གཞི་བྱེས་གཉིས་ཀྱི་ཇོ་ནང་པ་ཚོར་འཕྲིན་ཞིག་བསྐུར་ཡོད།

གཞི་བྱེས་གཉིས་ཀྱི་ཇོ་ནང་པ་ཚོར་འཕྲིན་ཞིག་བསྐུར་ཡོད།

དེ་ཡང་། ལང་ཀར་གཤེགས་པའི་མདོ་ལས། “མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར།། དེ་བས་རྨོངས་པ་སེལ་བའི་ཕྱིར།། མགོན་པོས་མིང་དུ་བཏགས་པར་མཛད།།” ཅེས་གསུངས་པ་ལྟར། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་སམ། ཡང་ན་བརྟན་དང་གཡོ་བའི་དངོས་པོ་ཡོད་དོ་ཅོག་ལ་རང་རང་གི་ཁྱད་ཆོས་དང་། བཟོ་ལྟ། འབྱུང་ཁུངས་སོགས་ལ་བརྟེན་ནས་མིང་རེ་བཏགས་ཡོད་པ་བཞིན། ངེས་དོན་དབུ་མའི་ཤིང་རྟ། ཀུན་མཁྱེན་དོལ་པོ་སངས་རྒྱས་འཇིག་རྟེན་དུ་བྱོན་སྐབས། ཁོང་གི་མཚན་ལ་སངས་རྒྱས་ཞེས་ཇི་ལྟར་ཐོགས་ཚུལ་ལ། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལུང་གིས་བསྟན་ཚུལ་དང་། བར་དུ་སུས་བཏག་པ། ཐ་མར་ཡོངས་གྲགས་སུ་གྱུར་ཚུལ་དང་བཅས་གསུམ་ལས། 

དང་པོ་ནི། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་ལས།(སྡེ་དགེ་བཀའ་འགྱུར། མདོ་སྡེ། གླེགས་བམ། ཛ ཤོག ༡༢༢-༡༢༣ཉ)“འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ། ཞིང་སྲུང་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་ཐམས་ཅད་མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ།། དེ་ནི་ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུན་དུ་ཞེས་བྱ་བ་ན་ཆུ་བོའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང་། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ། ཞིང་སྲུང་བའི་ཐབས་ལ་མཁས་པས་ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས་ལུང་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས་དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ་ཆོས་ཆེན་པོ་སྒྲོགས་པར་འགྱུར། རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཀྱི་དུང་དང་། ཆོས་ཀྱི་རྒྱལ་མཚན་སྒྲོགས་པར་འགྱུར་རོ།། གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ།། གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང་། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར། ཆོས་ཆེན་པོའི་རྔ་བོ་ནི་བརྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ།།”ཞེས་གསུངས་པ་ལྟར།

གཞོན་ནུ་ལི་ཙ་བཱིའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཉིད། ངོ་བོ་ས་བདུན་བྱང་ཆུབ་སེམས་དཔའ་ཡིན་ན་ཡང་། རྣམ་པ་མི་ཕལ་བའི་ཚུལ་དུ། དུས་ཚེ་ལོ་བརྒྱད་ཅུ་བ་སྟེ་རྒྱལ་བའི་བསྟན་པའི་སྙིང་པོ་གཞན་གྱིས་ལོག་འགྲེལ་བྱས་ནས། བསྟན་པར་སྐྱོན་བསྲེས་ཤིང་ལྷད་བཅུག་ནས་ནུབ་ཏུ་ཉེ་བའི་མཚམས་སུ། ཡུལ་འཛམ་གླིང་ཆུང་ངུའི་ལྷོ་ཕྱོགས་བོད་མངའ་རིས་ཀྱི་ཁུངས་གཏོགས་དོལ་པོའི་གནས་ཆེན་ཀ་ཡོ་རི་ཞེས་གྲགས་པ་དེར། མཚན་གྱི་ཁྱད་པར་སངས་རྒྱས། རྟེན་དགེ་སློང་ཞིག་གི་རྣམ་པར་ཕེབས་ཏེ། བྱེད་ལས་རྒྱལ་བསྟན་དག་ཐེར་རམ་དགེ་འདུན་དག་པར་མཛད་ཅིང་། སངས་རྒྱས་མངོན་སུམ་དུ་བྱོན་པ་ལྟ་བུ་ཞིག་འབྱུང་ཚུལ་གསལ་ཞིང་རྒྱས་ལ་གོ་རིམ་ལྡན་པར་གསུངས་པ་བཞིན། དེང་དུས་བལ་བོའི་ཁུངས་གཏོགས་དོལ་པོ་བན་ཚང་ཀ་ཡོ་རི་ཞེས་གྲགས་པའི་ངོགས་སུ་སྐུ་འཁྲུངས་ཤིང་། ནར་སོན་རྗེས་བོད་དབུས་གཙང་དུ་ཕེབས་ནས་སློབ་གཉེར་རྒྱ་ཆེར་མཛད། དབུས་གཙང་གཉིས་ཀྱི་དགོན་སྡེ་ཕལ་མོ་ཆེར་གྲྭ་སྐོར་མཛད་པས། རྩོད་བྲལ་དང་འགྲན་གྱི་དོ་མེད་དུ་གྱུར་བས་ཀུན་མཁྱེན་ཞེས་ས་གྲགས་གནམ་གྲགས་སུ་གྱུར།

གཉིས་པ། དེ་ལྟར་བོད་ཡུལ་མཐའ་དབུས་ཀུན་ཏུ་ཀུན་མཁྱེན་ཞེས་གྲགས་རྗེས། ཕྱིར་སྐུའི་འཁྲུངས་ཡུལ་དོལ་པོར་བྱོན་སྐབས། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། (སྡེ་དགེ མདོ་སྡེ། ཝ ཤོག ༡༨༧-༡༨༨)“བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་དགེ་སློང་དེ་ལུང་བསྟན་པ་ཉོན་ཅིག །དེ་ནི་ང་ལ་དཔེན་པ་དང་། ངའི་བསྟན་པ་འབྱུང་བར་བྱེད་ཅིང་ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤཱཀྱ་གཞོན་ནུ་ཡིན་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ཀྱི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེའི་འབབ་ཆུ་མཛེས་འབྱོར་ཅེས་བྱ་བ་དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། །དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་འབྲ་གོ་ཅན་ཞེས་བྱ་བའི་སའི་ཕྱོགས་སུ་འབྱུང་བར་འགྱུར་ཏེ། ཤཱཀྱའི་རིགས་གཞོན་ནུ་ལིད་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ངའི་ཆོས་འབྱུང་བར་བྱ་བའི་ཕྱིར་ལིད་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའ་མི་མཆོག་དེ་དེར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ།།” ཞེས་གསུངས་པ་ཇི་ལྟ་བ་བཞིན། ཁོང་གི་ཡབ་ཡུམ་དང་། གཉེན་ཉེ། དོལ་པོའི་ཡུལ་མི་རྣམས་ཀྱིས། 

“སྟག་ཤམ་བྲག་གི་སྐེད་ལ།། 

ལྷ་ཤིང་ཤུག་པ་སྐྱེས་སོང་།། 

ཀུན་མཁྱེན་དོལ་པོ་སངས་རྒྱས།། 

འགྲོ་བའི་དོན་ལ་བྱོན་སོང་།།”

ཞེས་བསྟོད་གླུ་བླངས་ཤིང་། དོལ་པོ་སངས་རྒྱས་ཞེས་མཚན་དུ་བཏག་པ་མ་ཟད། ད་ལྟའི་ཆར་ཡང་དོལ་པོའི་ཡུལ་མི་རྣམས་ཀྱིས། དོལ་པོ་སངས་རྒྱས་ཞེས་འབོད་ཀྱིན་ཡོད་ལ། བལ་བོ་གཞུང་གི་རྩ་ཁྲིམས་ནང་དུ་ཡང་། སྐུའི་འཁྲུངས་ཡུལ་ཀ་ཡོ་རིའི་ཕྱོགས་ལ་དོལ་པོ་བུདྡྷ་གྲོང་སྡེ་སྟེ། དོལ་པོ་སངས་རྒྱས་གྲོང་སྡེ་ཞེས་ཁྲིམས་ལུགས་སུ་གཏན་འབེབ་བྱས་ཡོད།

གསུམ་པ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞན་དུ་ནོར་ས་དང་འཕྱུགས་ས་མེད་པར་གསལ་བོར་ལུང་གིས་བསྟན་པ་ཇི་ལྟ་བ་བཞིན། དོལ་པོ་སངས་རྒྱས་ཞེས་པའི་མཚན་སྙན་གྱིས་བོད་ཡུལ་མཐའ་དབུས་ཀུན་དང་། ཧི་མ་ལ་ཡི་རི་རྒྱུད། རིམ་གྱིས་འཇིག་རྟེན་ཧྲིལ་བོར་ཁྱབ་སྟེ། དེང་དུས་ནུབ་ཕྱོགས་པའི་ཁྲོད་དུ་ཡང་དོལ་པོ་སངས་རྒྱས་སྟེ་དབྱིན་སྐད་དུ། The Buddha From Dolpo ཞེས་ཡོངས་གྲགས་ཆགས་ཡོད།

ཡིན་ན་ཡང་། རང་རེ་ཇོ་ནང་པ་རྣམས་ཀྱིས། ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཆེ་བསྟོད་ཞུ་བཞིན་ཡོད་མོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསལ་བོར་ལུང་བསྟན་པའི་མཚན་ངོ་མ་ནི། གོང་གི་མདོ་སྡེ་ཁག་གི་ལུང་ཚིག་ཇི་ལྟ་བ་བཞིན། དོལ་པོའི་ཡུལ་མི་གཉེན་ཉེ་རྣམས་ཀྱིས་མཚན་བཏག་པ་ལྟར། བུདྡྷ་སྟེ་སངས་རྒྱས་ཞེས་པ་དེ་ཉིད་ཡིན་པས། ད་ནས་བཟུང་ཇོ་ནང་གཞི་བྱེས་གཉིས་ཀྱིས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཞེས་མཚན་གྱི་ཆེ་བརྗོད་ཞུ་རོགས་ཞེས་ཐལ་མོ་སྙིང་གར་སྦྱར་དེ་ཞུ་བ་ཡིན། ངས་འདི་ལྟར་བཤད་ཚེ། འགའ་རེས་ཀུན་མཁྱེན་དང་སངས་རྒྱས་གཉིས་དོན་གཅིག་ཡིན་ཟེར་སྲིད་མོད། འགྲེལ་བཤད་བྱས་ན་དོན་གཅིག་མིང་གི་རྣམ་གྲངས་སུ་འགྲོ་ཚུལ་ཡོད་པ་ངས་ཀྱང་ཤེས་མོད། སངས་རྒྱས་ཟེར་བ་སངས་རྒྱས་དང་དོན་གཅིག་རེད་ཅེས་འགྲེལ་བཤད་གང་ཡང་མི་དགོས་པ་མ་ཟད། སངས་རྒྱས་ཞེས་མཚན་འདོགས་མཁན་ཡང་གོང་གི་སྤྲིན་ཆེན་མདོའི་ལུང་ཚིག་ལྟར། “དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར།” ཞེས་གསུངས་པ་ལྟར། ཁོང་གི་མཚན་ལ་སངས་རྒྱས་ཞེས་དངོས་སུ་འདོག་མཁན་ཡང་དོལ་པའི་ཡུལ་མི་རྣམས་ཡིན་ནོ།།

བེ་རི་རིག་པའི་རྡོ་རྗེས། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༩ ཉིན།