་སུ་རྣམ་ཤེས་ལ་སྣང་བ་ཡིན་ཡང༌། གཉིས་འཛིན་གྱི་རྟོག་པའི་བག་ཆགས་ལས་སྣང་བའི་ཁྱད་པར། དངོང་སུ་སྒྲ་དོན་ཅན་གྱི་རྟོག་པས་མ་བཞག་ཀྱང་དོན་དུ་སྣང་བ་ལྟ་བུ་བཏགས་པར་བྱ་བ་ཀུན་བཏགས་དངོས་ཡིན་ལ། འདོགས་མཁན་ནི་འཛིན་པ་རྣམ་རྟོག་ཡིན་ཏེ། རྣམ་རྟོག་དེ་ཉིད་ཀྱི་ངོ་བོ་ནི་གཞན་དབང་ཡིན་ཀྱང༌། བཏགས་ཆའི་རྣམ་པས་ཤེས་པ་འགྱུར་བའི་ཆ་དེ་ཡང་ཀུན་བཏགས་སོ། །
གཞན་དབང་གི་མཚན་ཉིད།
གཞན་གྱི་དབང་གི་མཚན་ཉིད་ནི། ཀུན་བཏགས་ཀྱི་སྣང་ཆ་དེ་ཁོ་ན་དང་རྗེས་སུ་འབྲེལ་བ་ཉིད་ཡིན་ལ། ངོ་བོ་སྣང་བ་དེ་འདྲ་འཆར་དུ་རུང་བའི་གཞི་ཤེས་རིག་འཛིན་པའི་རྣམ་པར་ཤེས་པ་ཙམ་སྟེ། དེ་ལ་སྣང་བ་སྣ་ཚོགས་འཆར་བ་ནི། བག་ཆགས་ཀྱི་གཞན་དབང་ལས་བྱུང་བ་ཡིན་པ་དང༌། རྣམ་ཤེས་དེ་ཉིད་རང་ཡང་ཐོག་མ་མེད་པའི་བག་ཆགས་ལས་གྲུབ་པའི་ཕྱིར། གཞན་བག་ཆགས་ཀྱི་དབང་ལས་རང་དབང་མེད་པར་སྣང་བའི་ཕྱིར། གཞན་དབང་ཞེས་བཏགས་སོ། །དེ་ཡང་ཀུན་བཏགས་གཟུགས་བརྙན་དང་འདྲ་བ་དང་རྟག་ཏུ་འབྲེལ་བ་གཟུགས་བརྙན་འཆར་བའི་གཞི་མེ་ལོང་ལྟ་བུ་དེ་ཡིན་ནོ། །
ཡོངས་སུ་གྲུབ་པའི་མཚན་ཉིད།
ཡོངས་སུ་གྲུབ་པའི་མཚན་ཉིད་ནི། གཞན་གྱི་དབང་དེ་ཉིད་དང་དབྱེར་མེད་དུ་འདྲེས་པ་ལྟར་སེམས་ཅན་ལ་སྣང་ཡང་རང་བཞིན་མཚན་ཉིད་ཤིན་ཏུ་འགལ་བ། ཆོས་ཉིད་ཀྱི་སེམས་ཡིན་ཏེ། དཔེར་ན་གསེར་རྡོའི་གནས་སྐབས་ན་གསེར་དང་རྡོ་བཞིན་ནོ། །ཡང་ན་དུག་ལ་སེམས་ཅན་འཆི་བར་བྱེད་པའི་ནུས་པ་དང༌། ཚེ་ཉི་ཟླ་དང་མཉམ་པར་བྱེད་པའི་ནུས་པ་བཞིན་ཏེ། ནུས་པའི་རྫས་དང་མཚན་ཉིད་ཤིན་ཏུ་འགལ་ཡང༌། ཕལ་པའི་མིག་གིས་དབྱེ་བ་མི་ཕྱེད་ཅིང༌། རྫས་དང་སྨན་ལ་སོགས་པའི་རྐྱེན་གང་ལས་འཆི་བ་མེད་པར་བྱེད་པ་དེ་འདྲ་མངོན་དུ་གྱུར་ན། འཆི་བྱེད་ཀྱི་རྫས་ནུས་དེ་རྩ་བ་ནས་བྱང་བར་འགྱུར་བ་བཞིན་ནོ། །དེ་ལ་སྤང་བྱ་སྒྲིབ་བ་དང༌། སྤོང་བྱེད་ལམ་གྱི་ཡེ་ཤེས་ཐམས་ཅད་ངོ་བོ་གཞན་དབང་ཡིན་པས་གཞན་དབང་བླང་དོར་གྱི་གནས་ཡང་དག་ཀུན་རྫོབ་ཡིན་ལ། ཡོངས་གྲུབ་ནི་བླང་དོར་ལས་གྲོལ་བའི་དོན་དམ་བདེན་པའོ། །གཞན་དབང་སྤངས་པས་ཀུན་བཏགས་རང་་སར་དག་པར་འགྱུར་ཏེ། འོན་ཀྱང་ཀུན་བཏགས་ཀྱི་རང་བཞིན་ཡང་ཤེས་པར་བྱ་དགོས་པ་ཡིན་ནོ། །གཞན་ཡང་ཇི་སྐད་དུ། བརྟགས་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རགས་པ་ཡིན། །དམ་པའི་དོན་ནི་གཅིག་པུའོ། །ཞེས་བདེན་གཉིས་ཀྱི་དབྱེ་བ་དང༌། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་སོགས་གསུངས་ཏེ། སོ་སོའི་དབྱེ་བ་དང༌། དངོས་དང༌། བཏགས་པའི་ཁྱད་པར་རྣམས་ཤེས་དགོས་ཏེ། འདིར་ཧ་ཅང་མང་པར་འགྱུར་བས་མ་སྤྲོས་སོ། །དེ་ལྟར་ན་ཕུང་ཁམས་སྐྱེ་མཆེད་མཚན་གཞིའི་ཆོས་དེ་དག་ནི། རྟོག་པས་བཏགས་པ་ཙམ་དང༌། ཕྱིན་ཅི་ལོག་གི་བློ་ལ་སྣང་བ་ཁོ་ན་ཡིན་གྱི། ཡང་དག་པར་ན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཀྱི་ཆོས་དེ་དག་གདོད་ནས་མེད་པ་དང༌། དོན་དམ་གྱི་ཆོས་འགྱུར་བ་མེད་པར་གནས་པ་ནི། གནས་ལུགས་ཡིན་ལ། དེ་ཡང་ཀུན་རྫོབ་ཀྱི་ཆོས་གདོད་ནས་མ་གྲུབ་པ་ནི། ཆོས་དབྱིངས་འགྱུར་མེད་དེ་ལ་ཆོས་དབྱིངས་དེའི་ཁྱད་ཆོས་ཀྱི་ཚུལ་དུ་འཇུག་པའོ། །
དབུ་མའི་སྙིང་པོ་འཇིག་རྟེན་འདས་བསྟོད་དང་སྦྱར་བ།
ད་ནི་སྐབས་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ་འཇིག་རྟེན་ལས་འདས་པའི་བསྟོད་པ་ཅེས་བྱ་བ་དབུ་མའི་སྙིང་པོར་གྱུར་པ་དེ་དང་སྦྱར་ཏེ་བཤད་པར་བྱའོ། །དེ་ལྟར་ཡང་གཞུང་དེ་ལས། བློ་ལྡན་ཁྱོད་ཀྱི་ཕུང་པོ་དེའང༌། །སྒྱུ་མ་སྨིག་སྒྱུ་དྲི་ཟ་ཡི། །གྲོང་ཁྱེར་རྨི་ལམ་ཇི་བཞིན་དུ། །བློ་ལྡན་རྣམས་ལ་རབ་ཏུ་བསྟན། །གང་དག་རྒྱུ་ལས་བྱུང་བ་རྣམས། །དེ་མེད་པར་ནི་ཡོང་མིན་པས། །གཟུགས་བརྙན་ཉིད་དང་མཚུངས་པ་རུ། །གསལ་པར་ཅི་ཡི་ཕྱིར་མི་འདོད། །འབྱུང་བ་མིག་གིས་གཟུང་མིན་པས། །དེ་དངོས་མིག་གི་ཇི་ལྟར་ཡིན། །གཟུགས་ཉིད་བཟུང་བར་རབ་བཀག་པས། །གཟུགས་ཉིད་དེ་ལྟར་ཁྱོད་ཀྱིས་གསུངས། །ཚོར་བྱ་མེད་པར་དེ་མེད་པས། །ཚོར་བ་ཉིད་ནི་བདག་མེད་པས། །ཚོར་བ་དེ་ཡང་རང་བཞིན་གྱིས། །ཡོད་པ་མིན་པར་ཁྱེད་ཉིད་བཞེད། །མིང་དང་དོན་དག་ཐ་དད་མིན། །མེ་ཡིས་ཁ་ཉིད་ཚིག་པར་འགྱུར། །གཞན་ཡང་རྟོགས་པ་མེད་འགྱུར་ཞེས། །བདེན་པ་གསུང་བ་ཁྱེད་ཀྱིས་བསྟན། །བྱེད་པོ་རང་དབང་ལས་ཉིད་ཀྱང༌། །ཐ་སྙད་དུ་ནི་ཁྱོད་ཀྱིས་བསྟན། །ཕན་ཚུན་བལྟོས་པ་ཅན་ཉིད་དུ། །གྲུབ་པར་ཁྱོད་ཀྱིས་བཞེད་པ་ལགས། །བྱེད་པོ་ཡོད་མིན་སྤྱོད་པའང༌། །བསོད་ནམས་དེ་མིན་བརྟེན་འབྲེལ་སྐྱེས། །བརྟེན་ནས་སྐྱེས་གང་མ་སྐྱེས་ཤེས། །ཚིག་གི་བདག་པོ་ཁྱོད་ཀྱིས་གསུངས། །ཤེས་པ་མེད་པར་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་པའང་མེད། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་དངོས་མེད་པར་ཁྱོད་ཀྱིས་གསུངས། །ཅེས་འབྱུང་སྟེ། དེ་ལ་འདི་ནི་བདག་མེད་རྣམ་པ་གཉིས་ལས་ཆོས་ཀྱི་བདག་མེད་ཁོ་ནའི་དབང་དུ་བྱས་པ་སྟེ། དེ་ཡང་སྣང་གྲགས་ཀྱི་ཆོས་གང་ཅི་ཡང་རུང་པ་དེ་དང་དེ་སོ་སོ་ལ། གཞན་དང་ཐུན་མོང་མ་ཡིན་པས་རང་དབང་བའི་ངོ་བོ་དེའི་ཁྱད་གཞི་ཞིག་ཅི་སྟེ་ཡོད་སྲིད་ན། དེ་ནི་ཆོས་དེ་ཉིད་ཁོ་ན་རང་དབང་གི་གཞན་མི་དབང་བས་བདག་ཅེས་བྱའོ། །མདོར་ན་སྣང་གྲགས་ཀྱི་ཆོས་རྣམས་ལ་འཁྲུལ་སྣང་ཙམ་མ་ཡིན་བློས་བཏགས་པ་ཙམ་མ་ཡིན་པར་གནས་ཚུལ་ལ་གྲུབ་རྒྱུའམ། ཚུགས་ཐུབ་ཞིག་ཡོད་ན་ཆོས་ཀྱི་བདག་ཡིན་པར་འགྱུར་བ་ལས། དེ་ལྟ་བུ་ཡེ་མི་སྲིད་པའི་ཕྱིར། ཤེས་བྱ་སྤྱི་དང་སོ་སོ་གང་གི་སྟེང་ན་ཡང་དེ་འདྲ་གྲུབ་པ་མེད་པས། ཆོས་ཐམས་ཅད་ཆོས་ཀྱི་བདག་མེད་པ་ཡིན་ནོ། །ཆོས་ཀྱི་བདག་མེད་པའི་གནས་ཚུལ་དེ་ལ་འཇུག་པ་ན། སྣང་གྲགས་ཀྱི་ཆོས་རྣམས་རང་རང་གི་ངོ་བོར་མེད་ན། གཞན་གྱི་ངོ་བོར་ལྟ་ག་ལ་ཡོད་དེ། གཤིས་ཅིར་ཡང་མ་གྲུབ་པའི་ཚུལ་དེ་ལ། མཉམ་གཞག་ཏུ་རྣམ་རྟོག་གི་ཡུལ་ཟད་དེ། གང་དུ་ཡང་མི་འཛིན་ཅིར་ཡང་མ་དམིགས་པའི་ཚུལ་གྱིས་འཇུག་པ་ཡིན་ལ། རྗེས་ཐོབ་ཏུ་ནི་གནས་ལུགས་དང་རྗེས་སུ་མཐུན་པའི་ངེས་ཤེས་ཀྱིས་ཀྱང་་བརྟག་པར་བྱ་བ་ཁོ་ན་སྟེ། ཐེ་ཚོམ་དང་ལོག་པར་རྟོག་པ་སེལ་བར་བྱེད་པའི་ཕྱིར་རོ། །ཅི་འོ་ན་ནི་ཆོས་ཉིད་ཀྱི་ཡེ་ཤེས་དེ་ཆོས་ཀྱི་བདག་མེད་ཡིན་པའི་ཕྱིར། རང་གི་ངོ་བོས་ཡོད་པར་འདོད་པའི་དམ་བཅའ་བ་ཉམས་སོ་སྙམ་ན། བློ་གྲོས་ཁྲ་བོར་གྱུར་བ་རྣམས་ཀྱི་རིག་པའི་འཆར་ཚུལ་དེ་ལྟར་འབྱུང་བ་བདེན་ཡང། གང་ཞིག་མཆོག་ཏུ་རྣམ་པར་དཀར་བའི་ཤེས་རབ་ཤིན་ཏུ་གསལ་བ་རྣམས་ཀྱིས་ནི། འདི་གཉིས་ཀྱི་ཁྱད་པར་གསལ་བར་མཐོང་ངོ༌། །དེ་ཡང་སྨྲོས་ཤིག་ཅེ་ན། གང་སྣང་ཞིང་གྲགས་པའི་ཆོས་འདི་དག་ནི། ཅི་སྟེ་རང་གི་ངོ་བོས་ཡོད་པར་གྱུར་ན། སྣང་བ་དང་མཐུན་པ་འམ། གྲགས་པ་དང་མཐུན་པར་ཡོད་དགོས་ཏེ། དཔེར་ན་མཚན་མོ་ཐོ་ཡོར་ལ་བལྟས་བས། མི་རེད་དུ་སྣང་བར་གྱུར་ན། གལ་ཏེ་མིར་སྣང་བ་དེ་ངོ་བོས་ཡོད་ན་ནི། སྣང་བ་དང་མཐུན་པར་མིའི་མཚན་ཉིད་དུ་ཡོད་དགོས་པ་ལས། དེ་ལ་མིའི་མཚན་ཉིད་མེད་པས། མི་རེད་དུ་སྣང་བ་དེ་ངོ་བོས་མགྲུབ་པ་ཡིན་ནོ། །མི་རེད་དུ་སྣང་ཡང་དེར་མ་གྲུབ་ཕྱིན། རྨ་བྱ་དང་གླང་པོ་ལ་སོགས་པ་གཞན་དུ་ནི་སྣང་ཡང་མི་སྣང་ན། གྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་པ་བཞིན་ནོ། །དེའི་ཕྱིར་སྣང་གྲགས་ཀྱི་ཆོས་ཐམས་ཅད་ནི། ཆོས་ཀྱི་བདག་མེད་པའི་ཕྱིར། རང་གི་ངོ་བོས་ཀྱང་མ་གྲུབ་པོ། །དོན་དམ་དབྱིངས་ཀྱི་ཡེ་ཤེས་ལ་ནི། །སྣང་གྲགས་རྣམས་ལ་ཡོད་པར་འདོད་པའི་རང་གི་ངོ་བོ་དང་རང་གི་མཚན་ཉིད་དེ་འདྲ་བ་མེད་པའི་ཕྱིར། ཆོས་ཀྱི་བདག་མེད་ཡིན་ལ། ངོ་བོས་གྲུབ་མ་གྲུབ་ཅེས་པའང་དེ་ཙམ་ཞིག་ལ་བསམས་ན་ནི། རང་གི་ངོ་བོས་མེད་པའང་ཡིན་ཏེ། སྒྲ་དང་ཡིད་ཀྱི་བརྗོད་པས་དོན་དམ་དབྱིངས་ཀྱི་ཡེ་ཤེས་སུ་བསམས་པ་དེ་དང་ཀུན་རྫོབ་ཀྱི་ཤེས་པ་གསལ་སྣང་ཅན་ལ། དོན་དམ་པའི་ཡེ་ཤེས་ལྟར་སྣང་བ་དེ་ནི། དོན་དམ་མ་ཡིན་པའི་ཕྱིར་དང༌། རང་གི་ངོ་བོས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང༌། རྒྱལ་ཚབ་ཆེན་པོས། དེ་བཞིན་བརྗོད་པ་རགས་པ་ཡིན། །ཞེས་གསུངས་ཏེ། སྒྲ་རྟོག་གི་ཀུན་ཏུ་བརྗོད་པའི་ཡུལ། ཡོངས་གྲུབ་དོན་དམ་པའི་རྣམ་པ་འདྲ་རུང་དེ་ནི། དོན་དམ་མ་ཡིན་ཏེ་ཀུན་རྫོབ་ཀུན་བཏགས་དང་གཞན་དབང་གིས་བསྡུས་པ་ཡིན་ནོ། །དེ་བས་ན་ཇི་ཙམ་དུ་ཆོས་ཀྱི་བདག་གི་མཚན་ཉིད་ཅན་ཐམས་ཅད་ཡོངས་གྲུབ་དོན་དམ་པའི་རང་གི་ངོ་བོ་ཡོད་ཚུལ་དེར་མི་འགྱུར་ལ། དོན་དམ་རང་གི་ངོ་བོས་ཡོད་ཚུལ་གཞན་ཡིན་པས། དེ་བདེན་པར་མེད་པས་འདི་བདེན་པར་མེད་པར་མི་འགྱུར་རོ། །དཔེར་ན་སྒྱུ་མ་མཁན་གྱི་རྡེའུ་ལ་དམིགས་ནས་སྔགས་བཟླས་པས། དབང་པོ་བསླད་པའི་མི་རྣམས་ལ་གླང་་པོའི་གཟུགས་བརྙན་བྱུང་བ་ནི། སྒྱུ་མར་སྣང་བའི་གླང་པོའི་གཟུགས་ལ་གླང་པོའི་མཚན་ཉིད་མེད་པས། གནས་དེ་ན་གླང་པོ་གདོད་ནས་མ་གྲུབ་ཀྱང༌། དེའི་ཤུལ་ན་སྐྱེ་བོ་རྣམས་ཀྱིས་མ་མཐོང་བའི་རྡེའུ་ཡོད་པ་མི་འགལ་བ་བཞིན་ནོ། །གླང་པོར་སྣང་བ་དེ་ནི། རྡེའུ་དེ་ལས་སྐྱེས་པ་ཡང་མ་ཡིན། དེ་ལས་གཞན་པ་ལས་སྐྱེས་པ་ཡང་མ་ཡིན། རྡེའུ་དེས་དེ་བསྐྱེད་པ་ཡང་མ་ཡིན། མི་རྣམས་ཀྱིས་ཀྱང་རྡེའུ་དེ་ཉིད་གླང་པོར་མཐོང་བ་ཡང་མ་ཡིན། རྡེའུ་མ་ཡིན་པའི་གཞན་ཞིག་གླང་པོར་མཐོང་བ་ཡང་མ་ཡིན་ཏེ། སྔགས་དང་རྫས་དང་སྒྱུ་མ་མཁན་པོའི་བསམ་གཏན་དང༌། རྡེའུ་ལ་དམིགས་པའི་ཡིད་ལ་བྱེད་པ་རྣམས་འཛོམ་པ་ལས། མི་རྣམས་གླང་བོ་ཆེའི་རྣམ་པ་ཙམ་ཞིག་མཐོང་བར་ཟད་དེ། དངོས་གནས་ལ་མེད་པའི་གླང་པོ་ཆེ་མཐོང་བ་དེའི་ཤུལ་ན། མི་རྣམས་ཀྱིས་མ་མཐོང་བའི་རྡེའུ་ནི་ཡོད་དོ། །གླང་པོ་དང་རྡེའུ་གཉིས་བསྐྱེད་བྱ་བསྐྱེད་བྱེད་མ་ཡིན་ཀྱང༌། རྡེའུ་མེད་ན་ནི་དེ་ཡང་མི་འབྱུང་ངོ༌། །སྐྱེ་བོ་རྣམས་ཀྱིས་མཐོང་བའི་གླང་པོ་དང༌། མ་མཐོང་བའི་རྡེའུ་གཉིས་མཚན་གཞི་ཡང་གཅིག་མ་ཡིན་ཅིང༌། སྒྱུ་མའི་གླང་པོ་ལ་གླང་པོ་ཆེའི་མཚན་ཉིད་མེད་པས། རྡེའུ་ལ་རྡེའུ་མཚན་ཉིད་མེད་པར་མི་འགྱུར་ལ། རྡེའུ་དེ་ལ་གླང་པོ་ཆེའི་མཚན་ཉིད་མེད་པས་རྡེའུ་དེ་གླིང་པོ་ཆེར་མི་འགྱུར་མོད་ཀྱང༌། རྡེའུ་མ་ཡིན་པར་མི་འགྱུར་རོ། ཅེས་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་སྦྱར་ཏེ། དོན་དམ་པའི་དབྱིངས་དེ་ཡོད་པ་དང༌། དེ་ལ་ལོག་པར་དམིགས་པའི་རྣམ་པར་རྟོག་པ་དང་ལས་དང་ཉོན་མོངས་པ་རྣམས་ཀྱི་རྒྱུ་རྐྱེན་ཚོགས་པ་ལས་འཁོར་བའི་སྣང་བ་སྣ་ཚོགས་པ་འདི་སེམས་ཅན་རྣམས་ལ་སྣང་བར་འགྱུར་རོ། །དོན་དམ་དབྱིངས་དེས་འཁོར་བ་བསྐྱེད་པ་ཡང་མ་ཡིན་ལ། འཁོར་བ་དེ་ལས་སྐྱེས་པ་ཡང་མ་ཡིན། དབྱིངས་དེ་མ་ཡིན་པའི་ཚུགས་ཐུབ་ཀྱི་དངོས་པོ་གཞན་ལས་བྱུང་བ་ཡང་མ་ཡིན། སེམས་ཅན་རྣམས་ལའང་ཆོས་དབྱིངས་དེ་ཀུན་རྫོབ་འཁོར་བར་སྣང་བའང་མ་ཡིན། དེ་མ་ཡིན་པའི་ཚུགས་ཐུབ་གཞན་ཞིག་འཁོར་བར་བྱུང་བའང་མ་ཡིན་ཏེ། གཞན་དུ་ན་བདེན་པར་མེད་བཞིན་དུ་སྣང་བའི་ལས་ཉོན་རྣམ་རྟོག་འཁྲུལ་པས། གནས་ལུགས་ལ་ལོག་པར་ཞུགས་པ་ཙམ་ལས། ཀུན་རྫོབ་ཀྱི་སྣང་བ་མཐའ་དག་སྣང་བར་ཟད་དོ། །གནས་ལུགས་ལ་དེ་མེད་ཀྱང་སེམས་ཅན་རྣམས་ཀྱིས་མཐོང་བའི་འཁོར་བ་ཀུན་རྫོབ་དེའི་ཤུལ་ན། སེམས་ཅན་རྣམས་ཀྱིས་མི་མཐོང་བའི། དོན་དམ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ནི་གནས་ལུགས་ལ་རྟག་ཏུ་ཡོད་དོ། །དོན་དམ་དང་ཀུན་རྫོབ་གཉིས་བསྐྱེད་བྱ་སྐྱེད་བྱེད་མ་ཡིན་ཀྱང༌། ཅི་སྟེ་དོན་དམ་མེད་པ་ཞིག་སྲིད་ན་ནི། སེམས་ཅན་སུ་ལ་ཡང་ཀུན་རྫོབ་ཀྱི་སྣང་བ་མི་འབྱུང་ངོ༌། །སེམས་ཅན་རྣམས་ཀྱིས་མཐོང་བའི་ཀུན་རྫོབ་དང༌། མ་མཐོང་བའི་དོན་དམ་གཉིས་མཚན་གཞི་ཡང་གཅིག་མ་ཡིན་ལ། ཀུན་རྫོབ་རྣམས་རང་རང་གི་མཚན་ཉིད་མེད་ཀྱང༌། དོན་དམ་ལ་རང་གི་མཚན་ཉིད་མེད་པར་མི་འགྱུར་ཞིང༌། དོན་དམ་ལ་ཀུན་རྫོབ་ཀྱི་མཚན་ཉིད་མ་གྲུབ་ཀྱང༌། དོན་དམ་མེད་པར་ཡང་མི་འགྱུར་རོ། །གཟུགས་སོགས་ལ་རྣམ་པར་དཔྱད་པའི་གཟུགས་སོགས་ཀྱི་མཚན་ཉིད་མ་གྲུབ་ན། གཟུགས་སོགས་ངོ་བོས་མི་འགྲུབ་པ་ཡིན་ཀྱང༌། གཟུགས་སོགས་མ་ཡིན་པ་ཞིག་ལ་གཟུགས་སོགས་ཀྱི་མཚན་ཉིད་མེད་པས། དེ་ངོ་བོས་མ་གྲུབ་པར་མི་འགྲོ་སྟེ། བ་ལང་དུ་སྣང་བ་དེ་འཁྲུལ་སྣང་ཡིན་པའི་རྒྱུ་མཚན་དུ་འགྲོ་ཡི། མིར་སྣང་བ་ལ་བ་ལང་གི་མཚན་ཉིད་མེད་ཀྱང༌། རྒྱུ་མཚན་དེས་མི་མེད་དུ་མི་འགྱུར་བ་བཞིན་ནོ། །དེས་ན་ཀུན་རྫོབ་ཀྱི་ཆོས་གང་དང་གང་ལ་རང་གི་ངོ་བོས་གྲུབ་ན་ཆོས་ཀྱི་བདག་ཡོད་པར་འགྲོ་རྒྱུའི་ངོ་བོས་གྲུབ་ཚུལ་དང༌། དོན་དམ་རང་གི་ངོ་བོས་གྲུབ་ཚུལ་གཉིས། ངོ་བོས་གྲུབ་པའི་བློ་རྩེ་གཏད་མཚམས་མི་འདྲ་ཞིང༌། ངོ་བོས་གྲུབ་ཚུལ་མི་འདྲ་བས་ཆོས་ཀྱི་བདག་མེད་དང་རང་གི་ངོ་བོས་བདེན་བར་གྲུབ་པ་མི་འགལ་ལོ། །དཔེར་ན་བ་གླང་རང་གི་མཚན་ཉིད་ཀྱིས་གྲུབ་ན། ནོག་ལྐོག་ཤལ་ཅན་ཡིན་དགོས་ཀྱང༌། མི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ། ནོག་ལྐོག་ཤལ་ཅན་ཡིན་མི་དགོས་པ་བཞིན་ཀུན་རྫོབ་རང་གི་མཚན་ཉིད་ཀྱིས་གྲུབ་ན། རྣམ་ཤེས་ལ་ཇི་ལྟར་སྣང་བ་ལྟར་དང་། རྣམ་རྟོག་གིས་ཇི་ལྟར་བཟུང་བ་ལྟར་གྲུབ་དགོས་ཀྱང་། དོན་དམ་རང་གི་ངོ་བོས་གྲུབ་པ་ལ། རྣམ་ཤེས་དང་རྣམ་རྟོག་ལ་སྣང་བ་ལྟར་གྲུབ་མི་དགོས་སོ། །དེ་བས་ན་ཀུན་རྫོབ་ནི་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་ཏེ། གཅིག་དང་དུ་མ་གང་ཡང་མ་ཡིན་པ། རྣམ་ཤེས་རྟོག་པའི་ཡུལ་དུ་མི་རུང་བ། ཀུན་རྫོབ་ཏུ་གྱུར་ཚད་ཤེས་རྟོག་ཁོ་ནས་བཞག་ཅིང༌། ཤེས་རྟོག་གི་ཡུལ་ཁོ་ནར་ངེས་པའི་ཕྱིར་རོ། །དོན་དམ་ནི་གཅིག་དང་དུ་མ་ལས་འདས་ཀྱང༌། རྣམ་ཤེས་དང་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར། སྐྱོན་དེ་མེད་དེ་ཤེས་རྟོག་གི་ཡུལ་མ་ཡིན་ཅིང་ཤེས་རྟོག་གིས་བཞག་པ་མ་ཡིན་པ་ལ། གཅིག་དང་དུ་མ་གཉིས་མིན་འགལ་བ་མེད་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་རྣམས་ནི་ཡོད་ན་དངོས་པོ་དངོས་མེད་གཅིག་དུ་མ་ལ་སོགས་པ་འགལ་འབྲེལ་ཅན་དང༌། ཀུན་རྫོབ་ཀྱི་བློའི་དཔྱད་བྱར་ཡོད་པ་དང༌། སྤྲོས་པའི་ཚུལ་དུ་ཡོད་དགོས་ལ། དོན་དམ་ནི་དེ་དག་ཏུ་མེད་ཀྱང༌། ཡེ་ཤེས་ཆེན་པོའི་རང་རིག་རང་མྱོང་སྤྲོས་བྲལ་རྣམ་པ་ཐམས་ཅད་པར། གདོད་ནས་རྟག་ཏུ་གནས་ཤིང༌། སྐྱེ་འགག་གནས་གསུམ་དང་བྲལ་བས། དོན་དམ་པའི་ངོ་བོས་ཡོད་ཅིང༌། གནས་ལུགས་སུ་བདེན་ལ། སྤྲོས་བྲལ་གྱི་ངོ་བོར་རྟག་པ་བརྟན་པ་ཐེར་ཟུག་པ། ཞི་བ་གཡུང་དྲུང་ཆེན་པོའི་ངང་དུ་གནས་པ་ཡིན་ནོ། །དཔེར་ན་སྒྱུ་མའི་ཚོགས་པ་གཅིག་ཉིད་ལས། སྒྱུ་མ་དཔག་ཏུ་མེད་པ་བྱུང་ན་སྤྲུལ་བ་མཐའ་ཡས་པ་དེའི་གཞི་རྟེན་ནི་ཚོགས་པ་གཅིག་པུ་དེ་ཡིན་ལ། ཚོགས་པ་གཅིག་པུ་དེས་སྤྲུལ་པ་དེ་ཀུན་ལ་ཁྱབ་པར་གྲགས་པ་དང༌། རྣམ་པར་དཔྱད་ན་རྒྱུ་མ་སྤྲུལ་བ་དེ་ནི་གདོད་ནས་མེད་པའི་ཕྱིར། ཚོགས་པས་ཁྱབ་རྒྱུ་མ་གྲུབ་ཅིང༌། ཚོགས་པ་ལ་བརྟེན་མཁན་ཡང་མེད་མོད་ཀྱི། དཔྱད་པ་མ་བྱས་པར། སྣང་བ་དང་ཚོགས་པ་གཉིས་ཀའི་སྟེང་ནས་བཤད་པའི་ཚེ། ཁྱབ་པ་དང་བརྟེན་པའི་རྣམ་གཞག་འཇོག་པ་ལྟར། ཀུན་རྫོབ་ཀྱི་ཤེས་བྱ་ཐམས་ཅད་ཀྱང་དོན་དམ་དབྱིངས་ལ་བརྟེན་པ་དང༌། དོན་དམ་དབྱིངས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པོ་ཞེས་འཇོག་ཅིང༌། དཔྱད་ན་ཀུན་བ་གདོད་ནས་མེད་པའི་ཕྱིར། དོན་དམ་དབྱིངས་ཀྱིས་ཁྱབ་པར་བྱ་རྒྱུ་གཏོར་ལ། དོན་དམ་ལ་རྟེན་མཁན་ཡང་མ་གྲུབ་པོ། །འོན་ཀྱང་ཀུན་རྫོབ་ཀྱི་སྣང་བ་ཤར་བ་ཐམས་ཅད་ཀྱི་ཤུལ་ན། གནས་ཚུལ་ལ་དོན་དམ་གཅིག་པུ་གནས་ཤིང༌། དེ་ནི་སྣང་བ་ཀུན་ལ་ཉེར་རིང་ཡང་མེད་པའི་ཕྱིར། ཀུན་ལ་ཁྱབ་པ་ནི་ཡིན་ལ། འགྱུར་བ་མེད་ཅིང་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཕྱིར་རྟག་པ་ཡང་ཡིན་ནོ། །ཟབ་མོ་མཐར་ཐུག་གི་དབང་དུ་བྱས་པའི་ཁྱབ་རྟག་ནི་དེ་ཡིན་ལ། ཇི་སྐད་དུ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་གསུངས་པ་ལྟ་བུ་ནི། ཀུན་རྫོབ་གཙོ་བོར་བྱས་པའི་ཁྱབ་རྟག་ཡིན་ནོ། །དེ་བས་ན་ཆོས་ཀྱི་བདག་མེད་རྣམ་གྲངས་དུ་མས་བསྟན་པའི་སྙིང་པོ་ནི། བདེ་གཤེགས་སྙིང་པོ་རང་རིག་འགྱུར་མེད་རྣམ་པ་ཐམས་ཅད་པ་དེ་ལ། གློ་བུར་དྲི་མ་སྣང་ཞིང་གྲགས་པའི་ཆོས་གང་ཡང་མ་གྲུབ་པ་འདི་ཉིད་ཡིན་ནོ། །དེ་ཡང་དེ་ལ་དེ་མ་གྲུབ་པའི་ཆ་ཙམ་ནས་འཇོག་པ་མ་ཡིན་གྱི། མ་གྲུབ་པས་ཁྱད་པར་དུ་བྱས་པའི་རིག་པའི་ཡེ་ཤེས་ཉིད་དོན་གྱི་གཙོ་བོར་བཟུང་ངོ༌། །དེས་ན་དགག་གཞི་གཟུགས་སོགས་ཆོས་རྣམས་དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་ཙམ་ཆོས་ཀྱི་བདག་མེད་པའི་དོན་དུ་འདོད་པ་ནི། འཇིག་རྟེན་ཕལ་པའི་རྣམ་རྟོག་ལས། སྟོང་ཉིད་ཀྱི་ཕྱོགས་ལ་བློ་ཁ་ཅུང་ཟད་འཕགས་པ་ཙམ་གྱི་རྣམ་རྟོག་རགས་པ་ཡིན་ལ། ཡང་སྣང་གྲགས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་ཞིང༌། གྲུབ་ན་ཡོད་པར་གྲུབ་དགོས་པ་འཐད་ཀྱང༌། ཡོད་པ་མགྲུབ་ཕྱིན་མེད་པ་ངོ་བོས་གྲུབ་པ་ནི་སྤྱི་ལྡོག་ནས་ཡེ་མི་སྲིད་པར་གོ་ནས། ཡོད་མེད་ཡིན་མིན་གྱི་སྤྲོས་པ་དང་བྲལ་ཙམ་ཆོས་ཀྱི་བདག་མེད་ཀྱི་དོན་དུ་འདོད་པ་ཡང༌། དེ་ཙམ་གྱི་ཕྱོགས་ནས་ནོར་བ་ནི་མ་ཡིན་མོད། ཆོས་བདག་མེད་པའི་དོན་གྱི་ཕྱེད་ཙམ་ལས་མ་རྟོགས་སོ། །ལྟ་བ་དེའི་སྟེང་དུ་རང་སྟོང་སྨྲ་བར་གྲགས་པ་ཐམས་ཅད་དོན་དམ་དབྱིངས་ཀྱང་སྣང་གྲགས་རྣམས་དང་ཁྱད་པར་མེད་པར་བདེན་པར་མ་གྲུབ་པ་དང༌། བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་ཤེས་བྱ་ལ་མི་སྲིད་པར་འདོད་པ་དང༌། ཡེ་ཤེས་ནི་དོན་དམ་དབྱིངས་མ་ཡིན་པར། ཀུན་རྫོབ་ཁོ་ནར་འདོད་པ་དང༌། དེ་དང་དེ་སྟོན་པའི་གསུངས་རབ་རྣམས་ཀྱང་དྲང་དོན་ནོ་ཞེས་སྨྲ་ཞིང་སྐུར་བ་འདེབས་ལ། གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའ་གསལ་བར་མཛད་པའི་སྐྱེས་ཆེན་བྱང་ཆུབ་སེམས་དཔའ་རྣམས་ལ་སྡང་སྨྲས་བྱེད་པ་ནི། ཤིན་ཏུ་འཁྲུལ་ཚབས་ཆེ་བ་སྟེ་སྡིག་པའི་ལས་རླབས་ཆེན་པོའི་མཐུ་ལས། ངན་སོང་ནས་ངན་སོང་དུ་འགྲོ་བ། བདུད་དང་སྡིག་པའི་གྲོགས་པོས་ཡོངས་སུ་བཟུང་བའོ། །རང་གིས་ཡང་ནས་ཡང་དུ་ཆོས་ཟབ་མོ་དང་དམ་པ་རྣམས་ལ་སྐུར་བ་འདེབས་བཞིན་པ་ནི་འདི་སྐད་དུ། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །ཅེས་རང་ཡོན་ཏན་ཆེན་པོར་ནར་རྒྱལ་བའི་ཁེང་ཚིག་དང་། དམ་པ་རྣམས་ལ་སདང་སྨྲས་མི་བཟད་པ་བྱས་ཟིན་ནས། ཡང་འདི་སྐད་ཅེས། མི་ཡང་ཤིན་ཏུ་རྙེད་པར་དཀའ།། བློ་སྦྱོང་ཉམས་ཡང་རབ་ཏུ་ཆུང་།། འཁོར་བའི་དགོན་པ་བགྲོད་པར་དཀའ། །སྲོག་ཀྱང་ཤིན་ཏུ་གཡོ་བ་ཡིན། །བཤེས་གཉེན་བཟང་པོ་རྙེད་པར་དཀའ། །མོས་པ་མེད་དུ་ཟིན་ན་ཡང༌། །རབ་ཏུ་སྡང་བ་གང་དུ་དགོས། །ཅེས་གཞན་བསླུ་བའི་ཁ་ཚིག་མཁས་མཁས་ལྟར་སྨྲ་སྟེ། །མི་ལུས་རྙེད་དཀའ་ཞིང༌། ཆོས་ཟབ་མོ་མཇལ་བའི་སྐབས་སུ། སྡང་སེམས་མ་བྱེད་ཅིག་ཅེས་གཞན་ལ་སྨྲས་ཀྱང༌། ཡང་དེ་མ་ཐག་ཏུ། སྡང་བས་ཚིག་པ་ཁྱོད་ལ་ནི། །དལ་བ་འབྱོར་པ་འང་རིང་བར་གསལ། །ཅེས་ཞེ་སྡང་གི་ཚིག་རྩུབ་ཤོར་བས། གཞན་ལ་སྨྲས་པའི་སྐྱོན་དེ་རང་ཉིད་ལ་དེ་འཕྲལ་ཁོ་ནར་ཐོག་ཏུ་བབ་པ་དང༌། ཡང་ཁ་ཅིག་རང་གིས་མདོ་སྡེ་ཟབ་མོ་རྣམས་ཚིག་དོན་དང་ཡེ་མི་མཐུན་པའི་སྐྱོགས་བཤད་འབའ་ཞིག་གིས་དགོས་དོན་ལོག་པར་འགྲེལ་ཞིང༌། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་མདོ་སྡེ་འགའ་ཞིག་ཚིག་གི་ཚིག་ལ་འཁྱོག་བཤད་ཀྱིས་བསྒྲིབ་མི་ཐུབ་པར་ཤིན་ཏུ་གསལ་བ་རྣམས། དྲང་དོན་ཁོ་ནའོ་ཞེས་བཀྲལ་ནས། ཅི་ཏོལ་ཆེན་པོས་རྒྱལ་བའི་བསྟན་པ་མ་རུང་པར་བྱེད་བཞིན་དུ། རྒྱལ་བའི་གསུང་ལ་ཡིད་ཆེས་པར་བྱེད་པའི་དམ་པ་རྣམས་ལ། འདི་དག་གིས་བཀའི་དོན་ལོག་པར་སྨྲས་སོ་ཞེས་ཟེར་བ་ནི་རང་སྐྱོན་གཞན་ལ་བསྒོད་པར་བྱེད་པ། གཡོ་སྒྱུ་ཅན་གྱི་རྣམ་ཐར་ཏེ། རང་གི་སློབ་མ་རྣམས་བསླུ་བར་བྱེད་པའོ། །དེ་བཞིན་དུ་ཆེས་ཆེར་གྲགས་པ་ལེགས་ལྡན་གྱིས་ཀྱང༌། འཕགས་པ་ཐོགས་མེད་རྒྱལ་བས་ལུང་མ་བསྟན་ཅེས་སྨྲས་སྣང་ན། འཇམ་དཔལ་གྱི་རྩ་བའི་རྟོག་པ་མ་མཐོང་བར་བབ་ཅོལ་བསྟེན་པའམ། མཐོང་ཡང་སྦེད་པའི་སྒྱུ་ཐབས་གང་རུང་ལས་མ་འདས་ལ། སློབ་དཔོན་དབྱིག་གཉེན་གྱི་ལེགས་བཤད་མང་པོ་ཞིག་བསྐུས་ནས་རང་གིས་ཤེས་པ་སྐད་དུ་སྨྲ་ཞིང༌། ཡང་སྐབས་གཞན་དུ་དབྱིག་གཉེན་ཤིན་ཏུ་འགོག་པར་བྱེད་པ་ཡང་གཡོ་ཅན་གྱི་རྣམ་ཐར་རོ། །འོན་ཏེ་སྣང་གྲགས་ཐམས་ཅད་གདོད་ནས་སྟོང་པའི་སྤྲོས་བྲལ་དུ་ཁས་བླངས་ཏེ། དོན་དམ་པའི་ཡེ་ཤེས་ལ་དགག་སྒྲུབ་གང་ཡང་མི་བྱེད་པར། བཏང་སྙོམས་སུ་འཇོག་ན་ནི། སྐུར་འདེབས་མ་བྱས་པའི་ཕྱིར་ཉེས་པ་འང་མེད་ལ། སྟོང་ཉིད་ཐུན་མོང་བ་ལ་མོས་པས་འཇུག་པའི་ཕྱིར། རང་གི་སྐལ་བ་དང་འཚམ་པའི་ཆོས་དེ་ཙམ་ལ་འཇུག་པ་ཡང་མཚར་ཆེ་སྟེ། སྔོན་གྱི་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་བཞིན་ནོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་ནི་གདོད་ནས་མ་གྲུབ་ལ། དེའི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་འགྱུར་མེད་མཁའ་ཁྱབ་ནི། ཆོས་ཀྱི་བདག་མེད་ཀྱི་དོན་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་གྱ་ནོམ་པའོ། །ཤིན་ཏུ་སྤྲོས་པས་ཆོག་གོ །དེ་ལྟར་ན། དོན་དམ་དབྱིངས་དེ་མཚན་མས་སྟོངས་པ་ནི་སྟོང་ཉིད་ཡིན་ལ། མཚན་མ་ཡང༌། དངོས་པོའམ་དངོས་པོ་ལ་བརྟེན་པ་ཁོ་ན་སྟེ། དངོས་པོ་དེ་ཡང་ཕུང་པོ་ལྔར་འདུས་སོ། །དེ་ལ་དབང་པོ་ལྔ་དང་གཟུགས་སྒྲ་དྲི་རོ་རྣམས་ནི་འབྱུང་བ་ལས་བྱུང་བ་སྟེ་འབྱུང་བ་ལས་གྱུར་པ་ཡིན་པའི་དོན་དང༌། དེ་བཞིན་དུ་རེག་བྱའི་ནང་ཚན་ཡང༌། ཡང་ལྕི་དང་འཇམ་རྩུབ་ལ་སོགས་པ་ཡང་འབྱུང་་བའི་འབྲས་བུ་དང༌། འབྱུང་བ་རྣམས་ཀྱང་རེག་བྱ་ཡིན་པར་འདོད་ན། དེ་དག་རང་བཞིན་གྱིས་གྲུབ་པར་མི་འདོད་ཏེ། རྒྱུ་མིག་གི་བཟུང་བྱ་མ་ཡིན་པ་འབྱུང་བ་རྣམས་ལས། འབྲས་བུའི་དངོས་པོ་མིག་གི་བཟུང་བྱར་གྱུར་བའི་གཟུགས་ཀྱི་སྐྱེ་མཆེད་མི་སྐྱེ་བར་ཐལ་ཏེ། གཟུགས་དང་རེག་བྱ་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཐ་དད་ཡིན་པའི་ཕྱིར་ཅེས་དང༌། ཁ་དོག་དང་དབྱིབས་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། རྒྱུ་འབྱུང་བ་ལས་བལྟོས་པའི་ཕྱིར། ཅེས་རྟེན་འབྲེལ་གྱི་གཏན་ཚིགས་དང༌། ཚོར་བ་ཡང་རང་བཞིན་གྱི་གྲུབ་པ་མེད་དེ། ཚོར་བ་བདེ་སྡུག་རྣམས་རྒྱུ་ཡིད་དུ་འོང་བ་དང་མི་འོང་བ་ལ་བསྟོས་པའི་ཕྱིར་རོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཡིན་ལ། མཚན་མ་དེ་ཡང་མིང་དང་དོན་འདྲེས་པར་འཛིན་པའི་བདག་ཉིད་ཡིན་ན། མིང་དང་དོན་ཐ་དད་མ་ཡིན་པར་ངོ་བོ་གཅིག་ན་ནི། མེ་ཞེས་བརྗོད་བས་བརྗོད་པ་པོའི་ཁ་ཚིག་པར་ཐལ་བར་འགྱུར་ལ། ངོ་བོ་ཉིད་ཀྱི་ཐ་དད་པར་གྲུབ་ན་ནི། མིང་ལས་དོན་རྟོགས་པ་མེད་པར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་ཐ་དད་ན་འབྲེལ་པ་མེད་པར་འགྱུར་བའི་ཕྱིར་རོ། །འདི་ནི་གཅིག་དུ་བྲལ་གྱི་རིགས་པར་གཏོགས་ཏེ། མིང་དང་དོན་དག་ངོ་བོ་ཉིད་ཀྱིས་མེད་དེ། ངོ་བོ་ཉིད་ཀྱིས་གཅིག་པ་ཡང་མ་ཡིན་དུ་མ་ཡང་ཡིན་པའི་ཕྱིར་གཟུགས་བརྙན་བཞིན་ནོ། །ཞེས་པ་ནི་རྩ་བའི་སྦྱོར་བའོ། །དེའི་རྟགས་གྲུབ་པ་ནི་གོང་དུ་བསྟན་པ་དེའོ། །འདུ་བྱེད་ནི་ལས་ཡིན་ལ། བྱེད་པ་པོའི་སྐྱེས་བུའི་གང་ཟག་གི་འདོད་པའི་ཡུལ་ལ་ལས་ཅེས་བྱའོ། །སྐྱེས་བུ་གང་ཟག་དེ་ནི་བསོད་ནམས་བྱ་བའི་ལས་ཀྱང་མངོན་པར་འདུ་བྱེད་ཅེས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་ལའང་དེ་ལྟར་སྟོན་པས་གསུངས་པ་ནི། ཐ་སྙད་ཙམ་དུ་བསྟན་པ་ཡིན་གྱི་དོན་དམ་པར་ན་དེ་མ་ཡིན་ནོ། །ལས་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ་བྱེད་པ་པོ་ལ་བལྟོས་པའི་ཕྱིར་རོ། །སྐྱེས་བུ་གང་ཞིག་ཕ་མེད་ན་བུར་མི་འགྱུར་བ་བཞིན་ནོ། །བྱེད་པོ་ཡོད་པའི་ཕྱིར་ལས་ཀྱང་ཡོད་སྙམ་ན། བྱེད་པ་པོ་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། ལས་མ་གྲུབ་པར་བྱེད་པ་པོ་མི་འཐད་པ་ནི་ལོ་ཐོག་མེད་ན་རྔ་བར་བྱེད་པ་པོ་མི་འབྱུང་བ་བཞིན་ནོ། །དེ་ལྟར་ན་ལས་དང་བྱེད་པ་པོ་རྣམས་ཕན་ཚུན་བལྟོས་པས། གཉིས་ཀར་ཡང་མ་གྲུབ་སྟེ། འོན་ཀྱང་འཁྲུལ་བའི་སྣང་ངོ་དང༌། རྟོག་ངོ་ཙམ་དུ་ལས་དང་བྱེད་པ་ཡོད་དོ། །དེ་ནི་རྟེན་འབྲེལ་ཙམ་སྟེ་ངོ་བོ་ཉིད་ཀྱིས་གྲུབ་པའི་བྱེད་པ་པོའི་བྱེད་པ་ཡང་མེད་ལ། བྱེད་པོས་འབྲས་བུ་ལ་ལོངས་སྤྱོད་པའང་མེད་ཅིང༌། བསོད་ནམས་གསོག་པ་ལ་སོགས་པའང་མེད་དོ། །ལས་དང་བྱེད་པ་པོ་དེ་འང་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་ལས་སྐྱེས་པའི་ཕྱིར་སྒྱུ་མ་བཞིན་ནོ། །ཇི་སྐད་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་བར་མཐོང༌། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཅེས། རྣམ་པར་ཤེས་པ་མེད་ན་ནི་ཤེས་བྱ་ཡུལ་ཡང་མི་འགྲུབ་སྟེ། མིག་ཤེས་ཅི་ཡང་མི་སྲིད་ན་ནི། གཟུགས་ཡེ་མེད་པར་འགྱུར་ཏེ། མིག་གིས་མཐོང་བའི་དངོས་པོ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་མིག་ཤེས་བདེན་པར་མི་འགྲུབ་པས། ཤེས་བྱ་གཟུགས་ཀྱང་བདེན་པར་མེད་ལ། གཟུགས་ཡེ་མེད་ན་མིག་ཤེས་སྐྱེ་བ་མི་སྲིད་པ་ལྟར། གཟུགས་བདེན་པར་མ་གྲུབ་ན། དེ་མཐོང་བའི་མིག་ཤེས་ཀྱང་བདེན་པར་མི་འགྲུབ་སྟེ། རྣམ་པར་ཤེས་པ་ནི་དམིགས་པའི་རྐྱེན་ལ་བལྟོས་པའི་ཕྱིར་རོ། །དེས་ན་འདི་ལྟར་མིག་ཤེས་རང་གི་ངོ་བོས་མ་གྲུབ་སྟེ་གཟུགས་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། གཟུགས་རང་གི་ངོ་བོས་མ་གྲུབ་སྟེ། མིག་ཤེས་ཀྱིས་མཐོང་བ་ལ་བརྟེན་ནས་གཟུགས་སུ་འཇོག་དགོས་པའི་ཕྱིར། གཉིས་ཀར་བདེན་པ་མ་ཡིན་ཏེ། ཕན་ཚུན་གཅིག་ལ་གཅིག་བལྟོས་པའི་ཕྱིར་རོ། །དེ་བས་ན་ཕུང་པོ་དེ་རྣམས། སྒྱུ་མ་དང༌། རྨི་ལམ་དང༌། སྨིག་སྒྱུ་དང༌། དྲི་ཟའི་གྲོང་ཁྱེར་བཞིན་དུ། སྣང་ལ་རང་བཞིན་མེད་པའོ། །དེ་ལྟར་ཡང་འཕགས་པ་རྒྱན་སྡུག་པོ་བཀོད་པ་ལས། འདི་ལ་ཁམས་རྣམས་གང་ཡང་མེད། །ཕུང་པོ་ལྔ་དང་རྣམ་ཤེས་ཀྱང༌། །མིང་དང་གཟུགས་དག་རྒྱུར་བྱས་ཤིང༌། །ལུས་ཅན་རྣམས་ཀྱི་ཡིད་ཀྱང་སྟེ། །ཇི་ལྟར་མེ་ནི་ཤིང་དབང་གིས། །འབར་ཏེ་འབར་བར་རྟོག་པ་མེད། །དེ་བཞིན་ཕུང་པོ་ཤིང་རྟ་སྟོང༌། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །རི་དྭགས་སྲེད་དང་དྲི་ཟ་ཡི། །གནས་དང་སྒྲ་ཚོགས་སྣང་བ་རུ། །རི་དྭགས་བུས་པ་ལ་སོགས་མཐོང༌། །ཡང་དག་མ་ཡིན་བལྟས་བསླང་པས། །དེ་བཞིན་ཡུལ་ལས་བྱུང་བའི་སེམས། །ཁབ་ལོང་ལྟ་བུར་འཁོར་བ་སྟེ། །གང་ཡང་འདི་ལ་དངོས་མེད་པ། །འབྱུང་བ་རྣམས་དང་འབྱུང་བ་པའི། །གཡོ་བ་དྲོ་བ་བཤེར་སྲ་བར། །བུས་པ་རྣམས་ནི་རྟག་ཏུ་རྟོག །འབྱུང་བ་སེམས་ཀྱི་ཚོགས་ལས་ན། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །ཇི་ཙམ་མ་ཞིག་ལུས་ཡོད་དང༌། །ཇི་ཙམ་དུ་ནི་བློ་འབྱུང་བ། །དེ་བར་རྣལ་འབྱོར་ཡེ་ཤེས་ལ། །མ་བཤོལ་བསམ་གཏན་རབ་ཏུ་གྱིས། །ཐམས་ཅད་སྒྱུ་མ་རྨི་ལམ་ལྟར། །འབྱུང་བ་གསུམ་ཀུན་རབ་ཏུ་བལྟོས། །སྨིག་སྒྱུ་ཆུ་ཟླ་ལྟ་བུ་ན། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །ཅི་བཞིན་དྲི་ཟའི་གྲོང་ཁྱེར་ན། །འགྲོ་བའི་སྤྱོད་པ་རྣམ་པར་སྣང༌། །དེ་བཞིན་ལུས་ལ་ཕུང་པོའི་སྤྱོད། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །རྨི་ལམ་དག་ན་འགྲོ་བའི་ཚོགས། །ཇི་ལྟར་རྨི་ལམ་རྨི་བས་མཐོང༌། །དེ་བཞིན་ཕུང་པོའི་གནས་ཡིན་ན། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །ས་འདི་ས་ལ་སོགས་པའི་ཚོགས། །འདུས་པ་རྡུལ་གྱི་ཕུང་པོ་ཡིན། །འདི་སེམས་སེམས་བྱུང་ཚོགས་ཡིན་པར། །རྒྱལ་བའི་སྲས་རྣམས་ཀུན་བལྟོས་ཤིག །འབྱུང་བ་ཆེན་པོ་བཞི་པོ་རྣམས། །ཕན་ཚུན་ནས་ནི་འདུས་པ་སྟེ། །བརྡེག་པ་ལ་སོགས་ལྡན་པ་ཡིན། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །འདི་ནི་རླུང་དང་མཁྲིས་པས་མྱོས། །རོ་བསླས་ལྟ་བུར་གནས་པ་སྟེ། །བྱེད་པ་གང་ཡང་ཡོད་མ་ཡིན། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །དབུ་བའི་གོང་བུ་ལྟ་བུ་ཀུན། །འགྲོ་བ་གནས་ཤིང་གཡོ་བ་རྣམས། །སྨིག་སྒྱུ་འདྲ་བའི་འདུ་ཤེས་སུ། །རྫས་ལ་སོགས་པའི་ཤིན་ཏུ་རྟོགས། །ཚོར་བ་ཆུ་བུར་ལྟ་བུ་སྟེ། །བདེ་དང་མི་བདེར་རྟོག་པ་ཡིན། །ཆུ་ཤིང་འདྲ་བའི་འདུ་བྱེད་རྣམས། །ཞིག་པ་གྲུགས་པ་སྙིང་པོ་མེད། །རྣམ་པར་ཤེས་པ་སྒྱུ་མ་འདྲ། །དེ་ཡི་དངོས་ལ་གནས་པ་མེད། །རྩྭ་ཤིང་གནས་པ་ཇི་བཞིན་ན། །ཅི་ཕྱིར་རྣལ་འབྱོར་འཇུག་མི་བྱ། །འདི་ནི་རྨི་ལམ་རྣམ་མྱོས་འདི། །འདི་ནི་སྒྱུ་མ་ལྟ་བུ་འདྲིད། །འདི་དག་ཐམས་ཅད་སྨིག་སྒྱུ་སྟེ། །དེ་བཞིན་དྲི་ཟའི་གྲོང་ཁྱེར་རོ། །ཅེས་གསུངས་པ་ལྟར་རོ། །སྒྱུ་མ་ལ་སོགས་པ་ནི་སྣང་བ་བཞིན་དུ་མེད་པ་བདེན་ན། ཕུང་པོ་རྣམས་རང་རང་གི་རྒྱུ་ལས་འབྲས་བུ་མ་འཁྲུལ་བར་འབྱུང་བས། དོན་བྱེད་ནུས་པའི་ཕྱིར་ངོ་བོས་ཡོད་དོ་སྙམ་ན། དངོས་པོ་གང་དག་རྒྱུ་སོ་སོ་ལས་བྱུང་བ་རྣམས་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། རྒྱུ་དེ་མེད་ན་མི་འབྱུང་བའི་ཕྱིར་རྒྱུ་ལ་ངེས་པར་བལྟོས་སོ། །དཔེར་ན་མེ་ལོང་ནང་དུ་ཤར་བའི་བཞིན་གྱི་གཟུགས་བརྙན་དེ། རང་གི་ངོ་བོ་ཚུགས་ཐུབ་ཏུ་ཡོད་པ་མ་ཡིན་ཏེ། བཞིན་དང་མེ་ལོང་འདུས་པ་ལས་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་དག་ནི། མདོ་འདི་ལས་གཟུགས་སྟོང་པའོ་ཞེས་པ་དང༌། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་གསུངས་བའི་ཕུང་པོ་ལྔ་པོ་རང་བཞིན་གྱིས་མེད་ཅིང་སྟོང་པར་གཏན་ལ་འབེབས་ཚུལ་མདོ་ཙམ་བཤད་པ་ཡིན་ལ། གཟུགས་སྟོང་བའོ། །སྟོང་པ་ཉིད་གཟུགས་སོ་ཞེས་སོགས་གཞི་སྦྱོར་དུ་བྱས་པ་ནི། ཕུང་པོ་གཞན་བཞི་ལ་ཡང་སྦྱོར་དགོས་ཤིང༌། ཡང་ཕུང་ལྔ་པོ་སྟོང་པ་ཉིད་ལ་གཞི་སྦྱོར་བྱས་པ་བཞིན། གང་བ་མེད་པའི་བར་གཞི་སྦྱོར་དུ་འགྱུར་རོ་ཞེས་མང་པོ་དག་གསུང་བ་སྟོང་པ་དང་མཚན་མེད་སོགས་དོན་གཅིག་པས། དེ་ལྟར་ཡང་རུང་བ་ནི་ཡིན་ཕྱིར། སྔ་མ་ལས་ནུས་པ་ལྷག་པོ་ཆེ་བ་རང་མེད་པས། མཚན་ཉིད་མེད་པ་སོགས་བདུན་ལ་གཞི་སྦྱོར་གྱི་བཤད་པ་བྱེད་མི་དགོས་སོ། །གཟུགས་སྟོང་པའོ་ཞེས་སོགས་བཞི་པོ་འདི་ལ། འགྲེལ་ཆེན་ལས། མུ་སྟེགས་བྱེད་དང་རང་སྡེའི་གྲུབ་མཐའ་འོག་མ་རྣམས་ཀྱི་འཁྲུལ་བ་འགོག་བྱེད་དུ་སྦྱོར་ཏེ། ཧ་ཅང་སྐབས་སུ་བབ་པ་མིན་པའི་བཤད་པར་སྣང་ལ། གཞན་ཡང་འདིར་བཤད་པའི་རྣམ་གྲངས་ལ་གཟུགས་སྟོང་པའོ་ཅེས་པ་ཀུན་བཏགས་ཀྱི་གཟུགས་རང་བཞིན་གྱིས་སྟོངས་པ་སྟོང་ཉིད་གཟུགས་སོ་ཅེས། གཟུགས་ཀྱི་སྟོང་པ་ཉིད་ཏེ་ཆོས་ཉིད་ཀྱི་གཟུགས་ཡིན་ཞེས་པ་དང༌། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ཞེས་པ། རྣམ་བཏགས་གཞན་དབང་གི་གཟུགས་དེའི་ངོ་བོ་ལས། ཡོངས་གྲུབ་སྟོང་པ་གཞན་མ་ཡིན་པ་དང༌། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ཅེས་པས། ཡོངས་གྲུབ་ལས་རྣམ་བཏགས་ཀྱི་གཟུགས་གཞན་མ་ཡིན་ཅེས་འཆད་པ་ནི་སེམས་ཙམ་གྱི་གྲུབ་མཐའ་དང་མཐུན་ཅིང་གནས་སྐབས་འགའ་ཞིག་ཏུ་རང་ལུགས་སུ་ཡང་ཁས་བླང་དུ་རུང་མོད། གཞན་སྟོང་དབུ་མ་ཆེན་པོའི་ལུགས་དཔྱིས་ཕྱིན་པ་ནི་མ་ཡིན་ནོ། །ཡང་གཟུགས་སྟོང་པའོ་ཞེས་སོགས་ལ་གཟུགས་རང་གི་ངོ་བོས་སྟོངས་པ་དང༌། སྟོང་བཞིན་དུ་གཟུགས་ཀྱི་རྣམ་པར་འཆར་བ་དང༌། དེའི་ཕྱིར་གཟུགས་ལས་ལོགས་ན་སྟོང་ཉིད་ཀྱི་ངོ་བོ་མེད། སྟོང་ཉིད་ལས་ལོགས་ན་གཟུགས་ཀྱི་ངོ་བོ་མེད། ཅེས་པ་ནི་ངོ་བོ་ཉིད་མེད་སྨྲ་བར་གྲགས་པ་རྣམས་ཀྱི་ལུགས་ཏེ། ཕྱོགས་གཅིག་ནས་འདི་ཡང་འགལ་བ་མེད་མོད་དོན་མཐར་ཐུག་པ་ནི་མ་ཡིན་ནོ། །དེས་ན་རང་ལུགས་ལ། སྤྲོས་བཤད་ཀྱི་ཚུལ་དུ་མཚན་ཉིད་གསུམ་ལ་རྣམ་གྲངས་སུ་སྦྱར་བ་ནི། གཟུགས་ཀྱི་ཕུང་པོར་འདོགས་པའི་གཞི། དབང་ཡུལ་སོགས་ཕྱི་རོལ་དུ་སྣང་བ་དང༌། དེ་དག་གི་ཆེ་ཆུང་མཐོ་དམན་བཟང་ངན་སོགས། བློས་བཏགས་པའི་བཏགས་ཆ་ཙམ་སྟེ། ཀུན་བཏགས་ཀྱིས་བསྡུས་པའི་ཆོས་གང་ཡིན་པ་ཐམས་ཅད་ནི། མིང་ཙམ་བརྡའ་ཙམ་རྟོག་ངོར་ཤར་བ་ཙམ་མ་གཏོགས། དོན་དམ་པར་ནམ་ཡང་མེད་དོ། །དེར་མ་ཟད་དེ་ནི་ཡང་དག་ཀུན་རྫོབ་བྱ་བ་བྱེད་ནུས་སུ་ཡང་མ་གྲུབ་པའི་ཕྱིར། མེད་པའི་སྟོང་པ་ཉིད་ཡིན་ལ། བདེན་པ་གཉིས་ཅར་དུ་མེད་པའི་སྟོང་པ་ཉིད་དེ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་ནི། གཟུགས་ཕུང་སོགས་ཕྱི་རོལ་གྱི་དོན་དུ་སྣང་བ་ཡིན་ནོ། །ཡང་ཁྱད་གཞི་སྟོང་པ་ལ་སྦྱར་ན་ཀུན་རྫོབ་དོན་དམ་གཉིས་ཀར་དུ་བདེན་པར་མེད་པའི་རང་གི་ངོ་བོ་སྟོང་པ་ཙམ་དེ་ལ། གཟུགས་སོགས་གཞན་དུ་མ་གྲུབ་ཅིང༌། ཁྱད་གཞི་གཟུགས་ཕུང་ལ་སྦྱར་ན། གཟུགས་ཕུང་ལས་ཀྱང་གཞན་དུ་གཟུགས་ཕུང་རང་གི་ངོ་བོས་མེད་པའི་སྟོང་པ་ཉིད་ཀྱང་ཡོད་པ་མཡིན་ནོ། །ཅེས་པ་ནི་ཀུན་བཏགས་ཀྱི་མཚན་ཉིད་ལ་སྦྱར་བ་སྟེ། དོན་གྱི་སྙིང་པོ་ཀུན་བཏགས་ཀྱི་ཆོས་རྫས་སུ་མེད་ཀྱང༌། བཏགས་ཡོད་ཙམ་ཞིག་བློ་ངོར་སྣང་བ་ཡིན་པས། འཁྲུལ་ངོ་ཙམ་གྱི་ཆོས་དེ་དང༌། ཆོས་དེ་ཉིད་ནམ་དུ་ཡང་ཡོད་མ་མྱོང་བའི་སྟོང་པ་ཙམ་དེ་ནི། ངོ་བོ་གཅིག་ཁོ་ན་ཡིན་པར་བསྟན་ནོ། །ཡང་དག་ཀུན་རྫོབ་ཙམ་དུ་ན། གཟུགས་ལ་སོགས་པར་སྣང་བའི་ཤེས་པ་ཙམ་ཞིག་ནི་ཡོད་ལ། དེ་ནི་འཁོར་བ་འཇུག་པའི་རྒྱུ་ཡིན་ཅིང༌། ལམ་བསྒོམས་པས་དེ་སྤངས་ཏེ་གྲོལ་བར་ཡང་འགྱུར་པས། བླང་དོར་གྱི་གནས་ནི་རྣམ་པར་ཤེས་པ་ཙམ་སྟེ་གཟུགས་ཕུང་དུ་སྣང་བའི་རྣམ་པར་རིག་པ་ནི་རང་ལ་སྣང་བའི་གཟུང་བ་དང༌། འཛིན་ཆའི་རྣམ་པ་སྣ་ཚོགས་པས་སྟོང་པ་ཡིན་ལ། དེ་འདྲ་བའི་གཟུང་འཛིན་རྫས་གཞན་གྱི་སྟོངས་པ་དེ་ཁོ་ན་གཟུགས་ཕུང་དུ་སྣང་བའི་རྣམ་རིག་གོ །རྣམ་རིག་ཙམ་དང༌། གཟུང་བ་རང་བཞིན་མེད་པའི་སྟོང་པ་གཉིས་ངོ་བོ་ཐ་དད་པ་མེད་པས། གཟུགས་སུ་སྣང་བའི་རྣམ་རིག་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་དེ་ལས་གཟུགས་སུ་སྣང་བའི་རྣམ་རིག་གཞན་མ་ཡིན་ནོ། །ཅེས་པ་སྟེ་ཡོད་པའི་སྟོང་ཉིད་གཞན་གྱི་དབང་གི་མཚན་ཉིད་དང་སྦྱར་ཏེ་བཤད་དོ། །དེས་ན་ད་ལྟར་སྣང་བ་སྣ་ཚོགས་པ་འདི་ཀ་བཟོ་བཅོས་མེད་པ། སྟོང་པ་ཉིད་དུ་གདོད་ནས་ཤར་བའི་རང་ངོ་བལྟ་བར་འདོད་པ་ནི། ཁ་ལྟ་ཙམ་མ་ཡིན་པར་གནང་དུ་སོང་ངེས་ན། ཀུན་བཏགས་དང་གཞན་དབང་གི་སྟོང་ཉིད་སྒོམ་པ་ཙམ་ཡིན་ནོ། །འདི་གཉིས་ལ་སྟོང་ཉིད་ཅེས་པའི་ཉིད་ཀྱི་སྒྲ་ནི་འབའ་ཞིག་པའི་སྒྲ་ཡིན་པས། སྟོང་པ་ཁོ་ན་ཅེས་དོན་དམ་པར་ཡོད་མ་མྱོང་བས་སྟོང་པ་ཁོ་ན་ཡིན་པའི་དོན་ནོ། །ཡང་ཆོས་ཉིད་ཀྱི་གཟུགས་ཕུང་ནི་ཡོངས་གྲུབ་ཀྱི་སྟོང་པ་ཉིད་དོ། །དེ་ཡང་ཆོས་ཉིད་ཀྱི་གཟུགས་སོ། །གཉིས་ཀྱིས་སྟོང་པ་དག་ཆོས་ཉིད་ཀྱི་གཟུགས་ཕན་ཚུན་སོ་སོ་གཞན་དུ་མ་གྲུབ་སྟེ། ངོ་བོ་གཅིག་ཁོ་ནར་གནས་པར་འཆད་པ་ནི། ཡོངས་གྲུབ་རང་བཞིན་སྟོང་པ་ཉིད་ཀྱི་དབང་དུ་བྱས་པའོ། །ད་ནི་དེ་དག་གི་སྙིང་པོ་འདུས་པའི་འདོད་དོན་གྱི་གཙོ་བོ་འཇོག་རྒྱུ་ལ། མཚན་ཉིད་གསུམ་བདེན་པ་གཉིས་སུ་འདུས་ལ། བདེན་གཉིས་ཐུན་མོང་དུ་སྦྱར་ན། ཆོས་ཉིད་ཀྱི་གཟུགས་ཕུང་ནི་ཀུན་བཏགས་གཞན་དབང་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྟོངས་པའོ། །ཀུན་རྫོབ་ཀྱིས་སྟོངས་པའི་སྟོང་ཉིད་དེ་ཡང་སྟོང་རྐྱང་ཙམ་མ་ཡིན་པར། ཀུན་རྫོབ་མེད་པའི་གནས་ན་ཆོས་ཉིད་ཀྱི་གཟུགས་ཕུང་རྟག་ཏུ་ཡོད་པའོ། །ཆོས་ཉིད་ཀྱི་གཟུགས་ཕུང་ལས་གཞན་དུ་སྟོང་པ་དེ་མེད་ཅིང༌། སྟོང་པ་དེ་ལས་གཞན་དུ་དེ་ཡང་མེད་དེ། དཔེར་ན་སོ་ཀའི་དུས་ན། ཚ་བའི་དུས་ཡོད་པ་དང༌། གྲང་བའི་དུས་མེད་པ་གཉིས་དོན་ཐ་དད་དུ་མེད་པར་དོན་གཅིག་ཏུ་འདུ་བ་བཞིན་ནོ། །ཡང་ངེས་པའི་དོན་མཐར་ཐུག་གི་དབང་དུ་བྱས་ན། བདེ་ཆེན་རྣམ་པ་ཐམས་ཅད་པའི་གཟུགས་དང༌། དེ་ཉིད་གཟུང་འཛིན་སྤྲོས་པས་སྟོངས་པ་གཉིས་ལ་སྦྱར་ནས་འཆར་དགོས་མོད་ཀྱི། །རེ་ཞིག་སྐབས་འདིར་མ་བརྗོད་དོ།། དེ་བཞིན་དུ་ཕུང་པོ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །
གཉིས་པ། མཚན་ཉིད་མེད་པ།
དོན་གཉིས་པ་མཚན་ཉིད་མེད་པ་ནི། ཇི་སྐད་དུ། འཇིག་རྟེན་འདས་པར་བསྟོད་པ་ལས། མཚན་ཉིད་མཚོན་བྱ་གཞན་ཉིད་ན། །མཚོན་བྱ་མཚན་ཉིད་མེད་པར་འགྱུར། །ཐ་དད་མིན་ཡང་དེ་མེད་པར། །ཁྱོད་ཀྱིས་གསལ་བོ་ཉིད་དུ་བསྟན། །མཚན་ཉིད་མཚོན་བྱ་རྣམ་བྲལ་ཞིང། །ཚིག་གི་བརྗོད་པ་རྣམས་སྤངས་བར། །ཁྱོད་ཉིད་ཡེ་ཤེས་ཅན་ཉིད་ཀྱིས། །འགྲོ་བ་འདི་དག་ཞི་བར་མཐོང༌། །ཅེས་བཤད་དེ། གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དོ། །ཅེས་པ་ལ་སོགས་པ་བཏགས་པ་ཙམ་གྱི་ངོ་བོར་ཁས་ལེན་མོད་ཀྱང༌། གཟུགས་རུང་དང་གཟུགས་ཕུང་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་ནི། མཚན་ཉིད་ཀྱིས་མཚན་གཞི་མཚོན་པར་མི་ནུས་པར་ཐལ་བར་འགྱུར་ལ། ངོ་བོ་ཉིད་ཀྱིས་གཅིག་ན་ནི། མཚན་མཚོན་གྱི་དབྱེ་བ་མེད་པར་འགྱུར་རོ། །གཞན་ཡང་གཟུགས་ཀྱི་མཚན་ཉིད་ཀྱི་སྔ་རོལ་ན། གཟུགས་ཡོད་དམ་མེད། མེད་ན་མཚན་ཉིད་གང་ལ་འཇུག་པའི་མཚན་གཞི་མེད་པར་འགྱུར་བས། མཚན་གཞི་མེད་པའི་ཕྱིར་མཚན་ཉིད་མེད་པར་ཐལ་བར་འགྱུར་ལ། ཡོད་ན་ནི་མཚན་ཉིད་མེད་པའི་མཚན་གཞི་མི་འཐད་ཅིང༌། དེ་ལ་མཚན་ཉིད་ཀྱིས་མ་ཁྱབ་པས། མཚན་ཉིད་དེ་ཡང་མཚན་ཉིད་མིན་པར་འགྱུར་རོ། །དེའི་ཕྱིར་མཚན་གཞི་འམ་ཁྱད་གཞི་གང་དང་གང་ལ། མཚན་ཉིད་དམ་ཁྱད་ཆོས་དེ་དང་དེ་འཇུག་གོ །ཅེས་པ་འང་བློས་བཏགས་པ་ཙམ་ཁོ་ན་ཡིན་གྱི། ཡང་དག་པར་ན་ཡོད་པ་མ་ཡིན་པས། ཆོས་ཐམས་ཅད་ནི་མཚན་ཉིད་མེད་པའོ། །
གསུམ་པ། མ་སྐྱེས་པ།
མ་སྐྱེས་པ་ཅེས་པ་ལ། དངོས་པོ་ཡོད་པ་ཉིད་མི་སྐྱེ། །མེད་པ་འང་མ་ཡིན་ཡོད་མེད་མིན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་མིན་སྐྱེ་བ་ཇི་ལྟ་བུ། །ཅེས་བཤད་དེ། འཇིག་རྟེན་ན་བྱ་བ་ཅུང་ཟད་ཅིག་ཡོད་ན་བྱེད་པ་པོ་ངེས་པར་དགོས་ཏེ། ཟ་བ་དང་འགྲོ་བ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་སྐྱེ་བ་ཡོད་ན། སྐྱེ་བ་པོ་སྟེ་སྐྱེ་མཁན་ཡོད་དགོས་སོ། །སྐྱེ་བ་པོ་ཡོད་པ་ཉིད་མི་སྐྱེ་སྟེ་གྲུབ་ཟིན་པའི་ཕྱིར། གྲུབ་ཀྱང་སྐྱེ་ན་རྒྱུན་མི་འཆད་པར་སྐྱེ་བར་འགྱུར་བས་ཧ་ཅང་ཐལ་བ་དང༌། གྲུབ་ནས་སྐྱེ་བ་ལ་དགོས་པ་མེད་པར་ཐལ་བས་སོ། །སྐྱེ་བ་པོ་མེད་པར་སྐྱེ་བ་ཡང་མི་འཐད་དེ། བྱེད་པོ་མེད་པའི་བྱ་བ་ཡོད་པར་ཐལ་བས་སོ། །སྐྱེ་བ་པོ་ཡོད་མེད་གཉིས་ཀ་ཡང་སྐྱེ་བ་མི་འཐད་དེ། གཉིས་པོ་ཐ་དད་གཉིས་ཡིན་ན་སོ་སོའི་སྐྱོན་དུ་འགྱུར་བའི་ཕྱིར་དང༌། དངོས་པོ་གཅིག་ལ་སྐྱེ་བ་པོ་ཡོད་མེད་གཉིས་འགལ་བའི་ཕྱིར་རོ། །འདི་ནི་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་སོ། །དངོས་པོ་རྣམས་བདག་ལས་མི་སྐྱེ་སྟེ་རང་ཉིད་དུ་གྲུབ་ཟིན་པའི་ཕྱིར་རོ། །གཞན་ལས་མི་སྐྱེ་སྟེ་སྐྱེ་བ་པོ་ཉིད་ལ་བལྟོས་པའི་ཕྱིར་རོ། །དཔེར་ན་མྱུ་གུ་དེ་གཞན་ལས་མི་སྐྱེ་སྟེ། མྱུ་གུ་ཉིད་དང་རྒྱུད་གཅིག་པའི་ས་བོན་ལ་བལྟོས་པའི་ཕྱིར་རོ། །དེ་ལ་མ་བལྟོས་པར་ཡང་སྐྱེ་ན། འབྲེལ་མེད་དོན་གཞན་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་རོ། །གཉིས་ཀ་ལས་མ་ཡིན་ཏེ། ཞེས་པ་གཉིས་ཀར་འགྱུར་མེད་པའི་ཕྱིར་རོ། །རྒྱུ་མེད་པར་ཡང་མི་འབྱུང་སྟེ། རྒྱུ་མེད་གཞན་ལ་མི་བལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཅེས་པའི་སྐྱོན་དུ་ཐལ་བས་སོ། །དེའི་ཕྱིར་སྐྱེ་བར་སྣང་བའི་འཁྲུལ་བ་ཙམ་ཞིག་ཤར་བ་ཡིན་གྱི། གནས་ཚུལ་ལ་སྐྱེ་བ་གྲུབ་པ་ནི་མེད་དོ། །དེ་ལྟར་ན་བདེན་པའི་སྐྱེ་བ་ནམ་དུ་ཡང་མེད་ལ། སྐྱེ་བ་ཙམ་གྱི་དབང་དུ་བྱས་ན། ཇི་སྐད་དུ། ཐོག་མ་དང་ནི་དེ་ཉིད་གཞན་ཉིད་དང༌། །རང་གི་མཚན་ཉིད་རང་དང་གཞན་དུ་འགྱུར། །ཀུན་ནས་ཉོན་མོངས་པ་དང་ཁྱད་པར་ལས། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད། །ཅེས་ཁྱད་པར་གྱི་སྐྱེ་བ་གཏན་མེད་ཀྱི་རྣམ་གྲངས་ཀྱང་མང་དུ་གསུངས་སོ། །ཡང་དུས་ལ་དཔྱད་པ་ནི། རེ་ཞིག་ཞིག་པའི་རྒྱུད་ལས་ཀྱང༌། །འབྲས་བུ་འབྱུང་བར་མི་རིགས་ལ། །མ་ཞིག་ལས་མིན་རྨི་ལམ་དང༌། །འདྲ་བའི་སྐྱེ་བ་ཁྱོད་ཉིད་བཞེད། །ཞིག་དང་མ་ཞིག་པ་དག་གི །རྒྱུ་དང་འབྲས་བུ་འབྱུང་བ་དག །སྒྱུ་མ་འབྱུང་པ་བཞིན་དུ་འབྱུང༌། །ཀུན་ཀྱང་དེ་བཞིན་ཁྱོད་ཀྱིས་གསུངས། །ཅེས་བཤད་དེ། རྒྱུ་དང་འབྲས་བུ་དག་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་དུས་ཐ་དད་པར་ཡང་མི་རུང༌། དུསགཅིག་པར་ཡང་མི་རུང་བའི་ཕྱིར་རོ། །དུས་ཐ་དད་པ་སྔ་ཕྱི་ཅན་དུ་སྐྱེའོ་ཞེ་ན། རེ་ཞིག་རྒྱུ་ཞིག་ནས་འབྱུང་བ་མི་རིགས་ཏེ། རིགས་ན་ཁྱིམ་བྱ་ཤི་ནས་ཀྱང་སྐད་འབྱིན་པར་ཐལ་བར་འགྱུར་རོ། །སྒྱུ་མ་ཞིག་ལས་འབྲས་བུ་འབྱུང་བ་ཡང་མི་འཐད་དེ། འཐད་ན་བསྲེག་བྱ་སྲེག་བཞིན་པ་རྒྱུའི་དུས་ན་བསྲེགས་ཟིན་གྱི་ཐལ་བ་ཡོད་པར་འགྱུར་རོ། །དེས་ན་རྒྱུ་འབྲས་སྔ་ཕྱི་ཅན་དང་དུས་མཉམ་པ་ཐམས་ཅད། རྨི་ལམ་མམ་སྒྱུ་མ་ལྟ་བུར་ཤེས་པར་བྱ་ཞིང༌། དེས་མཚོན་ནས་འདུས་བྱས་ཀྱི་ཆོས་ཐམས་ཅད། ཀུན་རྫོབ་ཏུ་གནས་ཀྱང་དོན་དམ་པར་མེད་པ་ཞེས་བྱའོ། །
བཞི་བ། མ་འགགས་པ།
མ་འགགས་པ་ཅེས་པ་ལ། ཡོད་པ་གནས་པར་རིགས་འགྱུར་གྱི། །འཇིག་པར་འགྱུར་བ་མ་ཡིན་ནོ། །མེད་པ་མི་གནས་བར་རིགས་པས། །འཇིག་པར་འགྱུར་བ་མ་ཡིན་ནོ། །ཞེས་བཤད་དེ། གཟུགས་སོགས་ངོ་བོ་ཉིད་ཀྱིས་འཇིག་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་ཡོད་ན་ཡང་མི་འཇིག མེད་ན་ཡང་མི་འཇིག་པའི་ཕྱིར་རོ། །ཡོད་ན་མི་འཇིག་སྟེ། ཡོད་པ་ནི་གནས་པ་ཡིན་ལ། གནས་པ་དང་འཇིག་པ་དུས་ཅིག་ལ་འགལ་བའི་ཕྱིར་རོ། །མེད་ན་ཡང་མི་འཇིག་སྟེ། མེད་ཟིན་པ་ལ་འཇིག་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་ན་འགག་པ་དང་འཇིག་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། འཇིག་པ་མེད་པ་ནི་མི་འགགས་པའོ། །མ་སྐྱེས་པ་མ་འགགས་པ་ཅེས་པ་ལ། ཟོལ་ཟོག་ཅན་ཁ་ཅིག་རིག་པའི་ངོ་བོ་ཅིར་ཡང་མ་སྐྱེས། རྩལ་གང་དུ་ཡང་མི་འགག་ཅེས་པའི་དོན་དུ་འཆད་པ་ནི། བོད་ཀྱི་སྒོམ་ཆེན་པར་གྲགས་པ་རྣམས་ཀྱི་བརྡ་ཆད་དང་མཐུན་པར་ཕལ་གྱིས་བལྟས་ན་བཤད་ཚུལ་བཟང་བཟང་འདྲ་ཞིང་གོ་བ་དེ་ཡང༌། ཤིང་རྟ་ཆེན་པོ་རྣམས་ཀྱིས་མ་བཤད་ཅིང༌། མ་སྐྱེས་བའི་དོན་འགགས་ཟིན་དང༌། མ་འགགས་པའི་དོན་སྐྱེ་བ་ལ་ངོས་བཟུང་བར་སོང་བས་ན། མདོ་འདིའི་ཚིག་དོན་དང་ཡེ་མི་འགྲིག་པས། རང་བཟོ་དེ་ལྟ་བུ་རིང་དུ་དོར་བར་བྱའོ། །ཡང་བཤད་པ། དེ་ཕྱིར་ཁྱོད་ཀྱིས་འགྲོ་འདི་དག །ཡོངས་སུ་བརྟགས་པ་ལས་བྱུང་བར། །ཀུན་ཏུ་ཤེས་བྱ་བྱུང་ན་ཡང༌། །སྐྱེ་བ་མེད་ཅིང་འགག་མེད་གསུངས། །ཅེས་ཏེ། ཕུང་སོགས་གདོད་ནས་སྟོངས་པ་དེའི་ཕྱིར། སྣོད་བཅུད་ཀྱི་འགྲོ་བ་འདི་རྣམ་པར་རྟོག་པ་ཙམ་ལས་བྱུང་ཞིང༌། རྟོག་པ་ཙམ་གྱིས་ཀུན་ཏུ་བཞག་པར་ཤེས་པར་བྱའོ། །ཀུན་རྫོབ་འཁྲུལ་ངོར་འདི་དག་བྱུང་བ་ཙམ་ཡིན་མོད་ཀྱི། དེ་རྣམས་ངོ་བོ་ཉིད་མེད་ཅིང༌། དེའི་ཕྱིར་སྐྱེ་བ་དང་འགག་པ་ཡང་མེད་དོ། །གཞན་ཡང་རིགས་པ་དྲུག་ཅུ་པ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང༌། །དེ་ཡི་ཕྱིར་ན་འགྲོ་འདི་དག །རྣམ་རྟོག་ཡིན་པར་ཅེས་མི་འཐད། །ཅེས་བཤད་དེ། འཇིག་རྟེན་ཕུང་ཁམས་སྐྱེ་མཆེད་རྣམས་ཐམས་ཅད་མ་རིག་བའི་དབང་གིས་བྱུང་བའི་ཕྱིར། རྣམ་རིག་རྣམ་པར་རྟོག་པ་ཙམ་ཡིན་དགོས་ཤིང༌། ལོག་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་བརྫུན་པ་ཡང་ཅེའི་ཕྱིར་མ་ཡིན། ཅེས་པའི་དོན་ནོ། །ཕུང་པོ་ལྔ་བཀག་པ་དང༌། མཚན་ཉིད་དང་སྐྱེ་འགག་བཀག་པས། གཙོ་བོར་ཀུན་བཏགས་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པར་བསྟན་ནོ། །
ལྔ་བ། དྲི་མ་མེད་པ།
ད་ནི་དྲི་མ་མེད་པ་དྲི་མ་དང་བྲལ་བ་མེད་པ་ཅེས་པའི་དབང་དུ་བྱས་ནས། རྟག་པ་འང་འཁོར་བ་ཡོད་མིན་ཏེ། །མི་རྟག་པ་ལའང་འཁོར་བ་མེད། །དེ་ཉིད་རིག་པའི་མཆོག་ཁྱོད་ཀྱིས། །འཁོར་བ་རྨི་ལམ་འདྲ་བར་གསུངས། །སྡུག་བསྔལ་རང་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱིས་རྟེན་ཅིང་འབྲེལ་པར་གསུངས། །རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ནི་ཁྱོད་ཀྱིས་སྟོང་པར་བཞེད། །དངོས་པོ་རང་དབང་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲའོ། །ཀུན་རྟོག་ཐམས་ཅད་སྤང་པའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་གིས་དེ་ལ་ཞེན་གྱུར་པ། །དེ་ནི་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་བཤད་དེ། ལས་ཉོན་སྡུག་བསྔལ་གསུམ་གྱིས་འགྲོ་བ་དྲུག་ཏུ་འཁོར་བ་འདི་ཡང༌། རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་འཐད་ཀྱི། ངོ་བོ་ཉིད་ཀྱིས་རྟག་པ་ལ་ནི་མི་འཐད་དོ། །རྟག་པ་ནི་འཁོར་དུ་མི་རུང་སྟེ་ལྷའི་འགྲོ་བ་རྟག་ན། དམྱལ་བ་ལ་སོགས་པར་འཁོར་ཞིང་འགྲོ་བ་མི་སྲིད་པ་དང༌། ལས་ཉོན་རྒྱུའི་གནས་སྐབས་རྟག་ན་དེ་ཁོ་ན་ལ་བསྡད་དེ། སྡུག་བསྔལ་འབྲས་བུའི་གནས་སྐབས་སུ་འཁོར་ཞིང་འགྲོ་བ་མི་སྲིད་པའི་ཕྱིར་རོ། །མི་རྟག་པ་ཡང་འཁོར་ཞིང་མི་འགྲོ་སྟེ། མི་རྟག་པ་ནི་སྐད་ཅིག་རེ་རེ་ལ་འདས་ཟིན་པའི་ཕྱིར། སྐད་ཅིག་གཉིས་པ་ཕན་ཆད་ལ་འཁོར་ཞིང་འགྲོ་མཁན་མེད་པའི་ཕྱིར་རོ། །ཕུང་སོགས་ཆོས་འདི་དག་འཁོར་བའི་ངོ་བོར་ཡང་མི་རིགས་ཏེ། ངོ་བོ་ཉིད་ཀྱིས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པའི་ཕྱིར་རོ།། རྟག་ན་སྔ་ཕྱི་གཅིག་པས་གཅིག་པར་འགྱུར་ལ། མི་རྟག་ན་སྔ་ཕྱི་ཐ་དད་པས་དུ་མར་འགྱུར་རོ། །གཅིག་དང་དུ་མ་བྲལ་བའི་ཕྱིར་རྟག་མི་རྟག་ཀྱང་མི་འཐད་དོ། །འཁོར་བ་གནས་ཚུལ་ལ་ཡོད་ན་སངས་རྒྱས་ཀྱིས་མི་གཟིགས་པ་མི་སྲིད་ཀྱང༌། དེ་མེད་པས་དངོས་སུ་ནི་མི་གཟིགས་ཀྱང༌། མངོན་ཤེས་ཅན་གྱིས་གཞན་གྱི་རྨི་ལམ་མཐོང་བ་ལྟར་མཁྱེན་ནོ། །ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་འདི་ཡང༌། རང་གིས་རང་ཉིད་བྱས་པར་གྲངས་ཅན་པ་ལ་སོགས་པ་འདོད་ཅིང༌། ངོ་བོ་ཉིད་ཀྱིས་གཞན་ལས་བྱུང་བར། ཉན་ཐོས་པ་དང༌། སེམས་ཙམ་པ་དང༌། མུ་སྟེགས་གཞན་ཕལ་ཆེར་འདོད་པ་དང༌། གཉིས་ཀ་ལས་བྱུང་བར་གཅེར་བུ་པ་དག་སྨྲ་ལ། རྒྱུ་མེད་པར་འདོད་པ་ནི། ངོ་བོ་ཉིད་རྒྱུར་སྨྲ་བ་དག་གོ །དེ་དག་འགོག་པའི་རིགས་པ་ནི་གོང་དུ་བཤད་ཟིན་ལ། རྒྱུ་མེད་ནི་མངོན་སུམ་དང་ཡང་འགལ་ལོ། །ཡང་ལྷས་བྱིན་མིར་གྱུར་པའི་སྐབས་སུ་ལས་བསགས་ནས། དམྱལ་བར་འགྱུར་པའི་སྐབས་སུ་མྱོང་བའི་སྡུག་བསྔལ་གང་ཡིན་པ་དེ། བདག་གིས་བྱས་པ་ཡིན་ན། དམྱལ་བའི་རྟེན་ལ་ལས་བསགས་པར་འགྱུར་ཞིང༌། དམྱལ་བ་དང་མི་གཉིས་གཅིག་པར་ཡང་ཐལ་ལ། མིའི་རྟེན་ལ་དམྱལ་བའི་སྡུག་བསྔལ་མྱོང་བར་ཡང་འགྱུར་བས་རྟག་པའི་སྐྱོན་དུ་འགྱུར་ཞིང་ངོ་བོ་ཉིད་ཀྱིས་གཞན་པས་བྱས་ན་ནི། གཞན་གྱིས་ལས་བསགས་པའི་གཞན་གྱིས་སྡུག་བསྔལ་མྱོང་བར་འགྱུར་པས་མ་བྱས་པ་དང་ཕྲད་པར་ཐལ་ལོ། །གཉིས་ཀས་བྱས་ན་གཉིས་ཀར་ཐལ་བར་འགྱུར་ལ། སྡུག་བསྔལ་རྒྱུ་མེད་ན་ནི། སེལ་བའི་ཐབས་ཀྱིས་ཟློག་པ་ཡང་མི་འཐད་དོ། །དེ་ལྟར་མཐའ་བཞི་པོ་མི་རུང་ཡང༌། རིག་ཤེས་ཀྱིས་མ་དཔྱད་པའི་ཤེས་ངོར། རྒྱུ་རྐྱེན་དུ་མ་ཚོགས་པའི་རྟེན་འབྲེལ་ཙམ་ལས་བྱུང་བ་ནི་ཡིན་ནོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་ཡང་ཉན་ཐོས་སྡེ་པ་རྣམས་ཀྱིས་འདོད་པ་དང་མི་མཚུངས་ཏེ། བརྟེན་ནས་བྱུང་བ་ཉིད་ཡིན་པའི་ཕྱིར། སྐྱེ་བའི་ངོ་བོ་ཡང་མེད་ལ་གནས་པའི་ངོ་བོ་ཡང་མེད་པས་སྟོང་པར་ཤེས་སོ། །དངོས་པོ་འདི་རྣམས་རྒྱུ་རྐྱེན་ཁོ་ནའི་གཞན་དབང་དུ་གྱུར་པའི་ཕྱིར། རང་ཚུགས་ཐུབ་བའི་རང་དབང་མེད་དེ་གཞན་ལ་བརྟེན་ནས་བཏགས་པ་ཙམ་མོ། །དེ་ལྟར་རྟེན་འབྲེལ་དང་སྟོང་ཉིད་ཀྱི་རྣམ་བཞག་གོ་ཡང༌། དེ་ལ་འཛིན་པ་དམ་པོ་དང༌། མཆོག་ཏུ་འཛིན་པའི་ང་རྒྱལ་བྱེད་པ་ནི། ལྷ་བདུད་དུ་བབས་པ་ལྟ་བུ་ཡིན་པས་ཤིན་ཏུ་སྨད་ལ། སྟོང་ཉིད་ལ་དངོས་པོར་ཞེན་པ་ཞེས་བྱ་བ་ནི། སྟོང་ཉིད་ཀྱི་རྣམ་བཞག་གོ་བའི་གོ་ཡུལ་གྱི་བརྟགས་ཆ་དེ་གནས་ལུགས་ཡིན་པར་འཁྲུལ་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ནི། མཉམ་གཞག་དངོས་གཞིའི་དུས་སུ་དུག་དུ་འགྱུར་བ་ཡིན་ནོ། །འཁོར་བའི་སྡུག་བསྔལ་རྒྱུ་བཅས་རང་བཞིན་མེད་པར་བསྟན་པས། ཆོས་དབྱིངས་དེ་ལ་ནི་ཕྱོགས་བཅུ་དུས་གསུམ་གྱི་སེམས་ཅན་འཁོར་བར་འཁོར་བའི་ཚེ་ན་ཡང༌། འཁོར་བའི་དྲི་མས་ནམ་དུ་ཡང་མ་གོས་ཏེ། དྲི་མ་མེད་པ་ཅེས་པ་དེ་ཉིད་རྒྱས་པར་བཤད་དོ། །
དྲུག་པ། དྲི་མ་དང་བྲལ་བ་མེད་པ།
དེ་ལྟར་ཡང༌། བེམ་པོ་གཞན་དབང་སྟོང་པ་ཉིད། །སྒྱུ་མ་བཞིན་དུ་རྐྱེན་བྱུང་བར། །མགོན་པོ་ཁྱོད་ཀྱིས་ཆོས་ཀུན་གྱི། །དངོས་མེད་གོམས་པར་མཛད་པ་ལགས། །ཅེས་ཏེ། བེམ་པོ་སྟེ་ཀུན་བཏགས་དང༌། གཞན་དབང་སྟེ་འཁྲུལ་སྣང་ཅན་གྱི་ཤེས་པ་ཡུལ་དང་བཅས་པ་ཐམས་ཅད་རང་གི་ངོ་བོས་མ་གྲུབ་བའི་སྟོང་པ་སྒྱུ་མ་ལྟ་བུ་རྗེས་ཐོབ་ཏུ་བསྒོམས་ཤིང༌། མཉམ་གཞག་ཏུ་དངོས་པོ་མེད་པ་སྟེ་ཡོངས་གྲུབ་ཀྱི་དོན་ལ་གོམས་པར་བྱས་པས། ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་ལ་ངང་གིས་གནས་ཤིང༌། འཁྲུལ་བ་སངས་པ་ཙམ་ལ་དྲི་བྲལ་གྱི་བྱང་ཆུབ་ཅེས་བརྗོད་དེ། སྔར་དྲི་མ་འཁོར་བའི་ཆོས་ཡོད་ནས། ཕྱིས་དེ་སྤངས་པ་མ་ཡིན་ཏེ་དྲི་མ་གདོད་ནས་མ་གྲུབ་པས། དྲི་མ་དང་བྲལ་བ་མེད་པ་ཅེས་སོ། །དེ་ལྟར་ཡང་རྒྱལ་ཚབ་ཆེན་བོས། གཉིས་ལས་གཞན་མེད་དེ་ནི་ནོར་བ་སྐྱེས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། ཅེས་ཏེ། དེ་དག་ནི་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པའི་དབང་དུ་བྱས་པའོ། །
བདུན་པ། བྲི་བ་མེད་པ།
ད་ནི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལ། འཁོར་བའི་དུས་ན་ཡོན་ཏན་བྲི་བ་མེད་ཅིང་་སྐྱོན་གང་བ་མེད་པ་དང༌། ཐར་བའི་གནས་སྐབས་ན་སྐྱོན་ནམ། སྒྲིབ་པ་བྲི་བ་མེད་ཅིང༌། ཡོན་ཏན་གང་བ་མེད་དེ། བྲི་གང་དུ་སྣང་བ་ནི། སེམས་ཅན་རྣམས་ཉིད་ཀྱི་འཁྲུལ་ངོར་སྣང་བ་ཙམ་ཞིག་ཡིན་ནོ། །
བརྒྱད་པ། གང་བ་མེད་པ།
སྐྱོན་ནམ་སྒྲིབ་པ་ནི་གདོད་མ་ནས་ཡོད་མ་མྱོང་་བའི་ཕྱིར། འཁོར་བའི་གནས་སྐབས་ན་གང་ཞིང་འཕེལ་བ་ལྟར་སྣང་བ་ཡང་དངོས་གནས་ལ་མ་གྲུབ་ལ། ཡང་དག་པར་ན་སྤོང་རྒྱུ་མེད་པའི་ཕྱིར་ཐར་པའི་གནས་སྐབས་ན་བྲི་ཞིང་སྤངས་པར་སྣང་བ་ཡང་བློ་ངོ་ཙམ་མོ། །ལམ་གྱིས་བསྡུས་པ་ཀུན་རྫོབ་ཀྱི་ཡོན་ཏན་ཡང༌། བདེན་པར་མ་གྲུབ་པའི་ཕྱིར། ལམ་བསྒོམས་པས་འཕེལ་བ་ལྟར་སྣང་བ་ཡང་བདེན་པར་མ་གྲུབ་ལ། གདོད་མ་ཆོས་ཉིད་ཀྱི་ཡོན་ཏན་ནི། དང་པོ་ཉིད་ནས་རང་ཆས་སུ་བཞུགས་པས། འཁོར་བའི་སྐབས་སུ་སེམས་ཅན་རྣམས་གཉིད་ཀྱིས་མ་མཐོང་བར་ཟད་ཀྱི། ཆོས་ཉིད་རང་ངོས་ནས་ཉམས་ཤིང་བྲི་བའི་ཆ་མེད་པས། སངས་རྒྱས་ཐོབ་པའི་དུས་ན། ཡོན་ཏན་དཔག་ཏུ་མེད་པ་གསར་དུ་སྐྱེས་པ་ལྟར་སྣང་བ་ཡང༌། སློབ་པའི་གནས་སྐབས་ཀྱི་བློའི་མཐོང་ཚུལ་ཡིན་གྱི། སྒྲིབ་པ་སངས་པས་ཆོས་ཉིད་ལ་ཇི་ལྟར་གནས་པ་དེ་ལྟར་མཐོང་བ་ཁོ་ན་ལས་གཞན་གསར་དུ་སྐྱེས་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཅེས་གསུངས་ཤིང་། བསྟོད་པ་ལས། ཁྱོད་ཀྱིས་ཅུང་ཟད་མ་བསྐྱེད་ཅིང༌། །འགའ་ཡང་བཀག་པ་མམཆིས་ལ། །སྔོན་གྱི་ཇི་ལྟར་ཕྱིས་དེ་བཞིན། །དེ་བཞིན་ཉིད་དུ་ཐུགས་སུ་ཆུད། །ཅེས་ཏེ། དེ་བཞིན་ཉིད་ནི་འགྱུར་མེད་ཡོངསགྲུབ་སེམས་ཉིད་དེ། སེམས་རང་བཞིན་གྱིས་འོད་གསལ་བ་གཉིས་མེད་ཀྱི་ཡེ་ཤེས་སམ་ཆོས་དབྱིངས་དོན་དམ་བདེན་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་རྣམས་ཡིན་ཏེ། སྔོན་འཁོར་བ་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ། ཕྱིས་མྱ་ངན་ལས་འདས་པའི་ཆོས་ཉིད་ཀྱང་དེ་བཞིན་ཁོ་ན་སྟེ། རྣམ་འགྱུར་མེད་ཅིང་རྟག་པ་དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་འགའ་ཡང་བཀག་པ་མེད་དེ། ཕྱིས་བསལ་ཞིང་བྲི་བ་མེད་ལ། རྣམ་པར་བྱང་པ་དགེ་བའི་ཆོས་ཅུང་ཟད་ཀྱང་མ་བསྐྱེད་གང་བར་མ་བྱས་པ་སྟེ། བསལ་བཞག་མེད་པའམ། བྲི་གང་མེད་པའི་དོན་ཐུགས་སུ་ཆུད་པ་ནི་སངས་རྒྱས་སོ། །དེ་དག་གིས་ནི་ཡོངས་གྲུབ་དོན་དམ་ངོ་བོ་ཉིད་མེད་པ་དེ་གསལ་པོར་བསྟན་ནོ། །དེ་ལྟར་ན་མདོ་འདི་དང༌། བསྟོད་པ་འདིས་ཀྱང་གཞན་སྟོང་དབུ་མ་ཆེན་པོ་ཁོ་ན་གསལ་བར་བསྟན་གྱི། འདི་སྟོང་པ་ཆལ་ལུག་ཙམ་ཞིག་སྙིང་ལ་བཅངས་ནས། ཟུང་འཇུག་ཡིན་ཚུལ་གྱི་སྒྲུབ་བྱེད་ལྟར་སྣང་མང་པོ་ཞིག་འགོད་ཅིང༌། སྨྱོན་པ་འགའ་ཞིག་གི་ཚིག་ལྟར་རྒྱུན་མི་འཆད་པར་སྨྲ་བའི་ཚིག་འཕྲེང་རིང་པོ་ཅན། རང་སྟོང་སྨྲ་བའི་བཤེས་གཉེན་དུ་གྲགས་པ་རྣམས་ཀྱི་ལུགས་དང་ཡེ་མི་མཐུན་ནོ།། འོན་ཀྱང་། ཡོན་ཏན་མེད་ལ་གང་གུས་པ།། དེ་བླུན་མེ་དགེའི་ལས་ལས་སྐྱེས།། ཞེས་གསུངས་པ་དོན་ལ་གནས་པས། ཚོགས་མ་བསགས་ཤིང་། སྒྲིབ་པ་མ་སྦྱངས་པས། སྔོན་ནས་ད་ལྟའི་བར་གྱི་ཤེས་རབ་ཆེ་རུ་རེ་བ་ཕལ་ཆེ་བ་ཡང༌། ངེས་པའི་དོན་ལས་ཕྱིར་ཕྱོགས་པ་ཤཱ་སྟག་བྱུང་ཞིང་འབྱུང་བར་འགྱུར་ལ། ད་ལྟར་ཡང་སྣང་ངོ༌། །གང་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་བསགས་པ་དེ་རྣམས་ཁོ་ན་ཟབ་མོའི་དོན་འདི་ལ་མོས་ཏེ། དེ་དག་ནི་བརྩོན་པ་དང་བྲལ་ཞིང་མ་བསྡམས་པར་གྱུར་ཀྱང་མོས་པ་ཁོ་ནའི་མཐུ་ལས་ཐམས་ཅད་རང་སྟོང་དུ་སྨྲ་བ་ཚུལ་ཁྲིམས་དང་ལྡན་པ། བརྩོན་པ་དང་ལྡན་པ་དག་གིས། སྐྱེ་བ་བརྒྱར་ཚོགས་བསགས་པ་ལས་ཀྱང་ཆེས་བྱང་ཆུབ་ལ་ཉེ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། མེ་ཏོག་ཙམ་པ་ཀ་ནི་རྙིངས་གྱུར་ཀྱང་།། མེ་ཏོག་ཕལ་པ་གཞན་གྱི་དོ་ཟླ་མིན། །ང་ཡི་དགེ་སློང་ཚུལ་ཁྲིམས་འཆལ་གྱུར་ཀྱང༌། །མུ་སྟེགས་ཕལ་བ་གཞན་གྱི་དོ་ཟླ་མིན། །ཅེས་གསུངས་པ་འདི་ཡང་སྦྱར་བར་བྱ་སྟེ། རང་སྟོང་སྨྲ་བར་གྲགས་པ་རྣམས་ཀྱང་དམ་པའི་ཆོས་མཐར་ཐུག་ལ་སྡང་བ་ཡིན་པའི་ཕྱིར་དང༌། བྱངཆུབ་སེམས་དཔའ་མང་པོ་ལ་ཞེས་འགྲས་པ་ཡིན་པའི་ཕྱིར་སངས་རྒྱས་པའི་མུ་སྟེགས་ཅན་ནོ། །གཞན་སྟོང་དབུ་མ་ཆེན་པོ་སྨྲ་བ་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གྱི་གསང་བ་ལ་བལྟ་བར་དབང་བའི་ཕྱིར། སྤྱི་མིང་བྱེ་བྲག་ལ་བཏགས་ནས། ང་ཡི་དགེ་སློང་ཞེས་ཐུན་མོང་མ་ཡིན་པའི་སྲས་སུ་བསྟན་པའོ། །ཞེས་པ་དག་གིས་སྨྲས་པའི་གནས་འདི་ལ་ནི། སངས་རྒྱས་སྲས་དང་བཅས་པ་དབང་པོ་ཡིན་ཅིང༌། འཇིག་རྟེན་གྱི་ཁམས་ན་མཐུ་དང་རྫུ་འཕྲུལ་ཆེ་བའི་ལྷ་དང་འབྱུང་བོ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱང་དཔང་པོར་གནས་སོ། །དེ་ལྟར་ན་ཟབ་མོ་རྣམ་པ་བརྒྱད་ཅུང་ཟད་རྒྱས་པར་བཤད་ཟིན་ཏོ། །
མཁས་པར་བྱ་བའི་དངོས་པོ་དྲུག
གཉིས་པ་མཁས་པར་བྱ་བའི་དངོས་པོ་དྲུག་གི་སྒོ་ནས་གཏན་ལ་དབབ་པ་ལ། ཐེག་པ་ཐུན་མོང་གི་ལུགས་ཀྱིས་ནི་རྒྱུ་རྐྱེན་རྟེན་འབྲེལ་ལ་མཁས་པ་ཙམ་ཡིན་ལ། འདིར་ནི་ཀུན་རྫོབ་བདེན་པ་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། ཆོས་དེ་རྣམས་བདེན་མེད་དུ་གཏན་ལ་ཕབས་ཤིང༌། དེ་ཡང་སྤྲོས་བྲལ་དུ་རྟོགས་ལ། སྤྲོས་བྲལ་དེའི་རང་གི་ངོ་བོ་ཡེ་ཤེས་འགྱུར་མེད་རྣམ་པ་ཐམས་ཅད་པར་མངོན་སུམ་དུ་རྟོགས་པ་ན། ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ཆེས་མཁས་བར་འགྱུར་རོ། །དེ་ཡང་ཕུང་པོ་ལ་མཁས་བ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། རྟེན་འབྲེལ་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །
མདོར་བསྟན་པ།
དང་པོའི་དབང་དུ་བྱས་ནས་ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ལ་སོགས་པའོ། །གཉིས་བའི་དབང་དུ་བྱས་ནས། མིག་མེད་རྣ་བ་མེད་ཅེས་པ་ལ་སོགས་པའོ།། གསུམ་པའི་དབང་དུ་བྱས་ནས། མིག་གི་ཁམས་མེད་པ་ནས། ཡིད་ཀྱི་ཁམས་མེད་ཅེས་པ་ལ་སོགས་པའོ། །བཞི་པའི་དབང་དུ་བྱས་ནས། མ་རིག་པ་མེད་མ་རིག་པ་ཟད་པ་མེད་ཅེས་པ་ལ་སོགས་པའོ། །ལྔ་བའི་དབང་དུ་བྱས་ནས། དེ་བཞིན་དུ་སྡུག་བསྔལ་བ་དང་ཅེས་པ་ལ་སོགས་པའོ། །དྲུག་པའི་དབང་དུ་བྱ་ནས། ཡེ་ཤེས་མེད་ཐོབ་པ་མེད་མ་ཐོབ་པ་ཡང་མེད་དོ། །ཅེས་པའོ། །
རྒྱས་པར་བཤད་པ།
དེ་རྣམས་ཀྱི་ཚིག་དོན་ཕལ་ཆེར་གོ་སླ་ལ། དོན་གྱི་མདོ་འདི་ལྟར་བཟུང་བར་བྱ་སྟེ། སྟོང་པ་ཉིད་ལ་གཟུགས་སོགས་ཀུན་རྫོབ་ཀྱི་ཆོས་དེ་དག་གང་ཡང་མེད་ཅེས་བྱ་བ་ནི། སྟོང་གཞི་གཉིས་མེད་ཀྱི་ཡེ་ཤེས། དོན་དམ་སྟོང་པ་ཉིད་འདི་ལ། སྟོངས་བར་བྱ་རྒྱུ་གཟུང་འཛིན་ཀུན་རྫོབ་ཀྱི་ཆོས་གང་ཡང་མེད་དོ་ཅེས་བྱ་བ་ཡིན་གྱི། གཞན་དུ་རང་སྟོང་སྨྲ་བར་གྲགས་པ་རྣམས་ཀྱི་ལྟར་ན། སྟོང་པ་ཉིད་ཁྱད་གཞིར་བྱས་ནས་དེ་ལ་གཟུགསམེད་ཅེས་སོགས་མི་རུང་བར་འགྱུར་ཏེ། གཟུགས་ཉིད་གཟུགས་ངོ་བོས་མེད་པ་ཡིན་ལ། དེ་ལས་གཞན་པའི་སྟོང་གཞིའི་སྟོང་ཉིད་ཁས་ལེན་པའི་ཕྱིར་རོ། །འདི་དག་གི་ལྟར་ན། གཟུགས་མེད་པ་ནི་སྟོང་པ་ཉིད་དོ་ཞེས་པ་ནས། མ་ཐོབ་པ་མེད་པ་ནི་སྟོང་པ་ཉིད་དོ་ཞེས་པའི་བར་དུ་འདོན་པར་རིགས་ཀྱི། མདོའི་དངོས་ལྟར་བྱས་ན་དེའི་ལུགས་དང་འགལ་བར་འགྱུར་རོ། །འོ་ན་ཅི་ཞེ་ན། མེད་ཅེས་གསུངས་པ་ནི་ངོ་བོ་ཉིད་མེད་པ་སྟེ། དེ་སྐད་དུ་འཕགས་པ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །བརྟེན་ནས་ཆོས་རྣམས་ཐམས་ཅད་ནི། །རང་བཞིན་མེད་པར་བསྟན་པ་ཡིན། །ཅེས་གསུངས་ཏེ། གཅིག་ལ་དཔེར་མཚོན་ན། གཟུགས་མེད་ཅེས་གསུངས་པས། ཀུན་བཏགས་ཀྱི་གཟུགས་ཕུང་ནི་དོན་དམ་དུ་ལྟ་ཞོག་ཀུན་རྫོབ་ཏུ་ཡང་མི་བསླུ་བའི་མཚན་ཉིད་ཀྱིས་གནས་པ་མེད་པས་འཁྲུལ་ངོ་ཙམ་མ་གཏོགས་གང་ཡང་གྲུབ་པ་མེད་པ་དང༌། གཟུགས་ཕུང་དུ་སྣང་བའི་རྣམ་རིག་གཞན་དབང་ནི། གཞན་གྱི་དབང་གིས་སྐྱེ་ཞིང་འཇིག་པས། བླང་དོར་གྱི་ཡུལ་ཙམ་ཡིན་ཡང་རང་གི་ངོ་བོས་བདེན་པར་མ་གྲུབ་པ་དང༌། གཟུགས་ཀྱི་ཆོས་ཉིད་ཡོངས་གྲུབ་གང་ཡིན་པ་དེ་ནི་གློ་བུར་གྱི་དྲི་མ་གཟུང་འཛིན་འཁྲུལ་པའི་ངོ་བོར་མེད་པས། མེད་ཚུལ་རྣམ་པ་གསུམ་གྱི་སྒོ་ནས། གཟུགས་ཕུང་གི་ཐ་སྙད་འཇུག་པའི་གཞི་རྣམས་མེད་ཅེས་བསྟན་ནོ། །འདིས་གཞན་ཐམས་ཅད་ལ་ཡང་རིགས་འདྲེའོ། །དེ་ལྟར་ན་ཁྱད་གཞི་ཆོས་ཉིད་ཀྱི་ཡེ་ཤེས་དེ་ལ། ཀུན་བཏགས་ཀྱི་གཟུགས་གྲུབ་པ་ཡང་མེད་ཅིང༌། རྣམ་བཏགས་ཀྱི་གཟུགས་ཀྱང་བདེན་པའི་དངོས་པོར་ཙམ་དུ་ཡང་མ་གྲུབ་པས། དེ་གཉིས་རང་གི་ངོ་བོས་སྟོང་པའི་ཚུལ་གྱིས་མེད་ཅིང༌། ཡོངས་གྲུབ་ཆོས་ཉིད་ཀྱི་གཟུགས་ནི་རང་གི་ངོ་བོ་ཆོས་ཉིད་ཀྱིས་སྟོངས་པ་མ་ཡིན་ཀྱང༌། གཟུང་འཛིན་གློ་བུར་གྱི་དྲི་མའི་ངོ་བོར་མེད་པས། མེད་ཅེས་བྱ་བ་ནི་གཞན་གྱིས་སྟོངས་པའི་ཚུལ་གྱིས་མེད་པའོ། །དེ་ལྟར་ན་དག་དོན་སྙིང་པོ་བསྡུས་པ་ནི། སྟོངས་ཉིད་ཡེ་ཤེས་དེའི་སྟེང་ན་ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་གཟུགས་སོགས་ཡེ་ནས་མ་གྲུབ་པས་མེད་ཅིང༌། ཆོས་ཉིད་ཀྱི་གཟུགས་སོགས་ནི་སྟོང་ཉིད་ཡེ་ཤེས་དེ་ཀ་རང་ཡིན་ཀྱང༌། གཟུང་འཛིན་འཁོར་བའི་ཆོས་སུ་མེད་པས་མེད་ཅེས་པའོ། །སྟོང་གཞི་ཆོས་དབྱིངས་ལ་གཟུགས་ནས་མ་ཐོབ་པའི་བར་དུ་མེད་ཅེས་པ་རགས་བཤད་དང༌། རེ་རེ་བཞིན་ངོ་བོ་ཉིད་གསུམ་དུ་ཕྱེ་བ་ཞིབ་བཤད་ཀྱི་ཁྱད་ཙམ་ཡིན་ཏེ། ཀུན་བཏགས་གཞན་དབང་གཉིས་གཅིག་ཏུ་བསྡོམས་ནས། ཀུན་རྫོབ་ཀྱིས་ཡེ་ནས་སྟོངས་པ་དང༌། དོན་དམ་ནི་གཟུང་འཛིན་གྱི་མཚན་ཉིད་ཅན་གྱིས་སྟོངས་པར་བྱས་ནས། བདེན་པ་གཉིས་ཀྱི་སྒོ་ནས་བཤད་ཀྱང་རུང༌། དོན་ལ་ཁྱད་མེད་དོ། །
རྟེན་འབྲེལ་ལ་མཁས་པའི་སྐབས།
རྟེན་འབྲེལ་ལ་མཁས་པའི་སྐབས་སུ། འདི་ཙམ་ཞིག་གོ་དགོས་ཏེ། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་ལེན་སྲིད་པ་དང༌། །སྐྱེ་བ་རྒ་ཤི་བཅུ་གཉིས་སོ།། དེ་ལ་མ་རིག་པ་ནི། ཤེས་པར་བྱ་བའི་གནས་ལ་རྨོངས་ཤིང་མི་ཤེས་པའི་བློ་ཤེས་པ་མི་གསལ་བའི་རྣམ་པ་ཅན། བདེན་པ་བཞི་འམ་རྒྱུ་འབྲས་རྟེན་འབྲེལ་གྱི་དོན་ལ། མུན་ཁྲོད་ཀྱི་གཟུགས་སམ། ལ་ཕར་རྒྱབ་ཀྱི་དངོས་པོ་ལྟར། ཕྱོགས་ཙམ་ཡང་མི་རིག་པའི་རྣམ་རྟོག་སྟེ། དེ་ཁོ་ན་ཉིད་ལ་རྨོངས་པ་དང་ལས་འབྲས་ལ་རྨོངས་པ་གཉིས་སོ། །ཕྱི་མ་ནི་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་མི་ཤེས་པའི་སེམས་བྱུང་ཡིན་ལ། སྔ་མ་ལ་གསུམ་སྟེ་མི་རྟག་སྡུག་བསྔལ་བདག་མེད་སོགས་བདེན་བཞིའི་མཚན་ཉིད་ལ་རྨོངས་པ་དང༌། སྤྲོས་བྲལ་གྱི་སྟོང་པ་ཉིད་ལ་རྨོངས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་གནས་ལ་རྨོངས་པའོ། །དེ་དག་ལས་ལས་འབྲས་ལ་རྨོངས་པས་ནི་མི་དགེ་བའི་ལས་འཕེན་པར་བྱེད་ལ། བདེན་བཞིའི་དེ་ཁོ་ན་ཉིད་ལ་རྨོངས་པས་ནི། འཁོར་བ་ཁམས་གསུམ་དུ་སྐྱེ་བའི་ལས་དགེ་སྡིག་གཉིས་ཀར་འཕེན་པར་བྱེད་ཅིང༌། སྤྲོས་བྲལ་ལ་རྨོངས་པས་ནི། ཁམས་གསུམ་ལས་འདས་ཀྱང༌། ཡེ་ཤེས་ཀྱི་ལུས་སུ་ནི་མ་གྱུར་པ་དམན་པའི་ཡིད་ལུས་དང༌། ཏིང་ངེ་འཛིན་གྱི་ལུས་འགྲུབ་པར་བྱེད་པའི་ཟག་མེད་ཀྱི་ལས་དང༌། ལས་བར་མ་རྣམས་ཀྱང་འཕེན་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྙིང་པོའི་གནས་ལ་རྨོངས་པ་ནི་མ་རིག་བག་ཆགས་ཀྱིས་ཡིན་ཏེ། ཡེ་ཤེས་ཀྱི་སྐུ་ཡིད་ལུས་རྣམ་པ་གསུམ་འགྲུབ་བྱེད་ཀྱི་ཟག་མེད་ཀྱི་ལས་ཚུན་ཆོད་ཀྱང་འཕེན་པར་བྱེད་དོ། །སྤྱིར་དེ་དག་ཀྱང་སྔ་མ་སྔ་མ་ཡོད་ཕྱིན། ཕྱི་མ་ཕྱི་མ་རྣམས་དེ་དང་ལྷན་ཅིག་ངེས་པར་ཡོད་པས་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྨོངས་བས་ནི་ཐམས་ཅད་འཕེན་པར་བྱེད་ལ། སྤྲོས་བྲལ་ལ་རྨོངས་པས་ནི་ཡིད་ལུས་ཀྱི་ལས་མ་གཏོགས་གཞན་ཐམས་ཅད་བྱེད། །ཅེས་པ་ནས། ལས་འབྲས་ལ་རྨོངས་པས་ནི་མི་དགེ་བ་ཁོ་ན་འཕེན་ནོ། །ཅེས་པའི་བར་དུ་སྦྱར་རོ། །འོ་ན་མ་རིག་པའི་ཡན་ལག་ནི། བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ཡིན་པར་འཕགས་པ་ཀླུ་སྒྲུབ་དང༌། དཔལ་ཆོས་ཀྱི་གྲགས་པ་སོགས་ཀྱང་བཞེད་པ་མཡིན་ནམ། ཅིའི་ཕྱིར་ངེས་པའི་དོན་ལ་དེ་མི་འདོད་ཅེ་ན། མ་རིག་པ་དང་འཇིག་ཚོགས་ལ་ལྟ་བ་ནི་ངོ་བོ་ཐ་དད་པ་ཡིན་ཀྱང༌། ཁམས་གསུམ་དུ་འཕེན་བྱེད་ཀྱི་མ་རིག་པ་ནི། འཇིག་ལྟ་དང་འབྲེལ་པ་ཅན་ཁོ་ནར་འབྱུང་པས་ན། མ་རིག་པ་ནི་རྣམ་པ་མི་གསལ་བས། དེའི་ཕྱོགས་ནས་མ་སྨོས་པར། འཇིག་ལྟ་རྣམ་པ་གསལ་ཞིང་ངོ་ཤེས་བྱ་བའི་ཕྱིར། ཕྱོགས་དེ་ནས་སྨོས་པ་སྟེ། དཔེར་ན་ཁྱེའུ་གང་གི་རིགས་རུས་ཆོ་འབྲང་རྟོགས་དཀའ་བར་གྱུར་ན། རིགས་དང་རུས་ནས་མི་སྨོས་པར་མཚན་མ་མངོན་རྟགས་ཅན་གྱི་གོས་ལས་བརྩམས་ནས། ཁྱེའུ་དམར་པོ་དང༌། ཁྱེའུ་སེར་པོ་ཞེས་ཟེར་བ་ལྟ་བུའོ། །རིན་ཆེན་འཕྲེང་བ་ལས། ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་པ་ཡིན། །ཞེས་པ་ནི། ངར་འཛིན་ལ་སོགས་པ་ཉོན་མོངས་པས་ལས་གསོག་ཅེས་པའམ། ངར་འཛིན་ཡོད་ན་འཁོར་བར་འཕེན་བྱེད་ཀྱི་ལས་གསར་པ་གསོགས་ཐུབ་ཅེས་པའི་དོན་ཡིན་གྱི། ངར་འཛིན་མ་རིག་པའི་ཡན་ལག་ཏུ་སྟོན་པ་མ་ཡིན་ཅིང༌། འཕགས་པ་ཀླུས་ནི། མ་རིག་པ་བདག་འཛིན་དུ་བཞེད་པའི་གསལ་ཁ་མེད་ལ། མ་རིག་པའི་ཡན་ལག་ལ་གྲོགས་བདག་འཛིན་ངེས་པར་དགོས་པའི་རྣམ་གཞག་འདི་ཡང༌། འཁོར་བ་ཁམས་གསུམ་དུ་སྐྱེ་བ་ཁོ་ནའི་དབང་དུ་བྱས་པ། ཉན་ཐོས་སྡེ་གཉིས་དང་ཐུན་མོང་གི་རྣམ་གཞག་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐབས་སུ། ཁམས་གསུམ་ལས་འདས་པ་རྣམ་པར་བྱང་བ་རྗེས་སུ་མཐུན་པའི་འཁོར་བ་འཇུག་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས་ལས་མ་རིག་པའི་ཡན་ལག་སྤྲོས་བྲལ་དང་སྙིང་པོ་ལ་རྨོངས་པ་དེ་གཉིས་ནི། འཇིག་ལྟའི་ས་བོན་སྤངས་པ་དག་ལ་ཡང་ཡོད་པའི་ཕྱིར། མ་རིག་པའི་ངོས་འཛིན་འཇིག་ལྟ་ལ་བྱེད་པ་ཟབ་ཁྱད་དུ་རློམ་པ་ནི། ཟན་གྱི་ངོས་འཛིན་སྦང་ཟན་ལ་བྱེད་པ་ཟབ་ཁྱད་དུ་འདོད་པ་ལྟར། ཟབ་ཚུལ་གོ་ལོག་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མ་རིག་པ་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་དུ་གཏོགས་པའི་བསོད་ནམས་དང༌། །བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་གསུམ་པོ་གང་རུང་ཞིག་གསོག་པའི་འདུ་བྱེད་ཀྱི་ལས་འབྱུང་ངོ༌།། མ་རིག་པས་ཀུན་ནས་བསླངས་ཏེ་ལས་དེ་བྱས་ཤིང༌། བྱས་མ་ཐག་ཏུ་ཀུན་གཞི་རྣམ་ཤེས་ཏེ་ལས་དེའི་བག་ཆགས་དང་ས་བོན་ཅན་དུ་གྱུར་པ་ན། དེའི་མཐུ་ལས། ཚོགས་དྲུག་གི་རྣམ་པར་ཤེས་པ་རྣམས་ཀྱང་བག་ཆགས་དེས་བསླང་བའི་ནུས་པ་ཅན་དུ་གྱུར་ཏེ། ལས་བསགས་པའི་ཚེ་དེ་ཉིད་དང༌། བར་དོའི་གནས་སྐབས་ཀྱི་རྣམ་ཤེས་འགྱུར་བ་ཅན་དེ་ནི་རྣམ་ཤེས་ཀྱི་ཡན་ལག་གོ །དེ་ཉིད་མངལ་དུ་སྐྱེ་བ་བཟུང་མ་ཐག་པ་ན། ཚོར་འདུ་འདུ་བྱེད་རྣམ་ཤེས་ཏེ་མིང་བཞིའི་ཕུང་པོ་དང༌། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཀྱི་འབྱུང་བ་དང་འབྱུང་གྱུར་རྣམས་ནི་གཟུགས་ཀྱི་ཕུང་པོ་སྟེ། མིང་གཟུགས་ཀྱི་ཡན་ལག་གོ །དེ་དག་འཕེལ་བ་ལས། མིག་སོགས་སྐྱེ་མཆེད་དྲུག་བྱུང་བ་ནི། སྐྱེ་མཆེད་དྲུག་གི་ཡན་ལག་གོ །མངལ་ནས་བཙས་པའི་རྗེས་སུ་དབང་པོ་དྲུག་དང༌། ཡུལ་དྲུག་དང༌། རྣམ་ཤེས་དྲུག་རྣམས་འདུས་ཏེ། ཡུལ་གྱི་རྣམ་པ་ལ་བརྟེན་ནས་ཤེས་པ་འགྱུར་བའི་རེག་པ་འབྱུང་བ་ནི་རེག་པའི་ཡན་ལག་གོ །དེ་ལ་བརྟེན་ནས་བདེ་བ་འམ་སྡུག་བསྔལ་ལམ་བཏང་སྙོམས་གང་རུང་ཞིག་ཉམས་སུ་མྱོང་བ་ནི་ཚོར་བའི་ཡན་ལག་གོ །དེ་ལ་བརྟེན་ནས་བདེ་བ་ལ་ཐོབ་པར་འདོད་ཅིང་ཡང་སྲེད་པ་དང༌། སྡུག་བསྔལ་ལ་འདོར་བར་འདོད་པའི་སྲེད་པ་དང༌། བཏང་སྙོམས་ལ་གནས་པར་དགའ་བའི་སྲེད་པ་བྱུང་བའི་ནི་སྲེད་པའི་ཡན་ལག་གོ །སྲེད་པ་དེ་འཕེལ་བ་ལས་བདེ་སྡུག་བཏང་སྙོམས་ཀྱི་རྒྱུ་རྣམས་ལ་འདོད་ལེན་བྱེད་འདོད་འབྱུང་བ་ནི་ལེན་པའི་ཡན་ལག་གོ །དེས་ཀྱང་སྲིད་པ་ཕྱི་མ་འཕེན་ནུས་ཀྱི་ལས་གསོག་བའམ། སྔར་འཕངས་ཟིན་པའི་ལས་གྱི་བག་ཆགས་གསོས་བཏབ་ནས། སྐྱེ་བ་འགྲུབ་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་ནི་སྲིད་པའི་ཡན་ལག་གོ །དེ་ལ་བརྟེན་ནས་སྐྱེ་བ་ཕྱི་མའི་ཕུང་པོ་གྲུབ་པ་ནི། སྐྱེ་བའི་ཡན་ལག་གོ །དེ་ཉིད་ཀྱི་ཁམས་འགྱུར་བའི་ན་བ་དང༌། ན་ཚོད་འགྱུར་བའི་རྒས་པ་དང༌། སྲོག་འགྱུར་བའི་འཆི་བ་དང༌། ལུས་སེམས་གདུང་བར་བྱེད་པའི་མྱ་ངན་དང༌། ཟས་གོས་ལ་སོགས་པ་འདོད་པས་འཕོངས་པ་དང༌། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང༌། འཁྲུགས་པ་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་ཏེ་རྒ་ཤའི་ཡན་ལག་གོ །དེ་ལྟར་ཡན་ལག་བཅུ་གཉིས་པོ་ཡང༌། དུས་ཅིག་ཆར་དུ་ཚང་བ་དང༌། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ་ཚང་བ་དང༌། ཚེ་གཅིག་ལ་རྫོགས་པ་སོགས་ཀྱི་རྣམ་གཞག་དུ་མ་དང༌། བརྫུས་སྐྱེས་ཀྱི་འགྲོ་བ་དང༌། ཁམས་གོང་མའི་སེམས་ཅན་ལ། ཡན་ལག་ཅི་རིགས་ཚང་པ་ལས་ཡོངས་རྫོགས་མི་དགོས་པ་སོགས་རྣམ་གཞག་དུ་མ་ཡོད་ཀྱང༌། གཙོ་བོར་ཚེ་གཉིས་ལ་རྫོགས་པར་བྱས་ནས། འཕེན་པའི་ཡན་ལག་དང༌། འཕངས་པའི་ཡན་ལག་དང༌། འགྲུབ་བྱེད་ཀྱི་ཡན་ལག་དང༌། འགྲུབ་པའི་ཡན་ལག་སྟེ་བཞིར་བསྡུ་བ་འམ། ཡང་ན་ཚེ་གསུམ་ལ་བསྡུ་བའི་ལུགས་ཏེ། ཚེ་ལྔ་ལ་རྟེན་འབྲེལ་ཚར་གཉིས་རྫོགས་པར་འགྱུར་རོ། །འོན་ཀྱང་དེ་དག་གི་རྣམ་གཞག་རྒྱས་པ་འདིར་མི་སྤྲོའོ། །དེ་ནི་འཁོར་བ་འཇུག་པའི་རྟེན་འབྲེལ་ཡིན་ལ། མ་རིག་པ་སྤངས་པས་འདུ་བྱེད་ཀྱི་ཡན་ལག་འགགས་པ་སྟེ། སྐྱེ་བ་འཕེན་བྱེད་ཀྱི་ལས་མི་གསོག་པ་ནས། སྐྱེ་བ་འགགས་པས་རྒ་ཤི་ནས་མི་འབྱུང་བའི་བར་དུ་ནི་འཁོར་བ་བཟློག་པའི་རྟེན་འབྲེལ་ལོ། །རྟེན་འབྲེལ་རིམ་པ་འདི་གཉིས་ཁོ་ན། ལུགས་འབྱུང་དང་ལུགས་ཟློག་གི་རྟེན་འབྲེལ་དུ་མདོ་དུ་མ་ལས་གསུངས་པའི་ཕྱིར། ལུགས་ཟློག་ལ་རྒ་ཤི་ནས་མ་རིག་པའི་བར་དུ། མས་ཟློག་ཁོ་ན་དགོས་པར་འདོད་པ་ནི་བཤད་སྒྲོ་ཕྱོགས་རེ་ལ་བརྟེན་ནས། དབང་ཟ་བའི་སྤྱོད་པའོ། །མ་རིག་པ་གང་ལས་སྐྱེས་ཞེས་མངོན་པར་བརྟགས་ན། བདག་ལས་མི་སྐྱེ། གཞན་ལས་མི་སྐྱེ། གཉིས་ཀ་ལས་མི་སྐྱེ། རྒྱུ་མེད་ཀྱང་མིན་པས། མ་རིག་པ་ནི་མ་སྐྱེས་སོ། །མ་སྐྱེས་པའི་ཕྱིར། གནས་པའི་དངོས་པོ་མ་བྱུང་ངོ༌། །གནས་པ་མེད་པའི་ཕྱིར་འཇིག་རྒྱུ་མེད་པས་མི་འཇིག་གོ །དེ་ལྟར་ན་མ་རིག་པ་སྐྱེ་འགགས་གནས་གསུམ་དང་བྲལ་བས་རང་བཞིན་མེད་དེ། འདུ་བྱེད་ནས་རྒ་ཤིའི་བར་ཡང་དེ་དངའདྲའོ། །ཡང་དག་པར་གནས་ཚུལ་ལ། སྐྱེ་བ་མེད་ཅིང༌། འགགས་པ་མེད་ལ་གདོད་ནས་མ་གྲུབ་ཀྱང༌། མེད་བཞིན་དུ་སྣང་བའི་རྒྱུ་རྐྱེན་ཚོགས་པ་ཙམ་ལས། མེད་བཞིན་དུ་སྣང་བའི་འབྲས་བུའི་སྣང་ཆ་ཙམ་ཞིག་འཆར་བ་མ་བཀག་པ་འདི་ནི་མཐའ་བཞི་ལས་གྲོལ་བའི་རྟེན་འབྲེལ་ཞེས་བྱའོ། །འདི་ནི་ཡན་ལག་བཅུ་གཉིས་སུ་མ་ཟད། ས་བོན་དང་མྱུ་གུ་ལ་སོགས་པ་རྒྱུ་འབྲས་རྟེན་འབྲེལ་གྱི་རིགས་མཐའ་དག་ལ་སྦྱར་བར་བྱའོ། །འདི་ལ་དོན་དམ་པའི་རྟེན་འབྲེལ་ཞེས་ཟེར་ཏེ། གནས་སྐབས་པའི་དོན་དམ་ཙམ་མོ།། ཀུན་རྫོབ་རྟེན་འབྲེལ་གྱི་ཆོས་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པ་ནི། དོན་དམ་ཉིད་ཀྱི་རྟེན་འབྲེལ་ལོ། །དེ་ལ་མ་རིག་པ་ནས། རྒ་ཤིའི་བར་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་བཅུ་གཉིས་ནི། འཁྲུལ་པའི་སྣང་བ་ཙམ་ལས་གནས་ཚུལ་ལ་ནམ་ཡང་ཡོད་མ་མྱོང་བས། མ་རིག་པ་འགགས་པ་ནས་རྒ་ཤི་འགགས་པའི་བར་ཡང༌། རྣལ་འབྱོར་ཅན་གྱི་བློའི་སྣང་ཚུལ་ཙམ་ལས། གཞན་གནས་ཚུལ་ལ་ཡོད་པ་མ་ཡིན་ཏེ། རྨི་ལམ་གྱི་བུ་ནི་ནམ་དུ་ཡང་ཡོད་པ་མ་ཡིན་ན། དེ་ཤི་བ་དེ་བས་ཀྱང་མི་འཐད་པ་བཞིན་ནོ། །ཀུན་བྱང་གི་རྟེན་འབྲེལ་དེ་དག་གདོད་ནས་མ་གྲུབ་པའི་ཕྱིར། དེ་རྣམས་རང་བཞིན་མེད་ཙམ་གྱི་མཐའ་བྲལ་དེ་ཡང་མཐའ་དང་བཅས་པ་ལ་བལྟོས་ནས་བློས་བཞག་པ་ཙམ་ལས། ཡང་དག་པར་མེད་དོ། །ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ནི་དོན་དམ་པའི་མ་རིག་པ་ནས་དོན་དམ་པའི་རྒ་ཤིའི་བར་དུ་ཡང་འཇོག་ཅིང༌། མ་རིག་པ་འགགས་པ་དོན་དམ་པ་ནས་རྒ་ཤི་འགགས་པ་དོན་དམ་པའི་བར་དུ་ཡང་ཡིན་ནོ། །ཡེ་ཤེས་འདི་ནི་མེད་བཞིན་སྣང་པའི་འཁྲུལ་ཆོས་མ་ཡིན་གྱི། གནས་ལུགས་ལ་ཞུགས་ཤིང་བདེན་པར་གྲུབ་པ་ཡིན་ཡང༌། དེ་ལ་གཟུང་འཛིན་དང་སྒྲ་རྟོག་གི་ཆོས་གང་ཡང་མེད་དོ། །འོ་ན་མ་རིག་པ་གདོད་མ་ནས་མེད་ན། དོན་དམ་པའི་མ་རིག་པ་རང་གི་ངོ་བོས་གདོད་མ་ནས་གྲུབ་པ་དང་འགལ་ལོ་སྙམ་ན། དོན་དམ་པའི་མ་རིག་པ་ནི་མ་རིག་པ་མ་ཡིན་ཅིང༌། མ་རིག་པ་འགགས་པ་དོན་དམ་པ་ཡང་མ་རིག་པ་འགགས་པ་མ་ཡིན་པས་ན། ཅིའི་ཕྱིར་འགལ་བར་འགྱུར། དེ་བཞིན་དུ་སྡུག་བསྔལ་བ་དང་སོགས་ལ་འདིར་སྡུག་བསྔལ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་འཁོར་དང་བཅས་པ་སྟེ། སེམས་ཅན་རྣམས་ཀྱི་གནས་སྣོད་ཀྱི་འཇིག་རྟེན་དང༌། ནང་ལུས་སེམས་ཀྱི་དངོས་པོ་དང་། དེ་དག་གི་ཉེ་བར་སྤྱོད་པ་ཐམས་ཅད་སྡུག་བསྔལ་གསུམ་པོ་གང་རུང་དང་འབྲེལ་བའི་ཕྱིར་སྡུག་བསྔལ་ལོ། །སྡུག་བསྔལ་དེ་ལ་བདེ་བར་བཟུང་ན་ནི། རང་གི་མཚན་ཉིད་དང་འགལ་བས་བྱ་བྱེད་ཐམས་ཅད་བསླུས་པར་འགྱུར་ལ། དེ་སྡུག་བསྔལ་དུ་ཤེས་པ་ནི་ཡུལ་དང་མཐུན་པའི་བློ་ཡིན་པའི་ཕྱིར། ཉམས་མྱོང་གི་སྒོ་ནས་མི་བསླུ་བས་ན་བདེན་པ་ཞེས་བྱའོ། །མི་བསླུ་བ་དེ་ཡང་འཕགས་པ་རྣམས་ཁོ་ནས་མངོན་སུམ་དུ་རྟོགས་པའི་ཕྱིར། འཕགས་པའི་བདེན་པ་སྟེ། འཁོར་པའི་གནས་ལུས་ལོངས་སྤྱོད་རྣམས་སྡུག་བསྔལ་ཡིན་པར་བདེན་པ་ནི། སྡུག་བསྔལ་འཕགས་པའི་བདེན་པའི་དོན་ཡིན་ལ། བདེན་པ་ཞེས་བྱ་བ་དོན་དམ་དཔྱོད་བྱེད་ཀྱི་རིག་ངོར་བདེན་པའམ། འཕགས་པའི་མཉམ་གཞག་ངོ་བོར་བདེན་པའི་དོན་མ་ཡིན་གྱི། ཐ་སྙད་པའི་ཚད་མའི་ཡུལ་ཡང་དག་ཀུན་རྫོབ་ཏུ་བདེན་པའོ། །འཕགས་པའི་བདེན་པའི་གོ་དོན་ཀུན་འབྱུང་དང༌། ལམ་དང༌། འགོག་བདེན་གྱི་ཕྱོགས་གཅིག་ཀྱང་དེ་དང་འདྲའོ། །ཀུན་འབྱུང་ནི་སྡུག་བསྔལ་གྱི་རྒྱུ་སྟེ། སྤྱི་ལྡོག་ནས་སྡུག་བསྔལ་གང་ཡིན་ཀུན་འབྱུང་དུ་འང་འཇོག་མོད་ཀྱི། འདིར་ལས་དང་ཉོན་མོངས་པ་གང་ཡིན་པ་དེ་ཐམས་ཅད་ཀུན་འབྱུང་ངོ༌། །ལམ་བདེན་དངོས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱིས་བསྡུས་པའི་ཡེ་ཤེས་གསར་བྱུང་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ཡིན་ལ། རྗེས་མཐུན་པ་ནི་སོ་སོ་སྐྱེ་བོའི་ལམ་རྣམས་ཀྱང་སྟེ། ལམ་བདེན་གྱི་ངོ་བོ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའོ། །དེའི་ཡང་གཙོ་བོ་ནི། ཡང་དག་པའི་ལྟ་བ་དང༌། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འགོག་བདེན་ནི་གནས་སྐབས་པ་དང་མཐར་ཐུག་པ་གཉིས་ལས། དང་པོ་ནི། ལམ་བསྒོམས་པས་སྒྲིབ་པ་རྣམས་གསར་དུ་སྤངས་པའི་སྤངས་པ་སྟེ། སོ་སོར་བརྟགས་པའི་འགོག་པ་རྣམས་ཡིན་ལ། ཕྱི་མ་ནི་འཁོར་འདས་ཀྱི་ཆོས་ཀུན་འགོག་པའི་གཞི། རང་བཞིན་འོད་གསལ་བདེ་བར་གཤེགས་པའི་སྙིང་པོའོ། །འདི་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པར་བདེན་ཅིང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོར་གྲུབ་པས་བདེན་པ་སྟེ། འདི་ཡང་ཀུན་རྫོབ་ཀྱི་ཆོས་ཀྱི་ངོ་བོར་མེད་ལ། བློས་བཏགས་ཤིང་བཟུང་བ་ལྟར་མ་གྲུབ་པའི་ཕྱིར་སྐབས་འགར་མེད་པའི་ཐ་སྙད་ཡང་བྱ་ལ། བདེན་པ་གཞན་གསུམ་དང་སོ་སོར་བརྟགས་པའི་འགོག་བདེན་ནི། ཀུན་རྫོབ་ཀྱི་ཤེས་པ་ལ། སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པ་དང༌། དོན་དམ་པའི་ཡེ་ཤེས་ཀྱི་ངོར་སྣང་བ་ཡང་མེད་པའི་ཕྱིར། གདོད་མ་ནས་མ་གྲུབ་ཅིང་མེད་པའོ། །ཡེ་ཤེས་མེད་ཅེས་པ་མཁས་པར་བྱ་བ་བཅུའི་དབང་དུ་བྱས་ན། དབང་པོ་ལ་མཁས་པར་སྟོན་པ་ཡིན་ཡང༌། དྲུག་གི་དབང་དུ་བྱས་ན། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱ་བའི་ནང་དུ་འདུས་ཏེ། དེ་ལ་བདེན་བཞི་རྟོགས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་ས་བོན་སྤོངས་པ་ནི། གནས་ཡིན་ཅིང་འཐད་ལ། འཇིག་རྟེན་པའི་སྙོམས་འཇུག་རྣམས་ཀྱིས་དེ་སྤོང་པ་ནི། གནས་མ་ཡིན་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་ཤེས་སྒྲིབ་སྤོང་ཞིང༌། དེ་ཉིད་ཐབས་དང་བཅས་པས་ཐོབ་པ་ནི་གནས་ཡིན་ལ། ཐབས་དང་བྲལ་བའམ་ཡེ་ཤེས་དེ་མེད་ན། ཐམས་ཅད་མཁྱེན་པ་ཐོབ་པ་ནི་གནས་མ་ཡིན་ནོ་ཞེས་སྦྱར་ཏེ། ཡེ་ཤེས་དང་དེའི་བྱེད་ལས་སྨོས་པའང་གནས་དང་གནས་མིན་གྱི་ནང་ཚན་ནོ། །དངོས་སུ་ན། བདག་མེད་གཉིས་རྟོགས་པའི་ལམ་གྱི་ཡེ་ཤེས་དེ་བདེན་པར་མེད་ལ། ཡེ་ཤེས་ཞེས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ཟུར་གྱིས་འཕངས་པར་འགྱུར་ན་ནི། དེ་ནི་གཉིས་ཀྱིས་སྟོངས་པའི་ཕྱིར་འདུས་བྱས་སུ་མེད་པས་ན་མེད་ཅེས་བྱའོ། །ཡེ་ཤེས་མེད། མི་ཤེས་པ་མེད་ཅེས་དཔེ་ཁ་ཅིག་ལས་འདོན་པ་ལྟར་ན། ཡེ་ཤེས་དང་དེའི་སྤང་བྱ་གཉིས་ཀར་རང་བཞིན་མེད་པའི་དོན་ཏེ། གང་བདེན་པའི་དོན་མི་ཤེས་པ་འཁོར་བར་འཁྱམ་པ་གནས་ཡིན་པ་དང་རྣམ་པར་རྟོག་པའི་གནས་མི་ཤེས་པས། ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་རྟོགས་པར་མི་འགྱུར་བ་གནས་ཡིན་ཅིང༌། དེ་དག་ལས་ཟློག་པ་གནས་མ་ཡིན་ནོ་ཞེས་སྦྱར་རོ། །ཐོབ་པ་མེད་ཅེས་བྱ་བ་ནི་རྣམ་བཤད་བྱེད་པ་ཕལ་ཆེ་བས། བྱང་ཆུབ་ཐོབ་པ་ཁོ་ན་ལ་སྦྱོར་ཡང་འདིར་ནི་ཐོབ་པ་དང་མ་ཐོབ་པ་ཞེས་སྤྱི་ལ་སྦྱར་ན། ཆོས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱི་འཕེལ་འགྲུབ་དང༌། གནས་སྐབས་སོ་སོར་གྱུར་པའི་ཆ་སྟེ། ཇི་སྐད་དུ། ཐོབ་པ་གང་ཞེ་ན། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི། འཕེལ་བ་དང་འགྲིབ་པ་ཐོབ་པ་དང༌། རྙེད་པ་དང་ལྡན་པ་ཞེས་གདགས་སོ། །ཞེས་ཆོས་གང་དང་གང་གི་ས་བོན་འཕེལ་ཞིང་བརྟས་པ་དང༌། ནུས་པ་དམན་ཅིང་འགྲིབས་པ་དང༌། མངོན་གྱུར་དང་འབྲེལ་བའམ་མངོན་དུ་མ་གྱུར་ཀྱང༌། ནུས་པ་སྔོན་མེད་གསར་དུ་རྙེད་པའམ། ཐོབ་ཟིན་ཉམས་པ་ལས་བྱུང་བ་རྙེད་པ་དང༌། ཐོབ་པའི་རྒྱུན་མ་ཉམས་པར་ཡོད་པའི་ལྡན་པ་སྟེ། སེམས་ཅན་གྱི་རྒྱུད་དང་འབྲེལ་བ་དེ་ལྟ་བུ་ནི་ཐོབ་པའི་མཚོན་བྱེད་ཡིན་པས། མདོར་ན་ཆོས་གང་དང་གང་ཡིན་པ་རང་རང་གི་མཐུན་པའི་རྒྱུ་ལས་སྐྱེ་བ་དང༌། འགག་པ་དང་མཐུན་པའི་རྒྱུས་འགག་པ་དང༌། གནས་པའི་རྒྱུས་རིགས་མཐུན་གནས་པ་དང༌། འགྱུར་བའི་རྒྱུས་རིགས་མི་མཐུན་དུ་བསྒྱུར་བ་སོགས་ཏེ། དཔེར་ན་མིའི་རྟེན་ལ་དགེ་བ་སྤྱད་པས་ཚེ་དེ་ཉིད་ལ་རིང་དུ་གནས་པ་ནི། མིའི་རྟེན་གནས་པ་ཐོབ་པ་ཡིན་ཅིང༌། དེ་བཞིན་དུ་དགེ་བའི་མཐུ་ལས་ཕུང་པོའི་རིགས་རྒྱུན་ལྷའི་རྟེན་དུ་སྐྱེ་བ་ནི། ལྷའི་གནས་སྐབས་གསར་དུ་ཐོབ་པ་ཡིན་པ་དང༌། དེ་བཞིན་དུ་མི་དགེ་བའི་རྒྱུ་ལས་དམྱལ་བའི་གནས་སྐབས་ཐོབ་པ་དང༌། གཞན་ཡང་བདེ་བ་ཐོབ་པ་དང༌། སྡུག་སྔལ་ཐོབ་པ་དང༌། དར་ཞིང་འཕེལ་བའི་དངོས་པོ་ཐོབ་པ་དང༌། འགྲིབས་ཤིང་རྒུད་པའི་དངོས་པོ་ཐོབ་པ་དང༌། སྐྱེ་བ་ཐོབ་པ་དང༌། འཆི་བ་ཐོབ་པ་ལ་སོགས་བྱུང་ཞིང་གྱུར་པ་ནི་མངོན་གྱུར་དུ་ཐོབ་པ་ཡིན་ལ། ད་ལྟ་མངོན་དུ་མ་གྱུར་ཡང༌། ངེས་པ་ཅན་གྱི་རྒྱུ་ལས་འབྱུང་བར་ངེས་ཤིང༌། འགྱུར་བར་ངེས་བའི་སྐབས་སུ་གྱུར་པ་ཡང་དེ་དང་དེ་ཐོབ་པ་དང༌། སྔར་འདས་ཟིན་པའི་ཤུགས་དེ་ལྟར་ཡོད་ན་དེ་ཡང་བྱུང་ཟིན་དང་འགྱུར་ཟིན་གྱི་དངོས་པོ་ལྡན་པ་སྟེ། རྣམ་པ་འདི་ལྟ་བུ་དག་ནི་ཐོབ་པ་ཡིན་ལ། དེ་དག་དང་མཚན་ཉིད་འགལ་བའི་དངོས་པོ་ནི་མ་ཐོབ་པ་སྟེ། ཐོབ་པ་དང་མ་ཐོབ་པ་འདི་དག་ནི། གནས་དང་གནས་མ་ཡིན་པ་དང་ཡོངས་སུ་འབྲེལ་བའོ། །དེ་ཡང་དགེ་བ་བྱས་པས་མཐོ་རིས་ཐོབ་པ་ནི་གནས་ཡིན་ལ། ངན་འགྲོ་ཐོབ་པ་ནི་གནས་མ་ཡིན་ཏེ། དེ་མ་ཐོབ་པ་ཉིད་གནས་སོ། །སྲེད་པ་དང་བཅས་པས་སྐྱེ་བ་ཐོབ་པར་འགྱུར་བ་ནི་གནས་ཡིན་ལ། སྲེད་པ་དང་བྲལ་བས་སྐྱེ་བ་མི་ཐོབ་པ་གནས་ཡིན་ཅིང༌། ཚེ་ཟད་ན་འཆི་བ་ཐོབ་པ་གནས་ཡིན་པ་སོགས་དང༌། དེ་དག་ལས་ཟློག་པ་ནི་གནས་མ་ཡིན་པ་སོགས་ཏེ། དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས། མི་འདོད་འདོད་དང་རྣམ་དག་དང༌། །མཉམ་དང་འབྱུང་དང་དབང་བྱེད་དང༌། །ཐོབ་དང་ཀུན་ཏུ་སྤྱོད་པ་དག །གཞན་དབང་ཉིད་ཀྱི་དོན་ཏེ་གཞན། །ཅེས་འདོད་པ་མཐོ་རིས་སོགས་བདེ་བ་དང༌། མི་འདོད་པ་ནི་ངན་སོང་སོགས་སྡུག་སྔལ་དང༌། གནས་ལུགས་རྟོགས་པས་སེམས་རྣམ་པར་དག་པར་འགྱུར་བ་དང༌། ཡུལ་གྱི་ཚད་དང༌། དུས་ཀྱི་ཚད་འདི་དང་འདི་ལྟ་བུར་དངོས་བོ་འདི་དང་འདི་དག་མཉམ་དུ་འབྱུང་བ་དང༌། མཉམ་དུ་མི་འབྱུང་བ་དང༌། ངོ་བོ་དང་བྱ་བ་གང་དག་གཞན་གྱི་དབང་དུ་གྱུར་པ་སྟེ། དབང་བྱེད་པ་གཞན་དབང་དུ་གྱུར་བ་དང༌། ཐོབ་པ་གཞན་དབང་དུ་སོང་བ་དང༌། ཀུན་ཏུ་སྤྱོད་པ་གཞན་དབང་དུ་སོང་བ་ལ་སོགས་པ། དེ་དག་ནི་མཚོན་བྱེད་དེ། ཆོས་གང་དང་གང་གི་རྒྱུ་དང་རྐྱེན་དུ་རུང་བ་དང༌། རྒྱུ་རྐྱེན་དུ་ངེས་པ་ལས། དེ་དང་དེ་ཐོབ་པ་ནི་གནས་ཡིན་ཅིང༌། དེ་ལས་ཟློག་ན་གནས་མ་ཡིན་པའོ། །དེ་ལྟར་ན་དེ་ལྟ་བུའི་ཐོབ་པ་དང༌། མ་ཐོབ་པའི་རྣམ་པའི་རབ་དབྱེ་ཐ་དད་པ་ཐམས་ཅད་ཀྱང༌། རྟེན་འབྲེལ་ཙམ་གྱི་མཐུ་ལས། ཀུན་རྫོབ་སྒྱུ་མ་ཙམ་དུ་ནི་མ་འཛིངས་བར་སྣང་བ་ཤར་བ་ཙམ་ཡིན་གྱི། ཡང་དག་པར་ན་ཐོབ་པ་དང་མ་ཐོབ་པ་གནས་དང་གནས་མ་ཡིན་པ་དེ་དག་ཅུང་ཟད་ཀྱང་གྲུབ་པ་མེད་དོ།། དེ་ལྟ་བས་ན་གནས་དྲུག་པོ་དེ་རྣམས་ལ། ཀུན་རྫོབ་ཏུ་རང་རང་གི་རྒྱུ་རྐྱེན་མཚན་ཉིད་རྣམ་བའི་རབ་དབྱེ་མཐའ་དག་ཞིབ་ཅིང་མ་འཛིངས་ལ་གསལ་བར་ཤེས་པ་དང༌། དོན་དམ་པར་དེ་དང་དེ་དག་གང་དུ་ཡང་མ་གྲུབ་བའི་མཐའ་བྲལ་དང༌། དེ་དག་གི་རང་བཞིན་ཆོས་ཉིད་འགྱུར་མེད་རྣམ་པ་ཐམས་ཅད་པ་སྒྲ་རྟོག་གི་ཡུལ་ལས་འདས་པའི་མཐའ་བྲལ་ཆེན་པོ་ལ། ཐོས་བསམ་གྱི་དུས་སུ་ངེས་པ་རྙེད་པར་བྱས་ཤིང༌། བློ་གྲོས་གསལ་བས་ཅིག་ཆར་བློ་ལ་འཆར་ཞིང་འབྱུང་བ་ལྟ་བུའི་ཐབས་ལ་བསླབ། སྒོམ་པ་ལ་ཡིད་བྱེད་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་ཚུལ་གཉིས་ཀྱིས་ཉམས་སུ་བླངས་ཤིང་དགེ་བའི་རྩ་བ་གསོག་པ་ནི། ཐེག་པ་ཆེན་པོ་ལས་བརྩམས་ནས་མཁས་པར་བྱ་བའི་དངོས་པོ་དྲུག་ལས་མཁས་པར་བྱེད་པ་ཡིན་ལ། ཀུན་རྫོབ་དང་དོན་དམ་ཇི་ལྟ་བ་དང༌། ཇི་སྙེད་པའི་གནས་ཚུལ་དེ་དག་འཕགས་པའི་ས་ལ་མངོན་སུམ་དུ་རྟོགས་པར་གྱུར་ན་ནི། གནས་དྲུག་ལ་མཁས་པར་བྱས་ཟིན་པ་སྟེ། ཐེག་ཆེན་འཕགས་པའི་གནས་སྐབས་ཐོབ་པའོ། །དེ་ལྟར་ན་ཕུང་བོ་རང་བཞིན་མེད་པ་དང༌། སྐྱེ་མཆེད་རང་བཞིན་མེད་པ་དང༌། ཁམས་རང་བཞིན་མེད་པར་གཏན་ལ་དབབ་པ་གསུམ་ནི། ཆོས་དེ་དག་དང་དེའི་ཀུན་རྫོབ་ཀྱི་མཚན་ཉིད་ལ་མཁས་པ་དང༌། དོན་དམ་པའི་རང་བཞིན་ལ་མཁས་པའི་དམིགས་པའམ་རྒྱུ་མཚན་ནོ། །རྟེན་འབྲེལ་བཅུ་གཉིས་ལ་མཁས་པ་དང༌། བདེན་པ་བཞི་ལ་མཁས་པ་ནི། དེ་དང་དེ་རང་བཞིན་མེད་པར་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་ཏེ་བསྒོམས་པས། བླང་དོར་ཀུན་རྫོབ་བདེན་པ་དང༌། བླང་དོར་གྱི་གཞི་དོན་དམ་བདེན་པ་ལ་མཁས་པར་འགྱུར་རོ། །བདེན་བཞི་དང་རྟེན་འབྲེལ་གནད་གཅིག་ལ། དེ་ཡང་རྒྱུ་འབྲས་ཀྱི་ངོ་བོ་ལ་རྨོངས་བ་བསལ་བའི་དོན་དུ་བདེན་བཞི་བསྟན་པ་ཡིན་ཏེ། ཀུན་འབྱུང་ནི་རྒྱུར་གྱུར་བའི་འཁོར་བ་དང༌། སྡུག་བསྔལ་ནི་འབྲས་བུར་གྱུར་པའི་འཁོར་བའོ། །ལམ་ནི་ཐོབ་བྱེད་རྒྱུའི་རྣམ་པར་བྱང་པ་དང༌། འགོག་པ་ནི་ཐོབ་བྱ་འབྲས་བུའི་རྣམ་པར་བྱང་པའོ། །རྒྱུ་དེ་གཉིས་ཀྱིས་འབྲས་བུ་དེ་གཉིས་འགྲུབ་ཚུལ་ནི། རྟེན་འབྲེལ་ཡིན་ཏེ། ཀུན་འབྱུང་གིས་སྡུག་བསྔལ་བསྐྱེད་ཚུལ་ལ། མ་རིག་པ་ནས་རྒ་ཤིའི་བར་འཁོར་བ་ལུགས་འབྱུང་གི་རྟེན་འབྲེལ་རྣམས་བྱུང་བ་ཡིན་ཅིང༌། ལམ་བསྒོམས་པས་སྡུག་བསྔལ་འགག་ཚུལ་ནི། རྒྱུ་ལམ་བདེན་གྱིས་འབྲས་བུ་འགོག་བདེན་ཐོབ་ཚུལ་ཏེ་ཡེ་ཤེས་སྐྱེས་པ་ན་མ་རིག་པ་འགགས་པ་ནས། རྒ་ཤི་འགགས་པའི་བར་དུ་འཁོར་བ་ལུགས་ཟློག་གི་རྟེན་འབྲེལ་བཅུ་གཉིས་སོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི། རྟེན་འབྲེལ་གྱི་རྒྱབ་རྟེན་དུ་འོང་བ་ཡིན་ཏེ། གང་ཅི་ཡང་རུང་བ་ཕྱི་ནང་གི་བརྟེན་འབྲེལ་མཐའ་དག་གི་རྒྱུ་འབྲས་རྟེན་འབྲེལ་ཕྲ་ཞིང་ཕྲ་བ་ཐམས་ཅད་ཀྱང་་རྟོགས་པའི་ཕྱིར་ཏེ། རྟེན་འབྲེལ་བཅུ་གཉིས་ནི་རྩ་བའི་རྟེན་འབྲེལ་ཡིན་ལ། འདི་ནི་ཡན་ལག་ཕྲ་མོ་རྣམས་སོ། །གནས་དང་གནས་མ་ཡིན་པ་ལ་དམིགས་ནས་སྟོང་ཉིད་བསྒོམས་པར་བྱས་པས་ནི། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དང༌། རྣམ་འགྱུར་རྒྱུ་འབྲས་ལ་མཁས་པར་འགྱུར་བ་སྟེ། དེ་ལྟར་ན་མཁས་པར་བྱ་བའི་དངོས་པོ་དྲུག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནན་ཏན་དུ་བསླབ་པར་བྱ་བ་ཡིན་ནོ། །
༣༽དེ་རྟོགས་པའི་ལམ་གྱི་ཡོན་ཏན།
གསུམ་པ་དེ་རྟོགས་པའི་ལམ་གྱི་ཡོན་ཏན་ནི། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཞེས་པ་ལ་སོགས་པ་སྟེ། འདིར་ཐོབ་པ་མེད་པའི་ཕྱིར་ཞེས་པ་ནི་ཐ་མའི་གསལ་བྱེད་ཡིན་པས། གཟུགས་མེད་ཅེས་པ་ནས་བརྩམས་ཏེ་ཐམས་ཅད་ལ་སྙེག་པར་མངོན་ལ། གཙོ་བོར་ཐོབ་པ་ཉིད་སྨྲོས་པས། གནས་ལུགས་ལ་རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་གང་ཡང་གྲུབ་པ་མེད་ཅིང༌། མེད་པ་ལྟར་བྱང་ཆུབ་སེམས་དཔས་བསྒོམས་པ་ན་མངོན་དུ་གྱུར་པའི་ཚེ། རང་གི་སེམས་ལ་གནས་བའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་གདོད་ནས་སྟོངས་ཤིང་མེད་པ་དང༌། སྐྲག་པ་ནི་འཇིགས་པ་སྟེ་འཁོར་བའི་ལས་ཉོན་སྡུག་བསྔལ་རྣམས་དང༌། མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་དང༌། ཡིད་ཀྱི་ལུས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་བཅས་པ་ཚུན་ཆོད་ཀྱང༌། འཁྲུལ་པའི་སྣང་བ་ཙམ་མ་གཏོགས་གདོད་ནས་མེད་པར་མཐོང་བས་ཕྱིན་ཅི་ལོག་འགག་སྟེ། མི་རྟག་པ་ལ་རྟག་པར་འཛིན་པ་དང༌། རྟག་པ་ལ་མི་རྟག་པར་འཛིན་པ་སོགས་ཕྱིན་ཅི་ལོག་གི་རྣམ་རྟོག་གི་འཁྲུལ་བ་དང༌། གཟུང་འཛིན་འཁྲུལ་བའི་སྣང་བ་ནི་ཕྱིན་ཅི་ལོག་གི་སྣང་བ་སྟེ། དེ་འདྲ་ལས་འདས་པ་ཙམ་པོ་ནི་ས་དང་བོ་ཐོབ་པ་ནས་འབྱུང་ཞིང༌། དེ་ནས་ས་གོང་ནས་གོང་དུ་ཕྱིན་ཅི་ལོག་དེ་ལས་ཤིན་ཏུ་འདའ་བར་འགྱུར་རོ། །མྱ་ངན་ལས་འདས་པ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ལ་རེག་བར་བྱེད་པ་ནི་མཐར་ཕྱིན་པ་སྟེ། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་དོན་ནོ། །མདོ་འདིའི་དངོས་བསྟན་ལྟར་ན། ས་ལམ་གྱི་མངོན་པར་རྟོགས་པ་རྣམས་གཞུང་ཚིག་གི་སྐབས་འདིས་གསལ་བར་བསྟན་པ་ཡིན་ནོ། །རིགས་པ་དྲུག་ཅུ་པ་ལས། དངོས་ལ་མཁས་བ་རྣམས་ཀྱིས་ནི། །དངོས་བོ་མི་རྟག་བསླུ་བའི་ཆོས། །གསོགས་དང་སྟོང་པ་བདག་མེད་བ། །རྣམ་པར་དབྱེན་པ་ཞེས་བྱར་མཐོང༌། །ཞེས་པ་ལྟར། མཁས་པར་བྱ་བའི་གནས་དྲུག་ལ་མཁས་བར་བྱས་བས། ཕྱིན་ཅི་ལོག་ལས་འདས་ནས། རྣམ་པར་དབྱེན་པ་སྟེ་གནས་ལུགས་ལ་རེག་བར་བྱེད་བའི་དོན་ནོ། །
༤༽ལམ་གྱི་འབྲས་བུ་མངོན་དུ་འགྱུར་ཚུལ།
བཞི་བ་ལམ་དེས་ཐོབ་པའི་འབྲས་བུ་མངོན་དུ་འགྱུར་ཚུལ་ནི། དུས་གསུམ་གྱི་སོགས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསྟེན་ཅིང་མཉམ་བར་གཞག་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། ཟབ་མོའི་མཚན་ཉིད་བརྒྱད་དང་ལྡན་བའི་རང་བཞིན་ཤེར་ཕྱིན་ལ་དམིགས་བའི་ཡུལ་གྱི་ཚུལ་དུ་བསྟེན་པ་དང༌། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པའི་ལམ་ཤེར་ཕྱིན་ཉམས་ལེན་དུ་བསྟེན་པ་ཉིད་ཀྱིས་སོ། །དེ་ལྟར་ཡང་བསྟོད་པ་ལས། དབྱེན་པའི་ཡེ་ཤེས་རིག་གྱུར་པ། །འཇིག་རྟེན་འདས་ཁྱོད་ཕྱག་འཚལ་འདུད། །གང་ཁྱོད་འགྲོ་ལ་ཕན་བའི་ཕྱིར། །ཡུན་རིངས་ཐུགས་རྗེས་དལ་བར་གྱུར། །ཞེས་སོ། །དེ་ལྟར་གོང་དུ་གཟུགས་མེད་ཅེས་པ་ནས་མ་ཐོབ་པ་མེད་པའི་བར་དུ། སྒྲས་ཟིན་ལ་མཁས་པར་བྱ་བའི་ཡུལ་དྲུག་པོ། སྤྲོས་བྲལ་དུ་གཏན་ལ་ཕབ་ཅིང༌། ཤུགས་བསྟན་ལ་ཡུལ་དྲུག་ལ་མཁས་པའི་ཡུལ་ཅན་ཡེ་ཤེས་ཀྱང་ངེས་པར་བསྟན་ལ། ཡེ་ཤེས་དེའི་ཕན་ཡོན་དང་འབྲས་བུ་ནི། དེ་ལྟ་བས་ན་ཅེས་པ་ནས། མངོན་པར་རྫོགས་པར་སངས་རྒྱས་སོའི་བར་རོ། །དེ་ལྟར་ན་དངོས་བསྟན་འདི་ནི་ཆོས་ཀྱི་བདག་མེད་པ་ཁོ་ནའི་དབང་དུ་བྱས་ནས་གསུངས་ཀྱི། གང་ཟག་གི་བདག་མེད་ལ་རྩལ་འདོན་དུ་མ་མཛད་དེ། དེ་ནི་འདིའི་ཞོར་ལ་འབྱུང་བར་དགོངས་པའི་ཕྱིར་རོ། །
གང་ཟག་གི་བདག་མེད་རྒྱས་བར་བསྟན་པ།
འོན་ཀྱང་ཞོར་བྱུང་དུ་དེ་ཁོ་ན་ཉིད་ལ་མཁས་པ་བཅུའི་སྒོ་ནས་གང་ཟག་གི་བདག་མེད་པ་ཤིན་ཏུ་རྒྱས་བར་བསྟན་པ་ཡང་ཡིན་ཏེ། དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས། གཅིག་དང་རྒྱུ་དང་ཟ་བ་དང༌། །བྱེད་པ་དང་ནི་དབང་བསྒྱུར་དང༌། །བདག་པོའི་དོན་དང་རྟག་པ་དང༌། ཉོན་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་གྲོལ་མ་གྲོལ། །འདི་དག་ལ་ནི་བདག་ཏུ་བལྟ། །ཞེས་དང༌། མཁས་དེ་ཁོ་ན་རྣམ་བཅུ་ནི། །བདག་ཏུ་བལྟ་བའི་གཉེན་པོའོ། །ཞེས་གསུངས་པ་ལས། བདག་གཅིག་པུར་འཛིན་པའི་གཉེན་པོར་ཕུང་པོ་ལ་མཁས་པ་དང༌། རྒྱུར་འཛིན་པའི་གཉེན་པོར་ཁམས་ལ་མཁས་པ་དང༌། ཟ་བ་པོར་འཛིན་པའི་གཉེན་པོར་སྐྱེ་མཆེད་ལ་མཁས་པ་དང༌། བྱེད་པོར་འཛིན་པའི་གཉེན་པོར་བརྟེན་འབྲེལ་ལ་མཁས་པ་དང༌། བདག་ཀུན་ནས་ཉོན་མོངས་བྱ་དང་རྣམ་པར་བྱད་བྱར་འཛིན་པའི་གཉེན་པོར་བདེན་པ་བཞི་ལ་མཁས་པ་སྟེ། དེ་དག་སྔར་བཤད་པས་གོ་ལ། བདག་པོར་འཛིན་པའི་གཉེན་པོར་དབང་པོ་ལ་མཁས་པ་ནི། ཡེ་ཤེས་མེད་ཅེས་པས་བསྟན་ཏེ། དབང་བོ་ཉི་ཤུ་རྩ་གཉིས་ལས། ཕོ་མོ་དང་སྲོག་གི་དབང་པོ་ནི་ལུས་དང་ཡིད་གྱི་ཁམས་སུ་འདུས་ཤིང༌། མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་དབང་བོ་དྲུག་ནི། མིག་མེད་ཅེས་སོགས་ཀྱིས་གཏན་ལ་ཕབ་ཟིན་ལ། ཚོར་བའི་དབང་བོ་ལྔ་བོ་ཡང་ཚོར་བ་མེད་ཅེས་གཏན་ལ་ཕབ་ཟིན་བས། ལྷག་མ་དད་སོགས་དབང་བོ་ལྔ་ནི་སྦྱོར་ལམ་བའི་ཡེ་ཤེས་ཡིན་ལ། ཀུན་ཤེས་པར་བྱེད་པའི་དབང་པོ་མཐོང་ལམ་གྱི་ཡེ་ཤེས་དང༌། ཀུན་ཤེས་པའི་དབང་བོ་སྒོམ་ལམ་གྱི་ཡེ་ཤེས་དང༌། ཀུན་ཤེས་ལྡན་པའི་དབང་པོ་མི་སློབ་ལམ་གྱི་ཡེ་ཤེས་ཡིན་བས། ཡེ་ཤེས་མེད་ཅེས་པས་དབང་པོ་བརྒྱད་པོ་དེ་རང་བཞིན་མེད་པར་བསྟན་པ་ཡིན་ནོ། །དབང་པོ་ཕྱི་མ་གསུམ་པོ་སྤྱིར་ཇི་སྐད་དུ། མཐོང་སྒོམ་མི་སློབ་ལམ་ལ་དགུ །ཞེས་པ་ལྟ་བུ། དད་སོགས་ལྔ། ཡིད་དད་ཚོར་བ་གསུམ་གྱི་རྫས་སུ་ཡོད་པར་བཤད་ཅིང༌། གཞུང་གཞན་ལས། ཀུན་ཤེས་བྱེད་པ་ལ་རྫས་བཅུ་ཡོད་པར་ཡང་བཤད་མོད་ཀྱི། གཙོ་བོ་ནི་ཤེས་རབ་ཁོ་ནའོ། །རང་དབང་དུ་འཛིན་པའི་གཉེན་པོར། གནས་དང་གནས་མིན་ལ་མཁས་པ་ནི། ཐོབ་པ་མེད་སོགས་སོ། །རྣལ་འབྱོར་ཅན་དུ་འཛིན་པའི་གཉེན་པོར། ཐེག་པ་ལ་མཁས་པ་ནི། སྒྲིབ་པ་མེད་ཅིང་སྐྲག་པ་མེད་ཅེས་པ་སྟེ། དེ་ལྟར་ཡང༌། ཡོན་ཏན་སྐྱོན་དང་རྣམ་མི་རྟོག །ཤེས་པས་གཞན་ལས་བདག་གིས་ནི། །ངེས་བར་འབྱུང་ཕྱིར་གཞན་ཞེས་བྱ། །ཅེས་གསུངས་པ་ལས། །སྐབས་འདིར་རྣམ་པར་མི་རྟོག་བའི་ཡེ་ཤེས་ཀྱིས་ཐེག་པ་ཆེན་པོ་ལ་ངེས་བར་འབྱུང་བ་གསལ་བར་བསྟན་ནོ། །བདག་མ་གྲོལ་བ་དང་གྲོལ་བར་འཛིན་པའི་གཉེན་པོར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ལ་མཁས་པ་ནི། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཅེས་པ་སྟེ། དེ་ལྟར་ཡང༌། རྟགས་བཅས་རྒྱུར་བཅས་རྒྱུ་མཚནདང༌། །རབ་ཏུ་ཞི་བའི་དོན་བཅས་ནི། །ཐ་མ་ཉིད་དུ་བསྟན་པ་ཡིན། །ཅེས་གསུངས་ཏེ། འདུས་བྱས་ཀྱི་མྱ་ངན་ལས་འདས་ཤིང༌། འདས་པ་དེ་ཉིད་རབ་ཏུ་ཞི་བའི་ཕྱིར་འདུས་མ་བྱས་སོ། །དེ་ལ་ཞི་བའི་འགོག་པ་ནི་སོ་སོར་བརྟགས་འགོག་གི་འགོག་བདེན་དང༌། རབ་ཏུ་ཞི་བའི་འགོག་པ་ནི་ཆོས་དབྱིངས་ཡིན་ཅིང༌། ལམ་ཡང་དེ་ཐོབ་བྱེད་ཀྱི་ཐབས་ཡིན་པས་རབ་ཏུ་ཞི་བར་བསྡུའོ། །བདག་རྟག་པར་འཛིན་པའི་གཉེན་པོར། དུས་ལ་མཁས་བར་བྱ་བ་ནི། དུས་གསུམ་དུ་ཞེས་སོགས་ཀྱིས་བསྟན་ཏེ། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་དུས་གསུམ་དུ་བྱུང་བ་ཁོ་ན་ཡིན་པས། རྟག་པའི་བདག་མེད་ལ། དོན་དམ་པར་དུས་གསུམ་རང་ཡང་མེད་པས། དུས་ལ་རྟག་ཏུ་འཁོར་ཞིང་ཚུགས་ཐུབ་པའི་བདག་རྟག་པ་ག་ལ་ཡོད། ཅེས་པའོ། །དེས་ན་གང་ཟག་བདག་མེད་ཀྱི་ངོ་བོ་ངོས་འཛིན་ཙམ་ནི། ཐེག་པ་ཆེ་ཆུང་གཉིས་ལས་འདྲ་བར་གསུངས་ཀྱང༌། རྣམ་གྲངས་ནི་ཐེག་ཆེན་ལས་རྒྱས་པར་བསྟན་པ་ཙམ་དེར་མ་བསྟན་ནོ། །བསྟོད་པ་ལས་ཀྱང༌། ཕུང་བོ་ཙམ་ལས་གྲོལ་བ་ཡི། །སེམས་ཅན་མེད་པར་ཁྱོད་བཞེད་ལགས། །སེམས་ཅན་དོན་ལ་མཆོག་གཞོལ་བར། །ཐུབ་པ་ཆེན་པོ་ཁྱོད་ཉིད་བཞུགས། །ཅེས་ཏེ། འཇིག་རྟེན་ཉེར་ལེན་གྱི་ཕུང་བོ་སྡུག་བསྔལ་འདི་ཐམས་ཅད་ལས་ལས་སྐྱེས་ལ། དེ་ཡང་ཉོན་མོངས་ལས་བྱུང་ཞིང༌། དེའི་རྩ་བ་བདག་ཏུ་འཛིན་པ་ཡིན་ནོ་ཞེས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཐམས་ཅད་ལ་ཐུན་མོང་དུ་བསྒྲགས་པ་ཡིན་ནོ། །བདག་འཛིན་འདི་ནི་དངོས་པོ་ལ་སོགས་པར་ཞུགས་པ་ཡིན་གྱི། དོན་དང་མཐུན་བར་བློས་བཟུང་བ་ཡིན་ཏེ། བདག་ཅེས་བྱ་བ་བློས་བཏགས་པ་མ་ཡིན་བར་ཚུགས་ཐུབ་ཞིག་ཡོད་ན་ནི། ཕུང་པོ་ཉིད་ཡིན་ནམ། ཕུང་བོ་ལས་གཞན་ཏུ་ཡོད། དང་བོ་ལྟར་ན། མིའི་ཕུང་པོ་དོར་ནས་དམྱལ་བའི་ཕུང་བོ་ལེན་པ་སོགས་མི་སྲིད་པར་འགྱུར་ཏེ། ཕུང་བོ་ནི་བདག་རྟག་པ་དང་གཅིག་བའིཕྱིར་རོ། །ཕུང་པོ་དུ་མའི་རང་བཞིན་ཅན་མ་ཡིན་པར་འགྱུར་ཏེ་བདག་གཅིག་པུའི་མཚན་ཉིད་ཅན་གྱི་ངོ་བོཡིན་བའི་ཕྱིར་རོ། །ཡང་ཕུང་བོ་ནི་བདག་མ་ཡིན་ཏེ། བདག་གི་ཉེ་བར་བླང་བྱ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། བདག་ལ་བདེ་སྡུག་མྱོང་བ་སོགས་འདུས་བྱས་ཀྱི་མཚན་ཉིད་མེད་པར་འགྱུར་ཏེ། བདག་དེ་ནི་ཕུང་བོ་ཙམ་སྟེ་ཕུང་བོ་ཐམས་ཅད་ལས་གྲོལ་བའི་ཕྱིར་རོ། །འདུས་མ་བྱས་ལ་ནི་འགྲོ་འོང་དང་བདེ་སྡུག་མྱོང་བ་སོགས་ཐམས་ཅད་འགལ་བ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་ན་བདག་མེད་ཀྱང་བདག་ཏུ་བལྟ་བས་བཅིངས་བའི་སེམས་ཅན་རྣམས་ལ་ཐུགས་རྗེའི་གཞན་དབང་དུ་གྱུར་ནས་སངས་རྒྱས་ཉིད་ཐོབ་བར་མཛད་པ་འང་ཡིན་ནོ། །
ལམ་ཇི་ལྟར་སྒོམ་པ་དང་མངོན་དུ་འགྱུར་ཚུལ།
དེ་ལ་རྣལ་འབྱོར་བས་ཏིང་ངེ་འཛིན་དང་ལམ་ཇི་ལྟར་སྒོམ་པ་དང་མངོན་དུ་འགྱུར་བའི་ཚུལ་ནི། འདི་ཡིན་ཏེ། གང་ཞིག་ཐེག་པ་ཆེན་པོ་ལ་སློབ་པར་འདོད་པ་དེས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་ཞིང༌། འགྲུབ་ན་སོ་སོར་ཐར་པ་རིགས་བརྒྱད་གང་རུང་གི་སྡོམ་པ་བླང་དགོས་ཏེ། སྡོམ་པ་འདི་ཐེག་ཆེན་གྱི་ལམ་སྐྱེ་བའི་རྒྱུར་མེད་ན་ཡེ་མི་རུང་བ་རང་ཏ་མ་ཡིན་མོད་ཀྱང༌། འདི་ལ་བསླབས་པར་མི་ནུས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བསླབ་མི་ནུས་པའི་ཕྱིར་དང༌། གཞན་མུ་སྟེགས་བྱེད་སོགས་དང་མི་འདྲེ་ཞིང་སེམས་ཅན་གྱི་དོན་སྤྱོད་པའི་མཐུ་དང་ལྡན་པའི་ཕྱིར་དང༌། ཐེག་པ་མཐའ་དག་ལ་སློབ་དགོས་པ་བྱང་ཆུབ་སེམས་དཔའི་བསླབ་བྱ་ཡང་ཡིན་པའི་ཕྱིར་བསླབ་པ་རྗེས་སུ་བསྒྲུབ་དགོས་པ་དང༌། འདི་ཉིད་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་གྱི་ཉེས་སྤྱོད་ཀྱི་སྡོམ་པའི་ཚུལ་ཁྲིམས་ཀྱི་གཙོ་བོར་འགྱུར་བའི་ཕྱིར་ཐེག་ཆེན་ལས་ཀྱང་འདི་ཤིན་ཏུ་བསྔགས་པས་སོ། །དེ་ནས་ངེས་པར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྐབས་སུ་བབ་པ་ན་སེམས་བསྐྱེད་ཀྱི་སྡོམ་པ་ཡང་བླང་ངོ༌། །དེ་ནས་དགེ་བའི་བཤེས་གཉེན་དམ་པ་ལ་བསྟེན་ཅིང༌། ཐེག་པ་ཆེན་པོའི་མདོ་སྡེ་གཅིག་ལ་དམིགས་ཏེ་གཙོ་བོར་བསྒོམས་ན། ཏིང་ངེ་འཛིན་སྐྱེ་སླ་བས་དེ་ལྟར་བྱ་བའམ། གཞན་དུ་ན་གསུང་རབ་སྤྱི་ལ་དམིགས་ཀྱང་རུང་སྟེ། ངེས་བར་འབྱུང་བ་ལ་སོགས་པས་རྒྱུད་བསྐུལ་ནས། སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་ཀྱི་དོན་སྒོམ་པ་དང༌། བསྔོ་བ་ལ་སོགས་པ་ཐབས་ལ་མཁས་པའི་ཁྱད་པར་ལ་སློབ་ཅིང༌། ཆོས་སྤྱོད་བཅུ་འམ་ཐོས་བསམ་སྒོམ་གསུམ་གྱིས་དུས་འདས་པས། རིང་ཞིག་ན་ཤིན་ཏུ་གོམས་ཤིང་བྱང་བས་འབད་རྩོལ་དང་དཀའ་བ་མེད་པར་ངང་གིས་འཇུག་པ་དང༌། དད་པ་དང་ཤེས་རབ་ཀྱི་སྟོབས་ཀྱིས་ཚེ་དེ་ལ་རྐྱེན་གང་བྱུང་ཡང༌། དཀོན་མཆོག་གསུམ་དང་ཐེག་ཆེན་ནམ་དུ་ཡང་མི་སྤོང་བར་གནས་པ་དང༌། བདེ་སྡུག་ཅི་བྱུང་བ་ཐམས་ཅད་མྱོང་ཙམ་ཉིད་ནས་ལས་ཀྱི་འབྲས་བུར་ཤེས་པ་དང༌། ནམ་དུ་ཡང་ཆོས་ལས་འདའ་བར་མི་དཔྱོད་པ་དེའི་ཚེ། ཞི་ལྷག་གི་ཏིང་ངེ་འཛིན་སྐྱེས་ཀྱང་རུང༌། མ་སྐྱེས་ཀྱང་རུང་སྟེ། ལམ་སྣ་ཟིན་པ་དང་ཚོགས་ཀྱི་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ། །
ཚོགས་ལམ།
དེ་ནས་ཡོན་ཏན་དེ་གོང་འཕེལ་དུ་སོང་ནས། ཚོགས་ཁྱད་པར་ཅན་བསགས་པ་ལས། དབང་བོ་རྣོ་བརྟུལ་གྱི་ཁྱད་པར་གྱིས་དུས་ལ་ངེས་པ་མེད་ཀྱང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་བའི་ཞི་གནས་དང་ལྷག་མཐོང་ངེས་པར་གྲུབ། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཆུང་ངུ་ཐོབ་པས། སངས་རྒྱས་མང་པོའི་ཞལ་མངོན་སུམ་དུ་མཐོང༌། གསུང་གི་སྣང་བ་ཡང་འབྱུང་སྟེ། ཆོས་ཀྱི་སྒོའི་ཏིང་ངེ་འཛིན་འདི་ནི། སྟོང་ཉིད་ལ་དམིགས་བའི་ལྷག་མཐོང་དང༌། སངས་རྒྱས་ལ་དད་པ་ཟུང་དུ་སྦྲེལ་བ་དེ། སས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཡིད་ལ་བྱེད་པའི་ཞི་གནས་ཀྱིས་མགོ་བསྡུས་པ་ལས་འབྱུང་ངོ༌། །འདི་ནི་འབད་རྩོལ་གྱིས་ཡིད་ལ་བྱེད་པ་བསྒྲུབས་པས་བྱུང་བ་ཡང་ཡོད། སྐྱེ་བ་ཤིན་ཏུ་མང་པོར་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་མཐུ་ལས། དུས་སྐབས་དེར་རང་གིས་སྐྱེ་བ་ཡང་ཡོད་དེ་ཚོགས་ཀྱི་ལམ་མཐར་ཕྱིན་པ་ཡིན་ནོ། །
སྦྱོར་ལམ།
དེ་ནས་ཆོས་ཐམས་ཅད་ལ་བདག་མེད་རྣམ་གཉིས་ཆ་མཉམ་དུ་སྒོམ་དགོས་པ་ཡིན་ཀྱང༌། སྟོང་ཉིད་ལ་གསལ་སྣང་སྐྱེ་ཚུལ་ནི་རིམ་ཅན་དུ་འབྱུང་སྟེ། ཀུན་བཏགས་ཐམས་ཅད་དང་ཁྱད་པར་གཟུང་བ་ཕྱི་རོལ་གྱི་དོན་རྣམས་གདོད་མ་ནས་མ་གྲུབ་པ་ལ་གསལ་སྣང་ཆུང་ངུ་སྐྱེས་བ་ན། སྦྱོར་ལམ་དྲོད་ཡིན་ལ། གསལ་སྣང་འབྲིང་དུ་སྐྱེས་པ་ན་སྦྱོར་ལམ་རྩེ་མོར་འགྱུར་ཞིང༌། སྐབས་འདིར་ཏིང་ངེ་འཛིན་གྱི་ལུས་གྲུབ་པ་དང༌། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོ་རིམ་ཅན་དུ་ཡིན་ཡང་མྱུར་བོར་བསྒྲོད་པར་ནུས་སོ། །དེ་ནས་དེ་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་པ་སྐྱེས་ཤིང༌། དེའི་སྟོབས་ཀྱིས་འཛིན་པ་བདེན་མེད་ལ་ཡང་གསལ་སྣང་འོལ་སྤྱི་སྐྱེས་པར་གྱུར་བ་དེའི་ཚེ་སྦྱོར་ལམ་བཟོད་པ་ཡིན་ནོ། །དེ་ནས་མཉམ་གཞག་ཏུ་གཟུང་འཛིན་གྱི་རྟོག་པ་མངོན་འགྱུར་བ་འགགས་ཤིང༌། འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཙམ་པོ་མཐར་སོན་བ་དང༌། རྗེས་ཐོབ་ཏུ་ཡང་སྣང་བ་སྒྱུ་མ་ལྟར་འཆར་ཏེ། སྐབས་འདིར་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་ཆེན་པོ་ཐོབ་པར་འགྱུར་བ་ནི་སྦྱོར་ལམ་ཆོས་མཆོག་གོ །ཏིང་ངེ་འཛིན་གྱི་ལུས་ཐོབ་པ་ཡན་ཆད་ནས། གཟུངས་དང་ཏིང་ངེ་འཛིན་དང་རྣམ་འཕྲུལ་མཐའ་ཡས་པ་དང༌། དབང་བོ་ཡང་རྣོན་པོ་ཁོ་ནའི་གནས་སྐབས་ཐོབ་ཅིང༌། ཐབས་ལ་མཁས་པའི་ཁྱད་པར་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །
མཐོང་ལམ།
དེ་ནས་དེའི་རྗེས་སུ་སྡར་ཡུན་རིང་པོར་ཚོགས་བསགས་པ་དང༌། དེ་ཁོ་ན་ཉིད་ལ་གོམས་བའི་འབྲས་བུ་ཅིག་ཆར་སྨིན་ནས། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་མངོན་སུམ་དུ་མཐོང་བ། རྗེས་ཐོབ་ཡོན་ཏན་དཔག་ཏུ་མེད་པ་དང་བཅས་པ་སྟན་ཐོག་གཅིག་ལ་འབྱུང་བར་འགྱུར་ཏེ། །མཉམ་གཞག་དང་རྗེས་ཐོབ་གཉིས་གར་གྱི་ཡོན་ཏན་སྔར་སྦྱོར་ལམ་ཆོས་མཆོག་ཆེན་པོའི་དུས་ཀྱི་ངེས་ཀྱང༌། བརྒྱ་སྟོང་གི་ཆ་ལ་སྐྲུན་པར་མི་ནུས་པ་འབྱུང་ལ། དེ་ལྟར་མཐོང་ལམ་དུ་ཆོས་ཉིད་ཀྱི་རང་བཞིན་ནི་མཐོང་ཞིང༌། སྤྲོས་པ་དང་བྲལ་བ་རྣམ་བཅད་ཀྱི་ཕྱོགས་ཀྱི་མཚན་ཉིད་མཐའ་དག་གསལ་བར་རྟོགས་ནས་སྒྲོ་འདོགས་ཆོད་པ་ཡིན་ཀྱང༌། ཡོངས་གཅོས་ཀྱི་ཕྱོགས་རྟག་ཅིང་བརྟན་པ་དང༌། རྣམ་པ་ཐམས་ཅད་པའི་མཚན་ཉིད་ནི། རང་སྟོབས་ཀྱིས་མཐའ་དག་རྟོགས་པ་མ་ཡིན་མོད། སངས་རྒྱས་ཀྱི་གསུང་ལ་བསྟེན་ནས་ནི་རྟོགས་སོ། །ལམ་དེ་རྒྱུད་ལ་སྐྱེས་པ་དང༌། འཁོར་བའི་ལུས་ངག་ཡིད་གསུམ་སྤངས་བ་དང༌། མཚན་དཔེ་རྗེས་མཐུན་ཅན་གྱི་ཡིད་ལུས་དངོས་གྲུབ་པ་དང༌། ཉན་རང་གི་སྤངས་རྟོགས་ཐམས་ཅད་རྫོགས་པ་དུས་མཉམ། ཕྱི་ནས་མཐོང་ལམ་དེའི་རྗེས་ཐོབ་ལ་ཡང་ཡུན་རིང་དུ་གནས་པ་སྲིད་དེ། དེ་དག་མཐོང་ལམ་ཉིད་དུ་གཏོགས་སོ། །བྱང་ཆུབ་སེམས་དཔའ་འཕགས་པ་ནི་ཐབས་ལ་མཁས་ཤིང་རྣམའཕྲུལ་ལ་མངའ་བརྙེས་བའི་ཕྱིར་སྐབས་གཞན་ནས་མཐོང་ལམ་ཉིད་ལ་ཡང་བསྐལ་བ་མང་པོར་གནས་པ་དང༌། ཆེ་འབྲིང་ཆུང་གསུམ་རེ་རེ་ཡང་གསུམ་གསུམ་དགུའི་དབྱེ་བ་བྱས་པ་སོགས་ཡོད་པའང་མི་འགལ་བར་མ་ཟད་ངོ་མཚར་ཆེན་པོའི་གཏམ་ཡིན༌ལ། ཐེག་དམན་གྱི་མཐོང་ལམ་ལ་ནི་དེ་འདྲ་མི་སྲིད་པར་གྲགས་པ་ལྟར་འཐད་དོ། །
སྒོམ་ལམ།
མཐོང་ལམ་རྗེས་ཐོབ་དང་བཅས་པས་ས་དང་པོའི་ཕྱེད་འཁྱེར་ཞིང༌། ས་དང་པོའི་ཕྱེད་ཕྱི་མ་ནི་སྒོམ་ལམ་ཡིན་ནོ། །ས་གཉིས་པ་ནས་བཅུ་པའི་བར་དུ་ཡང་སྒོམ་ལམ་ཡིན་པ་ལས། དེ་དག་གི་སྤངས་པ་དང༌། རྟོགས་པ་དང༌། ཡོན་ཏན་གྱི་ཁྱད་པར་དང༌། འཕྲིན་ལས་ཇི་ལྟར་སྤྱོད་པའི་ཚུལ་སོགས་རྣམ་གཞག་མཐའ་ཡས་ལ། དེ་དག་འཕགས་པ་ས་བཅུ་པ་ལས་རྒྱས་པར་བསྟན་པ་དང༌། འཕགས་པ་དཀོན་མཆོག་བརྩེགས་པའི་ནང་གི་བློ་གྲོས་མི་ཟད་པས་ཞུས་པ་དང༌། གཞན་ཡང་མདོ་སྡེ་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ། མདོ་སྡེ་རྒྱ་ཆེན་བོ་དག་ལས་ཤེས་པར་བྱ་དགོས་སོ། །དེ་ལྟར་མི་ནུས་ན་མདོ་སྡེ་གང་ཡང་རུང་བ་གཅིག་ལ་དམིགས་གཏད་དུ་བྱས་ནས། ཞིབ་བཤད་རྣམས་རྗེ་བཙུན་གྱི་རྒྱན་དང་དབུས་མཐའ་རྣམ་འབྱེད་སོགས་ལས་བླངས་བར་བྱ་ལ། གཞན་དབུ་མ་འཇུག་པར་གྲགས་པ་ལས་བསྟན་པ་སོགས་ནི། ལྷག་ཆད་ནོར་གསུམ་དང་བཅས་པའི་ཕྱིར་ཡིད་བརྟོན་པར་མི་འོས་པའང་སྣང་ངོ༌། །
ས་བཅུའི་ངོ་བོ་ཟུར་ཙམ་སྨོས་པ།
འདིར་ས་བཅུའི་ངོ་བོ་ཟུར་ཙམ་སྨོས་ན། རྒྱལ་ཚབ་ཆེན་པོས་གསུངས་པ། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་དག །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་གཞག །ཆོས་ལ་དེ་སྤངས་རྒྱུད་དང་ཀུན་ཉོན་མོངས།། རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྦྱོང་བ་སེམས་ཅན་སྨིན་བྱེད་པ། །མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང༌། །ངེས་པར་བསྟན་ལ་མཁས་པ་དབང་བསྐུར་ཡིན། །ཅེས་གསུངས་པ་ལྟ་བུ་སྟེ།
ས་དང་པོ།
ས་དང་པོ་རབ་ཏུ་དགའ་བ་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་ལྟ་བ་རྣམ་པར་དག་པ་དང༌། རྣམ་པར་མི་རྟོག་བའི་ཡེ་ཤེས་ཡང་དག་པར་ཐོབ་པའོ། །སྤྱིར་ས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ལ་ཡོངས་སུ་སྦྱོར་བ་ཡིན་ཀྱང༌། འདིར་སྦྱིན་པ་ལ་གཙོ་བོར་སྤྱོད་པའོ། །
ས་གཉིས་པ།
ས་གཉིས་པ་ལ་ནི། ལུས་ངག་གི་ལྟ་ཅི་སྨོས། སེམས་ཀྱི་ཉེས་ལྟུང་ཕྲ་མོ་ཙམ་ཡང་ཀུན་ཏུ་སྤྱོད་པ་མེད་ཅིང༌། ཉེས་ལྟུང་མེད་པ་དེ་ལ་ངང་གིས་འཇུག་པ་ཡིན་གྱི་བསྒྲིམ་མི་དགོས་པའི་ཕྱིར་ཚུལ་འཁྲིམས་ཤིན་ཏུ་རྣམ་པར་དག་པ་སྟེ་དེའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །
ས་གསུམ་པ།
ས་གསུམ་པ་ནི། སྤྱིར་བསམ་གཏན་གཟུགས་མེད་སོགས་འཇིག་རྟེན་པའི་ཏིང་ངེ་འཛིན་ཐུན་མོང་པ་རྣམས་ནི། སྔ་རོལ་ནས་ཐོབ་ཟིན་མོད་ཀྱི། འདིར་ནི་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་ཐུན་མོང་གི་སྤྱོད་ཡུལ་ཡིན་ཡང་གཞན་མུ་སྟེགས་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་གི་སྤྱོད་ཡུལ་ཏུ་མ་གྱུར་པ། བསམ་གཏན་གཟུགས་མེད་སོགས་དང་རིགས་མཐུན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་རིགས་ཅན་དཔག་ཏུ་མེད་པ་བསྒྲུབས་ཤིང་མཉམ་པར་འཇོག་པའི་དོན་ཏེ། འདིར་ལུང་གི་ཆོས་ལ་ཡིད་ཆེས་པའི་དད་པ་བླ་ལྷག་ཏུ་འཕེལ་ཞིང༌། འོན་ཀྱང་ཆོས་ལ་སྲེད་པ་ཅུང་ཟད་མ་ལོག་པར་ཡོད་དོ། །
ས་བཞི་པ།
ས་བཞི་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པའི། བྱང་ཕྱོགས་སོ་བདུན་གྱི་ཁྱད་པར་མི་འདྲ་བ་མཐའ་ཡས་པ་ཐོབ་པ་དང༌། བརྗོད་བྱ་རྗོད་བྱེད་ཀྱི་ཆོས་ལ་ཐ་དད་པའི་ང་རྒྱལ་སྤངས་ཤིང༌། གཅིག་ཏུ་མངོན་པར་ཞེན་པ་ནི་སྔ་ནས་ཀྱང་མེད་མོད། འདིར་བརྡ་ཙམ་དུ་རྟོགས་པའི་ཕྱིར་ལུང་གི་ཆོས་ལ་སྲེད་པ་ནི་རྩ་བ་ནས་ལོག་ཀྱང༌། དད་པ་འགྲིབས་པ་ནི་མ་ཡིན་ཏེ་འཕེལ་བའོ། །
ས་ལྔ་པ།
ས་ལྔ་པ་ནི། བདེན་བཞིའི་དོན་ཉན་ཐོས་རང་རྒྱལ་རྣམས་ཀྱིས་མིང་ཙམ་དང༌། ཕྱོགས་ཙམ་ཡང་མ་རྟོགས་པའི་དོན་གྱི་རྣམ་པའི་རབ་དབྱེ་དང༌། འཇུག་ལྡོག་གི་དེ་ཁོ་ན་ཉིད་མཐའ་ཡས་པ་རྟོགས་པའི་ཕྱིར། དེའི་གྲུབ་དོན་དུ་སྐྱེ་བ་མེད་པ་མཉམ་པ་ཉིད་ལ་སོགས་པ་བཅུས་མཉམ་ཉིད་ཀྱི་ཚུལ་གྱིས་རང་གཞན་སྣོད་བཅུད་ཐམས་ཅད་རྒྱུད་ཐ་དད་པར་འཛིན་པ་ལོག་སྟེ། རྒྱུད་ལ་ང་རྒྱལ་སྤངས་པ་ཡིན་ནོ། །
ས་དྲུག་པ།
ས་དྲུག་པ་ལ་ནི། རང་རྒྱལ་མན་ཆད་དང་ཐུན་མོང་མ་ཡིན་པའི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་དང༌། དོན་དམ་པའི་དེ་བཞིན་ཉིད་ཀྱི་རྟེན་འབྲེལ་འཇུག་ལྡོག་གི་རིམ་པ་དང༌། དེའི་གནས་ལུགས་ལ་ཤིན་ཏུ་གོམས་པར་བྱས་པས། ཀུན་ནས་ཉོན་མོངས་དང་རྣམ་བྱང་ཐ་དད་དུ་བལྟ་བའི་ང་རྒྱལ་སྤངས་པ་སྟེ། ཀུན་བྱང་སྟོང་པར་རྟོགས་ཚུལ་སྔར་བས་ཀྱང་ཆེས་ལྷགཔའི་ཁྱད་པར་ཐོབ་པ་ཡིན་ནོ།།
ས་བདུན་པ།
ས་བདུན་པ་ལ་ནི། སྒྲིམ་པའི་རྩོལ་བ་ཡོད་ཀྱང༌། དེ་ལས་གཞན་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རྟག་ཏུ་གནས་པའི་མཐུས། སྐད་ཅིག་སྐད་ཅིག་ལ་བྱང་ཕྱོགས་སོ་བདུན་ལ་སོགས་པ། ཆོས་ཀྱི་སྒོ་མཐའ་ཡས་པ་ཅིག་ཆར་རྒྱུད་ལ་བསྐྱེད་པའི་མཐུ་ཐོབ་པ་ཡིན་ཏེ། ས་སྔ་མ་དྲུག་རྒྱུ་དང་འདི་འབྲས་བུར་འཇོག་བའི་རྣམ་གཞག་ཀྱང་བྱུང་བ། ས་བདུན་པོ་རང་ལས་ནང་ཚན་དུ་ཕྱེ་ན་ལམ་དང་འབྲས་བུའི་ཚུལ་དུ་གནས་པའང་ཡིན་ནོ། །ས་དང་པོ་དྲུག་ལ་ནི། མཚན་མའི་རྣམ་པར་རྟོག་པ་མི་འདོད་ཀྱང་འབྱུང་བའི་སྐབས་ཡོད་ལ། ས་འདིར་ནི་དེ་ལྟ་བུ་འབྱུང་བ་མེད་པས་འདོད་པས་བསྐྱེད་ན་མ་གཏོགས་མཚན་མ་མེད་པ་ཉིད་ལ་གནས་ནུས་པ་ཡིན་ནོ།།
ས་བརྒྱད་པ།
ས་བརྒྱད་པ་ལ་ནི། འབད་རྩོལ་མེད་པར་མཚན་མ་མེད་པ་ལྷུན་གྱིས་གྲུབ་པར་གནས་ཏེ། དེའི་རྒྱུ་མཚན་གྱིས་རྟོགས་པ་དང་ཡེ་ཤེས་རྒྱུན་ཆད་པ་མེད་པའི་ཕྱིར། ཕྱིར་མི་ལྡོག་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པ་ཡིན་ནོ། །འདི་ལ་འབད་རྩོལ་མེད་པའི་ཕྱིར་བཏང་སྙོམས་ཞེས་གསུངས་ཤིིང༌། ཀུན་གཞི་རིགས་མཐུན་པ་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཅིག་ཆར་ལུས་སྟོན་ནུས་པས། ཞིང་སྦྱོང་བ་ལ་རང་དབང་ཐོབ་པ་ཡིན་ནོ། །
ས་དགུ་པ།
ས་དགུ་པ་ལ་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། སེམས་ཅན་མཐའ་ཡས་པའི་བསམ་པ་དང་མཚུངས་པར་ཆོས་སྟོན་པ་ལ་སོགས་པ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་དབང་ཐོབ་པའང་ཡིན་ནོ། །
ས་བཅུ་པ།
ས་བཅུ་པ་ལ་ནི། མངོན་པར་ཤེས་པ་ལ་སོགས་པའི་མཐུ་ཕུལ་དུ་བྱུང་པ་དང༌། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཚད་མེད་པ་ཐོབ་པའི་ཕྱིར། ཆོས་ཀྱི་ལུས་ཡོངས་སུ་རྫོགས་པ་དང༌། དགའ་ལྡན་དུ་སྐྱེ་བ་སྟོན་པ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པ་སྟོན་པ་ལ་དབང་ཐོབ་པ་ཡིན་ནོ། །ས་འདི་དང་པོར་ཐོབ་ནས་མི་རིང་བ་ན། འོད་ཟེར་ཆེན་པོའི་མངོན་པར་དབང་བསྐུར་བ་འབྱུང་ཞིང༌། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྟོགས་པ་དང་བདེ་བར་གཤེགས་པའི་སྙིང་པོའི་མཚན་ཉིད་རང་སྟོབས་ཀྱིས་མངོན་སུམ་དུ་མཐོང་བ་དང༌། སངས་རྒྱས་ཀུན་གྱི་འཕྲིན་ལས་དང་ལྷན་ཅིག་སྦྱོང་པ་ཡིན་ནོ། །ས་དང་བོ་ཐོབ་པ་ནས་བརྩམས་ཏེ། མ་དག་པའི་ལུས་ནི་གནས་གྱུར། ཡིད་ཀྱི་རང་བཞིན་གྱི་ལུས་དང༌། རང་སྣང་གི་ཞིང་ཁམས་ཕུན་སུམ་ཚོགས་པ་འགྲུབ་ལ། ས་བདུན་པ་རྫོགས་མཚམས་ནས་བཟུང་སྟེ། མཚན་དཔེ་ཕུན་སུམ་ཚོགས་པས་བརྒྱན་པའི་ལུས་མཆོག་དང༌། འོག་མིན་སྡུག་པོ་བཀོད་པའི་ཞིང་ཁམས་རྗེས་མཐུན་པར་སྤྱོད་པ་ཡིན་ཅིང༌། ས་བཅུ་པར་ནི། སྡུག་པོ་བཀོད་པའི་ཞིང་དངོས་ལ་བསྒྲོད་པར་འགྱུར་ལ། ས་བཅུའི་མཐར་འོག་མིན་གྱི་ཞིང་དེ་ཉིད་དུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒྲུབས་ཏེ། ལོངས་སྐུའི་རྟེན་ལ་མངོན་པར་རྫོགས་པར་སངས་རྒྱས་བར་འགྱུར་པས། དེ་ལྟར་ས་བཅུ་པོའི་སྐབས་དེ་དག་ཏུ་ཁམས་གསུམ་དུ་སྐྱེ་པ་སྟོན་པ་སོགས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་འགྲོ་དོན་སྤྱོད་ཚུལ་དེ་དག་ནི། རྣམ་པར་འཕྲུལ་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །འོག་མིན་དུ་སངས་རྒྱས་པའི་རྗེས་སུ། དགོས་པ་སོ་སོའི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཤས་ཆེ་བར་འགྱུར་ལ། །ས་བཅུའི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་རྣམ་འཕྲུལ་ལས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྟོན་པའངཡོད་ཅིང་། ཡང་རྣམ་པ་གཅིག་ཏུ་ན། འོག་མིན་དུ་ས་བཅུ་པ་པ་ཉིད་སྤྱད་པ་སྤྱོད་ཅིང༌། །དེའི་རྣམ་འཕྲུལ་ལ་དགའ་ལྡན་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་བར་དུ་ཡང་འབྱུང་ལ། འོག་མིན་དུ་ནམ་ཞིག་སངས་རྒྱས་ཐོབ་པ་ནས་བཟུང་སྟེ། འདིར་ཡང་བྱང་ཆུབ་ཐོབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཛད་པ་སྟོན་པའང་ཡོད་དོ། །
འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ།
འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་ནི། ཆོས་ཀྱི་སྐུ་སྤྲོས་བྲལ་གྱི་ཡེ་ཤེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་ཅིང༌། མ་དག་པའི་སྣང་བ་མི་འཆར་ཡང་དེའི་མཚན་ཉིད་མཁྱེན་པ་དང༌། རང་གི་ངོ་བོ་མཁའ་མཉམ་རྣམ་པར་མི་རྟོག་པ་ཡེ་ཤེས་ཉག་གཅིག་ཡིན་ནོ། །ལོངས་སྤྱོད་རྫོགས་སྐུ་དངོས་ནི། གོང་དུ་བཤད་པའི་ཆོས་སྐུ་དེ་ཉིད། སངས་རྒྱས་རང་སྣང་ལ་སྐུ་མཚན་དཔེ་ཅན་རྣམ་པ་ཐམས་ཅད་པ་དང༌། གསུང་བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་དང༌། འཁོར་དང་ཞིང་དང་མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་པར་འཆར་བའོ། །ཡང་དམིགས་པའི་ཡུལ་དེ་ཁོ་ན་རང་ལ་དམིགས་པ་ཡིན་ཀྱང༌། དེའི་གནས་ཚུལ་ལས་གཞན་དུ་སྣང་བ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་གནས་དང་འཁོར་དང་བཅས་པར་སྣང་པ་འདི་ཡང་ལོངས་སྐུར་བསྡུ་སྟེ། སྣང་ཚུལ་གྱི་དབང་དུ་བྱས་པའོ། །ལོངས་སྐུ་གཉིས་པོ་དེ་ལ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་སྣང་ཆའི་ཚུལ་དུ་སྤྲུལ་སྐུའི་གཟུགས་དང་ཞིང་དང་འཁོར་དང་མཛད་པ་ཐམས་ཅད། ཅིག་ཆར་རྟག་ཏུ་འཆར་བ་ཞིག་ཡོད་པ་ལས། སངས་རྒྱས་རང་སྣང་གི་དོན་གནས་ཚུལ་གྱི་སྤྲུལ་སྐུ་དངོས་ཡིན་ཅིང༌། ས་བཅུའི་སེམས་དཔའ་ལ་སྣང་བ་དེ་དངོས་མ་ཡིན་ཀྱང་ཕྱོགས་མཐུན་དུ་བསྡུ་ལ། དེ་དག་ནི་སྤྲུལ་བའི་སྐུ་ཡིན་གྱི་སྤྲུལ་པ་མ་ཡིན་ནོ། །དེ་དག་གི་གཟུགས་བརྙན་གྱི་ཚུལ་དུ་སྤྲུལ་པ་བྱུང་པ་ནི། གནས་གཙང་མའི་སྟེང་གི་ནམ་མཁའ་ལ་གནས་གཙང་མ་ཆེན་པོ་འོག་མིན་གཉིས་པ་དབང་ཕྱུག་ཆེན་པོའི་གནས་སུ། འོད་ལུས་རྫུས་ཏེ་སྐྱེས་པའི་ཚུལ་དུ་སངས་རྒྱས་སྤྲུལ་པའི་སྐུ་འབྱུང་སྟེ། འཛམ་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་སྤྲུལ་བའི་སྐུས་མཛད་པ་ཇི་ཙམ་སྟོན་པ་ཐམས་ཅད་དེས་ཀྱང་གནས་དེར་གཟུགས་བརྙན་གྱི་ཚུལ་དུ་སྟོན་པར་མཛད་དོ། །འདི་ནི་མཆོག་གི་སྤྲུལ་སྐུ་ཆེན་པོའོ། །ནམ་མཁར་ཟླ་བ་གཅིག་ཤར་བ་ན་ཆུ་ཀླུང་བྱེ་བ་ཕྲག་བརྒྱར་གཟུགས་བརྙན་རེ་རེ་འཆར་བ་བཞིན་དུ། །ས་མཛད་པ་བསྟན་པའི་གཟུགས་བརྙན་འཛམ་གླིང་བྱེ་ཕྲག་བརྒྱར་སྤྲུལ་བའི་སྐུ་འབྱུང་པ་ནི། སྤྲུལ་སྐུ་ཆུང་ངུ་ཡིན་ཏེ་འདི་གཉིས་ནི་སྤྲུལ་པ་ནི་དངོས་ཏེ་སྐུ་ནི་སྣང་ཚུལ་གྱི་དབང་དུ་བྱས་པའོ། །འཕྲིན་ལས་ནི་དེ་ལྟར་སྐུ་གསུམ་པོ་དངོས་དང་བཏགས་པ་དེ་དག་གིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བ་དང༌། འགྲོ་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་རྣམས་ལ་འགོད་པར་མཛད་པ་རྣམས་ཡིན་ཏེ། སོ་སོའི་སྐལ་བ་དང་འཚམ་པར་སྦྱོར་པའོ། །ཞེས་རྟོགས་པར་བྱའོ། །དེ་ལྟར་གོང་འོག་ཏུ་གཞི་ལམ་འབྲས་བུའི་སྤྱི་དོན་ཅུང་ཟད་བརྗོད་པ་འདི་རྣམས་ནི་གཞུང་ཆེན་པོ་དག་ཤེས་ཟིན་པ་དང༌། ད་ལྟ་མི་ཤེས་རུང་འཕྲལ་དུ་སློབ་པར་འགྱུར་བ་དག་ལ་ངེས་པར་བཤད་དགོས་པ་མ་ཡིན་ཀྱང༌། གཞུང་རྒྱ་ཆེན་པོ་སློབ་པར་མི་ནུས་ཤིང༌། ཆོས་ཀྱི་དོན་རགས་པ་གོ་བར་འདོད་ན་ཕྱོགས་འདིའི་རབ་ཏུ་བྱུང་བ་འམ། དགེ་བརྙེན་ནམ་ཀུན་སྤངས་ཀྱི་སྤྱོད་པ་ཅན་ཐམས་ཅད་ཀྱིས་ཐུན་མོང་དུ་འདོན་པ། ཐ་ན་བག་མེད་པའི་ཁྱིམ་བཙུན་དང་གྲོང་མི་ཕལ་བ་ལ་ཡང་གྲགས་པའི་མདོ་སྡེ་ཚིག་ཤིན་ཏུ་ཉུང་ངུ་འདི་དག་ལ་བརྟེན་ནས། ཆོས་ཀྱི་ཚུལ་གོ་བར་གྱུར་ན་ལེགས་པར་མཐོང་སྟེ། ཕྱོགས་ཙམ་སྨོས་པ་ཡིན་ལ། ཚིག་གསལ་བོར་བརྗོད་མོད་ཀྱང༌། དོན་དབྱིངས་ཆེ་བས་སྔར་གཞུང་ལུགས་མི་ཤེས་པ་དག་གིས། དཔེ་ཀློག་པ་ཙམ་གྱིས་ནི་གོ་བ་དཀའ་ཡང༌། འདིར་ཇི་སྐད་བསྟན་པའི་དོན་རྣམས་ཤེས་པའི་སློབ་དཔོན་གྱིས་ཡང་ནས་ཡང་དུ་འཛུབ་ཁྲིད་དུ་བྱས་ཤིང་ནན་ཏན་དུ་དཔྱད་ན་རྟོགས་པར་འགྱུར་རོ། །
༥༽ཕན་ཡོན་དང་བཅས་པའི་གཟུང་སྔགས་བསྟན་པ།
ལྔ་བ་ཕན་ཡོན་དང་བཅས་པའི་གཟུང་སྔགས་བསྟན་པ་ནི། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཅེས་པ་ལ་སོགས་པ་སྟེ་གོང་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེའི་རྒྱུ་མཐུན་པའི་རིག་སྔགས་ཡིན་ཞེས་པའོ། །རིག་པ་ཆེན་པོ་ནི། འདོད་པའི་དོན་ཐམས་ཅད་འགྲུབ་པར་བྱེད་པའི་དོན་ཏེ། དཀའ་བ་མེད་པར་དགོས་དོན་འགྲུབ་པའི་ཐབས་ལ་རིག་པ་ཞེས་གྲགས་སོ། །བླ་ན་མེད་པ་ནི། ཆོས་ཀྱི་སྐུ་རིག་སྔགས་ཀྱི་རྣམ་པ་ཅན་དེའི་འོད་ལྟ་བུར་འཇིག་རྟེན་དུ་རིག་སྔགས་བྱུང་བ་ཡིན་པས། རིག་སྔགས་འདི་ཡང་འཇིག་རྟེན་ལས་འདས་པ་ངོ་བོ་ཤིན་ཏུ་བཟང་པ་འདི་ལས་གོང་ན་གཞན་མེད་པའོ། །མི་མཉམ་པ་དང་མཉམ་པ་ནི། འདི་ལས་གོང་ན་ལྷག་པ་ལྟ་ཞོག་འདྲ་བ་ཡང་མེད་ཅེས་པ་སྟེ། དཔེས་མཚོན་དུ་མེད་པའོ། །ཡང་ན་མི་མཉམ་པ་དང་མཉམ་པ་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་བྱེད་པའི་དོན་ཡང་ཡིན་ནོ། །ཡང་གཞན་དོན་གྱི་དབང་དུ་བྱས་ནས་སེམས་ཅན་གྱི་སྡུག་བསླལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དོན་ནོ། །ཆོས་སྐུ་མི་བརྫུན་ཅིང་བདེན་པར་གྲུབ་པ་དེའི་རྒྱུ་མཐུན་པ་ཡིན་པའི་ཕྱིར། རིག་སྔགས་འཇིག་རྟེན་དུ་བྱུང་བ་འདི་ཡང༌། ལོག་པའམ། བརྫུན་པའམ། བསླུ་བ་མ་ཡིན་པར། རང་གཞན་གྱི་དོན་མཐའ་དག་སྒྲུབ་པ་ལ་བདེན་ཅིང་ངེས་ལ། ཡིད་ཆེས་པར་བྱེད་པའོ། །དེ་ལྟ་བུར་ཤེས་པར་བྱ་སྟེ་ཞེས་སྔགས་ཀྱི་ཕན་ཡོན་ཡིད་ལ་བྱེད་དགོས་པར་བསྟན་ནས། ཕན་ཡོན་དེ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིག་སྔགས་འཕགས་པ་སྤྱན་རས་གཟིགས་ཀྱིས་སྨྲས་པ་སྟེ་བཤད་པ་ནི། ཏདྱ་ཐཱ་ནི། འདི་ལྟ་སྟེ། ག་ཏེ་ག་ཏེ་ནི་གཤེགས་པ་གཤེགས་པ་ཅེས་པ་ལ་གཤེགས་པའི་དོན་རྟོགས་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་རབ་ཏུ་རྟོགས་པའོ། །པ་ར་ནི་མཆོག་ཏེ་གོང་བཞིན་ཡིན་པས། མཆོག་ཏུ་རྟོགས་པ་མཐར་ཐུག་གི་གནས་ལུགས་རྟོགས་པའམ། ཆོས་ཐམས་ཅད་ཀྱི་གནས་ཚུལ་དུ་སོང་ཞིང་གཤེགས་པའོ། །པ་ར་སང་ག་ཏེ་ནི་མཆོག་ཏུ་ཡང་དག་པར་གཤེགས་པ་སྟེ། ཇི་སྙེད་པའི་ཆོས་ཐམས་ཅད་ལ་ཡེ་ཤེས་ཡང་དག་པར་སོང་ཞིང་རྟོགས་པ་དེ་ཡང་ཇི་ལྟ་བ་ལས་གཡོ་བར་མི་བྱེད་བས་ན་མཆོག་གོ །བོ་དྷི་ནི་བྱང་ཆུབ་སྟེ་ཆོས་དབྱིངས་དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སྭཱ་ཧཱ་ནི་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་གཞི་ཚུགས་ཤིག་པར་བསྒྱུར་ཏེ། རིག་སྔགས་དེ་འགྲུབ་པར་སྨོན་པ་ཡིན་ལ། སྤྱིར་འདི་ལ་དོན་ཤིན་ཏུ་མང་བ་ཞིག་བཤད་དུ་ཡོད་དེ། སྔགས་བསྒྱུར་བའི་དོན་ནི་དེ་ཙམ་ཡིན་ལ། རིགས་སྔགས་ཀྱི་ཡི་གེའི་འབྲི་རེ་རེའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས། ཚུར་རོལ་མཐོང་བ་བདག་ལྟ་བུས་བཤད་པར་ག་ལ་ནུས། དཔེ་ཁ་ཅིག་ལས། སྔགས་སྨྲས་པ་ཞེས་མི་འདོན་པར་སྔགས་རིག་པའོ་ཅེས་འབྱུང་བ་ནི། ཨུ་ཀ་ད་དང་ཡུ་ག་ཏའི་སྒྲའི་ཁྱད་པར་གྱིས་ཡིན་ལ། དྲི་མེད་བཤེས་གཉེན་གྱི་འགྲེལ་བའི་ལུགས་ལ་ནི། གཟུངས་སྔགས་མེད་ཅིང༌། སྔགས་སུ་བསྟན་པའི་ཕན་ཡོན་རྣམས། མདོ་ཚིག་གོང་མ་རྣམས་ཀྱི་ཆེ་བ་བསྟན་པར་འཆད་དེ། འོན་ཀྱང་འདི་ནི་གླེགས་བམ་མ་དག་པའི་སྐྱོན་ཡིན་པས་དཀྱུས་སུ་བཤད་པ་ཉིད་ལེགས་ལ། ཡང་ཁ་ཅིག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་འདི་སྔགས་ཀྱི་ཐེག་པར་སྟོན་པའི་ཕྱིར་ཡིན་ཞེས་སྨྲ་བ་ནི་འབྲེལ་མེད་ཅལ་ཅོལ་ཙམ་མོ། །
༦༽དོན་བསྡུའི་ཕྱིར་ཤེར་ཕྱིན་སློབ་པར་གདམས་པ།
དྲུག་པ་དོན་བསྡུའི་ཕྱིར་དུ་ཤེར་ཕྱིན་ལ་སློབ་པར་གདམས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སོགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མཚན་ཉིད་བརྒྱད་དང་ལྡན་པ་དེ་ལ་མཁས་པའི་ཐབས་དྲུག་ལ་སོགས་པ་ཐབས་ཚུལ་དེ་ལྟ་བུའི་སྒོ་ནས་བསླབ་པར་བྱའོ། །
༼༢༽མཐུན་འགྱུར་གྱི་སྒོ་ནས་ཐེ་ཚོམ་བསལ་བ།
གཉིས་པ་རྒྱལ་བས་མཐུན་འགྱུར་གྱི་སྒོ་ནས་ཐེ་ཚོམ་བསལ་བ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱིས་མདོ་འདིའི་རྒྱས་བཤད་ཟིན་པའི་དུས་དེ་ལ། བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་དེ་ལས་བཞེངས་བའི་ཚུལ་བསྟན་ཅིང༌། གདུལ་བྱ་རྣམས་ཀྱི་དེ་ལྟར་ཤེས་པར་བྱིན་གྱིས་བརླབས་ནས། འཕགས་པ་སྤྱན་རས་གཟིགས་ལ་ལེགས་སོ་སྩལ་བ་སྟེ། ལེགས་སོ་བྱིན་ནས་ཞེས་བྱ་བ་ནི། མདོར་བསྟན་ཡིན་ལ། ལེགས་སོ་ལེགས་སོ་ནས་ཡི་རང་ངོའི་བར་རྒྱས་བཤད་དོ། །དེས་ན་ལེགས་སོ་ཞེས་བྱ་བ་བྱིན་ནས། ཇི་ལྟར་ལེགས་སོ་སྩལ་ཞེ་ན། ལེགས་སོ་ལེགས་སོ་ཞེས་སོགས་ཡིན་པས། ནས་ཞེས་པ་གོ་རིམ་སྔ་ཕྱི་སྟོན་པའི་ཚིག་མ་ཡིན་ནོ། །དེ་ཡང་འཁོར་རྣམས་ཀྱི་རྣམ་པར་རྟོག་པ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་བསྟན་པ་འདི་ཡང་ཟབ་ཅིང་རྒྱ་ཆེ་བ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་དངོས་སུ་གསུངས་ན་ནི། འདི་བས་ཀྱང་ཆེས་ལྷག་པ་ཞིག་ཡོད་དོ་སྙམ་ན། རྒྱལ་བའི་སྲས་ཀྱིས་བསྟན་པ་ལ་མ་གུས་པ་ཟློག་པའི་ཕྱིར་རོ། །ལེགས་སོ་གཉིས་སྨོས་པ་ནི། །ངོ་མཚར་བ་དང་རྩོད་པ་དང༌། །ཁྲོ་དང་ཞུམ་དང་ངེས་བཟུང་དང༌། །དགའ་དང་དད་པ་དག་ལ་ནི། །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན། །ཅེས་པ་ལྟར་རོ། །རིགས་ཀྱི་བུ་ཞེས་སྟོན་པ་ཉིད་ཀྱིས་སྤྱན་རས་གཟིགས་ལ་བོས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཚུལ་ནི་དེ་ཁོ་ན་བཞིན་ཡིན་གྱི་གཞན་མ་ཡིན་པས། འཁོར་རྣམས་ཀྱིས་ཀྱང་སྤྱན་རས་གཟིགས་ཀྱིས་བསྟན་པ་བཞིན་དུ་བསློབས་ཤིག སྤྱན་རས་གཟིགས་ཀྱིས་ཆོས་བསྟན་པ་འདི་ལ། དེང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ང་ཉིད་རྗེས་སུ་ཡིད་རང་བར་མ་ཟད་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དགྱེས་པས་རྗེས་སུ་ཡིད་རང་ངོ༌། །
རྩ་བའི་གསུམ་པ། ཡི་རང་མངོན་པར་བསྟོད་པ།
རྩ་བའི་གསུམ་པ་མཐར་འཁོར་རྣམས་ཀྱིས་ཡི་རང་མངོན་པར་བསྟོད་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སོགས་ཏེ། སངས་རྒྱས་ཀྱིས་མཐུན་འགྱུར་མཛད་པའི་རྐྱེན་གྱིས། ཤཱ་རིའི་བུ་ནི་བདག་གིས་དྲིས་པ་དོན་དང་ལྡན་ནོ་ཞེས་དང༌། སྤྱན་རས་གཟིགས་ཀྱང་བདག་གིས་བཤད་པ་ཡང་ལེགས་པར་བཤད་དོ་སྙམ་པ་དང༌། འཁོར་གཞན་རྣམས་ནི་དེ་བཞིན་གཤེགས་པས་དེ་ལྟར་གསུངས་པ་ལ། དགའ་ཞིང་ཡིད་ཆེས་པས་དེའི་རྒྱུ་མཚན་གྱིས་སྤྱན་རས་གཟིགས་ཀྱིས་ཡང་དག་པར་བཤད་པ་དེ་ལ་ཤིན་ཏུ་ཡི་རང་པས་མངོན་བར་ཡིད་བརྟོན་ཅིང་གློ་གཏོད་པར་བྱེད་པའི་དོན་ནོ། །ལྷ་ནི་ནམ་མཁའ་ལ་སྤྱོད་པ་དང༌། མི་ནི་ས་སྟེང་ན་སྤྱོད་པ་དང༌། ལྷ་མ་ཡིན་ནི་ས་འོག་ན་སྤྱོད་པ་དང་དྲི་ཟ་ནི་དེ་གསུམ་ཆར་དུ་སྤྱོད་པ་སྟེ། མགོ་ཙམ་སྨོས་པས་ཐམས་ཅད་གོ་བའི་ཕྱིར་རོ། །ཐམས་ཅད་དང་ལྡན་པ་ཅེས་པ་ལ། རིགས་ཐམས་ཅད་དང་ལྡན་པ་དང༌། ཁ་དོག་སྣ་ཚོགས་པ་དང༌། དབྱིབས་སྣ་ཚོགས་བ་དང༌། ལོངས་སྤྱོད་སྣ་ཚོགས་པ་དང༌། ཡུལ་སྣ་ཚོགས་པ་ལ་སོགས་པ་འཁོར་གྱི་དཀྱིལ་འཁོར་དེ་ན་ཐམས་ཅད་འདུས་བའི་ཚུལ་དུ་ཡོད་ཅེས་སྤྱིར་བསྟན་ནས་ལྷ་ལ་སོགས་པ་ཁྱད་པར་ཏུ་སྨོས་པའོ། །དེ་ཙམ་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཤུ་ལྔ་པ་ཤེས་རབ་སྙིང་བོར་གྲགས་པའི་མདོ་འདི་ཉིད་ཀྱི་དངོས་བསྟན་གྱི་དོན་རྣམས་ཕུལ་དུ་ཕྱིན་པར་བཤད་ཟིན་ཏོ། །
དྲི་མེད་བཤེས་གཉེན་གྱི་འགྲེལ་བར་ལྟ་བ།
མདོ་འདི་ལ་རྒྱ་གར་གྱི་འགྲེལ་པར་གྲགས་པ་འགའ་རེ་ཡོད་པ་ལས། རྒྱ་སྐད་དུ། བི་མ་ལ་མི་དྲ། བོད་སྐད་དུ་དྲི་མེད་བཤེས་གཉེན་ཞེས་བྱ་བ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་བྱོན་པ་དེས་མཛད་བའི་རྒྱ་ཆེར་འགྲེལ་པར་གྲགས་པ་འདི་བཟང་ཤོས་སུ་སྣང་ལ། ཕྱོགས་འདིར་བྱོན་པ་ཆེན་པོ་སྔོན་རབས་པ་ཐམས་ཅད་ཀྱིས་ཀྱང༌། འགྲེལ་པ་འདིའི་སྒོ་ནས་འཆད་ཉན་གྱིས་གཏན་ལ་འབེབས་པར་མཛད་དོ། །འདིར་ཚངས་པའི་འབྱུང་གནས་གཙུག་ལག་ཁང་གནས་པའི། །དགེ་སློང་དགེ་འདུན་རྣམས་ཀྱི་ཞལ་ངོར་ནི། །ཤེས་རབ་ཕ་རོལ་ཕྱིན་པའི་སྙིང་བོ་ཡི། །རྒྱ་ཆེར་བཤད་པ་དྲི་མ་མེད་པས་བྱས། །ཞེས་འབྱུང་སྟེ། ཆོས་འཁོར་བསམ་ཡས་ལ་སོགས་པའི་དགེ་འདུན་རྣམས་ཀྱི་དོན་དུ་མཛད་པ་ཡིན་སྐད། འགྲེལ་པ་འདི་ལ་བཤད་ཚུལ་མི་འཐད་པ་ཡང་ཅི་རིགས་པར་ཡོད་མོད་ཀྱི། སྤྱིར་ལེགས་བཤད་ཀྱང་མང་ཞིང་ཁྱད་པར་དུ་འཕགས་པའི་ཡུལ་དུ་མདོ་ལུགས་ཀྱི་བསྟན་པ་རྣལ་མ་ཡོད་བའི་སྐབས་སུ་བྱུང་བའི། སྡེ་སྣོད་འཛིན་པ་ཡང་ཡིན་ལ། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་མཆོག་ཏུ་བཀུར་བ་ཡིན་པའི་ཕྱིར། འགྲེལ་པ་འདི་ཡང་བལྟ་བ་དང་ཉན་པ་ལ་སོགས་པའི་སྒོ་ནས་ཤེས་ན་ལེགས་སོ། །
དེའི་ལུགས་ཀྱི་འཆད་ཚུལ།
འདིའི་འཆད་ཚུལ་ནི་འདི་ལྟར་ཡོད་དོ། །གླེང་བསླང་བ་དང་སྐབས་དང་ནི། །བསྟན་པར་རྟོགས་པ་འདུས་པ་དང༌། །གླེང་གཞི་དྲིས་དང་ལན་བཏབ་པ། །དེ་ནི་རྣམ་པ་བཅུ་གཅིག་དང༌། །མཐུན་འགྱུར་རྗེས་སུ་ཡི་རང་དང༌། །རྣམ་པ་བརྒྱད་དུ་བསྡུས་པ་ཡིན། །ཞེས་འབྱུང་སྟེ། །དང་པོ་གླེང་བསླང་བ་ནི་འདི་སྐད་སོགས། གཉིས་པ་སྐབས་བརྩོམ་པ་ནི་དུས་གཅིག་ན་སོགས། གསུམ་པ་བསྟན་པར་རྟོགས་པ་ནི་དགེ་སློང་གི་སོགས། བཞི་པ་གླེང་གཞི་ནི་དེའི་ཚེ་སོགས། ལྔ་པ་དྲིས་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་སོགས། དྲུག་པ་ལན་བཏབ་པ་ནི། དེ་སྐད་ཅེས་སྨྲས་པ་དང༌། ཞེས་པ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་བར་བྱའོ། །ཞེས་པའི་བར་ཏེ་འདི་ལ་ནང་ཚན་བཅུ་གཅིག་ཡོད་དོ། །བདུན་པ་མཐུན་འགྱུར་ནི། དེ་ནས་བཅོམ་ལྡན་འདས་སོགས། བརྒྱད་པ་རྗེས་སུ་ཡི་རང་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་སོགས་སོ། །དྲི་བའི་སྐབས་ཇི་ལྟར་བསླབ་བར་བྱ། ཅེས་པ་ལ། བསམ་པ་དང༌། སྦྱོར་བ་དང༌། མངོན་དུ་བྱ་བ་དང༌། སྒྲུབ་པ་དང༌། རྟོགས་པའི་རྣམ་པས་ཇི་ལྟར་བསླབ། ཅེས་ལམ་ལྡ་དང་སྦྱར་ནས་འཆད་ཅིང༌། ཟབ་མོ་སྤྱོད་པ་ཅེས་པ་ལ། སྦྱོར་ལམ་དུ་མོས་པས་སྤྱོད་པ་དང༌། དེ་ཡང་རང་དོན། གཉིས་དོན། །གཞན་དོན་གྱི་དབྱེ་བ་སོགས་དང༌། ས་དྲུག་ལ་སྒྲུབ་པའི་སྤྱོད་པ་སྟེ་བསླབ་པ་གསུམ་ལ་སྤྱོད་པ་དང༌། ས་བརྒྱད་པ་སོགས་ལ་ངེས་པའི་སྤྱོད་པ་སོགས་སྤྲོས་བཤད་མང་དུ་མཛད་དོ། །དྲིས་ལན་གྱི་དོན་བཅུ་གཅིག་ནི། རྟོག་བཅས་རྟོག་མེད་གཟུགས་བརྙན་དང༌། །སྟོང་ཉིད་མཚན་མེད་སྨོན་མེད་གསུམ། །སྒོམ་ལམ་སྤྱི་དང་སྤོང་བ་ཆེ། །བར་ཆད་མེད་དང་སེམས་དཔའ་ཆེ། །རྟོག་པ་ཆེ་རྣམས་ལམ་ལྔས་བསྡུས། །ཞོར་ལ་ཤེར་ཕྱིན་སྔགས་སུ་བསྟན། །ཞེས་བྱའོ། །ཚོགས་སྦྱོར་གྱི་ལམ་དུ་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་དངོས་སུ་བསྟན་ཅིང༌། རྟོག་པ་མེད་པའི་གཟུགས་བརྙན་ཞི་གནས་ཀྱི་དམིགས་པ་ནི་ཤུགས་ལ་བསྟན་ནོ། །ཚོགས་སྦྱོར་གཉིས་སུ་ཞི་ལྷག་ཟུང་འབྲེལ་དུ་སྒོམ་དགོས་པའི་དོན་ལ། གཟུགས་བརྙན་རྣམ་པ་གཉིས་པོ་དེ་བསྟན་ནོ། །དེ་ཡང་རང་བཞིན་ཀྱིས་སྟོང་པར་ཡང་དག་པར་བལྟའོ། །ཞེས་པ་ཡན་ཆད་དོ། །དེ་ནས་མཐོང་ལམ་གྱི་དམིགས་པ་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ལ། དེ་ལ་གཟུགས་སྟོང་པའོ་སོགས་ཀྱིས་སྟོང་ཉིད་དང༌། མཚན་ཉིད་མེད་པ་སོགས་ཀྱིས་མཚན་མ་མེད་པ་དང༌། བྲི་བ་མེད་པ་སོགས་ཀྱིས་སྨོན་པ་མེད་པ་སྟེ། དམིགས་རྣམ་གསུམ་པོ་དེ་གོམས་པས་མཚན་ཉིད་ལ་སོགས་པའི་ཞེན་པ་བདུན་ལོག་བའི་ཐ་སྙད་མཛད་དོ། །སྒོམ་ལམ་གྱི་དམིགས་རྣམ་དངོས་ནི། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད་སོགས་སོ། །དེའི་འབྲས་བུ་སྤོང་པ་ཆེ་བ་ནི། སེམས་ལ་སྒྲུབ་པ་མེད་སོགས་ཏེ། དེ་གཉིས་སྒོམ་ལམ་གྱི་དབང་དུ་བྱས་པའོ། །བར་ཆད་མེད་པའི་ལམ་དངོས་ནི། དུས་གསུམ་དུ་སོགས་སོ། །དེའི་འབྲས་བུ་སེམས་དཔའ་ཆེ་བ་ནི་བླ་ན་མེད་པ་ཞེས་སོ། །རྟོག་པ་ཆེ་བ་ནི་ཡང་དག་པར་ཅེས་པ་ལ་སོགས་པའོ། །དོན་ཚན་བཅུ་གཅིག་པ་ནི་དེ་དག་ཡིན་ལ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཞེས་སོགས། བཅུ་གཅིག་ལ་ནི་བགྲོད་བར་ཞར་བྱུང་ཤེར་ཕྱིན་སྔགས་སུ་བསྟནཔ་ཞེས་བྱ་སྟེ། ལམ་ལྔ་སོགས་བཤད་ཚུལ་འདི་དངོས་བསྟན་ཚིག་ཟིན་མ་ཡིན་པར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡིན་ལ། དངོས་པོ་བརྒྱད་དང་སྦྱོར་ཚུལ་མི་འདུག་ཀྱང༌། མངོན་པར་རྟོགས་པའི་རྒྱན་གྱི་བཤད་སྒྲོས་དང་བསྟུན་ནས་འཆད་པར་སྣང་ཞིང༌། འགྲེལ་བ་དེ་ན་སྤྱི་ཁྱབ་ཏུ་ཉེ་བར་མཁོ་བའི་བཤད་ཚུལ་ཀྱང་མང་དུ་སྣང་ངོ༌། །བློ་གྲོས་ཞན་པས་འགྲེལ་པ་དེ་མཐོང་ཡང་གོ་དཀའ་བར་གྱུར་ན། ལུགས་དེ་ནི་ཞིབ་ཅིང་གསལ་ལ་མ་ནོར་བར་ཨར་བྱང་ཆུབ་ཡེ་ཤེས་ཀྱི་འགྲེལ་པ་ན་བཀོད་འདུག་པས་དེར་བལྟ་བར་བྱའོ། །
rརང་ལུགས་སྦས་དོན་མངོན་རྟོགས་ཀྱི་རིམ་པ།
ད་ནི་སྦས་དོན་མངོན་རྟོགས་ཀྱི་རིམ་པ། བདག་གི་རྣམ་པར་རྟོག་པ་དང་སྦྱར་ན།
མདོ་འདི་དངོས་པོ་བརྒྱད་ཀྱི་རིམ་པ་དང་སྦྱར་བ།
དངོས་པོ་བརྒྱད་ཀྱི་རིམ་པ་དང་ཡང་འབྱོར་བར་མཐོང་སྟེ། དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས་མངོན་རྟོགས་པའི་རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །མ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱ་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གསུངས་པ་ལྟར་ཏེ། འདིར་དངོས་པོ་བརྒྱད་ཅེས་པ་ལ། དངོས་པོའི་དོན་ནི། དངོས་པོ་དངོས་མེད་ཅེས་པ་ལྟ་བུའི་སྐབས་ཀྱི་དངོས་པོ་ལ་མི་ཟེར་གྱི། བརྗོད་དོན་ཙམ་ཞིག་ལ་དངོས་པོའི་སྒྲ་འཇུག་པའི་སྐབས་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བརྗོད་བྱའི་དོན་ཡིན་པའི་མིང་སྟེ། དོན་གྱི་གཙོ་བོ་བརྒྱད་པོ་འདི་ཡིན་ཅེས་པའི་དོན་ནོ། །སྤྱིར་ཤེར་མདོ་ཙམ་གྱི་བརྗོད་བྱའི་དོན་གྱི་གཙོ་བོ་མཐར་ཐུག་གི་དབང་དུ་བྱས་ན། བརྒྱད་པོའི་ནང་ནས་ཀྱང་ཆོས་སྐུ་ཁོ་ན་ཡིན་མོན་ཀྱི། མདོ་གཞུང་ལ། སྡེ་ཚན་དུམ་བུ་བརྒྱད་དུ་ཕྱེ་ན། བརྒྱད་ཀར་དོན་གྱི་གཙོ་བོར་སྟེ། དཔེར་ན་ལམ་ཤེས་ཀྱིས་མདོའི་བརྗོད་བྱའི་དོན་གྱི་གཙོ་བོ་ལམ་ཤེས་ཉིད་ལ་བྱ་དགོས་པ་བཞིན་ནོ། །དེ་ཡང་མདོ་ཚིག་དེ་དག་གིས་དངོས་སུ་བསྟན་པའི་བརྗོད་བྱའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན། ལམ་ཤེས་ཀྱང་འབྲས་བུ་ཆོས་སྐུ་ཐོབ་བྱེད་ཀྱི་ཐབས་ཡིན་པའི་ཕྱིར། ཤུགས་བསྟན་དང༌། བརྒྱུད་ནས་སྟོན་པའི་དབང་དུ་བྱས་ན། དེ་དག་གི་ཡང་དོན་གྱི་གཙོ་བོ་ཆོས་སྐུ་ཡིན་ནོ། །
དངོས་པོ་བརྒྱད་ཀྱི་ངོས་འཛིན་གསལ་འདུས་སུ་བཤད་པ།
དེ་ལ་དངོས་པོ་བརྒྱད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཐམས་ཅད་མཁྱེན་པ་ཉིད་དང༌། གཞི་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་དང༌། རྩེ་མོར་ཕྱིན་པའི་སྦྱོར་བ་དང༌། མཐར་གྱིས་པའི་སྦྱོར་བ་དང༌། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་དང༌། འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་སྐུ་རྣམས་སོ། །དེ་དག་ཀྱང་ཡུལ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་ཞེས་གསུམ་དུ་ཡང་བསྡུ་བར་བྱ་ཞིང༌། ཡང་མཁྱེན་པ་གསུམ་ནི་གཏན་ལ་དབབ་བྱ་ཡིན་བས་མཚན་ཉིད་ཅེས་བྱ་ལ། རྣམ་རྫོགས་སྦྱོར་བ་ནི། མཚན་ཉིད་དང་མཐུན་པར། ཉམས་སུ་ལེན་པའི་རིམ་པ་ཡིན་པས་དེའི་སྦྱོར་བ་དང༌། རྩེ་མོའི་སྦྱོར་བ་ནི། ས་ལམ་རང་རང་སོ་སོའི་ཡེ་ཤེས་དེ་ཉིད་བྱང་བའི་སྐབས་ཡིན་བས་སྦྱོར་བ་རབ་ཏུ་སོན་པ་དང༌། མཐར་གྱིས་པའི་སྦྱོར་བ་ནི། རང་རང་སོ་སོའི་ལམ་གྱི་གོམས་པ་དེ་ཉིད་བརྟན་པར་ཡང་བྱེད་ཅིང་རྩལ་ཕྱོགས་མེད་དུ་འཕེལ་བའི་ཕྱིར། གོ་རིམ་མི་འདྲ་བ་དུ་མ་ལ་སློབ་པ་ཡིན་བས་རབ་ཏུ་སོན་པ་དེའི་གོ་རིམ་ཞེས་བྱ་ལ། སྐད་ཅིག་མའི་སྦྱོར་བ་ནི། གོ་རིམ་དེ་འམ། སྦྱོར་བ་གསུམ་པོ་དེ་ཐམས་ཅད་ཀྱི་ནུས་པ་དུས་གཅིག་ཏུ་བསྒྲིལ་པའི་སྐབས་ཡིན་པས། གོ་རིམ་གྱི་མཐའ་འམ་ཡང་ན་སྦྱོར་བ་ཐམས་ཅད་ཀྱི་མཐའ་ཞེས་བྱའོ། །ཆོས་ཀྱི་སྐུ་ནི་ལམ་ཐམས་ཅད་ཀྱི་གྲུབ་དོན་རྩོལ་མེད་ཤུགས་འབྱུང་གི་ཚུལ་དུ་གནས་བས། མཐའ་དེའི་རྣམ་སྨིན་ཅེས་བྱའོ། །དེས་ན་ཤེར་ཕྱིན་གྱི་མཚན་ཉིད། ཤེར་ཕྱིན་གྱི་སྦྱོར་བ། སྦྱོར་བ་རབ་ཏུ་སོན་པ། གོ་རིམ་གྱི་སྦྱོར་བ། མཐའི་སྦྱོར་བ། རྣམ་སྨིན་མཐར་ཐུག་སྟེ། དོན་ཚན་དྲུག་ཏུ་ཡང་འདུས་སོ། །དེ་ལྟར་ཡང་མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་ཅན། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་སོ། །དེ་ལ་ཡུལ་ཅེས་བྱ་བ་ནི། སྦྱོར་བ་བཞི་པོའི་དམིགས་པའི་ཡུལ་ཡིན། དེ་ཡང་མཁྱེན་པ་གསུམ་མ་ཐོབ་པ་རྣམས་ཀྱིས། མཁྱེན་གསུམ་ལ་དངོས་སུ་ནི་དམིགས་མི་ཐུབ་ལ། མཚན་ཉིད་འདི་དང་འདི་ལྟ་བུ་དག་ནི་རྣམ་མཁྱེན་ནོ། །ཞེས་སྒྲ་དོན་འདྲེས་པར་བཟུང་སྟེ་རྣམ་མཁྱེན་གྱི་མཚན་ཉིད་ཡང་ཡང་ཡིད་ལ་དྲན་པ་ཙམ་གྱིས་ནི་དེ་ལ་དམིགས་པར་ཡང་མི་འགྱུར་བས། འདིར་མཁྱེན་པ་གསུམ་གྱི་རྟོགས་བྱ་གང་ཡིན་པ་དེ། སྦྱོར་བ་བཞིའི་དམིགས་པའི་ཡུལ་དུ་འཇོག་པ་ཡིན་ཏེ། དེའི་ཕྱིར་མཁྱེན་གསུམ་ཡང་བརྒྱུད་ནས་ཡུལ་དུ་བཞག་གོ །རྒྱུ་ཞེས་བྱ་བ་ནི་སྐྱེད་བྱེད་ཀྱི་རྒྱུ་དང༌། རྒྱུ་མཚན་གཉིས་ལ་སྐབས་ཐོབ་ཀྱི་འཇུག་ཚུལ་སོ་སོར་ཡོད་པ་ལས། འདིར་ནི་གཉིས་ཀ་ལྟར་མི་འགལ་ཏེ། གཙོ་བོར་ནི་རྣམ་པ་དང་ལམ་དང་གཞི་གསུམ་ལ་སྤྲོས་པ་ཐམས་ཅད་དང་བྲལ་པའི་རྣམ་པ་དེ་ཉིད་དམིགསཔའི་ཡུལ་དང་རྒྱུ་མཚན་དུ་བྱས་ནས་འཇོག་དགོས་པའི་རྒྱུའི་དོན་རྒྱུ་མཚན་དུ་བྱ་ལ། དམིགས་ཡུལ་དེ་ལ་དམིགས་ནས་བསྒོམས་པས་ཡེ་ཤེས་སྐྱེ་བ་ནི། དམིགས་ཡུལདེ་ཡེ་ཤེས་དེའི་བསྐྱེད་རྒྱུ་དངོས་མིན་ཡང༌། བསྐྱེད་རྒྱུ་དང་རྣམ་པ་མཚུངས་པས་སྐྱེད་བྱེད་ཀྱི་རྒྱུའི་ཚུལ་དུ་བཤད་ཀྱང་རུང་ངོ༌། །ཡང་རྣམ་པ་གཅིག་ཏུ་ན། ཇི་སྐད་དུ། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཞེས་གསུངས་པའི་དངོས་བསྟན་ལྟར། སངས་རྒྱས་བྱང་སེམས་སོགས་ཀྱི་ཐུགས་རྒྱུད་ཀྱི་མཁྱེན་པ་གསུམ་གྱིས་རྒྱུ་མཐུན་པའི་ཆོས་བསྐྱེད་ཅིང༌། དེས་གདུལ་བྱའི་རྒྱུད་ལ་སྦྱོར་གཞི་སོགས་བསྐྱེད་པར་བྱས་ཀྱང་རུང་ངོ༌། །དེ་དག་ལས་མཁྱེན་པ་གསུམ་ནི། ཇི་སྐད་དུ། ཉི་ཁྲི་ལྔ་སྟོང་པ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཅེས་གསུངས་ཤིང༌། རྒྱལ་ཚབ་ཆེན་པོའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་དང༌། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་དང༌། ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་འབྱུང་བ་སོགས་ཀྱིས། སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་མཁྱེན་དང༌། བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་ནི་ལམ་ཤེས་དང༌། ཉན་རང་འཕགསཔའི་རྒྱུད་ཀྱི་ཡེ་ཤེས་ནི་གཞི་ཤེས་སོ་ཞེས་ཀྱང་རགས་བཤད་དུ་བྱ་ལ། འདི་ལ་འགའ་ཞིག་ནི། རྣམ་མཁྱེན་གང་ཡིན་ལམ་ཤེས་ཡིན་ལ། ལམ་ཤེས་གང་ཡིན་གཞི་ཤེས་ཡིན་ཏེ། ཤེས་བྱ་ཐམས་ཅད་མཁྱེན་ཕྱིན་ལམ་སྐྱེ་མེད་དུ་མ་རྟོགས་པ་མི་སྲིད་ལ། ལམ་གསུམ་ཀ་རྟོགས་ཕྱིན་གང་ཟག་གི་བདག་མེད་མ་རྟོགས་པ་མི་སྲིད་པས། རྟེན་གྱི་གང་ཟག་སུའི་རྒྱུད་ལ་ཡོད་ཀྱང་རུང་སྟེ། ལམ་གསུམ་སྐྱེ་མེད་དུ་རྟོགས་པ་ཡིན་ཕྱིན་ཆད་ལམ་ཤེས་ཡིན་ཅིང༌། གང་ཟག་གི་བདག་མེད་རྟོགས་པ་ཡིན་ཕྱིན་ཆད་གཞི་ཤེས་ཀྱང་ཡིན་པས་སོ། །འོན་ཀྱང་ཚུར་ཚུར་ལ་ནི་མ་ཁྱབ་སྟེ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ལམ་ཤེས་ནི། རྣམ་མཁྱེན་མ་ཡིན་ཅིང༌ཉན་རང་གི་གཞི་ཤེས་ཀྱང་མཁྱེན་པ་གཞན་གཉིས་མ་ཡིན་ནོ། །ཞེས་ཟེར་རོ། །ལ་ལ་དག་ནི། མཁྱེན་པ་གསུམ་པོ་ངོ་བོ་མི་གཅིག་པ་ལྟ་ཅི་སྨོས། རྒྱུད་གཅིག་ལ་ཡང་མི་གནས་ཏེ། རྟེན་སོ་སོར་ངེས་བར་བཤད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱིས་ལམ་དང་གཞི་སྐྱེ་མེད་དུ་གཟིགས་ཀྱང་དེ་རྣམ་མཁྱེན་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ། །ཞེས་སེམས་པར་བྱེད་དོ། །གཞན་དག་ནི་ཡོན་ཏན་ཡར་ལྡན་ཡིན་པས། ཉན་རང་ནི་གཞི་ཤེས་གཅིག་པུ་དང་ལྡན་ལ། བྱང་སེམས་ནི་དེའི་སྟེང་དུ་ལམ་ཤེས་དང་ཡང་ལྡན་ཅིང༌། སངས་རྒྱས་ནི་མཁྱེན་པ་གསུམ་ཀ་དང་ལྡན་པས། རྒྱུད་གཅིག་ལ་གསུམ་མམ་གཉིས་འཇུག་པ་ནི་ཡོད་ཀྱང༌། གསུམ་པོ་དངོས་པོ་ནི་ཐ་དད་ཡིན་ནོ་ཞེས་སྨྲའོ། །དེ་དག་ལས་མང་པོ་ཞིག་ནི། སངས་རྒྱས་ཀྱི་རྣམ་མཁྱེན་བྱང་སེམས་ཀྱི་ལམ་ཤེས། ཉན་རང་གི་གཞི་ཤེས་རྣམས་མཚན་ཉིད་པ་དངོས་ཡིན་ལ། བྱང་སེམས་ཀྱིས་གང་ཟག་གི་བདག་མེད་མཐོང་བ་དང༌། སངས་རྒྱས་ཀྱིས་ལམ་དང་གཞི་སྐྱེ་མེད་དུ་གཟིགས་པ་ནི། དེ་དང་དེ་བཏགས་པ་བ་ཡིན་ནོ། །ཞེས་རྒྱུ་མཚན་དུ་མ་དང་བཅས་ཏེ་བརྗོད་པ་དང༌། ཁ་ཅིག་ནི་མཁྱེན་པ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། སངས་རྒྱས་ཀྱི་གསུམ་ཀར་མཚན་ཉིད་པ་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་ལམ་དང་གཞི་ཤེས་པ་མཚན་ཉིད་པ་ཡིན་ལ། ཉན་རང་གི་གཞི་ཤེས་ནི། སྤྲོས་པ་ཕྱོགས་གཅིག་ཙམ་བཀག་པ་ལས། གཞན་སྤྲོས་བྲལ་གྱི་རྣམ་པ་ཅན་མ་ཡིན་པས་བཏགས་པ་པའོ། །ཅེས་རྒྱུ་མཚན་དུ་མ་དང་བཅས་ཏེ་འབྲི་བར་བྱེད་དོ། །གཞན་ལ་ལ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང༌། སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་དོ་ཅེས་དང༌། ཁ་ཅིག་ནི་རྣམ་མཁྱེན་ཡང་རྣམ་པ་གཉིས་ཏེ་རྒྱུ་དང་འབྲས་བུའོ། །རྒྱུའི་རྣམ་མཁྱེན་ནི། བྱང་ཆུབ་སེམས་དཔའ་ཁོ་ནའི་རྒྱུད་ལ་ཡོད་དེ། སྐབས་དང་པོའི་རྣམ་མཁྱེན་ཡང་འདི་ཁོ་ན་ཡིན་ལ། སེམས་བསྐྱེད་སོགས་བཅུ་བོ་ཡང་རྣམ་མཁྱེན་ཉིད་ཡིན་པ་དང༌། འབྲས་བུའི་རྣམ་མཁྱེན་ནི་ཆོས་སྐུའོ་ཞེས་ཟེར་བ་དང༌། ཁ་ཅིག་ནི་སེམས་བསྐྱེད་སོགས་ཆོས་བཅུ་པོ་དངོས་པོ་བརྒྱད་ཀྱི་རྣམ་མཁྱེན་མ་ཡིན་ཏེ། མཚོན་བྱེད་ཀྱི་ཆོས་སམ་དམིགས་པའི་ཡུལ་ཡིན་ནོ། །ཞེས་འདོད་པ་དང༌། གཞན་ཁ་ཅིག་ནི། མདོ་དང་རྒྱན་གྱི་མཆོད་བརྗོད་དང༌། བསྟན་བཅོས་དངོས་ཀྱི་མདོར་བསྟན་རྒྱས་བཤད་སོགས་ལ་མཁྱེན་གསུམ་གྱི་འཇོག་མཚམས་མི་འདྲ་བ་རེ་རེ་ཡིན་ནོ་ཞེས་བླུན་གཏམ་དུ་སྨྲ་བ་སོགས། བསྟན་པ་ལྔ་བརྒྱ་ཐ་མ་ལ། རྒྱ་བོད་གཉིས་ཀར་དུ་འདིའི་ལག་ལེན་དང་སྒྲུབ་དཀའ་ནི་ཤིན་ཏུ་ཕྲ་བ་བཤད་པ་ཙམ་ཞིག་ནི་ཧ་ཅང་ངར་ཆེས་པས། རྣམ་པ་དུ་མར་འཆོལ་བས་ཡིན་ལ། ཕྱོགས་རེ་ནས་བལྟས་ན། ཐམས་ཅད་ལ་འགལ་བ་ཆེར་མེད་པ་ལྟར་སྣང་ཞིང༌། ཕྱོགས་ཅིག་ཤོས་ནས་བལྟས་ན། རེ་རེ་ཞིང་སྐྱོན་དུ་མ་འཇུག་པ་ལྟར་ཡང་སྣང་བས་ཞིབ་ཏུ་དཔྱད་དགོས་ཀྱང༌། རེ་ཞིག་འདིར་རྒྱ་མི་བསྐྱེད་དོ། །
དངོས་པོ་དང་པོ་རྣམ་མཁྱེན།
དེ་ལ་དངོས་པོ་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ནི། མདོ་ལས། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གི་ཆོས་རྣམས་རབ་ཏུ་བརྗོད་པའི། རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཅེས་གསུངས་ཏེ། དེ་ལ་རྣམ་པ་ནི་ངོ་བོ་དང༌། རྟགས་ནི་འབྲས་བུ་དང༌། མཚན་མ་ནི་རྒྱུའི་དོན་ཡིན་པས། མ་ལུས་ཤིང་ལུས་པ་མེད་པའི་ཤེས་བྱ་ཐམས་ཅད་ཀྱི་རང་རང་སོ་སོའི་ངོ་བོ་རྣམས་དང༌། སོ་སོ་རྣམས་ཀྱི་འབྲས་བུ་རྣམས་དང༌། དེ་དང་དེའི་རྒྱུ་རྐྱེན་ཐམས་ཅད་དེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དང༌། རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་རྒྱུ་འབྲས་ཐམས་ཅད་དོ། །དེ་འདྲ་དེ་རྣམས་ཡེ་ཤེས་གཅིག་གིས་ཅིག་ཆར་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཡང་ཇི་ལྟ་བའི་མཁྱེན་ཚུལ་གྱིས་ནི། ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ངོ་བོ་གསུམ་སྤྲོས་བྲལ་དུ་མཁྱེན་ཅིང༌། ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱིས་ནི། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་རྒྱུ་འབྲས་ཀྱི་རྣམ་འགྱུར་ཐམས་ཅད་ཀྱང་མཁྱེན་པ་ཡིན་ནོ། །དེ་ཡང་རྣམ་པ་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་གཟིགས་པ་ཡིན་ལ། རྣམ་པ་སྐྱེ་མེད་ཞེས་སམ། རྣམ་པ་རང་བཞིན་མེད་པ་ཅེས་འཆད་པ་ཡང་རང་བཞིན་འོད་གསལ་དང་དོན་གཅིག་པས། རྣམ་གྲངས་སུ་བཤད་ན་མི་འགལ་ཡང་བརྗོད་ཚུལ་ལེགས་པོ་ཁོ་ནར་ཡང་མི་འདུག་པས། སྐྱེ་མེད་དང་རང་བཞིན་མེད་ཅེས་པའི་བཟླས་བརྗོད་ཁོ་ན་ལ། བཟང་བོར་ཞེན་པ་ཡང་མི་མཛེས་སོ། །སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པས་མ་དག་པའི་རྣམ་བརྟགས་མཚན་མ་གསུམ་པོ་དངོས་སུ་གཟིགས་པ་ནི་མ་ཡིན་ཏེ། ཆོས་ཅན་ཀུན་རྫོབ་པའི་སྣང་བ་ཐམས་ཅད་གདོད་ནས་མ་གྲུབ་པའི་ཕྱིར། གནས་ཚུལ་ལ་མ་གྲུབ་པ་དེ་ཉིད་གཟིགས་ན། ཡེ་ཤེས་འཁྲུལ་བར་ཐལ་བའི་ཕྱིར་རོ། །གང་ཡོད་པ་མི་མཐོང་བ་དང༌། མེད་པ་མཐོང་བ་ནི་འཁྲུལ་ཞིང་རྨོངས་པ་ཁོ་ན་ཡིན་ནོ། །དེས་ན་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་ཀ་ཤེས་བྱ་ཐམས་ཅད་ཀྱི་གནས་ཚུལ་རྟག་བརྟན་ཞི་བ་གཡུང་དྲུང་གི་ཡེ་ཤེས་བདེ་བ་དམ་པའི་ངོ་བོར་གནས་པ་གཟིགས་པ་གཞིར་བཞག་པ་ལས། དེ་ཉིད་ལ་དངོས་པོ་དངོས་པོ་མེད་ཡུལ་ཡུལ་ཅན༌། འཁོར་བ་དང༌། ལམ་དང༌། འབྲས་བུ་གསར་ཐོབ་སོགས་འཇིག་རྟེན་པ་དང་རྣལ་འབྱོར་བ་རྣམས་ལ་དངོས་སུ་སྣང་བ་དང༌། དངོས་སུ་མི་སྣང་ཡང༌། བློས་བཞག་པའི་ཆོས་གང་ཡང་ཡོད་མ་མྱོང་བ་ཞི་བའི་མཚན་ཉིད་དེ། སྣང་མཁན་དང་འཇོག་མཁན་གྱི་ཤེས་པ་ཀུན་ནས་ཉོན་མོངས་བ་ཐམས་ཅད་ཀྱང་གདོད་ནས་མེད་པའི་ཕྱིར་རྣམ་པར་དག་པ། རང་བཞིན་འོད་གསལ་བ་མཉམ་ཉིད་ཡིན་པར་རྟོགས་པ་དེ་ནི་ཇི་ལྟ་བ་མཁྱེན་ཚུལ་ཡིན་ལ། རང་བཞིན་འོད་གསལ་གྱི་སེམས་ཉིད་དེ། དོན་དམ་པའི་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་དོན་དམ་པ་དེ། ཀུན་རྫོབ་ཀྱི་ཤེས་བྱ་ཐམས་ཅད་ཀྱི་ཡང་གནས་ལུགས་དང་ཆོས་ཉིད་དུ་ཡོད་ཅིང་དེ་ལྟར་ཡོད་པར་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དོན་དམ་སྲིད་གསུམ་དངོས་སུ་གཟིགས་ཀྱང་དེ་ཀུན་རྫོབ་ཀྱི་སྣང་བ་མ་ཡིན་ཅིང༌། ཀུན་རྫོབ་སྲིད་གསུམ་དངོས་སུ་མ་གཟིགས་ཀྱང༌། སེམས་ཅན་རྣམས་ལ་དེ་སྣང་བ་དང༌། དེ་རྣམས་ཀྱི་འཁྲུལ་ངོར་བདེ་སྡུག་སོགས་འབྱུང་པ་མཁྱེན་ནོ། །ཇི་ལྟ་བ་དང་ཇི་སྙེད་པའི་རྟོགས་ཚུལ་གཉིས་ཀར་རང་རིག་གི་ཚུལ་གྱིས་མཁྱེན་པ་ཡིན་པས། དོན་དམ་པའི་རྣམ་བརྟགས་མཚན་མ་རྣམས། རང་བཞིན་འོད་གསལ་ཉིད་ཡིན་ལ། དོན་དམ་པའི་རྣམ་བརྟགས་མཚན་མ་གསུམ་མཁྱེན་པ་དང༌། འོད་གསལ་དེ་ཉིད་རྣམ་པ་ཐམས་ཅད་པ་ཡིན་པ་དོན་གཅིག་ལ་འདུའོ། །དེ་ལྟར་ཡང་རྒྱལ་ཚབ་ཆེན་པོས། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་ཇི་ལྟ་ཇི་སྙེད་ཀྱི་རྟོགས་ཚུལ་དེ་ལྟར་ཡིན་པར་གསུངས་ལ། ཁ་ཅིག་སངས་རྒྱས་ཀྱིས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་ཀྱང༌། བདེན་འཛིན་མེད་པས་འཁྲུལ་བ་ཡིན་ནོ་སྐད་ཟེར་བ་ནི། སྐྱེས་བུ་འདི་ནི་ཆོམ་པོས་བཟུང་བས་ཆོ་ངེ་འདེབས་མོད་ཀྱི། ནོར་འཕྲོག་སྒྱུ་མེད་པས་སྡུག་བསྔལ་མེད་དོ་ཟེར་བ་དང༌། སྒྱུ་མའི་ཆ་སྒྱུས་ཤེས་པའི་མི་འདིས་ནི། སྒྱུ་མ་སྤྲུལ་པའི་ཁང་པ་མཐོང་མོད་ཀྱི། སྒྱུ་མར་ཤེས་པའི་ཕྱིར་མ་འཁྲུལ་ལོ། །ཞེས་ཟེར་བ་དང་འདྲ་སྟེ། ཆོ་ངེས་འདེབས་པ་ཉིད་སྡུག་བསྔལ་ཐོབ་པའི་རྟགས་ཡིན་པ་དང༌། སྒྱུ་མའི་ཁང་བཟང་མཐོང་བ་ཉིད་དབང་པོ་བསླད་པའི་འཁྲུལ་པ་ཡིན་ན། འཁྲུལ་པའི་ངོས་འཛིན་བློས་བཅོས་མ་གཞན་ཞིག་གསར་དུ་རྣམ་པར་བཞག་ནས། དེ་མེད་པས་འཁྲུལ་པ་མེད་དོ་ཞེས་བརྗོད་ཀྱང་མི་མཛེས་པ་ལྟར། གང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། གཟུགས་སོགས་སུ་སྣང་བ་དེ་ཉིད་འཁྲུལ་པ་ཡིན་པས། དེ་ལ་བདེན་པར་མི་འཛིན་ནོ་ཞེས་སྨྲས་པས་ཅི་ཞིག་བྱ། དེ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་ནི། ཤེས་བྱ་ཐམས་ཅད་མཁྱེན་པའི་ཕྱིར་རྣམ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ཡིན་པས་ཤེས་རབ་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
དངོས་པོ་གཉིས་པ་ལམ་ཤེས།
དངོས་པོ་གཉིས་པ་ལམ་ཐམས་ཅད་ཤེས་པ་ཉིད་ནི། མདོ་ལས། བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚོལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང༌། ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང༌། ཡོངས་སུ་རྫོགས་པར་བྱ་ཞིང༌། དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར། དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །ཅེས་གསུངས་ཏེ། འདི་ལ་ཕལ་ཆེ་བ་དག་ལམ་གསུམ་སྐྱེ་མེད་དུ་རྟོགས་པ་དང༌། ལམ་གསུམ་རང་བཞིན་མེད་པར་རྟོགས་པ་ཞེས་ཟེར་ཞིང༌། དེའི་སྐྱེ་མེད་དང་རང་བཞིན་མེད་པ་ནི། ཤེར་ཕྱིན་ཡིན་པར་སྟོན་པའི་མཚན་ཉིད་ཀྱི་ཟུར་དུ་བསམས་པའོ། །དེ་ལྟར་ཡང་རུང་བ་ནི་ཡིན་མོད་ཀྱི། ཤེར་ཕྱིན་གྱི་མཚན་ཉིད་དེ་འདྲ་ཁོ་ནར་བཟུང་དགོས་པ་ཡང་མ་ཡིན་ནོ། །དེ་ལྟ་མོད་ཀྱི། དཔེར་ན་གཟུགས་སོགས་ཕུང་པོ་དམིགས་པའི་རྟེན་དུ་བཞག་ནས། དེ་བདེན་མེད་དུ་སྒོམ་པའམ། སྣང་ཆ་དེའི་རྣམ་པ་བདེན་མེད་དུ་ཤར་བ་ལྟ་བུར། འདིར་ཡང་དམིགས་ཡུལ་ཐེག་པ་གསུམ་གྱི་ལམ་གྱི་མཚན་ཉིད་བློ་ལ་ངེས་པར་བྱས་ནས། དེ་འདྲའི་མཚན་ཉིད་ཀྱི་རྣམ་པ་ཡིད་ཡུལ་དུ་ཤར་བ་དེ་ལ་དམིགས་ནས་འདི་རང་བཞིན་མེད་དོ་སྙམ་སྒོམ་པའམ། ས་ལམ་སོ་སོའི་མཉམ་གཞག་རྗེས་ཐོབ་ཀྱི་ཉམས་མྱོང་ཤར་བ་རྣམས་སྒྱུ་མ་ལྟར་རང་བཞིན་མེད་པའི་དོན་སྒོམ་པ་ཙམ་ཡང་གནས་སྐབས་འདིའི་ལམ་སྐྱེ་མེད་ཀྱི་གོ་དོན་མིན་ནོ། །འོ་ན་ཅི་ཞེ་ན། ལམ་གྱི་རྣམ་པ་སྐྱེ་མེད་ཅེས་པ། སྐྱེ་མེད་རྣམ་པའི་ལམ་ཅེས་པའི་དོན་དུ་འགྱུར་ཏེ། རང་རྒྱུད་མཉམ་གཞག་གམ་རྗེས་ཐོབ་ཀྱི་ལམ་གང་ཡིན་པ་དེ་ཡང༌། སྐྱེ་འགག་གནས་གསུམ་ལ་སོགས་པ་སྤྲོས་པ་ཐམས་ཅད་རང་སར་ཞི་བའི་རྣམ་པ་འམ། འགའ་ཞིག་དངོས་སུ་སྤྲོས་པའི་རྣམ་པ་ཙམ་སྣང་དུ་ཆུག་ཀྱང༌། མཉམ་གཞག་སྤྲོས་མེད་ཀྱི་ཤུགས་ཀྱིས་ཟིན་པས། སྤྲོས་པའི་མཚན་མ་སྟོབས་བྲི་ནས་སྤྲོས་མེད་དང་འདྲ་རུང་དུ་གྱུར་པ་ནི། སྐྱེ་མེད་རྣམ་པའི་ལམ་ཡིན་ལ། དེ་རྟོགས་ཚུལ་ལམ། ཤེས་ཚུལ་ནི། མཉམ་གཞག་ལ་རང་རིག་ཁོ་ན་དང༌། རྗེས་ཐོབ་ལ་གཉིས་ཀའོ། །དེས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས། ཆོས་ཀྱི་བདག་མེད་རྟོགས་པ་སྤྲོས་བྲལ་གྱི་རྣམ་པ་ཅན་དེ་ནི། རྫོགས་པའི་སངས་རྒྱས་བསྒྲུབ་པར་བྱེད་པའི་ལམ་དངོས་ཡིན་ཅིང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་པ་རྟོགས་པ་ལ་སོགས་པ་དེ་དག་ཉིད་ཀྱི། འཁྲུལ་མེད་ཀྱི་ཡེ་ཤེས་གང་ཡིན་པ་དེ་དང༌། རྟོགས་ཚུལ་གང་ཡིན་པ་དང༌། ཡོན་ཏན་གང་ཡིན་པ་དང༌། ཕན་ཡོན་གང་ཡིན་པ་ཇི་ལྟ་བ་དེ་འདྲ་རེ། ཞོར་བྱུང་གི་ཡོན་ཏན་དུ་མའི་ལྷག་དང་བཅས་པར། དེ་ལ་ཚང་བས་ན་ཐེག་པ་གསུམ་ཆར་གྱི་ལམ་ཞེས་བྱ་ཞིང༌། དེ་ཉིད་རང་རིག་པས་ཤེས་པའི་ཕྱིར་ལམ་ཤེས་སོ། །རྫོགས་སྨིན་སྦྱང་གསུམ་མ་བྱས་ཀྱི་བར་དུ། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ལས་ཅན་དང༌། སྐབས་གཞན་དུ་ཉོན་མོངས་ཆེད་དུ་མི་སྤོང་པའི་ལས་ཅན་དུ་བཤད་པ་སོགས་ནི། བྱང་ཆུབ་སེམས་དཔའི་གནས་སྐབས་ཉིད་ཀྱི་དབང་དུ་བྱས་པའི་ལམ་ཤེས་ལ་ཁྱད་པར་དེ་དག་ཚང་བ་ཡིན་ཀྱང༌། ལམ་ཤེས་སུ་འཇོག་བྱེད་ལ་དེ་ལྟར་དགོས་པ་ནི་མ་ཡིན་ནོ། །སངས་རྒྱས་ནི་འབྲས་བུ་མཐར་ཐུག་པ་ཡིན་པས། རྣམ་མཁྱེན་གྱི་སྐབས་སུ་རྣམ་བརྟགས་མཚན་མ་གསུམ་ཀར་བཤད་པ་ཡིན་ལ། བྱང་སེམས་ཀྱི་འབྲས་བུ་མཐའ་དག་མངོན་དུ་མ་བྱས་པས་ལམ་ཙམ་ཞིག་ཁོ་ན་སྨོས་པ་ཡིན་ནོ། །
དངོས་པོ་གསུམ་པ་གཞི་ཤེས།
དངོས་པོ་གསུམ་པ་གཞི་ཤེས་ནི། མདོ་ལས། བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི། ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ་ཅེས་སོ། །འདིར་གཞི་ཕྱི་ནང་གི་ཆོས་རྣམས་ཤེས་པ་ཞེས་པ་ལས་ཤེས་ཚུལ་ཇི་ལྟར་ཡིན་མི་གསལ་ཡང༌། ཉན་རང་གི་རྟོགས་པ་ཡིན་པའི་ཕྱིར་ན། གང་ཟག་གི་བདག་མེད་པའི་རྟོགས་ཚུལ་ཡིན་དགོས་ཏེ། མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པས། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཅེས་གསུངས་པས་སོ། །དེ་ལྟ་བས་ན། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་ཏེ་དེའི་ཕྱིར་ཆོས་ཀྱི་བདག་འཛིན་སྤངས་པ་ཡང་མ་ཡིན་ནོ། །འོན་ཀྱང་གང་ཟག་གི་བདག་མེད་ཉིད་རྟོགས་པའི་ཤུགས་ཀྱིས། དངོས་པོར་འཛིན་པ་ཅུང་ཟད་སྲབས་པར་གྱུར་བ་ནི་ཡིན་ལ། དེ་དག་གི་མཉམ་གཞག་ན་ཆོས་བདག་གི་སྣང་བ་མ་ལོག་ཀྱང༌། ཆོས་ཀྱི་བདག་འཛིན་མངོན་གྱུར་པ་ཡང་མེད་པས། དེ་འདྲའི་མཉམ་གཞག་དེ་དག་ཀྱང་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་དང་འཛིན་སྟངས་འགལ་བ་མ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཅུང་ཟད་རྗེས་སུ་མཐུན་པ་ནི་ཡིན་ནོ། །དེས་ན་ཉན་རང་འཕགས་པའི་ཡེ་ཤེས་དེ་ནི། གཞི་ཕྱི་ནང་གི་ཆོས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ། ཇི་ལྟར་རིགས་པར་མི་རྟག་པ་ལ་སོགས་པ་རྣམ་པའི་ཤེས་པ་བཅུ་དྲུག་པོ་དེ་དག་ཀུན་འཇུག་པ་ཡིན་ཀྱང༌། རྣམ་པའི་གཙོ་བོ་ཡིན་པ་དང༌། སྤྲོས་བྲལ་དང་ཆ་ཤས་མཐུན་པའི་ལྡོག་པ་ཉེ་བར་བཟུང་ནས། བདག་མེད་པར་ནི་ཤེས་ལ། དེ་ཤེས་པས་ཉན་རང་གི་ལམ་ཤེས་པ་ཙམ་དུ་ནི་འགྱུར་ཡང་སྤྲོས་པ་དང་བྲལ་བར་ནི་མ་ཤེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་ཚུལ་གྱིས་ནི། ལམ་དེ་གཉིས་ཀྱང་མ་ཤེས་ལ། ཁྱད་པར་དུ་ལམ་གྱིས་གཙོ་བོ་ཐེག་ཆེན་གྱི་ལམ་ནི་གཏན་ནས་ཀྱང་མ་ཤེས་པའི་ཕྱིར། ཉན་རང་གི་ཡེ་ཤེས་དེ་ལམ་ཤེས་པར་མི་འགྱུར་ཞིང༌། ཇི་ལྟ་ཇི་སྙེད་པ་ཐམས་ཅད་མི་ཤེས་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྟ་ག་ལ་ཞིག་སྟེ། དེའི་ཕྱིར་གཞི་ཁོ་ན་ཤེས་པས་གཞི་ཤེས་ཞེས་བྱའོ། །འོན་ཀྱང་འདི་ནི་ཉན་རང་གི་གཞི་ཤེས་ཞེས་བྱ་ཞིང༌། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་ནང་དུ་གཏོགས་པ་ཙམ་ཡིན་ལ། གཉེན་པོའི་གཞི་ཤེས་ནི། མཁྱེན་གསུམ་གྱིས་ཟླས་ཕྱེ་བའི་གཞི་ཤེས་དངོས་སམ་བཏགས་པ་བ་གང་དུ་བཞག་ན་ལེགས་ཞེས་དཔྱད་ལྡན་རྣམས་ཀྱིས་རྣམ་པར་དཔྱད་ཅིག་དང༌། གཞི་ཤེས་ཀྱི་སྐབས་ཀྱི་མདོ་དང་བསྟན་བཅོས་ཀྱི། གཞུང་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོ་གཞི་ཤེས་ནི་གཉེན་པོའི་གཞི་ཤེས་འདི་ཁོ་ན་ཡིན་ལ། གཞུང་གི་དངོས་བསྟན་ལྟར་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱང་ཉན་རང་གི་དེ་གཙོ་མི་ཆེ་སྟེ། གཙོ་བོར་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་དམིགས་པའི་ལྟ་བ་ཅན་རྣམས་ཀྱི་ཡིན་ནོ། །གཉེན་པོ་གཞི་ཤེས་དེ་ཡང་གང་ཞེ་ན། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་སྤངས་པ་དེ་ལ། བདག་དང་བྱེད་པོ་དང༌། རྟག་དངོས་དང༌། མྱོང་ཚོར་བདེ་བ་སོགས་གང་ཡང་གདོད་ནས་མ་དམིགས་པར་བརྟགས་པའི་ཆ་གཅིག་འདུགཔ་དེ་ཉིད། ཉན་རང་གི་ལམ་ཤེས་པའི་ལམ་ཤེས་ཡིན་ལ། གཉེན་པོ་གཞི་ཤེས་ཀྱང་ཡིན་ནོ། །ཡང་བདག་ཏུ་འཛིན་པའི་བག་ཆགས་དྲུང་ནས་འབྱིན་པའི་ཕྱིར། གང་ཟག་གི་བདག་མེད་པ་ཆེད་གཏད་བསྒོམས་པ་ན། བདག་ནི་རང་བཞིན་གྱིས་མེད་པར་མཐོང་ཞིང༌། ལྷག་མ་གཞན་དངོས་པོ་དང་དངོས་པོ་མེད་པའི་སྤྲོས་པ་རྣམས་ཀྱང་ཞོར་ལ་རང་བཞིན་མེད་པ་རྟོགས་ནས། སྤྲོས་པ་དང་མཚན་མ་ཐམས་ཅད་ཞིག་པའི་རྣམ་པ་ཅན་ཏེ། སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ཀྱི་སྡོང་པོ་བདག་མེད་པའི་རྩ་བ་ཅན་དེ་ནི་གཉེན་པོའི་གཞི་ཤེས་ཉིད་ཡིན་ནོ། །བདག་འཛིན་གྱི་བག་ཆགས་དྲུང་ནས་འབྱིན་པ་ལ། སྤྱི་ཁྱབ་ཀྱི་སྤྲོས་བྲལ་དེ་ཁོ་ན་རྟོགས་པས་ཆོག་གི གང་ཟག་མེད་པ་ལ་གཙོ་བོར་དམིགས་པས། ཅི་ཞིག་བྱ་སྙམ་ན། མ་ཡིན་ཏེ་དམིགས་པ་རྣམས་ཀྱི་ནུས་པ་ནི་ཐ་དད་པ་ཡིན་པས། སྟོང་ཉིད་ཁོ་ནས་ཆགས་སྡང་ལ་སོགས་པ་ཡང་བཟློག་པ་ཡིན་མོད་ཀྱང་མི་སྡུག་པའི་ཏིང་ངེ་འཛིན་སྤྲོས་བྲལ་གྱི་རྣམ་པ་ཅན་གྱིས་འདོད་ཆགས་ཀྱི་བག་ཆགས་ལྷག་པར་བཟློག་པ་དང༌། བྱམས་པའི་སེམས་སྤྲོས་བྲལ་གྱི་རྣམ་པ་ཅན་གྱིས་ཞེ་སྡང་གི་བག་ཆགས་ལྷག་པར་བཟློག་པ་བཞིན་ནོ། །རིགས་པས་ཀྱང་འཐད་དེ། མི་སྡུག་པ་དང༌། བྱམས་པ་དང༌། བདག་མེད་པ་དེ་དག་ཀྱང་དེ་དང་དེ་མངོན་གྱུར་འཕྲལ་དུ་བཟློག་པའི་ནུས་པ་ཅན་ནི་ཡིན་ལ། སྤྱིའི་གཉེན་པོ་སྟོང་ཉིད་དེ་ཡང་མ་ཚང་བ་མེད་པར་བསྒོམས་པའི་ཕྱིར། གཅིག་པུ་ཁོ་ན་ལས་གཉིས་ཀར་འཛོམ་པ་སྟོབས་ཆེ་བ་རྨོས་མ་དགོས་པའི་ཕྱིར་རོ། །རང་རྒྱལ་གྱིས་བཟུང་པ་ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་སམ་མ་རྟོགས་ཞེ་ན། མ་རྟོགས་ཞེས་བྱའོ། །འོ་ན་ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །བརྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་པ་མ་ཡིན་ནམ། །ཅེ་ན། རང་རྒྱལ་རྣམས་ནི་རྟེན་འབྲེལ་ཡུན་རིང་དུ་གོམས་པ་ལས། འཇིག་རྟེན་མ་རིག་པའི་རྐྱེན་ཅན་དུ་ཤེས་པས་ན། དེའི་ཤུགས་ཀྱིས་གཟུང་བའི་རྣམ་རྟོག་ཤིན་ཏུ་ཉམས་སྨད་པ་ཡིན་པས། དེ་ལྟ་བུའི་རྟོགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱི་རྟོགས་རིགས་ཀྱི་ནང་དུ་འདུས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སྐབས་འགའ་ཞིག་ཏུ་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པས། ང་བདག་དང་ཕྱི་རོལ་གྱི་དོན་གདོད་ནས་མ་གྲུབ་པར་རྟོགས་ཤིང༌། དེ་ཉིད་ཀྱང་སྤྲོས་པ་ཐམས་ཅད་དང་གདོད་ནས་བྲལ་བའི་རྣམ་པ་ཅན་ཡིན་མོད་ཀྱི། འཛིན་པ་ལ་ཆེད་གཏད་ཤུགས་ཕྱུང་ནས་སྟོང་་པར་བསྒོམ་པ་མེད་པས། གཟུང་དོན་གྱི་རྟོགས་པ་སྤོང༌། །འཛིན་པའི་རྟོག་པ་མི་སྤོང་ཞེས་ཐ་སྙད་མཛད་པ་ཡིན་གྱི། འཛིན་པའི་མངོན་ཞེན་དང་བཅས་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་དེས། རང་རྒྱལ་གྱི་རྟོགས་པ་གང་ཡིན་པ་དེ། རིགས་མཐུན་གྱི་ཚུལ་གྱིས་བསྡུས་པ་ཡིན་པས་རང་་རྒྱལ་གྱི་ལམ་གྱི་མིང་གིས་བཏགས་པ་ཙམ་མོ། །དེ་ལྟར་བཤད་ཟིན་པའི་མཁྱེན་པ་གསུམ་པོ་དེ་ནི། ལམ་གྱི་བདེན་པའི་དབང་དུ་བྱས་ལ། དངོས་པོ་བརྒྱད་ཀྱི་སྐབས་འདིར་གཙོ་བོ་ཡང་ལམ་བདེན་འདི་ཡིན་མོད། སྤྱིར་ཆོས་ཉིད་དོན་དམ་པའི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ནི། ཤེར་ཕྱིན་མཐར་ཐུག་པ་ཡང་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། གཞི་ཐམས་ཅད་ཤེས་པ་ཉིད་དེ། འདི་ནི་དོན་དམ་འགོག་པའི་བདེན་པ་ཡིན་ཅིང༌། ཤེར་ཕྱིན་གྱི་མདོ་དང་གཞུང་གི་སྦས་དོན་མཐར་ཐུག་གི་སྙིང་པོ་ནི་ཡིན་པར་ཤེས་པར་བྱའོ།། དེ་ལྟར་མཁྱེན་པ་གསུམ་གྱི་ངོ་བོ་ནི་དེ་འདྲ་ཡིན་ལ། ལམ་གྱི་བདེན་པས་བསྡུས་པའི་མཁྱེན་གསུམ་གྱི་རྟོགས་བྱའམ། གནས་ལུགས་ཆོས་ཀྱི་དབྱིངས་སྤྲོས་བྲལ་གྱི་རིག་པ་དེ་ནི་བདག་མེད་གཉིས་སམ། རྣམ་པ་སྐྱེ་མེད། ལམ་སྐྱེ་མེད་གཞི་སྐྱེ་མེད། ཅེས་སོགས་ཐ་སྙད་དུ་མས་བསྙད་དེ། ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཡུལ་དང༌། སྦྱོར་བ་རྣམས་ཀྱི་སྒོམ་བྱ་དམིགས་པའི་ཡུལ་ཡང་ཡིན་ནོ།།
དངོས་པོ་བཞི་པ་རྣམ་རྫོགས་སྦྱོར་བ།
དངོས་པོ་བཞི་པ་རྣམ་རྫོགས་སྦྱོར་བ་ནི། གཞི་དང་ལམ་དང་འབྲས་བུའི་ཆོས་རྣམས། རང་བཞིན་གདོད་ནས་སྟོང་པ་ཉིད་དུ་མཚུངས་ཀྱང༌། སོ་སོའི་མཚན་ཉིད་རྣམ་པ་མི་འདྲ་བ་རྣམས་མ་འདྲེས་ཤིང་མ་འཛིངས་པར་བློས་རྟོགས་ནས། ཐམས་ཅད་སྤྲོས་པ་དང་བྲལ་བར་རོ་སྙོམས་ཤིང༌། སེམས་དངོས་པོ་གང་ལ་ཡང་མི་གནས་པར་ཡིད་ལ་མི་བྱེད་པའི་ཚུལ་དུ་བསྒོམས་མོ།། དེ་ལ་མི་རྟག་པ་ལྟ་བུའི་གསལ་སྣང་བསྒྲུབས་ཏེ་སྤྲོས་བྲལ་དུ་བསྲེ་ནུས་པ་ནས། རྣམ་རྫོགས་སྦྱོར་བ་ཙམ་རྒྱུད་ལ་སྐྱེ་བའི་མགོ་བརྩམས་པ་ཡིན་ལ། རྣམ་པ་གཞན་ཐམས་ཅད་ཀྱང་རེ་རེ་བཞིན་རིམ་པས་བསྒྲུབས་ཤིང་སྤྲོས་བྲལ་གྱི་ངོར་རིམ་གྱིས་སྐྱེ་ལ། མཐར་ཤེས་པ་སྐད་ཅིག་གཅིག་ལ་རྣམ་པ་ཐམས་ཅད་དུས་མཉམ་དུ་ཤར་བར་གྱུར་པ་ན༌། རྣམ་རྫོགས་སྦྱོར་བ་མཐར་ཕྱིན་པ་ཡིན་ཏེ། ཚོགས་ལམ་ནས་རྒྱུན་མཐའི་ཡེ་ཤེས་ཀྱི་བར་དུ་འདི་ཡོད་པར་འདོད་པ་ལྟར་འཐད་ལ། འདི་ལ་མཁྱེན་གསུམ་གྱི་རྣམ་པ་བསྡུས་སྒོམ་གྱི་སྦྱོར་བ་ཞེས་ཟེར་ཏེ། མཁྱེན་གསུམ་གྱི་རྣམ་པ་ནི་གོང་དུ་སྨོས་པ་ལྟར། ལམ་གྱི་བདེན་པའི་དམིགས་ཡུལ་རྟོགས་བྱ་ཆོས་དབྱིངས་དེའི་རྣམ་པ་ཡིན་ཅིང༌། དངོས་གནས་ལ་རྣམ་པའི་གྲངས་ཚད་བཟུངབར་མི་ནུས་ཀྱང༌། དོན་གྱི་གཙོ་བོ་རྣམས་བསྡུས་པའི་ཕྱིར་དང༌། གདུལ་བྱ་ཉེ་བའི་བསམ་པ་ལ་དགོངས་ནས། རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་ཞེས་གྲགས་སོ། །བསྡུས་སྒོམ་གྱི་གོ་དོན་ནི། དཔེར་ན་འདུས་བྱས་མི་རྟག་པར་ཡིད་ལ་བྱས་ཤིང༌། དེ་ཡང་རང་བཞིན་མེད་པ་ལ་བསླབས་པས། གསལ་སྣང་ཐོབ་པ་ན། ཟག་བཅས་སྡུག་བསྔལ་གྱི་རྣམ་པ་ཡིད་ལ་བྱེད་ཅིང༌། དེ་རང་བཞིན་མེད་པ་ལ་གསལ་སྣང་སྒྲུབ་པོ། །དེ་ཡང་ཐོབ་པ་ན། མི་རྟག་སྡུག་བསྔལ་གཉིས་ཀ་དུས་གཅིག་ལ་ཡིད་ལ་བྱེད་ཅིང༌། རང་བཞིན་མེད་པར་གསལ་སྣང་མཉམ་དུ་སྒྲུབས་པས། མཉམ་གཞག་སྐད་ཅིག་ན་གཅིག་པོ་རེ་ལ་ཤེས་པ་གཅིག་པོ་དེས། འདུས་བྱས་ཀྱི་སྣང་བ་ཐམས་ཅད་མི་རྟག་པའི་རྣམ་པ་ཅན་དུ་ཡང་ཤེས། ཟག་བཅས་ཀྱི་སྣང་བ་ཐམས་ཅད་སྡུག་བསྔལ་གྱི་རྣམ་པ་ཅན་དུ་ཡང་ཤེས། གཞི་འདུས་བྱས་དང་ཟག་བཅས་གཉིས་དང་མཚན་ཉིད་མི་རྟག་པ་དང་སྡུག་བསྔལ་རྣམས་ཀྱང་སྣང་བ་ཙམ་མ་གཏོགས། རང་བཞིན་གྱིས་སྟོང་པར་མཐོང་བ་ན། མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་སྒོམ་པ་ཡིན་པས། བསྡུས་སྒོམ་ཞེས་བྱའོ། །མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་མ་འགགས་པ་དགོས་ཏེ། དེ་མེད་ན་བསྡུས་ཏེ་སྒོམ་པར་མི་འགྱུར་ཞིང༌། རྣམ་པའི་རྣམ་གྲངས་མང་པོ་བཤད་པ་རྣམས་ཀྱང་དོན་མེད་དུ་འགྱུར་པས་སོ། །སྣང་ཆ་དེའི་སྟེང་དུ་སྤྲོས་པ་དང་བྲལ་བར་འཇོག་མ་ཤེས་ན་ཡང༌། མི་རྟག་སྡུག་བསྔལ་གྱི་རྣམ་པ་ཙམ་གྱིས་ཤེར་ཕྱིན་སྒོམ་པར་མི་འགྱུར་ཞིང༌། གནས་ལུགས་ལ་རེག་པར་མི་འགྱུར་བས། སྤྱི་དང་ཁྱད་པར་གྱི་རྣམ་པ་ཐམས་ཅད་སྒོམ་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །འདིར་སྦྱོར་བ་ཞེས་པ་ནི་ཉམས་ལེན་སྒོམ་པའི་རྣལ་འབྱོར་ཡིན་ཏེ། དེ་ལྟར་ན་འདི་དག་ནི་གཞན་རྣམས་ལ་ཡང་རིགས་འདྲེའོ། །
དངོས་པོ་ལྔ་པ་རྩེ་སྦྱོར།
དངོས་པོ་ལྔ་པ་རྩེ་མོའི་སྦྱོར་བ་ནི། བསྡུས་སྒོམ་རབ་ཏུ་གྱུར་པ་ཞེས་བྱ་སྟེ། རབ་ཏུ་གྱུར་བའི་གོ་དོན་ཤིན་ཏུ་བྱང་བ་དང་གོང་འཕེལ་དུ་གྱུར་པ་སྟེ། དེ་ལ་རྣམ་རྫོགས་ནི། རྣམ་པ་གཉིས་ཀྱི་བསྡུས་སྒོམ་ནས་རྣམ་པ་ཐམས་ཅད་ཀྱི་བར་དུ། བསྡུས་སྒོམ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བྱེད་པ་ཡིན་ཅིང༌། རྩེ་སྦྱོར་འདི་ནི། རྣམ་པ་གཉིས་ནས་རྣམ་པ་ཐམས་ཅད་པའི་བར་དུ་སོ་སོར་སྦྱར་ཏེ། བསྡུས་སྒོམ་དེ་དང་དེ་ཐོབ་ཅིང་མ་ཉམས་པར་སྔར་ནས་བྱས་པ་དེ། ཤིན་ཏུ་བྱང་བས་ཤུགས་འབྱུང་ལ་འཇུག་པའི་ཕྱིར་དང༌། སྐབས་དེ་དང་དེའི་ཡོན་ཏན་རྣམས་བསྒྲུབ་པའི་ཕྱིར་དང༌། མི་རྟག་པ་ལྟ་བུ་གཅིག་ལ་ཡང་རྟོགས་ཚུལ་མི་འདྲ་བ་དུ་མའི་སྒོ་ནས། ཤེས་རབ་ཀྱི་སྣང་བ་སྤེལ་བའི་ཕྱིར་སྒོམ་པ་ཡིན་ནོ། །དེ་ལྟར་བསྒོམས་པས་གནས་སྐབས་དེ་དང་དེ་དག་ཏུ་དེ་འདྲ་མངོན་དུ་གྱུར་བ་ན་རྩེ་མོའི་སྦྱོར་བ་ཐོབ་པ་ཞེས་བྱ་སྟེ། སྦྱོར་ལམ་དྲོད་ནས་རྒྱུན་མཐའི་ཡེ་ཤེས་ཀྱི་བར་དུ་ཡོད་དོ། །
དངོས་པོ་དྲུག་པ་མཐར་སྦྱོར།
དངོས་པོ་དྲུག་པ་མཐར་གྱིས་པའི་སྦྱོར་བ་ནི། བསྡུས་སྒོམ་དེ་ཉིད་མ་ཉམས་བཞིན་དུ་རིམ་པ་མི་འདྲ་བ་སྣ་ཚོགས་ལ་བསླབ་པས། འཕེལ་བའི་རྒྱུན་དེ་ཉིད་བྱང་ཞིངཤིན་ཏུ་བརྟན་པར་བྱེད་པ་སྟེ། དཔེར་ན་སྔར་གྱི་བསྡུས་སྒོམ་དེ་ཉིད། ཆུ་ཚོད་གཅིག་ཏུ་སྒོམ་པར་བྱེད་ན། ཆུ་སྲང་བཞི་ལྷག་ཙམ་ཞིག་སེམས་སྤྲོས་བྲལ་གྱི་སྣང་ཆ་མི་རྟག་སྡུག་བསྔལ་སོགས་སུ་ཅིག་ཆར་ཤར་བ་དེ། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེས་སྦྱིན་པ་གཏོང་བའི་སེམས་པས་མགོ་བསྡུས་ཏེ་སྒོམ་པ་དང༌། དེ་རྗེས་རྒྱུན་དེ་ཙམ་ཞིག ཚུལ་ཁྲིམས་སྤོང་སེམས་ཀྱིས་མགོ་བསྡུས་ཏེ་སྒོམ་པ་སོགས། ཕར་ཕྱིན་དྲུག་དང༌། རྗེས་དྲན་དྲུག་དང༌། དངོས་མེད་ངོ་བོ་ཉིད་དེ་བཅུ་གསུམ་ལ་སྦྱར་རོ། །དེ་ལ་གོམས་ནས་དབུགས་བཅུ་གསུམ་གྱི་རིང་ལ་ཆོས་བཅུ་གསུམ་སྦྱར་ཏེ་སྒོམ་པ་ལྟ་བུ་དང༌། རིམ་པས་དུས་མཐའི་སྐད་ཅིག་མ་བཅུ་གསུམ་ལ་སྦྱར་བ་ལྟ་བུ་དང༌། མཐར་མཐའ་མེད་པའི་བར་དུ་སྦྱར་ཏེ། འདི་ནི་སྦྱོར་བ་སྔ་མ་གཉིས་ཀྱི་རྩལ་སྦྱོང་བ་ཡིན་ལ་སྦྱོར་བ་སྔ་མ་གཉིས་ནི་རྣམ་པ་མི་འདྲ་བ་དུ་མ་གཅིག་ཏུ་བསྡུས་ཏེ་སྒོམ་པ་ཡིན་ལ། འདི་ནི་བསྡུས་ཟིན་དེ་འདྲ་ཡོངས་རྫོགས་རེ་རེ་བཞིན། སྐད་ཅིག་རེ་རེར་རྣམ་པ་མི་འདྲ་བ་དུ་མར་འཆར་བ་ལ་སློབ་པ་ཡིན་པས། རྣམ་པ་སོ་སོར་ཕྱེ་སྟེ་སྒོམ་པ་ཡིན་ནོ། །འོ་ན་ཕྱེ་བའི་ཕྱིར་རྣམ་པ་ཉུང་དུ་སོང་བ་ཡིན་ནམ་སྙམ་ན་མིན་ཏེ། སྔ་མ་རྣམས་ལས་ཀྱང་ཆེས་མང་བར་འགྱུར་རོ། །དཔེར་ན་ཤེས་པ་གཅིག་ལ་རྣམ་པ་བཅུ་དྲུག་དུས་མཉམ་དུ་འཆར་བ་བསྒྲུབས་ཟིན་པ་དེ། སླར་ཡང་རྣམ་པ་བཅུ་དྲུག་པོ་སོ་སོ་མ་ཉམས་བཞིན་དུ། ཐམས་ཅད་མི་རྟག་པའི་རྣམ་པ་གཅིག་ཏུ་འཆར་བ་དང༌། ཐམས་ཅད་སྡུག་བསྔལ་གྱི་རྣམ་པ་གཅིག་ཏུ་འཆར་བ་དང༌། ཐམས་ཅད་སྟོང་པ་གཅིག་ཏུ་འཆར་བ་ལ་སོགས་པ། སྐད་ཅིག་རེ་རེ་བཞིན་དུ་འཕོས་ཤིང་སྒོམ་པ་ཡིན་ཏེ། སྔར་གྱི་རྣམ་པ་མང་པོ་དེ་དག་ཀྱང་རེ་རེ་བཞིན་རྣམཔ་ཉིས་སྦྲག་ཏུ་བསླབས་པར་འགྱུར་ལ། སྔར་རྣམ་པ་མང་པོ་དེ་དག་སྟོང་ཉིད་ཙམ་གྱིས་ཁྱབ་བྱེད་དུ་བྱེད་པ་ལས་གཞན་མེད་ན་ཡང༌། འདིར་རྣམ་པ་ཐམས་ཅད་ལ་མི་རྟག་པའི་རྣམ་པས་ཁྱབ་པ་དང༌། རྣམ་པ་ཐམས་ཅད་ལ་སྡུག་བསྔལ་གྱི་རྣམ་པས་ཁྱབ་པ་སོགས། རྣམ་པ་ཐམས་ཅད་ལ་རེ་རེ་བཞིན་རྣམ་པ་ཐམས་ཅད་ཀྱིས་ཁྱབ་པར་བསྒྲུབས་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིར། བསྡུས་སྒོམ་གྱི་རྣམ་པ་རྣམས་སྔར་དུས་མཉམ་དུ་གྲུབ་ཟིན་པའི་རྒྱུན་དེ་ཀ་ཡིན་ཀྱང་རྒྱས་འདེབས་བྱེད་རྣམས་དུས་མཉམ་མ་གྲུབ་པས། སྔ་ཕྱི་བྲེང་ཆགས་སུ་བྱེད་དགོས་པའི་ཕྱིར། མཐར་གྱིས་རིམ་གྱིས་སྒྲུབ་པ་ཞེས་བྱ་སྟེ། ཆོས་གཅིག་བསྒོམས་པས་ཆོས་ཐམས་ཅད་བསྒོམས་པ་དང༌། སྐད་ཅིག་གཅིག་ལ་ཡང་ཏིང་ངེ་འཛིན་དུ་མ་ལ་ལྡང་འཇུག་ནུས་པར་འགྱུར་བའི་རྒྱུ་བླ་ན་མེད་པ་སྟེ། འདིའི་ས་མཚམས་ལ་འདོད་ཚུལ་མི་འདྲ་བ་མང་ཡང༌། སྦྱོར་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུ་ཡོད་དོ་ཞེས་གསུང་བ་ལྟར་ན། བདག་གི་རྣམ་པར་རྟོག་པ་ནི་སྦྱོར་ལམ་ཡང་བཟོད་པ་ལ་བྱ་དགོས་པར་སེམས་སོ། །འདིར་ཆོས་བཅུ་གསུམ་བཤད་པ་ནི་མཚོན་པ་ཙམ་སྟེ། ཆོས་ཀྱི་རྣམ་པ་མཐའ་ཡས་པ་མཐའ་དག་གོ །དེ་ལྟར་ན་སྦྱོར་བ་གསུམ་པོ་དེ་དང༌། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་ཞིང༌། ཕན་ཚུན་སྤེལ་པའི་ཚུལ་དུ་རྒྱུད་ལ་སྐྱེ་བ་ཡིན་ཏེ། དཔེར་ན་རྣམ་པ་ཉི་ཤུ་རྩ་བདུན་གྱི་རྣམ་རྫོགས་སྦྱོར་བའི་བསྡུས་སྒོམ་ཐོབ་པ་ན། རྣམ་པ་ཉེར་བདུན་པོ་དེ་རྣམས་ཉིད་ཀྱི་ རྩེ་མོའི་སྦྱོར་བས་བྱང་ཞིང་འཕེལ་བ་ལ་སློབ་པར་བྱེད་དོ། །དེ་ནས་ཉེར་བདུན་པོ་དེ་རྣམས་རེ་རེ་བཞིན་ཉེར་བདུན་པོ་དེ་དག་ཐམས་ཅད་དུ་འཆར་བའི་ཕྱིར། ཉེར་བདུན་པོ་ལ་རྣམ་པ་རེ་རེ་བཞིན་གྱིས་རྒྱས་འདེབས་པའི་མཐར་གྱིས་པའི་སྦྱོར་བ་སྒོམ་དགོས་ཏེ། དེས་རྣམ་པ་མང་ཉུང་ཐམས་ཅད་ལ་རིགས་འདྲེའོ། །འོན་ཀྱང་སྦྱོར་བ་གསུམ་པོ་དེ་ཐོག་མར་ཐོབ་པའི་ས་མཚམས་ནི་མི་འདྲ་སྟེ། བསྡུས་སྒོམ་ནི་ཚོགས་ལམ་ན་ཡང་ཡོད་ཅིང༌། བསྡུས་སྒོམ་ལ་བྱང་ཞིང་འཕེལ་པ་ནི། དེ་ན་མེད་པའི་ཕྱིར། ཚོགས་ལམ་ན་རྣམ་རྫོགས་ཡོད་ཀྱི་རྩེ་མོ་མེད་དོ། །བྱང་ཞིང་འཕེལ་བ་སྦྱོར་ལམ་དྲོད་རྩེ་གཉིས་ནས་ཡོད་ཀྱང༌། རྣམ་པ་མང་པོས་རྣམ་པ་མང་པོ་ལ་རྒྱས་ཐེབས་པ་དེ་ན་མེད་པས། རྩེ་སྦྱོར་ཡོད་ཀྱང་མཐར་གྱིས་པ་མེད་དོ༌། །བཟོད་པ་ནས་རྒྱས་ཐེབས་ཚུལ་དེ་ཡོད་པའི་ཕྱིར་མཐར་གྱིས་པ་ཡང་ཡོད་དེ། དེ་ནས་བརྩམས་ཏེ་གསུམ་ཀ་སྤེལ་མར་འབྱུང་ངོ༌། །རྩེ་སྦྱོར་མ་ཐོབ་བའི་སྔོན་དུ་མཐར་གྱིས་པ་ཡོད་པར་འདོད་པ་མི་འཐད་དེ། དེ་ནི་རྩེ་སྦྱོར་གྱི་བསྡུས་སྒོམ་འཕེལ་བའི་རྒྱུན་དེ་ཉིད་ལ། རིམ་སྒོམ་དུ་བྱེད་པ་ཉིད་ཡིན་བའི་ཕྱིར་རོ། །ཁ་ཅིག་ས་བདུན་པ་མན་ཆད་མཁྱེན་གསུམ་གྱི་མངོན་རྟོགས་དང༌། བརྒྱད་པ་ཡན་ཆད་ལ་སྦྱོར་བཞིའི་མངོན་རྟོགས་ཡོད་པར་འདོད་ཅིང༌། དེ་ལས་ཀྱང་ཁ་ཅིག་དེ་དག་རེ་རེ་ལ་ཡང་སྦྱོར་མཐོང་སྒོམ་གསུམ་གྱི་དབྱེ་བ་སོགས་བྱེད་པ་ནི་འཐད་པར་མ་མཐོང་ལ་བཀའ་གདམས་པ་འགའ་ཞིག་ན་རེ། འཕགས་སེང་གིས་མངོན་རྟོགས་ཀྱི་དོན་རྣམས་ལམ་མཐོན་པོ་ཁོ་ན་ལ་ཡང་ཡང་སྦྱར་བ་ནི། རང་རེ་ད་ལྟའི་གང་ཟག་རྣམས་ལ་སྐུ་དྲིན་ཆུང་སྟེ། འདི་ཐམས་ཅད་ལ་ད་ལྟ་ཉིད་ནས་ཉམས་སུ་བླང་རྒྱུ་དགོས་གསུང་བ་ཡང༌། རྗེས་མཐུན་གྱི་དབང་དུ་བྱས་ན་བདེན་པས། ལས་དང་པོ་པ་ཉིད་ནས་དངོས་པོ་བརྒྱད་ཀར་གྱི་རྒྱུ་ཚོགས་ལ་བསླབཏུ་ཡོད་དོ། །གཞན་སྦྱོར་བ་དང་མངོན་རྟོགས་ཀྱི་དབྱེ་བ་ལྟར་ན། རྣམ་རྫོགས་སོགས་སྦྱོར་བ་གསུམ་པོ་འདི་ལ། སོ་སྐྱེའི་གནས་སྐབས་ན་ནི་སྦྱོར་བ་ཙམ་ཡིན་ལ། འཕགས་པའི་ལམ་གྱི་དེ་དང་དེ་ནི་མངོན་རྟོགས་ཀྱང་ཡིན་ནོ། །
དངོས་པོ་བདུན་པ་སྐད་ཅིག་སྦྱོར།
དངོས་པོ་བདུན་པ་སྐད་ཅིག་མའི་སྦྱོར་བ་ནི། སྤྲོས་པ་དང་བྲལ་བ། རབ་ཏུ་ཞི་བ། རབ་ཏུ་དབེན་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཀྱང་ཅིག་ཆར་ཤེས་ལ། དེའི་རྒྱུ་མཚན་གྱིས་འདི་ནི་ལམ་གྱིས་བསྡུས་པའི་ཡེ་ཤེས་དང་ཡོན་ཏན་དང་དགེ་བའི་ཆོས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང༌། འབྲས་བུ་སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་རྣམས་ཀྱི་སྣང་ཆ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་ཤར་བས་ནི། ཆོས་ཐམས་ཅད་སྐད་ཅིག་གཅིག་གིས་རྟོགས་ནུས་པའི་ཕྱིར་དང༌། སངས་རྒྱས་ཀྱི་བྱང་ཆུབ་དེ་མ་ཐག་ཐོབ་ནུས་པའི་ཕྱིར། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །མངོན་རྟོགས་འདི་ནི་རྒྱུན་མཐའི་སྐབས་ཁོ་ན་ཡིན་ཀྱང༌། བསམ་གྱིས་མི་ཁྱབ་པའི་གནས་ལ་དབང་སྒྱུར་བ་ཡིན་པས་ན། སྐད་ཅིག་ལ་བསྐལ་པར་སྟོན་པ་སོགས་འབྱུང་པའི་ཕྱིར། དུས་ཡུན་རིང་ཐུང་འདི་ཙམ་ཞེས་བསམ་པར་མི་ནུས་སོ། །མཐར་གྱིས་པའི་སྐབས་སུ་ཕན་ཚུན་ཡང་ཡང་རྒྱས་བཏབ་པའི་ནུས་པ་རྣམས་འདིར་ཤིན་ཏུ་སྨིན་པས། དགེ་ཆོས་གཅིག་ལ་དམིགས་པས་དགེ་ཆོས་གཞན་མ་ལུས་པ་ཡང་ཅིག་ཆར་འབྱུང་པ་ཡིན་པས་ན། མཐར་གྱིས་ཡོངས་སུ་གྱུར་ནས། སྐད་ཅིག་མར་སོང་པ་ཡིན་ཏེ། སྐབས་འདིར་རྟག་པ་མཐར་བཟུང་སྟེ་མཐར་ཆགས་སུ་བསྒོམ་པ་ཞིག་གལ་ཏེ་སྲིད་དུ་ཆུག་ཀྱང༌། མཐར་ཆགས་སུ་མི་ཡོང་བར་ཀུན་འདུས་སུ་འབྱུང་བ་ཡིན་ནོ། །དེ་ཡང་ཤིན་ཏུ་དབང་འབྱོར་བས་གལ་ཏེ་འདོད་ན་ནི། མཐར་ཆགས་སུ་འབྱུང་བ་ཡང་སྲིད་མོད་ཀྱི། སྐད་ཅིག་མ་གྲུབ་ནས་མཐར་ཆགས་བསྒོམས་པ་ལ་དགོས་པ་མེད་པའི་ཕྱིར་འདོད་པར་མི་བྱེད་དོ། །དེ་ལ་མཐར་ཆགས་རྐྱང་པར་བསྒོམས་པའི་ནུས་པ་ཡོངས་སུ་རྫོགས་པ་ནི། མཐར་གྱིས་པའི་མངོན་རྟོགས་ལེགས་པར་ཐོབ་ཟིན་པ་ཡིན་ལ། དེ་ནས་རྒྱས་འདེབས་ཉིས་སྦྲག་ཏུ་བྱེད་དེ། རྣམ་པ་ཐམས་ཅད་ལ་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཀྱིས་རྒྱས་འདེབས་པ། སྔ་ཕྱི་རིམ་ཅན་མ་ཡིན་པར་དུས་མཉམ་དུ་བྱེད་དོ། །དེ་ལྟར་ཉིས་སྦྲག་དུས་མཉམ་དུ་རྒྱས་ཐེབས་པ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་དུ་རྒྱས་འདེབས་མཐའ་མེད་པའི་བར་དུ་སྦྱོར་པ་ནི། སྐད་ཅིག་མའི་སྦྱོར་བ་ཙམ་ཡིན་ཏེ། འདི་ནི་རྒྱུན་མཐའི་སྔོན་རོལ་ནས་ཡོད་ཅིང༌། སྐད་ཅིག་མའི་མངོན་རྟོགས་ནི་མ་ཡིན་ནོ། །རྒྱས་འདེབས་དེ་ཡང་ལྷུན་གྲུབ་ཀྱི་ཚུལ་གྱིས་འབྱུང་དགོས་ཏེ། འབད་རྩོལ་ཅན་ཡིན་ན་ནི་སྐད་ཅིག་མའི་ཐུན་མོང་མ་ཡིན་པའི་རྒྱུར་མི་འགྱུར་བས། མི་གཡོ་བའི་ས་ཡན་ཆད་ལ་ཅི་རིགས་པ་ཡོད་པར་ཤེས་པར་བྱའོ། །
དངོས་པོ་བརྒྱད་པ་འབྲས་བུ་ཆོས་སྐུ།
དངོས་པོ་བརྒྱད་པ་ཆོས་སྐུ་ནི། མ་ལུས་ཤིང་ལུས་པ་མེད་པའི་ཆོས་སམ་ཤེས་བྱ་ཐམས་ཅད་ཀྱི་རང་གཟུགས་སམ་གནས་ལུགས་སམ། སྡོད་ལུགས་ཡིན་པའི་ཕྱིར། ཆོས་ཀུན་གྱི་ལུས་སམ་སྐུའོ། ཡང་སྟོབས་དང་མི་འཇིགས་པ་ལ་སོགས་པ། ཡོན་ཏན་དང་དགེ་ཆོས་མ་ལུས་པ་ཐམས་ཅད། གཅིག་ཏུ་འདུས་པའི་སྤྱི་གཟིགས་ཡིན་པའི་ཕྱིར་ཡང་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཡང་དོན་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་མཉམ་པ་ཉིད་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་དེ་ཡིན་ཏེ། དེ་ཡང་དག་པ་གཉིས་ལྡན་ནོ། །དག་པ་གཉིས་ལྡན་དང༌། རང་བཞིན་གྱིས་དག་པ་གཅིག་པུ་པ་ཞེས་པ་ཡང༌། ངོ་བོ་སོ་སོར་མེད་ཅིང་མཚན་གཞིའི་ངོས་འཛིན་ཡང་ཐ་དད་དུ་མ་གྲུབ་སྟེ། ཡེ་ཤེས་ཀྱི་རྒྱ་མཚོ་ལྟ་བུའི་ཆོས་དབྱིངས་དེ་ཉིད་ལས། གཞན་ངོས་བཟུང་དུ་མེད་པའི་ཕྱིར་རོ། །འོན་ཀྱང་རྣམ་གཞག་གཉིས་པོ་དེ་ནི། རྟེན་གྱི་རྒྱུད་རིགས་མི་འདྲ་བ་གཉིས་ལ། ཆོས་དབྱིངས་དེ་དེ་དང་དེར་སོང་ཚུལ་ཐ་དད་པ་ཡིན་ཏེ། ཆོས་སྐུ་དེ་ལ་རང་གི་ངོ་བོས་ནི་གློ་བུར་གྱི་དྲི་མ་ཡང་མེད་མོད་ཀྱི། སེམས་ཅན་རྣམས་ཉིད་གློ་བུར་གྱི་དྲི་མས་བསྒྲུབས་པའི་ཕྱིར། ཆོས་དབྱིངས་དེ་སེམས་ཅན་རྣམས་ལ་རང་བཞིན་རྣམ་དག་ཁོ་ནར་སོང༌། སངས་རྒྱས་རྣམས་ནི་རང་རྒྱུད་ལ་གློ་བུར་གྱི་དྲི་མ་དག་པའི་ཕྱིར། ཆོས་སྐུ་དེ་ཡང་སངས་རྒྱས་ལ་ནི་དག་པ་གཉིས་ལྡན་དུ་སོང་བས་ན། སངས་རྒྱས་ཀྱིས་ཆོས་དབྱིངས་དག་པ་གཉིས་ལྡན་ཐོབ་ཅེས་བྱ་བ་དེ་ཡང༌། ཆོས་དབྱིངས་ལ་དག་པ་གཉིས་ལྡན་ཡིན་མིན་གྱི་ཆ་གཉིས་ཡོད་པ་ཞིག་ལས། །ཡིན་པའི་ཕྱོགས་དེ་ཐོབ་པའི་དོན་མ་ཡིན་གྱི། །སངས་རྒྱས་ཀྱི་རྒྱུད་ཀྱི་ཆོས་དབྱིངས་ཡོངས་རྫོགས་དེ་དག་པ་གཉིས་ལྡན་གྱི་ཚུལ་གྱིས་ཐོབ་པ་ལ། དག་པ་གཉིས་ལྡན་ཐོབ་ཅེས་བསྒྲགས་པ་ཡིན་ནོ། །དཔེར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། སློང་པ་པོ་རྣམས་ལ་ཟས་གོས་ཁོ་ནའི་སྦྱིན་བདག་ཡིན་གྱི། སངས་རྒྱས་འཁོར་དང་བཅས་པའི་ནི་ཡོ་བྱད་ཐམས་ཅད་ཀྱི་སྦྱིན་བདག་ཡིན་ནོ་ཞེས་བརྗོད་ན། ཁྱིམ་བདག་གཉིས་ནི་མེད་ལ། ཟས་གོས་ཁོ་ནའི་སྦྱིན་བདག་དང་ཡོ་བྱད་ཐམས་ཅད་ཀྱི་སྦྱིན་བདག་གཉིས་མཚན་ཉིད་སྤྱི་ལྡོག་འགལ་ཡང༌། སྦྱིན་ཡུལ་སོ་སོ་ལ་བལྟོས་ནས་མི་འགལ་བ་བཞིན་ནོ། །ཆོས་སྐུ་འདི་དང༌། གོང་གི་མཁྱེན་གསུམ་འགོག་བདེན་ངོ་བོ་གཅིག་ཅིང༌། རྣམ་མཁྱེན་ལམ་བདེན་ཡང་འདིའི་ཁོངས་སུ་བསྡུ་བ་ཡིན་མོད་ཀྱི། མཁྱེན་གསུམ་གྱི་སྐབས་དེ་དག་ཏུ་ནི། ད་ལྟ་མ་ཐོབ་པ་ཐོབ་བྱའི་ཡུལ་དུ་བྱ་བ་དང༌། དམིགས་པའི་ཡུལ་དུ་བྱས་ནས་བཤད་ལ། འདིར་ནི་འབྲས་བུ་དེ་མངོན་དུ་བྱེད་པའི་དབང་དུ་བྱས་ནས་བཤད་པས། དོན་གྱི་འཆད་ཚུལ་ལ་ངོ་བོ་བཟློས་པར་མི་འགྱུར་རོ། །དེ་ཡང་མངོན་རྟོགས་བརྒྱད་སྒྲིག་པའི་དབང་དུ་བྱས་ན་བཟློས་སྤོང་དགོས་ལ། གཞན་དུ་ན་མདོའི་དངོས་བསྟན་དང་རྒྱས་བཤད་ལ་བཟློས་པའི་དོགས་པ་ཡང་མེད་དོ། །དེ་ལྟར་ན་དངོས་པོ་བརྒྱད་ཀྱི་ངོས་འཛིན་གསལ་འདུས་སུ་བཤད་ཟིན་ཏོ། །
ཅུང་ཟད་རྒྱས་པར་བཤད་པ།
ཅུང་ཟད་རྒྱས་པར་བཤད་པ་ལ། ཤེར་ཕྱིན་འབུམ་པ་ལ་སོགས་པ་མདོ་རྒྱས་པ་རྣམས་ཀྱི་དབང་དུ་མཛད་ནས། དོན་གྱི་གཙོ་བོ་བདུན་བཅུ་དང་ཤིན་ཏུ་རྒྱས་བཤད་ལ་ཡན་ལག་གི་རྣམ་གྲངས་མཐའ་ཡས་པ་ཡོད་ཀྱང༌། མདོ་འདིར་ནི་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བདུན་དང་ལམ་ཤེས་དང༌། གཞི་ཤེས་ཀྱི་ངོ་བོ་ཙམ་དང༌། རྣམ་ཀུན་གྱི་རྣམ་པ་དང༌། སྦྱོར་བ་དང༌། རྩེ་མོར་ཕྱིན་པའི་སྤང་བྱ་སྤོང་པའི་གཉེན་པོའི་ཚུལ་ཙམ་དང༌། མཐར་གྱིས་པའི་ངོ་བོ་དང༌། སྐད་ཅིག་མའི་ངོ་བོ་དང༌། ཆོས་སྐུའི་དོན་ཚན་བཞི་པོ་རྣམས་ཏེ། དོན་གྱི་རྣམ་གྲངས་བཅོ་བརྒྱད་དམ། རྩེ་སྦྱོར་གྱི་་མཐོང་སྒོམ་གཉིས་ཀའི་ཡང་ངོ་བོ་ཅུང་ཟད་གསལ་བས། བཅུ་དགུར་བྱས་ཀྱང་རུང་ངོ༌། །
རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
དེ་ལ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་ཅེས་པའི་གོ་དོན། འབྲས་བུ་རྣམ་མཁྱེན་དེ་ཐོབ་བྱེད་ཀྱི་རྒྱུ་ལམ་གྱི་རིམ་པ་ཡིན་པའི་དོན་ཡིན་གྱི། རྣམ་མཁྱེན་གྱི་རྟོགས་བྱའི་ཡུལ་བཅུ་ཡིན་པར་འཆད་པ་མི་ལེགས་ལ། སེམས་བསྐྱེད་ལ་སོགས་པ་འདི་དག་ལ། རྣམ་མཁྱེན་གྱི་སྒྲ་སྦྱོར་བ་ནི་དེ་བས་ཀྱང་ཤིན་ཏུ་མི་འཐད་དེ། རྣམ་མཁྱེན་གྱི་སྒྲ་བཤད་རྒྱུ་ཙམ་ཡོད་དུ་ཆུག་ཀྱང༌། ཉན་ཐོས་ཀྱི་ཐེག་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། སྔགས་ཀྱི་ཐེག་པ་རྣམས་ལས། རྣམ་པ་ཐམས་ཅད་མཁྱེན་པ་ནི་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ལ་གསུངས་པའི་ཕྱིར། གནས་སྐབས་ཐམས་ཅད་དུ་ཤིན་ཏུ་གྲགས་པ་དང་ཧ་ཅང་འགལ་ཆེས་པས་སོ། །དཔེར་ན་སངས་རྒྱས་ལ་ལྷ་ཚེ་རིང་པོའི་སྒྲ་བཤད་དུ་ཡོད་ཀྱང༌། དེ་ལྟར་ཐ་སྙད་སྦྱར་ན་ཤིན་ཏུ་མི་མཛེས་པ་བཞིན་ནོ། །མཚོན་བྱེད་ཀྱི་ཆོས་དེ་དག་ཀྱང་ཇི་སྐད་དུ། སེམས་བསྐྱེད་པ་དང་གདམས་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རངབཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅུག་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་ན།
སེམས་བསྐྱེད།
སེམས་བསྐྱེད་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་ལ་ངོས་འཛིན་པ་ནི་སྤྱིར་བཏང་ཙམ་ཡིན་ལ། དེ་ཙམ་ཞིག་ནི་སྨོན་པ་སེམས་བསྐྱེད་ཙམ་ཡང་ཡིན་ནོ། །དེ་ཡང་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་ན་ནི། འཇུག་པ་སེམས་བསྐྱེད་ཞེས་བྱ་སྟེ། གང་འཇུག་པ་ཡོད་པ་དེ་ལ་སྨོན་སེམས་ཀྱང་ཡོད་དོ། །སེམས་བསྐྱེད་ཙམ་ནི་དེ་ལྟར་ཡིན་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་སེམས་བསྐྱེད་དུ་འགྱུར་བ་ལ། སྤྲོས་བྲལ་གྱི་ལྟ་བ་སྔོན་དུ་སོང་བ་དགོས་ཤིང་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྟོང་ཉིད་ལ་བརྟེན་ནས་སྙིང་རྗེ་འཇུག དེས་ཀུན་ནས་བསླངས་ཏེ་སེམས་བསྐྱེད་པ་ཡིན་པས། དངོས་གཞིའི་དུས་སུ་ཡང་དངོས་སམ་རྗེས་མཐུན་ཅི་འདྲ་ཡང་འཁོར་གསུམ་རྣམ་པར་མི་རྟོག་པའི་སྟོང་ཉིད་ཀྱིས་ཟིན་པ་ཞིག་དགོས་པ་ཡིན་ནོ། །དེའི་ཚེ་སེམས་བསྐྱེད་དང་སེམས་བསྐྱེད་ཀྱི་སྤྱོད་པ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཏུ་འགྱུར་རོ། །དེ་ཡང་ལས་དང་པོ་པ་ནས། སངས་རྒྱས་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་མཚན་ཉིད་དང་ལྡན་པ་ཡིན་ལ། སངས་རྒྱསཀྱི་སར་ནི་དེའི་རིགས་རྒྱུན་དམིགས་པ་མེད་པའི། སྙིང་རྗེ་ཆེན་པོ་ནི་ཡོད་ཀྱང༌། སེམས་བསྐྱེད་ཀྱི་མཚན་ཉིད་ནི་ལོག་པ་ཡིན་ཅིང༌། ཚོགས་སྦྱོར་གྱི་ལམ་དུ་ནི་སེམས་བསྐྱེད་དེ་ཡང་ཤེར་ཕྱིན་གྱི་སྒྲུབ་པ་ཁོ་ན་ཡིན་གྱི། ཤེར་ཕྱིན་དངོས་མ་ཡིན་ལ། མཐོང་ལམ་ཐོབ་ནས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སེམས་བསྐྱེད་དངོས་ཡིན་པར་ཤེས་པར་བྱའོ། །
གདམས་ངག
གདམས་ངག་ནི། སློབ་དཔོན་བྱང་ཆུབ་སེམས་དཔའ་ཞིག་གིས། སློབ་མ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་པའི་ངག་ཚིག་གིས་རྐྱེན་བྱས་ཏེ། དེའི་རྒྱུད་ལ་ཤེར་ཕྱིན་གྱི་དབང་དུ་བྱས་པའི། མཉམ་གཞག་གི་ལམ་དངོས་རྒྱུད་ལ་སྐྱེས་པ་འམ། སྔར་སྐྱེས་ལ་བོགས་ཕྱིན་པའམ། ཉེས་སྐྱོན་གྱི་གེགས་སེལ་བར་གྱུར་པའི་གནས་སྐབས་དེ་ནི་འདིར་བསྟན་གདམས་ངག་གི་ལམ་ཞེས་བྱའོ། །གདམས་ངག་ཁྱད་པར་ཅན་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས། དེ་བཞིན་གཤེགས་པས་མངོན་སུམ་དུ་འདོམས་པ་ལ་བྱ་སྟེ། གདམས་ངག་ཅེས་བྱ་བ་དངོས་བསྟན་ལྟར་ན། འདོམས་པའི་ངག་ཚིག་ལ་ཟེར་ཡང༌། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས། དེའི་དངོས་ཀྱི་གྲུབ་འབྲས་སློབ་མའི་རྒྱུད་ལ་སྐྱེས་པ་ལ་བྱའོ། །
ངེས་འབྱེད་ཡན་ལག
ངེས་འབྱེད་ཡན་ལག་ནི། སྐབས་འདིར་ཐེག་ཆེན་སྦྱོར་ལམ་སྟེ། ངེས་པ་ནི་ཆོས་ཉིད་དང་དེ་འབྱེད་པ་ནི་མཐོངལམ་ཡིན་པས། དེའི་ཡན་ལག་སྟེ་རྒྱུ་ཚོགས་ནི་དེ་ཡིན་པའི་ཕྱིར་རོ། །སྦྱོར་ལམ་དེ་ཆོས་ཉིད་ལ་གསལ་སྣང་ནི་ཐོབ་པ་ཡིན་ཅིང༌། མི་རྟོག་པའི་ཚུལ་གྱིས་ཆོས་ཉིད་ཅུང་ཟད་རང་གིས་རིག་པ་ཡང་ཡིན་ལ། རྣལ་འབྱོར་པའི་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང༌། གཟུང་འཛིན་གྱི་རྣམ་རྟོག་གློ་བུར་བ་རྣམས་རིམས་ཀྱིས་འགག་པར་འགྱུར་བ་ཡིན་པ་དང༌། གང་མངོན་གྱུར་བ་མ་འགགས་པའི་རྟོག་པ་དེ་དང་དེ་ཡང༌། མཉམ་གཞག་ཏུ་མི་འགྱུར་མོད་ཀྱི། རྗེ་ཐོབ་ཏུ་དེ་དག་འབྱུང་ཞིང༌། དེ་དག་མ་སྤངས་བའི་སྟོབས་ཀྱིས་མཉམ་གཞག་ཀྱང་ཅུང་ཟད་མི་གསལ་བ་ཡིན་ནོ། །སྦྱོར་ལམ་གྱི་ཡེ་ཤེས་འདི་ཀུན་ཡང་མི་རྟོག་པ་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས། བར་བར་ན་རྣམ་པར་རྟོག་པའི་འཛིན་པ་དང་ཅུང་ཟད་འདྲེས་པ་ཡོད་ཀྱང་རང་གི་ངོ་བོ་རྟོག་པ་ནམ་ཡང་མ་ཡིན་ཅིང༌། ཆོས་ཉིད་ཅུང་ཟད་ཙམ་གསལ་ལ་ཅུང་ཟད་ཙམ་མི་གསལ་བ་ནི། དཔེར་ན་སེང་རས་ཀྱིས་གདོང་གཡོགས་ཏེ་དངོས་བོ་ལ་བལྟས་པ་བཞིན་ནོ། །དེ་ལྟར་སེམས་བསྐྱེད་ཅིང་གདམས་ངག་མནོས་ནས་ཕ་རོལ་ཏུ་ཕྱིན་པའི་དོན་བསྒོམས་པ་ལས། ངེས་འབྱེད་ཡན་ལག་རྒྱུད་ལ་སྐྱེས་ཏེ། ཚོགས་སྦྱོར་གྱི་ལམ་ཆོད་པར་འགྱུར་བས་རིམ་པ་དེ་བཞིན་དུ་བསྟན་ལ། སྤྱིར་སེམས་བསྐྱེད་ཉིད་དམ་གདམས་ངག་ཉིད་ཀྱི་ནང་དུ་ལམ་ཐམས་ཅད་འདུ་བ་ཡིན་པས་གོ་རིམ་མེད་ཀྱང༌། གོ་རིམ་འདི་དང་པོར་སེམས་བསྐྱེད་པ་དང༌། དང་པོར་གདམས་ངག་མནོས་པའི་དབང་དུ་བྱས་པ་ཡིན་ནོ། །
སྒྲུབ་པའི་རྟེན་ཆོས་དབྱིངས།
དེ་ལྟར་ན་ཚོགས་སྦྱོར་ནི། སྤྱིར་རྣམ་མཁྱེན་གྱི་སྒྲུབ་པ་ཙམ་ཡིན་ཀྱང༌། ཁྱད་པར་ནི་མ་ཡིན་ལ། སྒྲུབ་པ་ཁྱད་པར་ཅན་རྣམས་ནི་འཕགས་པའི་ལམ་ཡིན་པས། ལམ་དེ་གཙོ་བོར་བཞག་པའི་དབང་དུ་བྱས་ནས། ཇི་ལྟར་སྒྲུབ་པ་ཉམས་སུ་ལེན་པ་ཐམས་ཅད་ཀྱི་རྟེན་ནམ་རྒྱུ་ནི་ཆོས་དབྱིངས་ཡིན་ལ། ཆོས་དབྱིངས་དེ་ཡང་སྤྲོས་པ་དང་བྲལ་ཞིང་རྣམ་པ་ཐམས་ཅད་པའོ། །དེ་ནི་རང་གི་ངོ་བོའི་སྟེངས་ནས་ཀུན་རྫོབ་ཀྱི་ཆོས་གང་གིས་ཀྱང་མ་གོས་མོད། རྣལ་འབྱོར་ཅན་གྱི་བློ་ལ་འཆར་ཚུལ་གྱི་དབང་དུ་བྱས་ནས། ཚོགས་ལམ་གྱི་རྟེན་ཆོས་དབྱིངས་དང༌། སྦྱོར་ལམ་གྱི་རྟེན་ཆོས་དབྱིངས་སོགས་ལམ་ལྔ་དང་ས་བཅུའི་རྟེན་གྱི་འཇུག་ཚུལ་བྱེད་དོ། །ཆོས་དབྱིངས་དེ་ཉེར་ལེན་གྱི་རྒྱུ་དངོས་མིན་ཀྱང༌། འདྲ་བའི་སྒོ་ནས་སྒྲུབ་པའི་ཉེར་ལེན་གྱི་ཐ་སྙདའཇོག་གོ །ཆོས་དབྱིངས་དེ་རང་བཞིན་གནས་རིགས་ཡིན་ལ། ཐར་པའི་རྒྱུ་དགེ་ཆོས་འཕེལ་བའི་རྒྱས་འགྱུར་གྱི་རིགས་ཀྱང་དེ་ལ་བརྟེན་ཏེ་ཞུགས་པའི་ཕྱིར། དེ་དང་འབྲེལ་བ་ཅན་ཡིན་པའི་རྣམ་གཞག་ཀྱང་བྱས་སོ། །
དམིགས་པ།
སྒྲུབ་པའི་དམིགས་པ་ཙམ་ནི་ཆོས་ཐམས་ཅད་ཡིན་ལ། དམིགས་པའི་གཙོ་བོ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པས། དོན་དམ་པའི་སྟོང་ཉིད་དེ་རྟེན་དང་དམིགས་པ་གཉིས་ཀར་དུ་རུང་ངོ༌། །
ཆེད་དུ་བྱ་བ།
ཆེད་དུ་བྱ་བ་ནི་སྒྲུབ་པ་བྱ་པའི་སྐབས་ཀྱི་འདོད་དོན་ཏེ། འདི་ལ་རྒྱ་བོད་ཕལ་ཆེར་སངས་རྒྱས་ཀྱི་སས་བསྡུས་པའི་སྤངས་རྟོགས་འཕྲིན་ལས་གསུམ་མམ་སྐུ་བཞི་འམ། མཁྱེན་གསུམ་སོགས་ཆེན་པོ་གསུམ་དང་སྦྱོར་བ་ཞིག་སྣང་ཡང༌། དེའི་ཐད་ཀྱི་མདོ་དང་མི་མཐུན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྲ་བཤད་སངས་རྒྱས་ལ་སྦྱོར་བ་ཡང༌། འཚམ་པ་ལས་འདས་པའི་བཤད་པ་ཡིན་པས། འདི་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྤྱད་པ་སྤྱོད་པའི་ཚེ། འཕྲལ་འཕྲལ་དུ་དགོས་པའི་འདོད་དོན་ཡིན་གྱི། མཐར་ཐུག་གི་ཆེད་དུ་བྱ་བ་ཁོ་ན་མ་ཡིན་ནོ། །མདོ་ལས། བྱང་ཆུབ་སེམས་དཔའི་སྒྲ་བཤད་ཀྱི་དབང་དུ་མཛད་ནས། སེམས་དཔའ་དང་སེམས་དཔའ་ཆེན་པོའི་སྒྲ་བཤད་ཀྱིས་སེམས་ཆེན་པོ་དང་། བྱང་བའི་སྒྲ་བཤད་ཀྱིས་སྤོང་བ་ཆེན་པོ་དང་། ཆུང་བའི་སྒྲ་བཤད་ཀྱིས་རྟོགས་པ་ཆེན་པོ་བསྟན་ཏེ། མདོ་རྒྱས་པ་ན། བཅོམ་ལྡན་འདས་ཀྱིས་སེམས་དཔའ་ཆེན་པོ་དང༌། ཤཱ་རིའི་བུས་སྤོང་བ་ཆེན་པོ་དང༌། རབ་འབྱོར་གྱིས་རྟོགས་པ་ཆེན་པོ་རྣམས་གསུངས་ལ། ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས། ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་བ་དང༌། སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་རབ་བརྗོད་དེ། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བསྒོས་ཤིངབདུད་ཀྱི་རྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཅེས་གསུངས་ཏེ། འཇིག་རྟེན་པ་རྣམས་དང༌། ཉན་ཐོས་དང་རང་རྒྱལ་དང་བྱངཆུབ་སེམས་དཔའ་ཐམས་ཅད་ཀྱི། ཡོན་ཏན་གྱི་ཚོགས་རྣམས་ལས་ཇི་ལྟར་འོས་འོས་སུ་སྐད་ཅིག་རེ་རེ་བཞིན་མ་ཐོབ་པ་རྣམས་ཐོབ་པར་བྱེད། ཐོབ་པ་རྣམས་སྤེལ་བར་བྱེད་པའི་འཇུག་པ་སེམས་བསྐྱེད་དང་ལྡན་པས་སེམས་ཅན་གཞན་ཐམས་ཅད་ཀྱི་གཙོ་བོ་དང་མཆོག་ཏུ་གྱུར་བ་ནི་སེམས་ཆེན་པོའོ། །བདག་ཉིད་ཀྱིས་གཞན་ལ་ཆོས་བསྟན་པས། དེ་རྣམས་ཀྱི་བདག་ལྟ་དང་མཐར་ལྟ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། ལམ་དང་འབྲས་བུ་ལ་འཛིན་པའི་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་སྤོང་པར་བྱེད་པ་ནི་སྤོང་བ་ཆེན་པོ་དང༌། སྦྱིན་པ་ཆེན་པོ་ལ་སོགས་པ་གཞན་ལ་མེད་པའི་ཁྱད་ཆོས་དཔག་ཏུ་མེད་པ་མངའ་བ་རྣམས་ལ་ཡང༌། ཆོས་དབྱིངས་ཀྱི་རང་བཞིན་རྟོགས་པའི་སྟོབས་ཀྱིས་མ་ཆགས་པ་ནི་རྟོགས་པ་ཆེན་པོ་སྟེ། རི་རབ་ལ་མངོན་པར་དམིགས་ན་ནྱ་གྲོ་དྷའི་སྡོང་པོ་ལ་ཆེ་བའི་བློ་མི་སྐྱེ་བ་བཞིན་ནོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་སྤྱོད་ཀྱང༌། འཕྲལ་འཕྲལ་དུ་ཆེད་གཏད་སྦྱོར་དགོས་པས། ཆེད་དུ་བྱ་བ་ཞེས་བྱ་སྟེ། འཕྲལ་ཕྲལ་དུ་བྱེད་དགོས་རྒྱུའི་དོན་ནོ། །
སྒྲུབ་པ་དངོས།
སྒྲུབ་པ་དངོས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཀར་ཤེར་ཕྱིན་གྱིས་ཟིན་པར་བྱས་ནས་ལག་ལེན་དུ་འདེབས་པ་ཡིན་ཏེ། ཁ་ཅིག་ངོ་བོ་ཕྱིན་དྲུག་ཡིན་ཀྱང་སྒྲུབ་པའི་ལྡོག་ཆ་ནས། བརྩོན་འགྲུས་མིན་པས། སྒྲུབ་པའི་ངོ་བོ་ནི་བརྩོན་འགྲུས་སོ་ཞེས་ཕལ་ཆེར་ཟེར་ན། དེ་ཙམ་ཞིག་དོན་ལ་ཞུགས་སུ་ནི་རུང་ཡང༌། བཤད་པའི་ནུས་པ་བཟང་པོ་ནི་མིན་ནོ། །ཤེས་རབ་སྙིངཔོའི་མདོ་འདིར་སྒྲུབ་པ་བཞིའི་དབྱེ་བ་མ་གསུངས་པས་སྐབས་འདིར་མི་འཆད་ལ། མདོར་ན་བདག་ཉིད་ཀྱི་ཡོན་ཏན་རྫོགས་པར་བྱེད་པའི་སྒྲུབ་པ་དང༌། གཞན་སྨིན་ཅིང་གྲོལ་བར་བྱེད་པའི་སྒྲུབ་པ་གཉིས་སུ་མ་འདུས་པ་མེད་དེ། རྒྱས་པར་བྱང་ཆུབ་སེམས་དཔའི་ས་ལས་རྟོགས་པར་བྱའོ། །
དངོས་པོ་གཉིས་པ་ལམ་ཤེས།
ད་ནི་ལམ་ཤེས་པ་ཉིད་ལ་མཐོང་ལམ་དང་སྒོམ་ལམ་གཉིས་སུ་དབྱེར་ཡོད་ཀྱང༌། དམིགས་རྣམ་གྱི་སྒོ་ནས་མི་འདྲ་བ་མེད་དེ། མཐོང་ལམ་གྱིས་ཇི་ལྟར་མཐོང་བའི་དོན་དེ་ཉིད་སྒོམ་ལམ་གྱིས་གོམས་པར་བྱེད་པའི་ཕྱིར་རོ། །སྒོམ་ལམ་ཤེས་དེ་ཡང་ཇི་ལྟ་བུ་སྙམ་ན། ཇི་སྐད་དུ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་གསུངས་ཏེ། མདོ་ལས་ཀྱང༌། ཤར་ཕྱིན་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ། །ཅེས་སོགས་དང༌། སྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་བྱའོ། །ཅེས་སོགས་གསུངས་པ་ལྟར། མུན་པ་ལྟ་བུའི་གཟུང་འཛིན་གྱི་སྣང་བ་སངས་ཤིང༌། ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་ཆོས་དབྱིངས་རྣམ་པ་ཀུན་ལྡན་ལ་མཉམ་པར་འཇོག་པ་ནི། སྒོམ་ལམ་མཉམ་གཞག་དེའི་ངོ་བོ་ཉིད་ཡིན་ལ། དེ་ནི་དགེ་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ཅིང༌། གཟུགས་སོགས་ཀུན་རྫོབ་ཀུན་ལ་སྒྲུབ་བ་མངོན་པར་འདུ་མི་བྱེད་ཅིང་ཐོབ་པར་ཡང་མི་བྱེད་ལ། ཆོས་དེ་རྣམས་དམིགས་པ་མེད་པའི་དབྱིངས་སུ་གཏད་པས། དོན་དམ་གྱི་དབྱིངས་དེར་ཐིམ་པར་བྱེད་པའི་ཁྱད་ཆོས་དང་ལྡན་བ་སྟེ། འདི་ནི་མཉམ་གཞག་སྒྲུབ་པ་སྒོམ་ལམ་ཅེས་བྱ་ཞིང༌། རྗེས་ཐོབ་ཏུ་མོས་པ་དང༌། བསྔོ་བ་དང་རྗེས་སུ་ཡི་རང་གསུམ་ལ་སློབ་དགོས་པ་ནི་མཚོན་བྱེད་དེ། ཐབས་མཁས་ཀྱི་སྒོ་ཐམས་ཅད་ལ་ཡང་བསླབ་པར་བྱའོ། །རྣམ་དག་སྒོམ་ལམ་ཞེས་བྱ་བ་ནི། ཉེར་ལྔ་པའི་མདོ་འདིར་དངོས་སུ་མེད་ཀྱང་འཕྲོས་དོན་ཙམ་དུ་ཞོར་ལ་འཕངས་པའང་ཡིན་ཏེ། སྒོམ་ལམ་གྱིས་ཐོབ་པའི་རྣམ་དག་གི་མིང་ངོ༌། །དེ་ཡང་ཇི་སྐད་དུ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཅིང༌། །དཔྱད་དུ་མེད་པས་དག་པར་བརྗོད། །ཅེས་གསུངས་ཏེ། འབྲས་བུའི་དག་པ་དང༌། རང་བཞིན་གྱི་དག་པ་དབྱེ་བ་མེད་པ་དེ་ཉིད། ཇི་ལྟར་རིགས་པར་ཐོབ་པའི་དོན་ནོ། །དེ་ལྟ་བུའི་མཐོང་ལམ་དང་སྒོམ་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ན། མདོ་རྒྱས་པ་ལས་འབྱུང་བ་ལྟར་ཕན་ཡོན་སྣ་ཚོགས་པ་རྣམ་ཀྱང་འབྱུང་བ་ཡིན་ནོ། །
དངོས་པོ་གསུམ་པ་གཞི་ཤེས།
གཞི་ཤེས་ཀྱི་རང་བཞིན་ནི་གོང་དུ་བཤད་ཟིན་ལ། ཉན་རང་གི་གཞི་ཤེས་སམ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཡང༌། ཐབས་མཁས་དང་མི་ལྡན་པ་དེ་ནི། ཆོས་ཀྱི་དབྱིངས་ལ་ཐག་རིང་པ་ཡིན་ཅིང༌། ཐབས་མཁས་དང་ལྡན་པ་ནི་ཉེ་བའོ། །འོན་ཀྱང་བྱང་སེམས་འཕགས་པ་ནི་ཐབས་ལ་མི་མཁས་པ་མི་སྲིད་ཅིང༌། སོ་སོ་སྐྱེ་པོའི་དེ་ནི་གཞི་ཤེས་མིན་པས། ཐེག་ཆེན་པ་ལ་ཆོས་དབྱིངས་ལ་ཐག་རིང་པའི་གཞི་ཤེས་མེད་དོ་སྙམ་ན། གཞི་ཤེས་ཀྱི་སྒྲུབ་པ་ལ་གཞི་ཤེས་སུ་བཏགས་པ་ཡིན་པས། སོ་སོ་སྐྱེ་བོ་ལ་ཡོད་དོ། །མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཟེར་བ་ནི། ཐེག་པ་ཆེན་པོ་རྟོགས་པར་འགྱུར་པ་ལ་མི་མཐུན་ཕྱོགས་ཀྱི་ཁྱད་པར་ཞིག་གི་མིང་སྟེ། ཉན་རང་གི་གཞི་ཤེས་ཀྱང་དེའི་ནང་ཚན་ཡིན་མོད་ཀྱི། གཙོ་བོར་བྱང་ཆུབ་སེམས་དཔའ་རྣམས་ཉིད། གང་ཟག་གི་བདག་མེད་པ་སྒོམ་པའི་ཚེ། དངོས་པོར་འཛིན་པ་དང་སྟོང་བར་འཛིན་པ་སྐྱེ་ན་དེའི་མིང་ཡིན་ཏེ། ཇི་སྐད་དུ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། དུས་གསུམ་རྟོག་པའི་ཆོས་རྣམས་དང༌། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། སྤྱོད་པའི་འདུ་ཤེས་མིིམཐུན་ཕྱོགས། ཅེས་སོ། །གཉེན་པོའི་གཞི་ཤེས་ནི། བྱང་ཆུབ་སེམས་དཔའ་གང་ཟག་གི་བདག་མེད་པ་སྒོམ་པའི་ཚེ་ཡང༌། སངས་རྒྱས་ལ་མཚན་མར་འཛིན་པའི་ཡིད་བྱེད་དམ་ཆག་པ་ཕྲ་མོས་ཀྱང་མ་གོས་པར་བྱེད་དགོས་ན། གཞན་ལ་འཛིན་ཅིང་ཆགས་པ་འགོག་པ་ལྟ་སྨོས་ཀྱང་ཅི་དགོས་པས། གང་ཟག་གི་བདག་མེད་སྒོམ་པ་དེ་ཡང༌། སེམས་ཅན་ནམ་ཕུང་བོའི་རྣམ་པ་མ་ལོག་པ་དེ་འདྲ་མ་ཡིན་པར། སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཅན་ནོ། །དེའི་ཕྱིར་བདག་མེད་དེས་ཟིན་པའི་སྤྱོད་པ་ཡང་འཁོར་གསུམ་མི་དམིགས་པ་ལ་རང་གནས་ཤིང་གཞན་ཡང་འགོད་པའོ། །དེ་ལྟར་ཡང༌། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་འཇུག་པ་དང༌། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་གསུངས་ཏེ། རང་བཞིན་གཅིག་པ་ནི་རང་བཞིན་འོད་གསལ་བར་གཅིག་པས་དེ་ཤེས་པའོ།།
དངོས་པོ་བཞི་བ་རྣམ་རྫོགས་སྦྱོར་བ།
རྣམ་རྫོགས་སྦྱོར་བའི་རྣམ་པ་ཞེས་བྱ་བ་ནི། ཆོས་ཉིད་དོན་དམ་པ་རྣམ་པ་ཐམས་ཅད་པར་གནས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་འགྲོ་རྒྱུ་རྣམས་ནི། ཡུལ་གྱི་རྣམ་པ་སྟེ། དེང་སང་དོན་རྣམ་ཅེས་གྲགས་པ་དམིགས་ཡུལ་ཡིན་པས། རྣམ་ཀུན་དངོས་མ་ཡིན་ལ། དམིགས་ཡུལ་དེ་རྣམས་བསྒོམས་པས། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་རང་གི་ཤེས་པ་ཡང༌། རྣམ་པ་དེ་དག་དང་མཚུངས་པར་ཤར་བ་ནི། ཡུལ་ཅན་གྱི་རྣམ་པ་སྟེ། དེང་སང་ཤེས་རྣམ་དུ་གྲགས་པ་ཡིན་པས། དེ་ནི་རྣམ་རྫོགས་ཉིད་དང་ངོ་བོ་གཅིག་གོ །དེ་ལ་བསྟན་བཅོས་དང་མདོ་རྒྱས་པ་ལས། གཞི་ཤེས་ལ་བདེན་བཞིའི་རྣམ་པ་ཉེར་བདུན་དང༌། ལམ་ཤེས་ལ་བདེན་བཞིའི་རྣམ་པ་སོ་དྲུག་དང༌། རྣམ་མཁྱེན་ལ་སྣ་ཚོགས་པའི་རྣམ་པ་བརྒྱད་དང་བཅུ་བཤད་པ་ལས། མཁྱེན་པ་དང་པོ་གཉིས་ཀྱི་རྣམ་པ་རྣམས་བདེན་བཞིའི་རྣམ་པར་འདུས་སོ། །དེ་ཡང་བདེན་པ་བཞི་ལ་དམིགས་ནས་ཀུན་རྫོབ་སྒྱུ་མཚན་གྱི་རྒྱུ་འབྲས་རྟེན་འབྲེལ་འགག་པ་མེད་ཀྱང༌། རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བས་ཁྱད་པར་དུ་བྱས་པ་ཉིད་ལས་ང་བདག་མ་དམིགས་པ་ནི། གཞི་ཤེས་ཀྱི་རྣམ་པ་དང༌། བདེན་བཞིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ། དོན་དམ་པར་ཅི་ཡང་མ་ཡིན་པ་ནམ་མཁའ་ལྟ་བུ་སྟེ་སྤྲོས་བྲལ་དང༌། རང་གི་ཉམས་སུ་སྟར་བའི་དགེ་ཆོས་ཐམས་ཅད་ཀྱང༌། སྤྲོས་པ་དང་བྲལ་བའི་རང་བཞིན་ཉིད་དུ་གནས་པ་ནི། ལམ་ཤེས་ཀྱི་རྣམ་པ་དང༌། དོན་དམ་པའི་དབྱིངས་དེ་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། སྤྲོས་བྲལ་དེ་ཉིད་རྣམ་པ་ཐམས་ཅད་པར་གདོད་ནས་ཤར་བ་དང༌། ཁྱད་པར་དུ་ཡང་བྱང་ཕྱོགས་དང་ཕར་ཕྱིན་དང་སྟོབས་བཅུ་སོགས་དགེ་ཆོས་ཐམས་ཅད་ཀྱི་རྣམ་པར་གནས་པ་ནི་རྣམ་མཁྱེན་གྱི་རྣམ་པ་ཡིན་ནོ། །རྣམ་པ་དེ་ལྟ་བུ་ཚང་བར་བྱས་ནས་ཇི་ལྟར་སྒོམ་པའི་ཚུལ་ནི། སྦྱོར་བ་སྟེ་དེ་ཡང་མི་གནས་པའི་སྦྱོར་བ་ཞེས་བྱ་བ། དངོས་པོ་དང་མཚན་མ་དང་དམིགས་པ་གང་ལ་ཡང་མི་གནས་པའི་ཕྱིར་རོ། །དེས་ན་ཆོས་གང་དག་སྐྱེས་པ་དང༌། བྱུང་བ་དང༌། འབྱུང་བ་དང༌། གནས་པ་དང༌། འཕེལ་བ་དང་ཡོད་པ་སོགས་་སུ་མི་འཛིན་ཅིང༌། དེ་དག་ལ་སེམས་མི་གནས་ལ། འགགས་བ་དང༌། མི་འབྱུང་བ་དང༌། མ་བྱུང་བ་དང༌། མ་ཕྲད་པ་དང༌། མ་ཆོགས་པ་དང༌། འགྲིབས་པ་དང༌། མེད་པ་སོགས་ལ་ཡང་སེམས་མི་གནས་ཏེ། གང་ལ་ཡང་མི་གནས། གར་ཡང་མ་འགྲོ། ཅི་ལ་ཡང་མི་འགོག གང་དུ་ཡང་མི་འགྱུར་བའི་ཚུལ་གྱིས་མཉམ་པར་འཇོག་པ་ཉིད་ཡིན་ཏེ། རྩོལ་བ་མེད་པའི་ཕྱིར་ཁྱད་ཆོས་མི་སྦྱོར་བའི་སྦྱོར་བ་སོགས་ཀྱང་དེ་ལ་ཚང་བ་ཡིན་བས། སྦྱོར་བ་ནི་ཉི་ཤུ་འམ་ལྔ་ལ་སོགས་པར་གྲགས་ཀྱང་གཅིག་ཁོ་ན་ཡིན་ནོ། །དེ་ལྟར་ཡང་གཟུགས་ལ་སོགས་ལ་མི་གནས་ཕྱིར། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །ཞེས་སོ། །མདོ་འདི་ལས་དངོས་སུ་མི་གནས་པའི་སྦྱོར་བ་ཁོ་ན་བསྟོན་ནོ། །
དངོས་པོ་ལྔ་བ་རྩེ་མོའི་སྦྱོར་བ།
རྩེ་མོའི་སྦྱོར་བ་དངོས་ནི། མཐོང་སྒོམ་བར་ཆད་མེད་རྩེ་གསུམ་པོ་ཡིན་ན། དེ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཁོ་ནར་གཅིག་པས། དམིགས་རྣམ་མི་འདྲ་བའི་ཚུལ་དུ་མེད་མོད། འོན་ཀྱང༌། སྤང་བྱ་སྤོང་ཚུལ་དང་ཡོན་ཏན་མངོན་པར་སྒྲུབ་བའི་ཁྱད་པར་ནི་ཤིན་ཏུ་ཆེ་ལ། དེ་ལ་སྤང་བྱ་གཟུང་འཛིན་གྱི་རྟོག་པ་བཞི་ནི། གཟུང་བྱའི་སྣང་བ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་ཀྱི་རྣམ་རྟོག་སྐྱེ་བ་འདོད་ཆགས་ཞེ་སྡང་ལ་སོགས་པ་དང༌། དེ་དག་གི་གནས་ངན་ལེན་ལ་རྟེན་པའི་རྣམ་རྟོག་ནི་གཞི་ཀུན་ནས་ཉོན་མོངས་ཀྱི་རྣམ་རྟོག་གམ་གཟུང་རྟོག་སྟེ་དང་པོའོ། །གཟུང་བའི་སྣང་བ་ལ་བརྟེན་ནས་སྐྱེས་པའི་དད་པ་ལ་སོགས་པ་དགེ་ཆོས་ཀྱི་རྣམ་པར་རྟོག་པ་དངོས་པོ་མངོན་པར་ཞེན་པའི་མཚན་ཉིད་དུ་འདུག་པ་དེ་ནི། གཉེན་པོ་གཟུང་རྟོག་ཅེས་བྱ་བ་ཡིན་ནོ། །ཕྱི་རོལ་གཟུང་བའི་སྣངབ་ལ་དངོས་སུ་མ་དམིགས་ཀྱང༌། སེམས་ཀྱི་རྒྱུད་ཙམ་ལ་དམིགས་ནས། བདག་གམ་ཆོས་རྫས་ཡོད་དུ་འཛིན་པ་ནི། རྫས་འཛིན་རྟོག་པ་ཅེས་བྱ་ལ། སེམས་ཀྱི་རྒྱུད་ལ་དམིགས་ནས། གང་ཟག་གམ་ཆོས་བདག་བཏགས་ཡོད་ཙམ་དུ་འཛིན་པ་ནི། བཏགས་འཛིན་རྟོག་པ་ཅེས་བྱའོ། །རྣམ་རྟོག་དེ་དག་ལས་མངོན་འགྱུར་བ་ནི་སྦྱོར་ལམ་བཞིས་རིམ་གྱིས་སྤོང་པ་ཡིན་ལ། དེ་རྣམས་ཀྱི་ནང་ནས་ཆོས་ཉིད་ཀྱི་ངོ་བོ་ཙམ་མཐོང་བ་ལ་སྒྲིབ་པ་མཐོང་པས་སྤང་བར་བྱ་བ་གང་ཡིན་པ་དེ་དག་ནི་མཐོང་ལམ་རྩེ་སྦྱོར་གྱིས་ས་བོན་དྲུང་འབྱིན་པར་བྱེད་ཅིང༌། ཆོས་ཉིད་ཀྱི་ཁྱད་པར་མཐོང་བ་ལ་བར་དུ་གཅོད་པར་བྱེད་པ། སྒོམ་སྤངས་སུ་གཏོགས་པ་གང་ཡིན་པ་དེ་ནི། སྒོམ་ལམ་རྩེ་སྦྱོར་རིམ་ཅན་དུ་བྱུང་བ་རྣམས་ཀྱིས་རིམ་གྱིས་སྤོང་བར་བྱེད་དེ། སྒོམ་སྤང་གི་ནང་ཚན་གཞི་ཀུན་ནས་ཉོན་མོངས་ཀྱི་རྣམ་རྟོག་ཅེས་བྱ་བ་རྣམ་ནི། བག་ལ་ཉལ་གྱི་ཉོན་སྒྲིབ་ལ་བརྟེན་ནས་གནས་བའི་རྣམ་རྟོག་ཡིན་ཅིང༌། ས་བརྒྱད་པ་ཡན་ཆད་ལ་ནི་དེ་དག་ཀྱང་མཚན་མ་མེད་པའི་རྣམ་རྟོག་ཁོ་ནར་ཤེས་པར་བྱའོ། །སྤང་བྱ་རྣམ་རྟོག་རང་གི་ཡུལ་སྣང་བ་དང་་བཅས་པ་ནི། གདོད་མ་ནས་མ་གྲུབ་ཅིང༌། མེད་བཞིན་དུ་སྣང་བ་ཡིན་པ་ལ་དེ་ལྟར་རྟོགས་པ་ནི་སྤངས་པའི་དོན་ཡིན་ཏེ། དེ་སྐད་དུ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །རྣམ་པར་རྟག་རིགས་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ། །གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་གསུངས་པ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་རྣམས་ནི། དུས་གཅིག་ཏུ་སྤོང་བ་ཡིན་ལ། སྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤོང་ཞིང་ཡོན་ཏན་ཡང་རིམ་གྱིས་གང་བར་འགྱུར་ཏེ། ཇི་སྐད་དུ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་དཔའ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་བསྟེན་པར་བྱེད། །ཅེས་འབྱུང་ངོ༌།།
དངོས་པོ་དྲུག་པ་མཐར་སྦྱོར།
མཐར་གྱིས་པས་མཐར་ཆགས་སུ་སྒོམ་པས་ནི། རང་རང་གི་ངོ་སྐལ་གྱི་སྤང་བྱ་ཕྱིན་ཅི་ལོག་གི་བག་ཆགས་ཕྲ་མོ་རྣམས་རིམ་གྱིས་སྦྱོང་བར་བྱེད་དོ། །
དངོས་པོ་བདུན་པ་སྐད་ཅིག་སྦྱོར།
སྐད་ཅིག་མ་ནི་དེ་ལྟར་བག་ཆགས་བྱང་བའི་འབྲས་བུ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དང་ཕལ་ཆེར་འདྲ་བ། སྐད་ཅིག་གཉིས་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པའི་ལམ། བར་ཆད་མེད་པའི་སྦྱོར་བ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ། མ་རིག་བག་ཆགས་ཀྱིས་རྩ་བ་ནས་འཇོམས་པར་བྱེད་པ་དེ་ཡིན་ནོ། །
དངོས་པོ་བརྒྱད་པ་འབྲས་བུ་ཆོས་སྐུ།
འབྲས་བུ་ཆོས་སྐུའི་མངོན་པར་རྟོགས་པ་ལ། སྐུ་གསུམ་དང་འཕྲིན་ལས་དེ་བཞིའོ། །དེ་ལ་ངོ་བོ་ཉིད་སྐུ་ནི། ཆོས་དབྱིངས་ཤིན་ཏུ་དི་མ་མེད་པ་དག་པ་གཉིས་ལྡན་དེ། ལེགས་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་དང༌། ངོ་བོ་དང༌། རྣམ་པར་འདུག་པའོ། །དེ་ལྟར་ཡང༌། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་གསུངས་ཏེ། ལེགས་པའི་ཡོན་ཏན་གྱི་ཆོས་དེ་དག་ཐམས་ཅད་ཀྱང༌། དོན་དམ་གདོད་མ་ཡིན་པས་རང་བཞིན་གྱི་ངོ་བོར་གནས་ཀྱི། ཀུན་རྫོབ་རྣམ་འགྱུར་གྱི་ཚུལ་གྱིས་མ་ཡིན་ནོ། །འདིར་ཟག་པ་མེད་པའི་ཆོས་ཞེས་བའི་རྒྱས་བཤད་ལ། བྱང་ཆུབ་ཕྱོགས་མཐུན་སོགས་ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་གསུངས་པ་ཡིན་པས། གཞུང་གི་གནས་སྐབས་དེ་གཉིས་ངོ་བོ་ཉིད་སྐུ་དང༌། རྟོགས་པ་ཡེ་ཤེས་ཆོས་སྐུ་ཞེས། དོན་ཚན་སོ་སོར་འབྱེད་པ་ནི་མདོ་དང་བསྟན་བཅོས་ཀྱི་དགོངས་པ་མ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། མཚན་དཔེ་མཐའ་ཡས་པས་ཉེ་བར་བརྒྱན་པའི་ཡེ་ཤེས་ཀྱི་སྐུ། ཆོས་ཀྱི་འཁོར་ལོ་མ་ལུས་པ་ཅིག་ཆར་བསྐོར་བ་པོ་ཡིན་ལ། སྤྲུལ་བའི་སྐུ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར། སངས་རྒྱས་ཀྱི་སྤྲུལ་བ་རྒྱུན་མི་ཆད་པར་འབྱུང་བ་རྣམས་ཏེ། མཛད་པ་བཅུ་གཉིས་སྟོན་པ་སོགས་ལ་མཆོག་གི་སྤྲུལ་བའི་སྐུ་ཞེས་ཡོངས་སུ་གྲགས་སོ། །འདིར་ནི་དེ་ཙམ་ཞིག་རྣམ་པར་གཞག་མོད་ཀྱི། སྐུ་གསུམ་གྱི་རང་བཞིན་ནི་སྔར་བཤད་ཟིན་པ་ལྟར་རོ། །འཕྲིན་ལས་ནི། སེམས་ཅན་ཐམས་ཅད་ལ་འཇུག་སྟེ། རང་གི་སྐལ་བ་དང་འཚམ་པར། མངོན་པར་མཐོ་བའི་བདེ་བ་དང༌། ངེས་པར་ལེགས་པའི་ཕན་པ་ལ་འགོད་ཅིང༌། མཐར་ཐུག་གི་འཕྲིན་ལས་ནི་སངས་རྒྱས་རང་ཉིད་ཀྱི་གོ་འཕང་ལ་འགོད་པའོ། །འོ་ན་མཚན་དཔེ་ལ་སོགས་པའི་ཡོན་ཏན་ནི་ལོངས་སྤྲུལ་གྱི་སྐབས་སུ་བཤད་ཅིང༌། ངོ་བོ་ཉིད་སྐུ་འམ་ཆོས་སྐུའི་ཡོན་ཏན་གྱི་སྐབས་སུ་མེད་པས། རང་བཞིན་གྱི་མཚན་ཉིད་ཅན་གྱི་ཡོན་ཏན་མིན་ལ། དེ་མ་ཡིན་པའི་ཕྱིར་རང་བཞིན་གྱི་གྲུབ་པའི་བདེ་གཤེགས་སྙིང་པོ་ལ། མཚན་དཔེ་ཡོད་བར་འདོད་པ་ཤིན་ཏུ་མི་འཐད་དོ་སྙམ་པ་དང༌། རྒྱུད་བླ་མ་ལས་ཀྱང༌། གཟུགས་སྐུ་ལ་མཚན་གྱི་ཡོན་ཏན་སོ་གཉིས་དང༌། ཆོས་སྐུ་ལ་སྟོབས་སོགས་སོ་གཉིས་བཤད་པས་ཀྱང་ངོ་སྙམ་ན། ཡོན་ཏན་གྱི་སྡེ་ཚན་འདི་རྣམས་ནི། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་བའི་འཚོ་བ་དང༌། དེ་བཞིན་དུ་སྐྱེ་བ་ལ་དབང་བ་དང༌། སོ་སོ་ཡང་དག་པ་རིག་པ་བཞི་དང༌། མི་འཇིགས་པ་བཞི་དང༌། སྐུ་དང་གསུང་གི་སྤྱོད་ལམ་བསྲུང་བ་མི་མངའ་བ་དང༌། ལྷའི་མིག་དང༌། རྣ་བ་དང༌། སྐུ་ལ་འཁྲུལ་པ་མི་མངའ་བ་དང༌། གསུང་ལ་ཅ་ཅོ་མི་མངའ་བ་ལ་སོགས་པའི་ཡོན་ཏན་དེ་དག་ཀྱང་སྐུའི་སྣངབ་དང་གསུང་གི་སྣང་བ་མེད་ན་ཁུངས་སྟོངས་པར་འགྱུར་ལ། ཟད་པར་དང་ཟིལ་གནོན་ལ་སོགས་པ་ཡང༌། སྐུ་དངའབྲེལ་བ་ལས་འབྱུང་གི སྐུ་དང་གསུང་གི་སྣང་བ་མེད་པའི་རིག་པ་རྣམ་མེད་ལ་ཅི་ཞིག་འབྱུང་སྟེ། དེ་དག་གི་སྤྱོད་ཡུལ་མཐོང་པ་པོ་མེད་པའི་ཕྱིར་རོ། །སྐུའི་སྤྱོད་ལམ་བསྲུང་བ་མི་མངའ་བ་དང༌། སྐུ་ལ་འཁྲུལ་པ་མི་མངའ་བ་དེ་དག ཆོས་སྐུའི་ཡོན་ཏན་ཡིན་ཕྱིན། འཁྲུལ་པ་མེད་རྒྱུའི་སྐུ་དེ་དང༌། བསྲུང་བ་མེད་རྒྱུའི་སྐུའི་སྤྱོད་ལམ་དེ། ཞལ་ཕྱག་རྣམ་པའི་གཟུགས་བརྙན་ཅན་མཚན་དཔེ་ཅན་གྱི་སྐུ་ལ་མི་འཇོག་ན། མཚན་དཔེ་སོགས་གང་ཡང་མེད་པའི་སྐུ་གཟུགས་འཇིམ་པའི་གོང་བུ་འདྲ་བ་ཞིག་ཡོད་དམ་ཅི། ཅི་སྟེ་ཆོས་ཀྱི་སྐུ་ལ་སྐུ་ལུས་མེད་ན་ནི། དེ་ལ་འཁྲུལ་པ་ཡོད་མེད་ཀྱི་དཔྱད་གཞི་སྟོངས་ཏེ། གཞན་དུ་ན། རི་བོང་གི་ར་ལ་གས་ཆག་མེད་པ་ཡང་ཅིའི་ཕྱིར་ཆོས་སྐུའི་ཡོན་ཏན་དུ་མི་འཇོག སྐུ་དེ་གཟུགས་སྐུ་ཁོ་ན་ཡིན་ན་ནི། ཡོན་ཏན་དེ་དག་ཀྱང་དེ་ཉིད་ཀྱི་སྤྱོད་ལམ་ལ་སོགས་པའི་ཡོན་ཏན་ཡིན་པར་འགྱུར་གྱི་ཆོས་སྐུའི་ཅིའི་ཕྱིར་ཡིན་ཆོས་སྐུའི་ནུས་མཐུ་ལས་གྱུར་བས་སོ་སྙམ་ན་ནི། མཚན་དཔེ་ཡང་ཅིའི་ཕྱིར་ཆོས་སྐུའི་མཐུ་ལས་མ་བྱུང༌། དེས་ན་གང་དག་སངས་རྒྱས་ཅི་མེད་ཅང་མེད་དུ་འདོད་བ་དང༌། སངས་རྒྱས་བྱ་བ་ཁ་ཅིག་ཅན་གཅིག་མེད་ཀྱི། མི་སྐྱའི་སྐབས་ཀྱི་རིག་པ་ཧོལ་ཐོམ་མེ་བ་འདི་ཀ་ཆོས་སྐུ་ཟད་མ་ཡིན་ཅིང༌། འཐབ་བརྩོད་དང་འཁྲུག་ལོང་དང༌། ཉོ་ཚོང་དང༌། ཞིང་ལས་དང༌། ཟས་གོས་དང༌། འཁྲིག་པའི་ལོངས་སྤྱོད་སོགས་དོན་དུ་གཉེར་བ། ཉོན་མོངས་དང་རྣམ་རྟོག་གི་ལང་ལོང་འདི་ཀ་ཆོས་སྐུའི་རང་འོད་ཡིན་ལ། སྦྱིན་སོགས་དང་ལྷ་སྒོམ་པ་ལ་སོགས་པ་གནས་ལུགས་ལས་གོལ་བ་ཡིན་པས་སྒོམ་དུ་མི་རུང་ངོ༌། །ཞེས་སྐད་གསངས་མཐོན་པོས་ལྟ་བ་མཐོ་མཐོ་མོར་སྒྲོག་པ་དེ་ནི། མཚན་དོན་ཅན་གྱི་སྐུ་དང༌། གསུང་ཆོས་ཀྱི་སྒྲ་དབྱངས་དང་ཐུགས་ཤེས་བྱ་ཐམས་ཅད་རིག་པའི་ཡེ་ཤེས་དང་འཕྲིན་ལས་བླང་དོར་གྱི་གནས་རྣམས། རྣམ་རྟོག་ཙམ་དང་བློས་བྱས་ཙམ་ཡིན་ནོ་ཞེས་མཆོག་རྣམས་གཡས་ཆུང་དུ་ཕབ་ཅིང༌། ཉོན་མོངས་རང་ག་མ་ཡར་བསྟོད་ནས་སངས་རྒྱས་ཡིན་པར་ཐག་གཅོད་པ་སྟེ། དགེ་ཆོས་སུན་འབྱིན་ཅིང༌། མི་དགེ་བའི་ཞབས་ཐོག་བྱེད་བའི་བླ་མ་སྐྱེས་ཆེན་བྱེ་བ་ཁྲག་ཁྲིག་བྱུང་བ་འདི་རྣམས་ནི། གཞན་འཕྲུལ་བདག་པོའི་གཅན་པ་ཁོ་ནར་ངེས་སོ། །
མཐའ་ཅུང་ཟད་བསལ་བ།
ཡང་འདི་སྐད་ཅེས། ཡོན་ཏན་དེ་དག་ནི་ཆོས་སྐུ་དངོས་མ་ཡིན་གྱི། ཆོས་སྐུའི་ནུས་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར་འདིར་སྨོས་སོ་ཅེས་པ་འདི་བདེན་དགོས་ཏེ། གཞན་དུ་ན་ཟད་པར་ལ་སོགས་པ་འཁྲུལ་ཤེས་ཡིན་པའི་ཕྱིར་ཆོས་སྐུ་དངོས་ཏེ་ག་ལ་ཡི་ཅེ་ན། ཆོས་ཀྱི་སྐུའི་ཡོན་ཏན་གྱི་སྐུ་དང་ཞིང་ཁམས་དང༌། མཚན་དཔེ་དང༌། ཟད་པར་ཟིལ་གནོན་ལ་སོགས་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམས་ཀྱང༌། འཁྲུལ་བ་མ་ཡིན་ཏེ་ཡང་དག་པའི་ཡེ་ཤེས་ཉག་ཅིག་གོ །གདུལ་བྱ་གཞན་སྣང་དུ། ས་ཆུ་ལ་སོགས་པ་སྟོན་པ་ཡང༌། ཀུན་རྫོབ་བདེན་པ་ལ་བལྟོས་ཏེ་ནི་འཁྲུལ་སྣང་དུ་མི་འཇོག་སྟེ། སོ་སོ་སྐྱེ་བོ་རྣམས་ཀྱི་ལས་ངན་གྱི་འབྲས་བུ་ནི་མ་འཁྲུལ་ལ། འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་འཁྲུལ་ལོ་ཞེས་བྱ་བ་ནི། འཁྲུལ་མ་འཁྲུལ་གྱི་དབྱེ་བ་གོ་ལོག་ཏུ་གྱུར་བའི་ཕྱིར་རོ། །ཅི་སྟེ་ལས་སྣང་འདི་ཀུན་རྫོབ་ཏུ་བདེན་ན་ནི། གདུལ་བྱའི་དོན་དུ་འགྱུར་བའི་ཚེ། རི་དང་ཆུ་ལ་སོགས་པ་འགྲོ་བ་སྤྱི་མཐུན་གྱི་སྣང་ངོར་བརྟན་པར་གནས་པ་ཡང་མཐོང་བས་དེ་དག་བདེན་ཅིང་གཞན་དག་མི་བདེན་ནོ། །ཞེས་དབྱེ་བ་ཅིའི་ཕྱིར་ནུས། དེ་ལྟ་བས་ན། རྒྱལ་བ་སྲས་དང་བཅས་པ་ལ་དད་པ་མི་འདོར་བ་ཤིན་ཏུ་གལ་ཆེའོ། །ཤིན་ཏུ་སྤྲོས་བས་ཆོག་གོ །
དེ་དག་མདོའི་ཚིག་དང་རིམ་པར་སྦྱར་བ།
ད་ནི་མངོན་པར་རྟོགས་པའི་དོན་དེ་དག་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་འདི་ཉིད་ཀྱི་ཚིག་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ཡང་དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་པ་ནས། གང་བ་མེད་པའོ་ཅེས་པའི་བར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་ཡིན་ཏེ། དྲི་བ་དྲི་ལན་གྱི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ། ཅེས་པས་སེམས་བསྐྱེད་དང༌། ཇི་ལྟར་བསླབ་པ་ཅེས་དྲིས་པ་ལ་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཅེས་གདམས་པས་ནི། གདམས་ངག་བསྟན་པ་དང༌། རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །ཅེས་པས་ནི་སྦྱོར་ལམ་གྱི་དམིགས་རྣམ་བསྟན་པས་ངེས་འབྱེད་ཆ་མཐུན་ནོ། །དེ་ལྟར་ཡང༌། དམིགས་པ་མི་རྟག་ལ་སོགས་པ།། བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་སོ། །གཟུགས་སྟོང་པའོ་ཞེས་པ་ལ་སོགས་པས་སྒྲུབ་པའི་རྟེན་ཆོས་དབྱིངས་བསྟན་ནོ། །དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་བ་ཉིད་དེ་སོགས་ཀྱིས་སྒྲུབ་པའི་དམིགས་པ་དང༌། མཚན་ཉིད་མེད་པ་སོགས་ཀྱིས་སྤོང་བ་ཆེན་པོ་ལ་སོགས་པ་ཆེད་དུ་བྱ་བ་ཆེན་པོ་གསུམ་བསྟན་ནོ། །དྲི་བ་མེད་ཅིང་གང་བ་མེད་པ་ཞེས་པས། སྤང་བྱ་སྒྲིབ་པ་རང་བཞིན་གྱིས་མ་དམིགས་ཤིང༌། ཐོབ་བྱ་ལམ་དང་ཡོན་ཏན་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུར་ཤེས་ནས། བྲི་གང་བསལ་བཞག་མེད་པར་རྟོགས་ཀྱང་ཚོགས་གཉིས་རླབས་པོ་ཆེ་རྒྱུན་མི་འཆད་པར་སྤྱོད་པའི་སྒྲུབ་པ་བསྟན་པ་ཡིན་ཏེ། འདིར་སྒྲུབ་པའི་ངོ་བོ་ཙམ་ཞིག་བསྟན་པས། དབྱེ་བ་གོ་ཆའི་སྒྲུབ་པ། འཇུག་པའི་སྒྲུབ་པ། ཚོགས་ཀྱི་སྒྲུབ་པ། ངེས་འབྱུང་སྒྲུབ་པའི་ཁྱད་པར་རྣམས་ཤུགས་ལ་བསྟན་པ་ཡིན་ནོ། །དེ་ལྟར་ན་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་བསྟན་པས་མཚོན་བྱ་རྣམ་མཁྱེན་བསྟན་པ་ཡིན་ལ། དེར་མ་ཟད་ཟབ་མོའི་མཚན་ཉིད་རྣམ་པ་བརྒྱད་དང་ལྡན་པའི་ཤེར་ཕྱིན་བསྟན་པ་ཁོ་ནས་ཀྱང་དོན་དམ་པའི་རྣམ་མཁྱེན་ཆོས་ཀྱི་སྐུ་ཉིད་གསལ་བར་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ལ་སོགས་བས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་རང་བཞིན་མེད་པར་བསྟན་པ་འདིས་ནི། ལམ་ཤེས་ཀྱི་དམིགས་པའི་ཡུལ་གསལ་བར་བསྟན་པས། དེ་ལྟར་རྟོགས་པའི་ལམ་ཤེས་ཉིད་ངེས་པར་བསྟན་པ་ཡིན་ལ། དབྱེ་བའི་ཚིག་མི་གསལ་ཡང་མཐོང་ལམ་དང༌། སྒྲུབ་པ་སྒོམ་ལམ་གཉིས་རྣམ་དག་དངབཅས་པ་ཤུགས་ལ་བསྟན་པ་ཡིན་ནོ། །མ་རིག་པ་མེད་སོགས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ཟློག་བཀག་པས་ནིི། དངོས་བསྟན་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་དམིགས་རྣམ་གསལ་བར་བསྟན་པ་ཡིན་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་སྟོང་ཉིད་དུ་བསྟན་བའི་ཤུགས་ལ། ཉན་རང་གི་གཞི་ཤེས་ཀྱང་འཕངས་པ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་བ་དང་སོགས་ཀྱིས། རྣམ་རྫོགས་སྦྱོར་བའི་རྣམ་པ་རྣམས་བསྟན་ཏེ། གཞི་ཤེས་ལམ་ཤེས་ཀྱི་རྣམ་པ་རྣམས་ནི། བདེན་བཞི་སྤྲོས་པ་དང་བྲལ་བའི་རྣམ་པར་འདུས་ལ། རྣམ་མཁྱེན་གྱི་རྣམཔ་རྣམས་ནི་ཡེ་ཤེས་ཅེས་བར་འདུས་སོ། །ཐོབ་པ་མེད་པ་དང་མ་ཐོབ་པ་མེད་པ་ཅེས་པས་ནི། མི་གནས་པའི་སྦྱོར་བ་དངོས་སུ་བསྟན་ཅིང༌། དེའི་ཁྱད་ཆོས་མི་སྦྱོར་བའི་སྦྱོར་བ་སོགས་ཤུགས་ལ་བསྟན་ལ། ཐོབ་པ་ཅེས་པ་ཡོན་ཏན་དང་འབྲས་བུ་ཐོབ་པ་ཁོ་ན་ལ་འཆད་པ་ལྟར་ན། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ལ་སོགས་པ། དོན་ཚན་ཕྱི་མ་བཞི་ཡང་དོན་གྱིས་བསྟན་པར་འགྱུར་རོ། །ཐོབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བརྟེན་ཅིང་གནས་ཅེས་པ་ནི། མི་གནས་པའི་སྦྱོར་བའི་རྒྱུན་ཤིན་ཏུ་གོམས་ཤིང་བྱང་པ་ལ་གནས་པའི་དོན་ཏེ། རྩེ་མོའི་སྦྱོར་བ་དངོས་ཡིན་ལ། སྒྲིབ་པ་མེད་ཅིང་སྐྲག་པ་མེད་ཅེས་པས་མཐོང་སྒོམ་གྱི་རྩེ་སྦྱོར་གྱིས། སྤང་བྱ་གཟུང་འཛིན་གྱི་རྟོག་པ་སྤོང་ཚུལ་བསྟན་ཏེ། ཆོས་ཉིད་མཐོང་པ་ལ་བསྒྲིབ་པའི་མཐོང་སྤངས་མེད་ཅིང༌། ཆོས་ཉིད་ཁོ་ན་ལ་གནས་མི་ནུས་པར་སྐྲག་པའི་སྒོམ་སྤངས་མེད་དོ་ཅེས་དངོས་སུ་བསྟན་ལ། རྩེ་སྦྱོར་གྱི་རྟགས་དང༌། ལོག་སྒྲུབ་སྤོང་བ་རྣམས་ཀྱང་ཤུགས་ལ་འཕངས་སོ། །ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཅེས་པས་མཐར་གྱིས་པའི་སྦྱོར་པ་བསྟན་ཏེ། བསླབ་པ་གསུམ་ལ་ཕྱིན་ཅི་ལོག་པའི་གཉེན་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྟག་པ་ལ་མི་རྟག་པར་འཛིན་པ་སོགས་ལོག་ལྟ་བཞིའི་གཉེན་པོར་རྗེས་དྲན་དྲུག་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པ་ལྟ་བ་ཕྱིན་ཅི་ལོག་གི་གཉེན་པོར་བདག་མེད་གཉིས་ཀྱི་དོན་ལ་སྒོམ་ལ་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་གསུངས་ཏེ། སྦྱིར་མཐར་གྱིས་པའི་རྣམ་པ་ལ་ཚད་བཟུང་དུ་མེད་དེ། སྦྱོར་བ་སྔ་མ་གཉིས་ཀྱི་རྣམ་པ་ཐམས་ཅད་ལས་འདི་རྣམ་པ་མང་མོད་ཀྱང༌། ཆོས་བཅུ་གསུམ་གྱི་གྲངས་སུ་བཅད་པ་ནི། ཕྱིན་ཅི་ལོག་གི་གཉེན་པོར་དགོངས་པའི་ཕྱིར་ཏེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ཞེས་པས་མཐར་གྱིས་པ་བསྟན་ནོ། །དུས་གསུམ་དུ་སོགས་པ་སྐད་ཅིག་མའི་སྦྱོར་བ་སྟེ་སངས་རྒྱས་ཐམས་ཅད་གང་བསྒོམས་པ་ལ་བརྟེན་ནས། དངོས་སུ་སངས་རྒྱས་ཐོབ་པར་འགྱུར་བའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་དེ་ནི། སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། རྒྱུན་མཐའི་ཡེ་ཤེས་ཀྱི་མིང་གི་རྣམ་གྲངས་སོ། །སྔགས་གྱི་ཕན་ཡོན་རྣམས་ནི་ཆོས་སྐུ་མཛད་པ་དང་བཅས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཅེས་པ་མདོར་བསྟན་དང༌། རིག་པ་ཆེན་པོ་ཅེས་པ་ངོ་བོ་ཉིད་སྐུ་དང༌། བླ་ན་མེད་པ་ཅེས་པ་ལོངས་སྐུ་དང༌། འཇིག་རྟེན་ཁམས་སུ་མི་མཉམ་པ་དང་མཉམ་པ་ནི་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དང༌། སྡུག་བསྔལ་ཐམསསས་ཅད་རབ་ཏུ་ཞི་བར་བྱེད་པ་ནི་འཕྲིན་ལས་ཏེ་ཆོས་སྐུའི་མཛད་པའོ། །ཆོས་ཀྱི་སྐུ་འགྱུར་མེད་ཡོངས་གྲུབ་དེ་ནི། མཉམ་གཞག་ཡེ་ཤེས་འཁྲུལ་བ་དང་བྲལ་བས་ཉམས་སུ་མྱོང་བྱ་ཡིན་པའི་ཕྱིར། བདེན་པར་གྲུབ་པ་ཡིན་ལ། བརྫུན་པ་ཀུན་རྫོབ་འཁོར་བའི་ཆོས་ཐམས་ཅད་ལས་གདོད་ནས་གྲོལ་བའི་ཕྱིར། མི་རྫུན་པ་སྟེ་བརྫུན་པ་མ་ཡིན་པའི་དོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཅེས་པ་ནི། འཕྲིན་ལས་ཀྱི་ཁྱད་པར་ཆོས་སྐུའི་རྒྱུ་མཐུན་བའི་རིག་སྔགས་སོ། །ཁ་ཅིག་སྔགས་དོན་ལ། ལམ་ལྔ་དང་སྦྱོར་བ་ནི་སྐབས་འདིར་ཡང་བླང་སྟེ། ག་ཏེ་ནི་སོང་པ་སྟེ་ཚོགས་ལམ། ག་ཏེ་གཉིས་པ་ནི་སྦྱོར་ལམ། པ་ར་ག་ཏེ་ནི་མཐོང་ལམ་སྟེ། པ་ར་ཅེས་པ་མཆོག་སྟེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །པ་ར་སང་ག་ཏེ་ནི་དེ་བས་ཀྱང་ལྷག་པ་ཡང་དག་པར་སོང་བའི་ཡེ་ཤེས་ཏེ་སྒོམ་ལམ་མོ། །བོ་དྷི་ནི་བྱང་ཆུབ་སྟེ་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སའོ། །ཞེས་སྐྱེས་བུ་དམ་པ་འགའ་ཞིག་གསུང་ངོ༌། །
ཤེས་རབ་སྙིང་པོའི་སྒོམ་རིམ།
ད་ནི་ཤེར་ཕྱིན་སྙིང་པོའི་མདོ་འདིའི་དོན་གྱི་ཉིང་ཁུ་སྒོམ་རིམ་གྱི་ལག་ལེན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་ཐུབ་པའི་བསྟན་པ་ལ་བརྟུལ་ཞུགས་ཡང་དག་པར་བླངས་ནས། ཐེག་པ་ཆེན་པོའི་སྡེ་སྣོད་ལ་ཐོས་བསམ་ཅི་རིགས་པར་བྱའོ། །ཚེ་འདིར་མང་དུ་ཐོས་པ་ཁོ་ན་མ་ལྕོགས་ན་ཡང༌། གོང་དུ་ཇི་སྐད་བསྟན་པ་ལྟར་མདོ་སྡེ་དམ་པ་འདི་ཉིད་ཀྱི། དངོས་བསྟན་ཚིག་དོན་དང་འགྲེལ་བའི་གོ་བ་རྣམས་ལེགས་པར་རྟོགས་ཤིང༌། ཐེ་ཚོམ་མེད་པ་བློ་ལ་གསལ་པོ་འབྱུང་བ་ཞིག་ངེས་པར་གལ་ཆེའོ། །ཁྱད་པར་སྟོང་པ་ཉིད་ཀྱི་ལྟ་བ་དང་། སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་ངེས་པ་རྙེད་པ་དང་། ཆོས་ལ་ཡིད་ཆེས་དང་དད་པ་བརྟན་པོར་གྱུར་གྱི་བར་དུ་ཡང་ཡང་བསམ་པ་གལ་ཆེ་ན། དེའི་དོན་དུ་སྐྱེས་བུ་གསུམ་གྱི་རིམ་པ་ལྟ་བུ་སྔོན་འགྲོར་བྱས་ན་ལེགས་སོ། །དེ་ནས་བྱངཆུབ་ཏུ་སེམས་བསྐྱེད་ཅིང༌། འགྲུབ་ན་འཇུག་སེམས་ཀྱི་སྡོམ་པ་ཡང་བླང་བར་བྱའོ། །སྤྱིར་མདོ་སྡེའི་རྒྱན་ལས་གསུངས་པ་ལྟར། དམིགས་པའི་སེམས་དྲུག་དང་ཡིད་ལ་བྱེད་པ་བཅུ་གཅིག་དང༌། །སེམས་གནས་པའི་ཐབས་དགུ་ལ་སོགས་པ་དགོས་ཀྱང༌། འདིར་དོན་གྱི་སྙིང་པོ་མདོ་ཙམ་ནི་འདི་ལྟ་བུས་སྒོམ་པར་བྱ་སྟེ། དང་པོར་གནས་ཁང་གཙང་མར། སངས་རྒྱས་ཀྱི་སྐུ་གཟུགས་དང་མདོ་སྡེ་འདིའི་གླེགས་བམ་བཞུགས་སུ་གསོལ། མཆོད་པ་ཇི་ལྟར་འོས་པ་བཤམས། ཁྲུས་ལ་སོགས་པ་གཙང་སྦྲ་དང་ལྡན་པས། ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་བྱས་སྟེ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ། སྣ་ནས་རླུང་ལན་གསུམ་བསལ། དབུགས་རང་བབས་སུ་བཞག་སྟེ། བདག་གང་ལ་བསྟེན་ནས་སྒོམ་ཞིང་སྒྲུབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་འདིའོ། །ཞེས་ཡིད་ལ་དྲན་ཅིང་གཞན་གང་ལ་ཡང་མ་ཡེངས་པར། འདི་ལྟར་བསམ་སྟེ། ཤཽ་ལོ་ལ་ཉེར་ལྔའི་ཚད་ཙམ་འདི་ནི་ཤེར་ཕྱིན་སྙིང་པོའི་མདོ་ཡིན་ནོ། །བདག་ནི་འདི་ལ་བརྟེན་ནས་སངས་རྒྱས་བསྒྲུབ་པོ་སྙམ་པ་དེ་ཉིད་ལན་བརྒྱ་ཙམ་དྲན་པར་བྱས་ནས། བར་དེར་དགེ་བ་བྱང་ཆུབ་ཏུ་བསྔོས་ཏེ། ཁམས་གསེང་ཞིང་། འཆག་པ་ལ་སོགས་པ་ཇི་ལྟར་བདེ་བས་ངལ་གསོས་ལ། ཡང་སྔར་གྱི་ཚད་ཙམ་དུ་སྒོམ་པར་བྱའོ། །དེ་ལྟར་ཐུན་བཅུ་ཙམ་བྱས་པས་ཞག་གཅིག་ལ། ཡིད་ལ་བྱེད་པ་སྟོང་ཕྲག་གཅིག་ཏུ་འགྱུར། ཐུན་གྱི་ཚད་ཉི་གྲིབ་ལ་སོགས་པ་ངེས་ཅན་དུ་བྱས་ནས། གལ་ཏེ་ཁམས་དུབ་ན་ཉི་མ་གཅིག་གམ་གཉིས་སམ་གསུམ་དུ་ཐུན་ཐམས་ཅད་ནས་ཆ་ཕྲི་བའམ། ཐུན་འགའ་ཞིག་ཆ་ཕྲི་བའམ། གང་མི་བདེ་བའི་ཐུན་འཇོག་པ་ལྟ་བུ་ཇི་ལྟར་འོས་པས་ངལ་གསོ། །ཐོག་མའི་ཐུན་གྱི་ཚད་ནི་རིང་ཐུང་རང་གི་བློ་དང་འཚམ་པར་སྦྱར་བས་རུང་སྟེ། དེ་ནས་ཅུང་ཟད་གོམས་ཤིང་སྒོམ་པ་ལ་སྤྲོ་བར་གྱུར་པའི་ཚེ། ཐུན་ཅུང་ཟད་ཅུང་ཟད་བསྐྱེད་ཅིང༌། ཡང་ཁམས་ལོག་ན་ཅུང་ཟད་ཅུང་ཟད་ཕྲིའོ། །དེ་ལ་ཅུང་ཟད་གོམས་པ་ན། མདོ་སྡེ་འདི་ལ་ནི་དང་པོར་གླེང་གཞི་དང༌། དེ་ནས་གླེང་བསླང་བ་དང༌། དེ་ནས་ཟབ་མོ་བརྒྱད་ཀྱི་སྟོང་ཉིད་དང༌། མཁས་པར་བྱ་བ་དྲུག་ཕན་ཡོན་དང་བཅས་པ་དང་ཡི་རང་གི་བར་དུ་ཡོད་དོ། །དོན་འདི་ནི་བདག་གི་བསྒོམ་བྱ་ཡིན་པ་སོགས་གོང་བཞིན་བསམ་སྟེ། འདི་དམིགས་པ་ཐེབ་པའི་ཕྱིར། དམིགས་ཐེངས་རེ་ལ་སྔ་མ་ལས་ཡུན་གསུམ་བཞི་ཙམ་གྱིས་རིང་བར་འཇོག་དགོས་ཏེ། ཐུན་རེའི་ནང་དུ་ལན་བཞི་བཅུ་འམ་ལྔ་བཅུ་ལ་སོགས་པ་སྒོམ་པར་བྱའོ། །འདི་ཡང་རིང་དུ་གོམས་ནས། ཐུན་སོ་སོའི་མགོར་སྔོན་བཞིན་བསྒོམས་ཏེ། དངོས་གཞིའི་སྐབས་སུ། མདོ་འདི་ལས་བསྟན་པའི་ཟབ་མོ་བརྒྱད་དང་ལྡན་པའི་སྟོང་ཉིད་ཅེས་བྱ་བ་ནི། གཞན་ཞིག་ཡོད་པ་མ་ཡིན་པ་འདི་ལྟ་སྟེ། བདག་གཞན་སྣོད་བཅུད་ཀྱི་ཆོས་སྣ་ཚོགས་པར་སྣང་བ་འདི། རང་སེམས་འཁྲུལ་བའི་སྣང་བ་ཙམ་ལ་ཤར་བ་མ་གཏོགས་ཅུང་ཟད་ཀྱང་ངོ་བོས་མེད་པ་ཉིད་དོ། །ཞེས་ཡང་ཡང་བསམས་ཤིང༌། དེ་ལྟར་བསམ་པ་ལན་ཉེར་གཅིག་སོགས་སོང་བ་ན། ཡང་སྔར་གྱི་དམིགས་པ་གཉིས་པོ་སྔོན་དུ་འགྲོ་བར་བྱས་ནས་དེ་འདྲ་ཉེར་གཅིག་སྒོམ་པ་ལྟ་བུ་བྱའོ། །དེ་ལ་ཅུང་ཟད་གོམས་ནས། མ་སྐྱེས་པ་ལ་སོགས་པའི་རྒྱུ་མཚན་གཅིག་གམ་གཉིས་སམ་མང་པོ་རང་གི་བློའི་འཁོབས་དང་བསྟུན་ནས་དྲན་པར་བྱེད་པ་ཡང་བསྣོན་ནོ། །ཡང་དེ་བཞིན་དུ་ཕུང་པོ་ཞེས་བྱ་བ་ནི་རང་གཞན་སྣོད་བཅུད་ཀྱི་སྟེང་ན་གནས་པ་འདི་དང་འདི་དག་ཡིན་ལ། དེ་ཐམས་ཅད་ཀྱང་གདོད་མ་ནས་མ་གྲུབ་པོ་ཞེས་གཅིག་དུ་བྲལ་ལ་སོགས་པའི་རྒྱུ་མཚན་ཅུང་ཟད་དྲན་པར་བྱས་ཏེ་འདུན་པ་ཤུགས་དྲག་པོ་སྦྱངས། དེ་བཞིན་དུ་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་བདེན་བཞི་དང༌། གནས་དང་གནས་མིན་ལ་ཡང་སྦྱོར་དགོས་ཏེ། བློ་རྒྱ་ཆེ་ན་རིམ་ཅན་དུ་སྒོམ། རྒྱ་ཆུང་ན་དེ་དག་ལས་གང་ཡང་རུང་བ་བློ་ལ་བདེ་ཞིང་གསལ་བ་ཅིག་སྒོམ་སྟེ། དེ་དག་ནི་སྔོན་འགྲོ་འཇུག་པའི་རིམ་པ་ཡིན་ནོ། །ད་ནི་དངོས་གཞི་ལ། ཡན་ལག་བདུན་པ་ནས། མདོ་དོན་བསམ་པའི་བར་ཚར་གཅིག་སོང་ནས། །རང་གཞན་སྣོད་བཅུད་འཁོར་འདས་ཐམས་ཅད་ཇི་ལྟར་སྣང་བ་འདི་སྒྱུ་མ་ལྟ་བུ་ཡིན། ཡང་དག་པར་ན་ཅུང་ཟད་ཀྱང་མ་གྲུབ་བོ། །གཅིག་དུ་བྲལ་ལ་སོགས་པ་ཅུང་ཟད་གཅིག་དྲན་པར་བྱས་ནས་ངེས་ཤེས་ཀྱང་བསྐྱེད། དེ་ལྟར་རང་གཞན་སྣང་བ་ཐམས་ཅད་ཀྱི་སྟེང་དུ་བསྙམས་པའི་ཚེ། གང་ཡང་མ་གྲུབ་པ་དེ་ལ་ཆེ་རེ་མཉམ་པར་གཞག ཚུལ་དེས་བདེན་མེད་དུ་བསམ་པ་དང༌། ངེས་ཤེས་བསྐྱེད་པ་དང༌། ངང་ལ་འཇོག་པ་གསུམ་པོ་དེ་དག་ཡང་ཡང་བསྐྱར་ཏེ། བཅུ་འམ་ཉེར་གཅིག་ལ་སོགས་པ་ཇི་ལྟར་རིགས་པ་སོང་བ་ན། ཡང་མདོ་དོན་དྲན་པ་སྔོན་དུ་སོང་པས་དམིགས་པ་ཉེར་གཅིག་ལ་སོགས་པ་བྱའོ། །དེ་དག་གི་བར་བར་དུ་ཤེར་ཕྱིན་གྱི་མདོ་འདིའི་ཕན་ཡོན་དང༌། གསུང་བ་པོ་སངས་རྒྱས་ཀྱི་ཡོན་ཏན་དྲན་ནས། སངས་རྒྱས་དང་ཆོས་དང༌། དགོས་སུ་འདི་ལ་མོས་གུས་དུང་ངེ་བ་རེ་བསྒོམ། སེམས་ཅན་འཁྲུལ་བ་རྣམས་ལ་སྙིང་རྗེ་ལྷག་པ་རེ་ཡང་གསལ་བཏབ། དེ་ལྟར་གནད་དུ་འགྲོ་བར་བྱུང་ན། ཞག་བདུན་བདུན་ཙམ་རེ་ནས། བསམ་མེད་དུ་མཉམ་པར་འཇོག་པ་དེ་ཅུང་ཟད་ཅུང་ཟད་རེ་ཡུན་རིང་དུ་བཏང༌། དེ་ཡང་མི་རྟོག་པའི་བློ་ངོ་ན་ཅི་ཡང་མ་ཡིན་པའི་རྣམ་པ་དེ་འཆར་གྱི་འདུག་ན་དེ་ཡུན་རིང་དུ་གཏོང་བ་ཡིན་གྱི། ཤེས་པ་མི་གསལ་བ་མུན་ཆུན་པར་ཡོད་ན་ཤེས་པ་བཟོ་མེད་དུ་བཞག་ཀྱང་མི་ཕན་པས། གནད་སྔ་མ་གཉིས་ལ་ཤུགས་བསྐྱེད་པ་གལ་ཆེ། དེ་དག་གི་སྐབས་སུ་སྒོམ་ཐུན་ཡུན་རིང་པོར་ཐུབ་ན་ཐུན་མཚམས་སུ་ངལ་གསོ་ཞིང༌། ཆོས་སྤྱོད་ཀྱི་རིམ་པ་བཅུ་མདོ་ཙམ་རེ་བྱས་པས་ཆོག་ལ། ཐུན་ཡུན་ཐུང་ངུ་ལས་མི་བྱེད་ན། ཐུན་མཚམས་ཀྱིས་ཆོས་སྤྱོད་གལ་ཆེ་སྟེ། དེ་ལ་ཐུན་མཚམས་ཀྱི་སྤྱོད་པ་ནི་སྤྱིར་ཆོས་སྤྱོད་སྒོ་ཐམས་ཅད་ནས་ཡིན་ཀྱང༌། ཁྱད་པར་མདོ་སྡེ་འདི་ཉིད་ཡི་གེར་འབྲི་བ་དང༌། །འདིའི་གླེགས་བམ་ལ་མཆོད་པ་དང༌། གླེགས་བམ་ཀློག་པ་དང། ཁ་དོན་དུ་བྱེད་པ་དང༌། མདོའི་དོན་འཆད་པའམ། ཉན་པའམ། བསམ་པ་ལ་སོགས་པའོ། །དེ་དག་གོམས་ནས། སེམས་གནས་པ་དགུའི་རིམ་པས་སྟོང་ཉིད་ལ་དམིགས་པའི་ཞི་གནས་དང༌། རང་སེམས་ཀྱི་ངོ་བོ་ཉིད་དང༌། ཁྱད་པར་ཡང་ཡང་བཙལ་བས་ཆ་ཤས་ཙམ་གྱི་ལྷག་མཐོང་ལ་བརྟེན་ནས་སྟོང་པ་ཉིད་ལ་ངེས་པ་རྙེད་པར་འགྱུར་བ་སོགས་སྤྱི་དང་འདྲའོ། །དེའི་ཚེ་རང་བཞིན་གང་དུ་ཡང་མ་གྲུབ་བའི་ངང་ནས་སེམས་ཀྱི་གསལ་སྣང་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་སྣ་ཚོགས་འབྱུང་སྟེ། གཙོ་བོར་མི་རྟོག་པའི་སྟོབས་ལས་འབྱུང་གི དཔྱད་པའི་སྐབས་སུ་འབྱུང་བ་ནི་ཉུང་ངོ༌། །དེ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་དང༌། །རང་བཞིན་རྣམ་པ་ཐམས་ཅད་པ་ཡིན་པའི་རྟགས་སུ་ངོ་སྤྲོད་པར་བྱའོ། །སྒོམ་ཚུལ་གནད་ཀྱི་སྙིང་པོ་དེ་ལྟར་བཟུང་ནས། རྣལ་འབྱོར་གྱི་ས་བཞི་འམ། །ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བསམ་གཏན་བཞི་འམ། རྣལ་འབྱོར་གྱི་ས་ལྔ་ལ་སོགས་པ་ཇི་ལྟར་རིགས་པ་དང་སྦྱར་ཏེ་བཤད་པས་རུང་ཞིང༌། དངོས་གཞིའི་སྐབས་སུ་དཔྱད་མཐར་མི་རྟོག་པར་འཇོག་པ་དང༌། ཐོག་མའི་དུས་སུ་དཔྱད་པ་བྱེད་ཅིང་ཕྱིས་མི་རྟོག་པ་ཁོ་ནར་འཇོག་པ་དང༌། ཐོག་མ་ཉིད་ནས་ཀྱང་མི་རྟོག་པ་ཉིད་ལ་འཇུག་པ་དང༌། སྔགས་ཀྱི་ཐེག་པ་དང་གོ་མཐུན་དུ་སྒྲུབ་ཚུལ་སོགས། ཐམས་ཅད་ཀྱང་གང་ཟག་སོ་སོའི་བློ་དང་བསྟུན་ན་ལེགས་པར་འགྱུར་བ་ཤ་སྟག་གོ །
ཐ་མར་དགེ་བ་མཇུག
མཇུག་བྱང་སྨོན་ཚིག
ཤིན་ཏུ་ཟབ་པའི་མདོ་སྡེ་འདི། །རང་བློའི་སྟོབས་དང་སྦྱར་ཏེ་བཤད། །ཧ་ཅང་མངས་ན་རྟོགས་དཀར་འགྱུར། །དཀའ་འགྲེལ་ཚུལ་དུ་མདོ་ཙམ་བཀྲོལ། །དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད། །སངས་རྒྱས་རྟག་པའི་གོ་འཕངས་ཐོབ་གྱུར། །དེ་སྲིད་དུ་ཡང་ལེགས་བཤད་མང་པོས། །ཕན་བདེ་ཕྱོགས་ཀུན་ཁྱབ་པར་གྱུར་ཅིག །
མཛད་བྱང་།
ཅེས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་བ། སྔོན་མེད་ལེགས་བཤད་ཅེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། །།
ཞར་བྱུང་གཞུང་འདི་བརྩམས་པའི་དགོས་པ།
མདོ་འདི་ལ་དྲི་མེད་བཤེས་གཉེན་གྱི་འགྲེལ་བ་རྒྱ་འགྲེལ་ཡིན་ངེས་བསྟན་པ་སྔར་དར་ལ་འགྱུར་བ་དེ་དང༌། དེ་ལ་འགྲེལ་བཤད་རྔོག་ལོ་ཆེན་པོས་མཛད་པ་དང༌། དེ་གཉིས་ཀྱི་དགོངས་འགྲེལ་ཀླག་ཆོག་མ། ཨར་བྱང་ཆུབ་ཡེ་ཤེས་ཀྱི་མཛད་པ་དང༌། བཅོམ་ལྡན་རིག་རལ་གྱི་ཚིག་ཉུང་ལ་དོན་བཟང་བའི་འགྲེལ་ཆུང་ཞིག་དང༌། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་འགྲེལ་པ་དང༌། མཁས་པའི་གཙུག་རྒྱན་ཤཱཀྱ་མཆོག་ལྡན་གྱི་འགྲེལ་པ་དང༌། བསྟན་འགྱུར་དུ་ཆུག་པ་ལ། ཇོ་བོ་རྗེས་མཛད་ཟེར་བའི་འགྲེལ་པ་ལེགས་པོ་ཞིག་དང༌། ཛྙཱ་ན་མི་དྲིས་མཛད་ཟེར་བ་དང༌། པྲ་ཤཱསྟ་སྱ་ནས་མཛད་ཟེར་བ་དང༌། མ་ཧཱ་ཛ་ནས་མཛད་ཟེར་བ་རྣམས་ཀྱང་སྣང་ངོ༌། །ཕྱི་མ་འདིས་གཞན་སྟོང་གི་ཚུལ་དུ་ཡང་འགྲེལ་ཞིང༌། དེ་དག་ཕལ་ཆེར་བཤད་སྒྲོས་དྲི་མེད་བཤེས་གཉེན་གྱི་འགྲེལ་ཆེན་དང་ཕྱོགས་མཐུན་རུང་ངོ༌། །གང་ལྟར་མཁས་པ་རྣམས་ཀྱི་དཔྱད་གཞིར་གྱུར་པའི་འགྲེལ་པ་དེ་དག་མཐོང་ཞིང༌། གཞན་ཡང་རྩེ་ཐང་འབུམ་རི་པའི་ཊཱི་ཀ་སོགས་བློ་གསར་བའི་རྣམ་རྟོག་འགའ་རེ་དང༌། བལ་པོ་ཨ་སུའི་ངག་སྒྲོས་བསྟན་འགྱུར་དུ་ཆུད་པ་ཅིག་དང༌། ལྕེ་སྒོམ་ལྗོང་པས་མཛད་པ་དང༌། གཞན་ཡང་བར་སྐབས་སུ་བྱུང་པའི་ཕྱག་རྫོགས་ཞི་བྱེད་ཀྱི་ལུགས་སུ་བཀྲལ་བ་སུས་བྱས་མི་ཤེས་པ་སྣ་ཚོགས་དང༌། དངོས་གྲུབ་དཔལ་འབར་བས་རང་གི་ཡོན་ཏན་སྒྲོག་པ་ཁོ་ན་ལྟ་བུར་བླངས་པའི་ཊིཀ་ཆུང་སོགས་ཕྱིས་བྱུང་གི་སྟོན་སྒོམ་དུ་འདོད་པ་སྣ་ཚོགས་པས་སྦྱར་བའི་འགྲེལ་པ་ཤོབ་ཐག་ཅན་འད་འུད་མང་པོ་ཡང་སྣང་ངོ༌། །འདིར་ནི་བི་མ་ལའི་བཞེད་པ་ལོགས་སུ་བཀོད་པ་མ་གཏོགས་གཞན་དེ་དག་གང་གི་ཡང་རྗེས་སུ་མ་འབྲང་པར། རང་བློའི་སྟོབས་ཀྱིས་བཤད་པའོ། །འོ་ན་པནྚི་ཏ་དང་ལོ་ཙཱ་བ་ཆེན་པོ་དང༌། སྡེ་སྣོད་འཛིན་པའི་དབང་ཕྱུག་རྣམས་ཀྱིས་བཤད་པ་བྱས་ཟིན་བའི་ཕྱིར། ཁྱོད་ཀྱིས་འདིར་རྣམ་བཤད་བྱེད་མི་དགོས་ལ། དེ་དག་དང་བཤད་སྒྲོས་མི་མཐུན་པར་བྱེད་པ་ཡང་འོས་པ་མ་ཡིན་ཏེ། ཆེན་པོ་དག་གི་གསུང་ལ་གྲས་བཏོད་པ་ནི་སྨྲ་ཁམ་ཧ་ཅང་ཆེས་སོ་སྙམ་ན། སྤྱིར་གཞན་ལ་ཕན་པའི་རྒྱུར་བཟོས་རྣམ་བཤད་བྱེད་དགོས་པ་མ་ཡིན་པ་དང༌། དེ་དག་པས་བདག་ཅག་བློ་གྲོས་ཀྱི་སྟོབས་མཆོག་ཏུ་གྱུར་པ་ཡང་མ་ཡིན་པ་དང༌། དེ་དག་གི་བསོད་ནམས་དང་ཡེ་ཤེས་དང༌། ཚུལ་ཁྲིམས་ཀྱི་ཚོགས་ལ། བདག་ཅག་གིས་ཆར་ཡང་བསྐྲུན་པར་ནུས་པ་མ་ཡིན་པ་ནི་བདེན་ནོ། །འོན་ཀྱང་རང་གི་བློ་གྲོས་གོམས་པའི་ཕྱིར་བྱེད་པ་དང༌། ཆེས་ཆེ་བ་དག་གིས་ནི་གཞུང་ཕྲ་མོ་དག་ལ་ཆེ་ཐང་དུ་མ་མཛད་པ་ཡང་སྣང་ཞིང༌། བློ་གྲོས་ཆུང་བས་ཀྱང་བསྒྲིམས་པ་ན། བློ་ཆེན་དག་གིས་མ་རྙེད་པའི་ལེགས་བཤད་ཅི་རིགས་པ་རྙེད་པ་ཡང་སྲིད་པ་ནི་ཡིན་ནོ། །དེ་དག་གི་ཡོན་ཏན་ལ་མཆོག་ཏུ་གུས་པ་དང༌། སྐུ་དྲིན་དྲན་པ་ནི་ཡོད་མོད་ཀྱང༌། དེ་དང་དེས་བཤད་པ་གང་ལ་གནོད་བྱེད་གསལ་བར་མཐོང་བ་དང༌། དེ་དག་གིས་མ་བཤད་པ་དག་ལ་ཡང་རྟགས་དང་རྒྱུ་མཚན་ཚད་མ་མཐོང་བའི་ངེས་ཤེས་སྐྱེས་པའི་ཚེ། རྐྱེན་གང་གིས་ཀྱང་ཟློག་པར་མ་ནུས་ཏེ་འདི་ཙམ་ཞིག་སྨྲ་བ་ལ་ཉེས་པ་ཅི་ཡང་མེད་དོ། །བདག་ཅག་འཕགས་པའི་བློ་ཅན་མ་ཡིན་པས་འཁྲུལ་པར་སྨྲས་སུ་ཟིན་ཀྱང་འོས་པའི་ཅིང༌། ཕྱོགས་འཛིན་ཙམ་གྱི་ཆགས་སྡང་མ་ཡིན་པར་ངེས་པ་ཉིད་དུ་ནོར་བར་ཤེས་ན་ནི། ཁོ་བོ་ཅག་གིས་བཤད་པ་འདི་ཡང་ཅི་བདེར་སྤོངས་ཤིག་དང༌། བདག་གི་ཁྲོ་བ་དང་མཁོན་པའི་སེམས་བསྐྱེད་པར་མི་བྱེད་དོ།། ཅི་སྟེ་ལུང་རིགས་གསལ་ཞིང་ངེས་པ་ཡོད་ན་ཁོ་བོས་ཀྱང་ལེན་པར་བགྱིའོ། །སྟོད་ལུངས་རྒྱ་དམར་བ་ཆེན་པོའི་ཞལ་ན་རེ། མ་རབས་མཐོ་སར་ཕྱིན་པ་དག །གཞན་གྱིས་བྱས་ལ་བསྐྱོར་འབྱིན་བཞིན། །དམ་པའི་ལེགས་བཤད་སྤངས་ནས་ནི། །གཞན་དུ་རྣམ་འཇོག་མི་རིགས་མོད། །རྣམ་དག་ཡིད་ཆེས་མ་སྐྱེས་པས། །དབང་མེད་རྣམ་དཔྱོད་འདི་ལྟར་རིག །ཅེས་དང༌། རྗེ་བཙུན་དམ་པ་མཁས་རྣམས་ཀྱི། །བཞེད་དང་མི་མཐུན་མང་བཤད་ཀྱང༌། །བྲམ་ཟེ་གཙང་སྦྲ་ཀུན་སྤྱོད་བཞིན། །རྣམ་དཔྱོད་རྟོག་གེ་པ་ཡི་ཚུལ། །དེས་ན་མཁས་རྣམས་མི་མཉེས་མེད། །བླ་མ་དག་གི་དྲིན་ཡིན་མོད། །རང་གི་སྦྱངས་བའི་ཁྱད་ལས་ཀྱང༌། །རྣམ་དཔྱོད་རྟོག་གེ་སེམས་ལ་ཤར། །དཀྱུས་ས་བསྟན་པའི་རྟ་བཞིན་དུ། །རྟོག་དཔྱོད་ཡུལ་ལ་ཁ་མི་ཐུབ། །གཞུང་མང་གྱུར་ཀྱང་རང་དབང་མེད། །སྐྱེ་བོ་བློ་ཡིན་ནོར་ལྡན་རྣམས། །ཕྱོགས་འཛིན་སྤངས་པའི་ཡིད་ཀྱིས་དཔྱོད། །སྐལ་ལྡན་འདི་ལ་དགའ་མཆོག་སྐྱེ། །ཞེས་གསུངས་པ་ལྟར། བདག་ཀྱང་སྨྲ་སྟེ། བླུན་པོའི་དད་པ་ཕྱོགས་གཅིག་པས། །དམ་པ་སྔ་མའི་གསུངས་རྗེས་སུ། །འབྲང་ན་ཤིན་ཏུ་བརླིང་མོད་ཀྱི། །བློ་གྲོས་ཆུང་ཡང་གནོད་བྱེད་དང༌། །སྒྲུབ་བྱེད་ཚད་མ་མཐོང་བའི་ཚེ།། སྨྲ་པ་པོ་དེ་ཆེས་བཟང་ཡང་།། འགལ་བའི་རྗེས་སུ་འཇུག་མ་འདོད།།
འཕྲོས་དོན་བསྟན་བཅོས་འདི་སྔོན་མེད་ལེགས་བཤད་དུ་གྲུབ་ཚུལ།
ཡང་སྨྲས་པ། ཞེ་སྡང་ཁྲོ་བས་སྨྲས་ན་ཡང་།། དམ་པ་རྣམས་ནི་བཟོད་མཛད་ན།། སྒྲུབ་པའི་སེམས་ནི་མ་བཏང་བས། །མི་དགྱེས་པར་ནི་ཅི་ལ་འགྱུར། །དངོས་དང་བརྒྱུད་པའི་སློབ་མ་ལ། །གང་གི་བློ་གྲོས་མཆོག་སྐྱེས་པ། །འདི་ཡང་དེ་དེའི་དྲིན་ཡིན་ཞེས། །གུས་པའི་ཚུལ་ནི་ཉམས་པ་མེད། །རྒྱལ་པོའི་རྒྱལ་པོའི་བློན་པོ་སོགས། །སྟོབས་དང་བསོད་ནམས་བློ་ཆེ་ཡང༌། །དེ་དག་རྣམས་ཀྱིས་མ་གོ་པ། །ཞིང་པ་བླུན་པོའི་རིག་པའང་ཡོད། །དེ་བཞིན་བདག་གིས་འདིར་ཡང་སྟེ། །སྔོན་མེད་ལེགས་བཤད་གསར་པའི་འཕྲེང༌། །བློ་ལྡན་རྣམས་ཀྱི་མགུལ་རྒྱན་དུ། །བྱིན་པ་འདི་ལ་ཡི་རང་བྱོས། །ཞེས་པའང་སྨྲས་ཏེ་རྣམ་པར་བཤད་པ་འདི་གཅིག་པུར་མ་ཟད། བདག་ཅག་གིས་ཉེ་བར་སྦྱར་བའི་བསྟན་བཅོས་ཐམས་ཅད་ལ་གོ་དགོས་སོ། །ཡང་ཁ་ཅིག་འདི་སྐད་དུ། ཁྱེད་བརྫུན་དུ་སྨྲ་བར་མ་གྱུར་ཅིག ཆེན་པོ་རྣམས་ཀྱིས་མ་བཤད་པའི་ལེགས་བཤད་མང་དུ་སྨྲས་སོ་བྱ་བ་འདུག་ན། ཁྱེད་ཀྱི་སྨྲ་བ་འདི་རྣམས་ཀྱི་ནང་ན། སྔོན་གཞན་སུས་ཀྱང་མ་བཤད་པའི་ལེགས་བཤད་ནི་གང་ཡིན། དེ་ཡང་སྟོན་དགོས་སོ་ཞེ་ན། དེ་ལ་སྨྲས་པ། སྤྱིར་དམ་པ་སྔ་མ་དག་གིས་གཏན་ནས་མ་བཤད་པའི་ལེགས་བཤད་ཁོ་བོ་ལ་ཡོད་པ་མ་ཡིན་ཏེ། དེ་འདྲ་བ་ནི་ཡོད་ཀྱང་ངོ་མཚར་མི་ཆེའོ། །འོན་ཀྱང་ཤེར་ཕྱིན་སྙིང་པོའི་མདོ་འདིའི་སྟེང་དུ། བརྗོད་བྱའི་དོན་ཟབ་མོ་འདི་དང་འདི་ཡོད་དོ་ཅེས་སྟོན་པ་ན། མདོ་འདིའི་འགྲེལ་བྱེད་སྔར་བྱུང་དག་གིས་མ་བཤད་པ་ནི་མང་དུ་ཡོད་དོ། །
སྔོན་མེད་ལེགས་བཤད་དང་པོ།
དེ་ལ་ཐོག་མར་འདི་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པར་བསྟོད་པ་ནི། ཤེར་སྙིང་གི་དོན་འགྲེལ་ཁྱད་པར་ཅན་དུ་འདུག་པ་ལ། སྔོན་ཆད་དེ་ལྟར་ཡིན་པའི་ཁ་སྐད་ཙམ་ཡང་མི་སྣང་མོད། འདིར་བསྟོད་པ་དེས་མདོ་འདིའི་དོན་ལེགས་པར་བཤད་དེ་བཀྲལ་པ་ནི་ཤེར་སྙིང་གི་འགྲེལ་བ་སྔོན་ཆད་བྱུང་བ་སུ་ལ་ཡང་མེད་ཅིང་ངོ་མཚར་སྨད་དུ་བྱུང་པའི་ལེགས་བཤད་དང་པོའོ། །
སྔོན་མེད་ལེགས་བཤད་གཉིས་པ།
བསྡུས་དོན་གྱི་གནས་སྐབས་སུ། གཟུགས་སྟོང་པའོ་ཞེས་སོགས་ཟབ་མོའི་མཚན་ཉིད་བརྒྱད་པོ་གནས་ལུགས་སྤྲོས་བྲལ་དམིགས་པའི་ཡུལ་གཏན་ལ་འབེབས་བྱེད་དུ་འཆད་པ་དང་། ཟབ་མོ་བརྒྱད་པོ་སྟོང་ཉིད་གསུམ་དང་སྦྱར་ཏེ་འཆད་པ་ནི་གཉིས་པའོ། །
སྔོན་མེད་ལེགས་བཤད་གསུམ་པ།
སྟོང་པ་ཉིད་ལ་གཟུགས་མེད་ཅེས་སོགས་མཁས་པར་བྱ་བའི་དངོས་པོ་དྲུག་དང་སྦྱར་ཏེ། གནས་ལུགས་དེ་སྒོམ་པའི་ཚུལ་དང་སྦྱོར་པ་ནི་གསུམ་པའོ། །
སྔོན་མེད་ལེགས་བཤད་བཞི་པ།
དེ་ལྟ་བས་ན་ཞེས་སོགས་ཏེ་ལྟར་བསྒོམས་པའི་ཕན་ཡོན་སྟོན་པ་རྣམས་ཀྱིས། ས་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་ཚུལ་འཆད་པ་ནི་བཞི་པའོ། །
སྔོན་མེད་ལེགས་བཤད་ལྔ་པ།
ཡང་ཤུགས་བསྟན་གྱི་དབང་དུ་བྱས་ནས། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནས་ཕན་ཡོན་གྱི་བར་གྱིས། བདག་ཏུ་ལྟ་བ་རྣམ་པ་བཅུའི་གཉེན་པོར། གང་ཟག་གི་བདག་མེད་རྒྱས་པ་བསྟན་པའི་ཚུལ་དུ་འཆད་པ་ནི་ལྔ་བའོ། །
སྔོན་མེད་ལེགས་བཤད་དྲུག་པ།
མདོ་ཚིག་དུམ་བུ་བརྒྱད་དུ་བྱས་ནས། དངོས་པོ་བརྒྱད་འཆད་པར་སྦྱར་བ་ན། ཤིན་ཏུ་གསལ་ཞིང་འགྲིག་པར་བྱུང་བ་འདི་ནི་དྲུག་པའོ། །
སྔོན་མེད་ལེགས་བཤད་བདུན་པ།
འདི་ནི་རིགས་པ་དང་ཡང་མཐུན་ཏེ། སྤྲོས་བྲལ་གྱི་སྟོང་ཉིད་ཙམ་སྟོན་པས། མདོ་རྒྱས་པའི་སྙིང་པོའི་དོན་འདུས་པའི་ཕྱིར་སྙིང་པོར་འཇོག་ན་ནི། སུམ་བརྒྱ་པ་ལ་སོགས་པ་ཡང་ཅིའི་ཕྱིར་ཤེར་ཕྱིན་གྱི་སྙིང་པོར་མི་འགྱུར། ཚིག་ཉུང་བ་ཁོ་ནས་སྙིང་བོར་འགྱུར་ན་ནི། འདི་བས་ཀྱང་ཡི་གེ་གཅིག་མ་ཉུང་བའི་ཕྱིར་དེ་ལ་སྙིང་པོའི་ཐ་སྙད་ཅིའི་ཕྱིར་མི་སྦྱོར། ཤེས་རབ་ཀྱི་ཕ་་རོལ་ཏུ་ཕྱིན་བའི་མངོན་རྟོགས་ལམ་རིམ་གྱི་གཙོ་བོ་དེ། དངོས་པོ་བརྒྱད་ཀྱི་རིམ་པ་འདི་ཡིན་ན། སྦས་དོན་གྱི་ཚུལ་གྱིས་དེ་འདྲ་མི་སྟོན་ན་ནི། མདོ་ཐམས་ཅད་ཀྱི་སྙིང་པོའི་སྒྲས་བརྗོད་པ་ཡང་དོན་མེད་པར་འགྱུར་རོ། །དེའི་ཕྱིར་འདི་ནི་ཤེར་ཕྱིན་གྱི་ཡན་ལག་ཙམ་གྱི་མདོ་མ་ཡིན་ཏེ། དོན་གྱི་ལུས་ཡོངས་སུ་རྫོགས་པ་ཡང་ཡིན་ལ། རྣམ་གྲངས་ཀྱི་སྤྲོས་པ་དོར་བའི་ཕྱིར་སྙིང་པོའོ། །ཡང་སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་ཉམས་ལེན་སྒྲུབ་བའི་དོན་གྱི་རྣམ་གྲངས་བཅོ་བརྒྱད། ཚིག་དོན་ལ་ཤིན་ཏུ་གསལ་བར་འབྱོར་བར་བཤད་དེ། འདི་ཡང་སྔོན་མེད་པའི་ལེགས་བཤད་བདུན་པའོ། །
སྔོན་མེད་ལེགས་བཤད་བརྒྱད་པ།
མདོ་འདིས་སྟོང་ཉིད་བཅུ་དྲུག་གམ་བཅོ་བརྒྱད་ཚིག་ཟུར་གྱིས་གསལ་བར་ཐོན་པའི་ཚུལ་དང་སྒོམ་པ་རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་འཆད་པ་འདི་ཡང་སྔོན་མེད་པའི་ལེགས་པར་བཤད་པ་བརྒྱད་པའོ། །
སྔོན་མེད་ལེགས་བཤད་དགུ་པ།
འདིར་དངོས་བསྟན་དང་སྦས་དོན་གཉིས་ཀ་འཆད་པ་ལས་ཐུན་མོང་རྣམས་ཆབས་གཅིག་ཏུ་འཆད་པ་དང༌། ཐུན་མོང་མ་ཡིན་པ་རྣམ་དངོས་བསྟན་ལ་སྦས་དོན་མ་འདྲེས་ཤིང༌། དངོས་བསྟན་དང་སྦས་དོན་དམིགས་ཕྱེད་པར་འཆད་པ་འདི་ཡང་སྔོན་མེད་པའི་ལེགས་པར་བཤད་པ་སྟེ་དགུ་པའོ། །
སྔོན་མེད་ལེགས་བཤད་བཅུ་པ།
གླེང་བསླང་པའི་སྐབས་སུ། ཕུང་ལྔ་སྟོང་པར་སྒོམ་པ་ཤེར་ཕྱིན་ལ་འཇུག་པའི་ཐབས་སུ་བཤད་པས། ཤེར་ཕྱིན་དངོས་དང་སྟོང་སྐྱང་མི་གཅིག་པར་བསྒྲུབ་པ་དང༌། སྟོང་ཉིད་གཟུགས་སོ་ཅེས་སོགས་དང༌། བྲི་གང་མེད་པའི་ཚིག་དང༌། སྟོང་ཉིད་ཁྱད་གཞིར་བྱས་ནས་འདུས་བྱས་བཀག་པ་དང༌། བདེན་པར་ཤེས་པར་བྱ་སྟེ། ཞེས་པ་སྟེ་ཁྱད་པར་གྱི་ཚིག་ལྔས། དབུ་མའི་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་དོན་གསལ་བར་འཆད་པ་འདི་ནི་བཅུ་པ་ཡིན་ཏེ། དེ་རྣམས་ཀྱི་ནང་ཚན་ལས་ཕྱེ་བའི་སྔོན་མེད་ལེགས་བཤད་ཀྱི་ཁྱད་པར་ཤིན་ཏུ་མང་པོར་འགྱུར་རོ། །དེའི་ཕྱིར་འདི་ནི་དགེ་ལེགས་ཕུན་སུམ་ཚོགས་པ་རབ་ཏུ་འཕེལ་བར་བྱེད་པའོ།། །། ཅེས་པ་འང་ཀུན་དགའ་སྙིང་བོས་འཕྲོས་དོན་དུ་བརྗོད་པའོ།། །།དགེ་ལེགས་འཕེལ།།
པར་བྱང་སྨོན་ཚིག
༄༅།། ཨོཾ་སྭ་སྟི། །དོན་དམ་འོད་གསལ་ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀུན་ཁྱབ་ལས། །འཇམ་དབྱངས་གཞོན་ནུ་ཟུར་ཕུད་ལྔ་པ་བླ་མའི་ཚུལ་འཆང་བ། །ཀུན་མཁྱེན་ཏཱ་ར་ནཱ་ཐ་རྒྱལ་བསྟན་མདོ་སྔགས་ཡོངས་ཀྱི་བདག །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་གཙུག་གིས་རྒྱན་དུ་བཀུར། །ཉིད་ཀྱི་མདོ་འགྲེལ་སྔོན་མེད་ལེགས་བཤད་ཀྱིས། །མཐའ་བྲལ་བྱམས་ཀླུའི་དགོངས་དོན་འགལ་མེད་དུ། །གཞན་དྲིང་མི་འཇོག་ལུང་རིགས་ཡང་དག་གིས། །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མར་བསྒྲུབ། །བསྟན་བཅོས་ཁྱད་འཕགས་འཛམ་གླིང་སྤྱི་ནོར་འདི། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །ཆོས་སྦྱིན་མཛད་མེད་ཆུ་བོའི་རྒྱུན་ལ་འགྲན། །གཅིག་སྟོང་དགུ་བརྒྱ་གོ་དྲུག་ཟླ་ཚེས་ལ། །སྔོན་བསགས་ལྡན་པའི་ངག་དབང་ཚུལ་ལྡན་གྱིས། །ལྷགབསམ་དག་པའི་ཐུགས་བསྐྱེད་ཟླ་བྲལ་མཐུས། །བསྟན་འགྲོའི་དོན་དུ་དམིགས་ནས་ཡོན་སྦྱར་བས། །ཡིག་ཚོགས་ཟད་མེད་སྤར་གྱི་ཕྱི་མོ་བསྐྲུན། །ལེགས་བྱས་འདིའི་མཚོན་རྒྱལ་སྲས་རབ་དཀར་མཛོད། །གཅིག་ཏུ་སྡོམས་པའི་རྣམ་དཀར་བསོད་ནམས་ཀྱིས། །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་འདུ་བྱེད་བརྟན། །ཆབ་གཅིག་རྒྱལ་བསྟན་རྫོགས་ལྡན་དར་ཞིང་རྒྱས། །འགྲོ་མང་བདེ་སྐྱིད་དབྱར་གྱི་ཆུ་གཏེར་བཞིན། །སྦྱིན་བདག་ཕྱི་ནང་གསང་པའི་བར་ཆད་བྲལ། །བསྟན་འཛིན་སྡེ་རྒྱས་ཐུགས་མཐུན་འདུལ་ཁྲིམས་གཙང༌། །ཐོས་བསམ་སྒོམ་པའི་བརྩོན་པ་ལྷོད་མེད་ཤོག །ད་ལྟའི་ལུས་བསྐྱེད་མ་རྒན་ཀ་མའི་གཙོའི། །མཁའ་ཁྱབ་མར་གྱུར་སེམས་ཅན་ཐམས་ཅད་དང༌། །འཛོམ་པ་བདེ་འཛོམ་འཇིགས་ལོ་སྤུ་ལོ་དང༌། །བཀྲ་ཤིས་ཕུན་ཚོགས་དང་ནི་ནོར་བུ་དཔལ། །དགྲ་བླ་བྱིས་པ་ཚེ་འདས་ཚེ་ལྡན་སོགས། །རབ་དཀར་འདིའི་མཚོན་སྐྱེ་འཕགས་བསོད་ནམས་ཀྱིས། །འཁོར་བའི་སྡིག་རྒྱུན་ཀུན་ཆད་མངོན་མཐོའི་རྟེན། །ཐོབ་ནས་མདོ་སྔགས་ཉམས་རྟོགས་སྐྱེ་བར་ཤོག །རྟེན་འདི་གང་ན་བཞུགས་པའི་ས་ཕྱོགས་སུ། །དུས་འཁྲུགས་ཀུན་ཞི་ཆབ་སྲིད་བསྟན་པ་དང༌། །ལོ་ཕྱུག་ཀུན་ལེགས་ཚེ་རིང་ནད་མེད་ཀྱི། །བསྐལ་པ་བཟང་པོ་ནམ་ཡང་ཉམ་མེད་ཤོག །དེ་ལྟར་སྨོན་དོན་ཇི་བཞིན་འགྲུབ་པའི་གཉེན། དོན་དམ་མཆོག་གསུམ་གནས་ལུགས་ཆོས་ཀྱི་དབྱིངས། །གདོད་ནས་བཞུགས་པ་དུས་གསུམ་རྒྱལ་ཀུན་གཤིས། །ནམ་ཡང་རས་འཇོག་མེད་པར་མྱུར་མངོན་ཤོག །
མཛད་བྱང་།
ཅེས་སྐྱེས་ཐོབ་ཡོན་ཏན་གྱི་ཆེ་བ་ཡོངས་སུ་རྫོགས་ཤིང་ལམ་བསླབ་པ་གསུམ་དང༌། ཐོས་བསམ་སྒོམ་གསུམ་གྱིི་སྤངས་རྟོགས་མཐར་ཕྱིན་པས་རང་དོན་ཚོགས་གཉིས་ཡོངས་སུ་རྫོགས་ཤིང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་དབང་ལུང་གདམས་ངག་མ་ལུས་པ་ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་མགྲིན་པ་གཟེངས་སུ་མཐོ་བ་དང༌། ཁྱད་པར་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བའི་རྐང་བྱས་ཏེ། སྔགས་གསར་རྒྱུད་ཀྱི་གསང་སྔགས་བསྟན་པའི་མངའ་བདག་ཆེན་པོར་བཞུགས་ཤིང༌། མཚན་བརྗོད་པར་དཀའ་བ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་སྨོས་ན་རྗེ་ཏཱ་ར་ནཱ་ཐའམ། ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོ་ཞེས་མཚན་གྱིས་སྙན་པ་སྲིད་འདིར་ལྷའི་རྔ་བོ་ཆེ་ལྟར་གྲགས་ཤིང༌། མཚན་གྱི་ཟེགས་མའི་ཆ་ཤས་ཙམ་འགྲོ་ཀུན་གྱི་རྣ་བར་ལྷུང་བས་ཀྱང༌། ངན་འགྲོའི་ལས་ཀྱི་དཔུང་བསྙིལ་ཞིང་བདེ་སྐྱིད་མ་ལུས་པ་སྟེར་བས། སྙིགས་དུས་སུ་ངེས་གསང་གི་རྒྱལ་བསྟན་སླར་ཡང་སྐྱོངས་བར་དགོངས་ཏེ། བསམ་བཞིན་དུ་སྐུ་སྐྱེས་གཞོན་ནུའི་ཚུལ་དུ་བྱོན་པ་གང་གིས་མཛད་པའི་ཤེས་རབ་སྙིང་བོའི་འགྲེལ་བ་སྔོན་མེད་ལེགས་བཤད་ཅེས་བྱ་བའི་ཤིང་པར་ཨར་ཡས་ཚུལ་ལྡན་གྱིས་བཞེངས་སྐབས་སུ་སྤར་བྱང་སྨོན་ཚིག་གནས་ལུགས་རྟོགས་པའི་ཉམས་མྱོང་བསྐྲུན་བྱེད་འདི་ཡང་རབ་བྱུང་བཅུ་བདུན་པའི་མེ་བྱིའི་ལོ་འམ་འཛིན་བྱེད་ཅེས་བྱ་བའི་ཧོར་ཟླ་དྲུག་པ་ཆུ་སྟོད་ཚེས་དགུ་གཟའ་ལྷག་པ་སྐར་མ་ས་ཀའི་སྐབས་རྣམ་དཀར་གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ཉིན་མཐའ་ལེཧས་པར་གྲུབ་སྐབས་ཆུ་སྐྱེས་སྣ་ཚོགས་བཞད་པ་ཆུ་མཚོ་རྐང་འཐུང་རབ་ཏུ་རྒྱས་ཤིང་སྨན་སྣའི་མྱུ་གུས་དྲི་ངད་སྣ་ཚོགས་ལྡེང་བ་དང༌། བྱ་ཚོགས་མཛེས་པའི་སྐད་སྙན་སྣ་ཚོགས་པས་མཆོག་གསུམ་ལ་མཆོད་པའི་རྣམ་འགྱུར་ངོམ་པ་དང༌། ཕྱི་ནང་གི་མཐུན་རྐྱེན་ལེགས་ཚོགས་མ་ལུས་པ་འབྱུང་བའི་སྐབས་སུ་ཁོང་གི་དུད་ཚངས་ཀྱི་བྱ་ལག་ཡུལ་སྲོལ་ལྟར་རྣམ་དཀར་དུ་གཙང་དག་བྱེད་རྗེས་སུ་རྒྱུ་རྫས་འཕྲན་ཚེག་ཙམ་ལྷག་ཡོད་པས་དེ་ལུགས་ལྟར་ཡོན་སྦྱར་བྱས་ཏེ། ཉིད་ཀྱིས་བསྐུལ་བ་ལྟར་བློ་བཟང་ཆོས་འཕེལ་བས་གཙང་ཆེན་འདུ་ཁང་ཕོ་བྲང་དམར་ལྡེང་མའི་ནང་དུ་དགེ་འདུན་པ་བརྒྱ་ཕྲག་གཅིག་དང་ལྔ་བཅུ་ཙམ་གྱིས་ཕུར་བའི་སྒྲུབ་ཆེན་འདོན་ཞོར་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལམ།། པར་འདི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས།།
བོད་རྒྱལ་ལོ། ༢༡༣༦ ཟླ་ ༨ ཚེས་ ༢༩ ཉིན། མཁན་པོ་ངག་དབང་རྡོ་རྗེས་དཀར་ཆག་གསར་དུ་བསྒྲིགས་ཤིང་། ཞུས་དག་ཡམ་མེ་བ་ཞིག་བཅས་བྱས་བསྟུན་ཆོས་སྦྱིན་དུ་སྤེལ་བའོ༎