རྟག་བརྟན་གནས་བཤད།

རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་གནས་བཤད།

ཏཱ་ར་ནཱ་ཐ།

ཨོཾ་སྭ་སྟི། འདིར་དུས་གསུམ་དུ་བྱོན་པའི་རྒྱལ་བ་ཐམས་ཅད་ཀྱི་ཞིང་ཁམས་ཀྱི་མཆོག་འོག་མིན་སྟུག་པོ་བཀོད་པ་དང་གཉིས་སུ་མ་མཆིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་ཚོགས་རྒྱ་མཚོ་འདུ་བའི་གནས་ཆེན་འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཆོས་གཞི་མཐའ་དག་གི་གཙུག་གི་ནོར་བུ། ཏིང་འཛིན་འབུམ་ཕྲག་བརྒྱའི་འབྱུང་གནས། ལེགས་བཤད་བྱེ་བ་སྒྲོག་པའི་སྐྱེད་ཚལ། འགྲོ་ཀུན་ཐར་བར་བསྒྲོད་པའི་ཐེམ་སྐས། སྲིད་ཞིའི་ཕན་བདེ་ཀུན་གྱི་རྩ་བ། མཆོག་དང་ཐུན་མོང་གྲུབ་པའི་ཞིང་ས། ཀུན་ཁྱབ་འཕྲིན་ལས་འབར་བའི་ཉིན་བྱེད། ཕྱོགས་བཅུ་དུས་གསུམ་རབ་འབྱམས་སྲིད་ཞི་མཐའ་དག་གི་རྣམ་དཀར་ལེགས་ཚོགས་ཐམས་ཅད་འབད་རྩོལ་མེད་པར་ལྷུན་གྲུབ་ངང་གིས་འདུ་བའི་གནས། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་གཙུག་ལག་ཁང་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན།

རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །

མཉམ་མེད་ཤཱཀྱ་སེང་གེ་དུས་འཁོར་ལོ། །

གསང་བདག་འཇམ་དཔལ་ཕྱག་ན་པདྨ་སོགས།

ས་བཅུའི་དབང་ཕྱུག་ཆོས་རྒྱལ་རིགས་ལྡན་ཚོགས། །

འཕགས་ཡུལ་གྲུབ་པའི་གཙུག་རྒྱན་དུས་འཁོར་ཞབས།

བསྟན་པ་འདི་ལ་མཁས་དང་གྲུབ་པའི་དཔལ། །

བགྲང་བར་མི་དཔྱོད་ཡང་དག་ལམ་སྟོན་པ། །

ཀུན་གྱི་རྒྱན་གྱུར་འགྲན་པའི་ཟླ་བྲལ་བ། །

ཆོས་ཀྱི་རྒྱལ་པོ་ཤེས་རབ་རྒྱལ་མཚན་དཔལ། །

དོལ་པོ་བ་ཞེས་སྙན་པའི་འབྲུག་སྒྲ་ཡིས། །

ཕྱོགས་ཀྱི་འཁོར་ལོ་མ་ལུས་འགེངས་མཛད་པ། །

ཁྱོད་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །

སངས་རྒྱས་ཀུན་ཡང་ཁྱེད་ཀྱི་རྣམ་འཕྲུལ་ལགས། །

བྱང་ཆུབ་སེམས་དཔའ་ཀུན་ཀྱི་ཡབ་ཀྱང་ཁྱོད། །

ཉན་ཐོས་རང་རྒྱལ་འཕགས་ཚོགས་མ་ལུས་པའི། །

རྟེན་དང་མགོན་སྐྱབས་བླ་མ་ཁྱེད་གཅིག་བུ། །

དྲག་པོ་འཇུག་སེལ་དབྱིག་གི་སྙིང་པོ་སོགས། །

དྲེགས་ལྡན་ཀུན་ཀྱིས་མཆོད་བསྟོད་བཀུར་སྟིའི་ཡུལ། །

རྒྱལ་བ་ཁྱེད་ལས་གཞན་དུ་མ་མཆིས་ཏེ། །

འགྲོ་བ་དྲུག་ཏུ་འཁོར་བའི་སྐྱེ་བོའི་ཚོགས། །

ཀུན་གྱི་སྐྱོབ་པ་གཅིག་པོའང་རྒྱལ་བ་ཁྱོད། །

སྲིད་ཞིར་གཏོགས་པའི་སྐྱེ་བོ་ཐམས་ཅད་ལ། །

མཐའ་དག་ལེགས་ལམ་སྩལ་བ་བའང་ཁྱོད་ཉིད་ལགས། །

དེ་ལྟར་སྐྱབས་གནས་རྒྱ་མཚོ་དཀོན་མཆོག་གསུམ། །

ཀུན་འདུས་དུས་གསུམ་སངས་རྒྱས་ཇོ་ནང་པ། །

ཀུན་གྱི་བྱེད་པོ་འདྲེན་མཆོག་བླ་མེད་དེས། །

སྲིད་གསུམ་མཐའ་དག་སྐྱོང་བའི་དགེ་ལེགས་སྩོལ།།

དང་པོ།    གནས་ཀྱི་ཆེ་བ་སྤྱིར་བཤད་པ།

དེ་ལྟར་ན། སྒྲུབ་གནས་ཐམས་ཅད་ཀྱི་རྒྱལ་པོ། རི་ཁྲོད་ཆེན་པོ་དཔལ་ཇོ་མོ་ནང་གི་གནས་ཀྱི་སྒོ་ཆེན་པོར་གྱུར་བ་འདི་ཉིད་ལ་དང་པོར་ཕྱི་འབྱུང་བས་གྲུབ་པའི་དགེ་མཚན་གྱི་དབང་དུ་བྱས་ན།

བརྟན་ཅིང་བརྗིད་ལ་མཐོ་ཞིང་ལྷུན་ཆགས་པ། །

ལྷུན་པོ་བྱེ་བ་ཕྲག་བརྒྱའི་དཔལ་ཡོན་ཅན། །

ནགས་རྒྱལ་ཞེས་བྱ་རིའི་དབང་པོའི་འདབས། །

ས་སྲུང་བུ་ཡི་གདོང་གི་དབྱིབས་ཅན་ཡོད། །

རྒྱབ་རི་ནོར་བུའི་བྲག་ཚོགས་གཏམས་པ་ནི། །

ལྷ་མིན་གཡུལ་འཇོམས་ལྷ་ཚོགས་དབུགས་འབྱིན་མཛད། །

རྒྱལ་ཆེན་རྣམ་མང་ཐོས་པ་འགྱིང་པའི་སྐུ། །

སེང་གེའི་ཁྲི་ལ་བཞུགས་པའི་རྣམ་པ་ཅན། །

དེ་ཡི་མདུན་དུ་རིན་ཆེན་ཆར་འབབ་ཅིང༌། །

གཏེར་གྱི་བུམ་པ་འདྲ་བའི་རྟགས་མཚན་དང༌། །

མདུན་ནས་བལྟས་ན་གཡས་སུ་འཁྱིལ་བའི་དུང༌། །

རྒྱབ་བལྟས་བང་རིམ་དང་བཅས་མཆོད་རྟེན་དབྱིབས། །

རིན་ཆེན་རྡུལ་བརྩེགས་མཁའ་ལ་རྙོག་པ་འདྲ། །

དེ་དང་ཉེ་བའི་ངོས་ལ་དགེ་མཚན་ནི། །

དཔལ་གྱི་བེའུ་ལ་སོགས་བཀྲ་ཤིས་ཀྱི། །

རྟགས་བརྒྱད་པོ་རྣམས་ཡོངས་སུ་ཚང་བར་ཡོད། །

ས་གཞི་ཤར་དང་དབང་ལྡན་ཕྱོགས་སུ་གཞོལ། །

ནུབ་དང་ལྷོ་ཡི་ཕྱོགས་སུ་པགས་ཀྱིས་མཐོ། །

རྒྱུད་སྡེ་ཀུན་ལས་དཀྱིལ་འཁོར་བཞེངས་པ་ཡི། །

ས་གཞིའི་མཚན་ཉིད་མཆོག་ཏུ་བསྔགས་པ་ཡིན། །

བྱང་གི་ཕྱོགས་སུ་ལུ་ཧི་ཏར་གྲགས་པ། །

རིག་བྱེད་གཞུང་ལས་ཚངས་པའི་སྲས་སུ་བཤད། །

ཆུ་ཀླུང་ཀུན་གྱི་རྒྱལ་པོ་གྲགས་ལྡན་འབབ། །

འབབ་ཆུ་གཞན་ཡང་གཡས་སུ་འཁྱིལ་བས་འགྲོ། །

ཤར་ཕྱོགས་རི་འདི་བློན་པོ་རིན་ཆེན་འདྲ། །

ཉི་ཟླ་གཟའ་སྐར་ཐམས་ཅད་འཆར་བའི་གནས། །

ཤར་ལྷོའི་ཕྱོགས་ན་ནོར་བུ་རིན་ཆེན་བྲག །

རྣམ་མང་ཐོས་དང་ནོར་གཏེར་དུ་མས་གང༌། །

ལྷོ་ཕྱོགས་གྲུབ་པའི་གནས་ཆེན་ཀུན་གྱི་གཙོ། །

མཐའ་ཡས་དངོས་གྲུབ་བྱེ་བའི་གཏེར་ཆེན་བཞུགས། །

བདེན་བྲལ་ངོས་ལ་འཁོར་ལོ་རིན་པོ་ཆེ། །

ལྟེ་བ་བརྟན་ཅིང་རྩིབས་བརྒྱད་གསལ་བར་སྣང༌། །

ཆུ་བདག་ཕྱོགས་ཀྱི་རི་བོ་མགྱོགས་འགྲོའི་གཙོ། །

རྣམ་དཀར་དགེ་བའི་ལམ་དང་བཅས་ཏེ་ཡོད། །

ནུབ་བྱང་ཁྱིམ་བདག་རིན་ཆེན་གོ་མཚོན་བཅས། །

སྙིང་སྟོབས་སྲ་ཞིང་བརྟན་པ་དཔའ་བོའི་ཚུལ། །

བྱང་ཕྱོགས་ཤེས་རབ་མཚན་ལྡན་ནགས་ཀྱི་རི། །

བཙུན་མོ་དམ་པའི་རྣམ་པ་མཆོག་ཏུ་གསལ། །

དབང་ལྡན་མཚམས་ན་གླང་ཆེན་ལུས་རྒྱས་པ། །

འགྱིང་ཞིང་གུས་པས་ཚུར་ལ་འོངས་པའི་ཚུལ། །

མཁའ་ལ་འཁོར་ལོ་བཅུ་དྲུག་རྩིབས་ལྡན་དང༌། །

ས་གཞི་ལ་ཡང་པདྨ་རྒྱས་པའི་ཚུལ། །

གཡས་ཀྱི་རི་བོ་མཐོ་ཞིང་སྐྱོབ་འདྲ་དང༌། །

གཡོན་ཕྱོགས་དར་དཀར་ཡོལ་བ་བརྐྱངས་བ་བཞིན། །

རྒྱབ་རི་མཐོ་ཞིང་གཟེངས་མཐོ་ལྷུན་རེ་ཆགས། །

རྒྱ་ནག་རྩིས་ཀྱིས་དཔྱད་ནས་འབྱུང་བ་བཞིན། །

ཤར་གྱི་སྟག་དང་ལྷོའི་གཡུ་འབྲུག་དང༌། །

ནུབ་ཀྱི་བྱ་དང་བྱང་གི་རུས་སྦལ་སོགས། །

མདོར་ན་རྒྱལ་བའི་བཀའ་དང་འཇིག་རྟེན་གྱི། །

གཙུག་ལག་རྣམས་ལས་ཇི་སྐད་བཤད་པ་ཡི། །

ས་གཞིའི་དགེ་མཚན་ཇི་སྙེད་བཤད་པ་ཡི། །

ས་གཞིའི་དགེ་མཚན་ཇི་སྙེད་ཡོད་པ་རྣམས། །

ཐམས་ཅད་གནས་མཆོག་འདི་ལ་ཚང་བར་བཞུགས། །

གནས་མཆོག་དམ་པ་འདིར་ནས་སུ་འདུག་ཀྱང༌། །

ཆགས་ལྡང་ལ་སོགས་ཉོན་མོངས་ཤས་ཆུང་ཞིང༌། །

དགེ་བའི་ཆོས་རྣམས་གོང་ནས་གོང་དུ་འཕེལ། །

གཉིད་རྨུག་སེལ་ཞིང་རིག་པ་དངས་པའི་གནས། །

ཞེན་ཆགས་ཆུང་ཞིང་ངེས་འབྱུང་འཕེལ་བའི་གནས། །

གནོད་སེམས་ཞི་ཞིང་སྙིང་རྗེ་རྒྱས་པའི་གནས། །

རྣམ་གཡེངས་སངས་ཤིང་ཞི་གནས་བརྟན་པའི་གནས། །

ལོག་ལྟ་མི་འབྱུང་ལྷག་མཐོང་ངང་གིས་སྐྱེ། །

གནས་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །

ཕྱོགས་འཛིན་ཀུན་གྱི་བསྔགས་པ་བརྗོད་པ་དང༌། །

ཐེ་རང་འགོང་པོས་གྲགས་པ་བསྒྲགས་པ་དང༌། །

དབང་སྡུད་ནོར་སྒྲུབ་ལ་སོགས་རྟེན་འབྲེལ་གྱི། །

འདུ་འཚོག་བྱུང་ཞིང་གྲགས་པ་ཙམ་ཞིག་ལ། །

རྨོངས་པའི་འགྲོ་རྣམས་ཆུ་ལྟར་རྒྱུག་བཞིན་དུ། །

ཞིང་མཆོག་ཡིན་པར་འཁྲུལ་དང་འདི་མི་མཉམ། །

གཞན་དུ་ལོ་དང་ཟླ་བར་བསྒོམས་པ་པས། །

གནས་མཆོག་འདིར་ནི་ཞག་དང་ཟ་མ་ཙམ། །

བསྒོམས་པའི་ཕན་ཡོན་ལྷག་པར་ཆེ་བ་ཡིན། །

གཞན་དུ་ཡུན་རིང་དགེ་སྦྱོར་འབད་པ་བས། །

སྡུག་པའི་ལས་སྤངས་ཆོས་དང་བླ་མ་ལ། །

མོས་གུས་བྱས་ནས་གནས་འདིར་ཉལ་བ་ཡང༌། །

བླ་མེད་བྱང་ཆུབ་མཆོག་ལ་ཤིན་ཏུ་ཉེ། །

ཉ་པ་གདོལ་པ་རི་དྭགས་དམན་པ་དང༌། །

མཚམས་མེད་བྱས་པ་ལ་སོགས་སྡིག་ཅན་ཡང༌། །

རང་ཉིད་དད་པའམ་གཞན་གྱིས་བསྐུལ་ཡང་རུང༌། །

གནས་འདི་བསྐོར་ཞིང་གཙུག་ལག་ཁང་ལ་ལྟ། །

ཁྲུས་བྱས་ཕྱག་དང་བསྐོར་བ་མཆོད་པ་འབུལ། །

དེ་ཡི་སྡིག་པ་དག་ནས་ལྷ་ཡུལ་སྐྱེ། །

སྐྱེ་བོ་གཞན་དག་སྨོས་ཀྱང་ཅི་ཞིག་དགོས། །

གནས་མཆོག་འདི་ནི་མཐོང་པ་དོན་ལྡན་ཡིན། །

གཉིས་པ།    གནས་མཆོག་དེར་གཙུག་ལག་ཁང་ཇི་ལྟར་བཞེངས་པའི་ཚུལ།

དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས་འཛམ་གླིང་ཡངས་པའི་རྒྱལ་ཁམས་འདིར། སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་མོད་ཀྱང༌། རྒྱ་བོད་ལ་སོགས་པ་འཛམ་གླིང་ལྷོ་ཕྱོགས་ཀྱི་དུམ་བུ་འདིར། ངེས་པའི་དོན་གྱི་གནད་མ་ལུས་ཤིང་ལུས་པ་མེད་པ་ཕྱིན་ཅི་མ་ལོག་ཅིང་མ་འཁྲུལ་པ་རྒྱ་ཆེར་གསུངས་བས༌། སྐལ་ལྡན་གྱི་སྐྱེ་བོ་གཞལ་དུ་མེད་པ་ཚིམ་པར་མཛད་པ་ནི། རྒྱལ་བ་ཉིད་ཀྱིས་རྔ་བོ་ཆེའི་མདོ་དང༌། ཨུ་དུམ་བ་རའི་མེ་ཏོག་ལྟར་དཀོན་པའི་མདོ་སྡེ་ལ་སོགས་པ། མདོ་སྡེ་དུ་མ་ཞིག་ནས་ལུང་བསྟན་པའི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དུས་གསུམ་སངས་རྒྱས་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་པའི་ཞིང་ཁམས་ཐམས་ཅད་དུ་མཚན་སྙན་པའི་འབྲུག་སྒྲས་ཁྱབ་པ།  མཁས་གྲུབ་ཀྱི་བསྟན་འཛིན་གཟའ་སྐར་བྱེ་བ་ཕྲག་བརྒྱའི་དབུས་ན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཡོན་ཏན་འཕྲིན་ལས་འོད་སྟོང་བདག་པོའི་ཚུལ་གྱིས། གཞན་ཐམས་ཅད་ཟིལ་གྱིས་མནན་དེ་བཞུགས་པ་དེ་ཡིན་པ་གདའ། དེ་ཉིད་ཀྱི་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ལས་སྤྲུལ་པ་ནི། རྔ་བོ་ཆེའི་ལེའུ་ཞེས་བྱ་བ། ངེས་དོན་མཐར་ཐུག་མ་སྦས་ཤིང་གསལ་བར་བསྟན་པའི་མདོ་སྡེ་ཆེན་པོ་དེ་ཉིད་ཀྱི་ཐ་མའི་ཚིག་གིས་ལུང་བསྟན་པ། འཛམ་གླིང་ལྷོ་ཕྱོགས་ཀྱི་རྒྱུད་འདིར་ཤིན་ཏུ་ཕྱི་མར་གྱུར་པའི་དུས་སུ་ཡང༌། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བ། དགེ་སློང་བློ་འཆང་སྟེ། ཤེས་རབ་རྒྱལ་མཚན་ཞེས་བྱ་བ་གྱུར་པ་དེ་ཉིད། སྔར་ཡང་ཤིན་ཏུ་ཕྱི་མར་གྱུར་དུས་དེར་བྱུང་ནས། ངའི་བསྟན་པ་གསལ་བར་བྱེད་དོ་ཞེས་འབྱུང་བའི་གནས་གང་དུ་བསྟན་པ་གསལ་བར་གྱུར་བའི་ཆོས་གཞི་གཙུག་ལག་ཁང་གི་གཙོ་བོ་ནི། རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་ཞེས་བྱ་བ་འདི་ཉིད་ཡིན་དེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐུགས་རྗེའི་བདག་ཉིད་ཅན་གྱི་བཀའ་ལས་ལུང་བསྟན་པ་ལགས། དེ་ཡང་རྔ་བོ་ཆེའི་མདོ་ལས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དོལ་པོ་སངས་རྒྱས་དེ་ཉིད་ཀྱིས། རྒྱལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང༌། ལོ་བརྒྱད་ཅུའི་བར་དུ་ངེས་དོན་གྱི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་བར་འགྱུར་རོ།། དེ་ནས་བར་སྐབས་དེར་ཅུང་ཟད་ངེས་པའི་དོན་གྱི་བསྟན་པ་མི་གསལ་བར་གྱུར་པ་ན། སླར་ཡང་ཆོས་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་བཤེས་གཉེན་དམ་པའི་ཚུལ་བཟུང་ཏེ།  སྤྲུལ་བའི་སྐུའི་ངེས་པའི་དོན་གྱི་བསྟན་པ་གསལ་བར་མཛད་ཚུལ་ལུང་བསྟན་པ་ནི།

ཀྱེ་མ་འཇིག་རྟེན་ཀུན་མཐོང་དགའ། །

བསྟན་པ་དགེ་སློང་གཟུགས་གྱུར་ནས། །

རིང་ཞིག་བསྟན་པ་འབྱིན་བྱེད་ཅིང༌། །

ཆོས་ཀྱི་རྔ་ཆེན་བསྡུང་བར་འགྱུར། །

དེ་ན་མྱ་ངན་ཡོངས་འདས་ནས། །

དེ་འོག་འཇིག་རྟེན་སྟོངས་པར་འགྱུར། །

ཆོས་སྨྲ་དེ་ནི་དངས་(དངང)་གྱུར་ནས། །

དེ་འདྲ་གཞན་ནི་འགའ་མི་འབྱུང༌། །

དེ་འདྲའི་དགེ་སློང་རྙེད་དཀའ་སྟེ། །

རིམ་གྱིས་སྣང་བ་ཉམས་པར་གྱུར། །

འདི་ལྟར་དེ་ནི་ལྷོ་ཕྱོགས་སུ། །

འབྱུང་བའི་ཐ་མ་གཅིག་ཡིན་ནོ།།

དམ་པའི་ཆོས་དེ་ནུབ་པའི་དུས་སུ་སྔར་ཡང་ཆོས་སྨྲ་བ་དེ་འབྱུང་པར་འགྱུར་རོ།།  ཞེས་གསུངས་ཏེ། །འདིར་ལྷོ་ཕྱོགས་སུ་འབྱུང་བ་ཞེས་བཤད་པ་ནི། ཛམ་བུ་གླིང་གི་ཕྱེད་ལྷོ་མ་ཆུ་བོ་སི་ཏིའི་ལྷོ་ཕྱོགས་སུ་འབྱོན་པའི་དོན་ཡིན་ལ། དེ་ཡང་ཤིན་ཏུ་དུས་ཀྱི་ཐ་མར། དེ་ཉིད་འབྱོན་པར་གསུངས་པ་ནི། བདག་ཅག་གི་རྗེ་བཙུན་དམ་པ་འདིས། སླར་ཡང་ངེས་དོན་གྱི་བསྟན་པ་དར་བར་མཛད་པ་ལུང་བསྟན་པ་ཡིན་པར་གདའ།

དེ་ལ་ཤིང་མོ་ཡོས་ཀྱི་ལོ། དབོ་ཟླ་བའི་ཚེས་བཅུ་གཅིག་གཟའ་ཚེས་སྦྱོར་བ་བྱེད་པ་ཐམས་ཅད་ཤིན་ཏུ་བཀྲ་ཤིས་པ་ལ་ས་ཆོག་མཛད། འཕགས་པ་སྤྱན་རས་གཟིགས་དང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ནམ་མཁའ་ལ་བྱོན་པའི་ལྟས་དང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་མངོན་སུམ་དུ་བྱོན་ནས། གནས་དེ་བདག་གིར་མཛད་པའི་བཀོད་པ་དང༌། ཕྱི་ལྟས་ཤིན་ཏུ་ངོ་མཚར་བ་མང་པོ་དང་བཅས་པ་བྱུང་ཞིང༌། དེ་རྗེས་ཀྱི་ནག་པ་ཟླ་བའི་ཚེས་བརྒྱད་ལ། གཙུག་ལག་ཁང་གི་རྨང་དང་པོར་བཏིང༌། ནམ་མཁའ་ལ་འཇའ་འོད་ཀྱི་བཀོད་པ་ངོ་མཚར་ཅན་དང༌། མེ་ཏོག་གི་ཆར་ཆེན་པོ་བསྙོན་མེད་དུ་མཐོང༌། དེ་སྔ་ས་ཕྱོགས་འདི་ཀུན་ན་གྲོག་མ་ལ་སོགས་པ་སྲོག་ཆགས་མང་ཡང༌། དེ་ཕྱིན་ཆད་ནས་སྲོག་ཆགས་ཆེས་དཀོན་ཞིང༌། གཙུག་ལག་ཁང་བཞེངས་པའི་ས་རྡོའི་བྱ་བ་བྱེད་པ་ཀུན་ལ་ཡང༌། སྲོག་ཆགས་རིགས་གཏན་ནས་མེད་པར་སོང༌། གནས་གཞི་དགོན་སྡེ་ཆེན་པོ་འདི་ཉིད་བཞེངས་པའི་དུས་སྐབས་ཐམས་ཅད་དུ། ལས་བྱེད་ཀྱི་སྐྱེ་བོ་ཐམས་ཅད་ཀྱང༌། གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་རབ་ཏུ་དགའ་ཞིང་སྤྲོ་བས་ལས་ལ་ངང་གིས་འཇུག་པ་དང༌། མཚན་མོའི་ཆ་ལ་སྐྱེ་བོ་ཐམསཅད་ཉལ་བའི་སྐབས་སུ་ཡང༌། ས་རྡོ་ཤིང་གསུམ་གྱི་ལས་ཀ་བྱེད་མཁན་མང་པོ་ཡོད་པ་འདྲ་བ་དང༌། ཕྱིས་བྲིས་འབུར་བརྡུང་གསུམ་གྱི་རྟེན་བཞེངས་པའི་སྐབས་སུ་ཡང༌། ནམ་གུང་ལས་དེ་དང་དེ་བྱེད་པ་པོ་མང་དུ་འཚོགས་པ་ལྟ་བུ་དང༌། སྒྲ་དི་རི་རི་ཡང་ནས་ཡང་དུ་འབྱུང་བ་དང༌། རྡོ་ལེབ་ཆེན་པོ་མི་མང་པོས་འདེགས་དགོས་པ་ཡང༌། མཚན་མོ་ཕན་ཚུན་ཐག་རིང་བར་བསྐྱལ་བ་དང༌། བསྣོར་ཏེ་འཇོག་པ་དང༌། ཆེས་ཆེར་ཤིན་ཏུ་ལྕི་བའི་ཁུར་ཆེན་པོ་དག ཁྱེའུ་བུ་མོ་ཆུང་ངུ་རེས་ཀྱང་ཐེག་པ་དང༌། དགོན་པ་དང་ཉེ་བར་ལུ་མ་བཀོད་མའི་ཆུ་མིག་ཆེན་པོ་སྔར་མེད་གསར་དུ་བརྡོལ་བ་སོགས། མིའི་འགྲོ་བ་སོ་སོ་སྐྱེ་བོའི་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་ཡང༌། སྡེ་བརྒྱད་དྲེགས་ཅན་རྣམས་དང༌། དཔའ་བོ་མཁའ་འགྲོའི་ཚོགས་གྱིས་འཕྲིན་ལས་ཀྱི་མཐུན་གྱུར་མཛད་པའི་རྟགས་བཤད་ཀྱིས་མི་ལང་བ་ཡོད་དེ་ཡེ་ཤེས་འཕགས་པའི་སྤྱོད་ཡུལ་ལ་བསམ་གྱིས་ག་ལ་ཁྱབ། གཙུག་ལག་ཁང་གི་ཞལ་བ་རྣམས་ནམ་དགོས་སུ་གཏེར་ནས་ཐོན་པ་ལྟ་བུ་ས་རྡོ་ཤིང་སོགས་དཀོན་པ་ལྟར་སྣང་བ་ཐམས་ཅད་ཀྱང་འབད་མེད་ལྷུན་གྲུབ་ཏུ་བྱུང་སྔར་གྱི་དེ་ཁའི་འཕྲོས་ལ། ཧོར་ཟླ་དྲུག་པ་ཆུ་སྟོད་ཀྱི་ཚེས་བཅུ་བཞིའི་ཉིན་པར། སྔ་དྲོའི་ཚ་བ་ཐོན་པ་ནས། ཉི་མ་ཕྱེད་ཡན་ལ་གཙུག་ལག་ཁང་ཆེན་མོའི་ཀ་བ་སུམ་ཅུ་སོ་དྲུག་པོ། མི་ཉུང་ངུས་དཀའ་ལས་མེད་པར་ཚུགས་པ་དང༌། འདིའི་ཐོག་གི་ཤིང་ཐམས་ཅད་ཀྱང་ཉི་མ་གཅིག་ལ་ཁེལ། དེ་སྐབས་དཔལ་མགོན་པོའི་འཁོར་རྣམས་དེ་འདྲའི་ལས་ལ་ཞུགས་པའི་ཚུལ་གསལ་བར་གཟིགས་པ་ཡིན་པ་ཡང་གདའ།

གསུམ་པ།   གཙུག་ལག་ཁང་རྟེན་གསུམ་དང་བཅས་པ།

གསུམ་པ་ནང་གི་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ། ཇི་ལྟར་བཞུགས་པའི་དབང་དུ་བྱས་ན། ས་ཕྱོགས་འདི་ཉིད་རིའི་རྩ་བ་ནས་ཁྲི་སྟེགས་ཡན་ཆད། ཨེ་ཡིག་ཆོས་ཀྱི་འབྱུང་གནས་རྩེ་མོ་ཤར་དུ་བསྟན་པའི་རྣམ་པ་ཅན། དེའི་ནང་གི་ངོས་ཡངས་པའི་ཕྱོགས་སུ་སྤྱིར་གནས་གཞི་འདི་ཉིད་དང༌། ཁྱད་པར་གཙུག་ལག་ཁང་བཾ་ཡིག་བདེ་བ་ཆེན་པོའི་ཚུལ་དུ་བཞུགས་པ་ལགས། དེ་ལ་སྔོན་འོ་སྐོལ་གྱི་སྟོན་པའི་བཞུགས་གནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལ་སོགས་པ་ཤིན་ཏུ་གཙོ་བོར་གྱུར་པ་ཐམས་ཅད་དང་མཐུན་པར། དབུས་སུ་གཙུག་ལག་ཁང་ཆེན་པོ། དེའི་མཐའ་ལ་གཙུག་ལག་ཁང་བཅུ་དྲུག གཞན་ཡང་ཇི་ལྟར་འོས་པར། གཙུག་ལག་ཁང་ཆེས་མང་བ་དང་བཅས་ཏེ་བཞུགས་པ་ཡིན་པ་ལས།

དབུས་ཀྱི་གཙུག་ལག་ཁང་ཆེན་པོ་འདི་ཉིད་རང་ལ་ཡང༌། ནང་ཚན་དུ་ལྷ་ཁང་ཇི་སྙེད་ཅིག་མཆིས་པ་ལས། དྲི་གཙང་ཁང་ཕྱུར་བུ། གཙུག་ལག་ཁང་ཐམས་ཅད་ཀྱི་གཙོ་བོ་འདི་ཉིད་ཀྱི་དབང་དུ་བྱས་ན། སོ་སོ་ཐར་པའི་མདོ་ལས། སངས་རྒྱས་རྣམས་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གོ་ཏཾ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པའི་མཆོག །སངས་རྒྱས་དཔའ་བོ་བདུན་པོ་སྟེ། །གྲགས་ལྡན་རྣམས་ཀྱི་སོ་སོ་ཐར། །འདི་ནི་རབ་ཏུ་རྒྱས་པར་སྟོན། །ཞེས་གསུངས་པ་ལྟར། བསྐལ་བ་འདིའི་སྔོན་རོལ་བསྐལ་བ་དགུ་བཅུ་རྩ་གཅིག་པོ་ལ། བཅོམ་ལྡན་འདས་རྣམགཟིགས་འཇིག་རྟེན་དུ་བྱོན། དེའི་རྗེས་ཀྱི་དྲུག་ཅུ་པ་ལ། གཙུག་ཏོར་ཅན་བྱོན། དེ་རྗེས་བཞི་བཅུ་པ་ལ་ཐམས་ཅད་སྐྱོབ་བྱོན། བསྐལ་པ་བཟང་པོ་འདི་ཉིད་ལ། མི་རྣམས་ཀྱི་ལོ་བཞི་ཁྲི་ཐུབ་པ་ལ། བཅོམ་ལྡན་འདས་ལོག་པར་དད་སེལ་ལམ། འཁོར་བ་འཇིག་རྟེན་དུ་བྱོན། གསུམ་ཁྲི་ཐུབ་པ་ནས་གསེར་ཐུབ་བྱོན། ཉི་ཁྲི་ཐུབ་པ་ནས་འོད་སྲུང་བྱོན། ཚེ་ལོ་བརྒྱ་བའི་གནས་སྐབས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཏེ། དེ་ལྟར་སངས་རྒྱས་བདུན་པོ་དེ་དག སྔོན་ཐུགས་བསྐྱེད་པའི་གནས་སྐབས་ནས་བཟུང༌། འགྲོ་བའི་དོན་ལ་མཆོག་ཏུ་དཔའ་བའི་ཕྱིར། །སངས་རྒྱས་དཔའ་བོ་བདུན་ཞེས་གྲགས།       དེ་ཡང་སྤྱིར་དེ་དང་འདྲ་བའི་དེ་བཞིན་གཤེགས་པ་མཐའ་ཡས་པ་བྱོན་མོད་ཀྱི། བདུན་གྱི་གྲངས་སུ་བཅད་པ་ནི། ས་ཕྱོགས་འཇིག་རྟེན་ཁམས་འདིའི་དབང་དུ་བྱས། དུས་ཀྱང་སངས་རྒྱས་གཞན་གྱིས་བར་མ་ཆོད་པའི་མཆོད་པའི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་བདུན་པོ་འདི་དག་ནི། འདུལ་བའི་བསྟན་པ་བསླབ་བྱ་ཕྲ་མོ་ཐམས་ཅད་ཀྱང་གཅིག་པ་ཡིན་ལ། གཞན་དང་གཞན་དག་ནི༌། གནད་ཀྱི་དགོངས་དོན་གཅིག་ཏུ་ཟིན་ཡང་བཅས་མཚམས་སྣ་ཚོགས་པ་དག་ནི་ཡུལ་དུས་སོ་སོའི་གདུལ་བྱ་རྣམས་ཀྱི་བསམ་པའི་ཁྱད་པར་ལས་མང་ཉུང་རྒྱས་བསྡུས། ཡངས་དོག་མ་ངེས་པ་སྣ་ཚོགས་ཤིག་ཡོད་པའི་རིགས་སུ་གདའ། དེས་ན་འཕགས་པའི་ཡུལ་ན་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཡོད་པའི་ཕྱོགས་སུ་ནི། དེ་བཞིན་གཤེགས་པ་བདུན་གྱི་སྐུ་གཟུགས་བཞེངས་པ་དང༌། གསོལ་བ་འདེབས་པ་ལ་སོགས་པའི་སྲོལ་ཀ་ཤིན་ཏུ་དར་བ་ཡིན། ཕྱོགས་འདིར་ཡང་དེ་དར་བར་འགྱུར་བའི་མིག་ལྟོས་ཁྱད་པར་ཅན་བཞག་པའི་ཕྱིར་དང༌། དོན་ཀྱི་གཙོ་བོ་སངས་རྒྱས་དཔའ་བོ་བདུན་གྱི་སྐུ་གཟུགས་ཤིན་ཏུ་ཆུང་བ་མ་ཡིན་པ་ཆབས་གཅིག་ཏུ་བཞུགས་པ་དེར། གནས་སྐབས་སུ་ཡུལ་ཕྱོགས་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། མཐར་ཐུག་མཐོང་ཐོས་དྲན་རེག་ཐམས་ཅད་ཐར་བ་མཆོག་གི་ས་བོན་ཐེབས་པར་འགྱུར་པ་ལ་གཞན་པས་ཀྱང་ལྷག་པར་སྟོབས་ཆེ་བ་ཡིན་པར་སྣང་བས་དེ་ལ་དགོངས་པ་ཡིན་པ་འདུག

དེ་ཡང་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཀྱི་རྟེན་གཙོ་ཐུབ་པའི་དབང་པོ་འདི་ལ་སྐུ་རྒྱབ་མཐོ་ཉི་ཤུ་རྩ་གསུམ། དེའི་གཡས་ཕྱོགས་སུ་བཞུགས་པ་བཅོམ་ལྡན་འདས་རྣམ་གཟིགས། སྐུའི་གཡོན་གྱི་ཕྱོགས་སུ་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན། དེ་དག་གི་ཡང་གཡས་ཕྱོགས་ན། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ། གཡོན་ཕྱོགས་ན་ལོག་པར་དད་སེལ་ཏེ་དེ་རྣམས་ཞལ་ཤར་གཟིགས་སུ་མཛད། དེ་དག་གི་གཡས་ཕྱོགས་ཞལ་བྱང་གཟིགས་ན་རྫོགས་པའི་སངས་རྒྱས་གསེར་ཐུབ་དང༌། གཡོན་ཕྱོགས་ཀྱི་ཞལ་ལྷོ་གཟིགས་འདི། རྫོགས་པའི་སངས་རྒྱས་འོད་སྲུང་ཡིན་ཏེ། དེ་ལྟར་དྲུག་པོ་འདི་རྣམས་ལ་རྒྱབ་མཐོ་བཅུ་གཉིས་རེ་ཡོད། སྐུ་རྒྱུའི་དབང་དུ་བྱས་ན། སྐུ་རྒྱུ་ཤིན་ཏུ་འཐུག་པར་ཡོད་ཅིང༌། སོ་སོའི་རྒྱབ་ཡོལ་ཚུན་ཆད་ཀྱང༌། གསེར་དངུལ་ཟངས་གསུམ་ལས་གྲུབ་པར་བཞུགས་པས། སྐུ་རྒྱུར་ཟངས་ཁལ་བརྒྱད་བརྒྱ་ལྷག་པ་དང༌། གསེར་ཞོ་སྟོང་ཕྲག་བདུན་ཙམ་དང༌། གཞན་ཡང་དེ་ལ་དཔག་པས་རྒྱུ་ཚོགས་ཤིན་ཏུ་རྒྱ་ཆེ་བ་དང༌། ཡོན་རྫོངས་དགའ་སྟོན་སོགས་ཆོས་ནས་བཤད་ཚོད་དང་མཐུན་པ། སྐྱེ་བོ་མང་པོའི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སྤེལ་བའི་སླད་དུ་གནང་བར་གདའ།

ནང་བཞུགས་ཀྱི་དབང་དུ་བྱས་ན། གཙོ་བོའི་དབུ་གཙུག་ན་དེ་བཞིན་གཤེགས་པའི་རིང་བསྲེལ་འཁྲུལ་མེད་འཕགས་པའི་ཡུལ་ནས་གསར་དུ་བྱོན་པ། རིན་པོ་ཆེ་དྭངས་མའི་ཁ་དོག་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ་ཅིག་དང༌། བོད་ཡུལ་གྱི་འཕེལ་གདུང་རྣམ་བཞིར་གྲགས་པ་སོགས། དེ་བཞིན་གཤེགས་པའི་འཕེལ་གདུང་ཡིད་ཆེས་ཅན་ཤིན་དུ་མང་བ་དང༌། བྱང་ཆུབ་ཤིང་གི་ཡལ་ག་གཅིག་མེ་ཏོག་ལོ་མ་མང་པོ་དང༌། མཁས་གྲུབ་དམ་པ་སོ་སོའི་ཐུགས་དམ་ཀྱི་རྟེན་དང༌། དབུ་སྐྲ་ན་བཟའ་སོགས་བྱིན་རླབས་གཟི་བྱིན་རྒྱས་པའི་ནང་བཞུགས་རྣམ་གྲངས་སུམ་ཅུ་རྩ་བདུན་ཙམ་དང༌། རྒྱུད་སྡེ་བཞིའི་གཟུངས་སྔགས་ཀྱི་ཚོགས་མཐའ་ཡས་པ་གོ་རིམ་མ་འཁྲུལ་བ་དང༌། རྒྱ་བོད་ཀྱི་གནས་ཆེན་ཀུན་གྱི་ས་རྡོ་ཤིང་སོགས་རྟེན་འབྲེལ་གྱི་རྫས་དུ་མས་གཏམས་པར་བཞུགས། རྣམ་གཟིགས་ལ་སོགས་པའི་སྐུ་བརྙན་དྲུག་པོ་འདི་རྣམས་ལའང༌། དེ་བཞིན་གཤེགས་པའི་འཕེལ་གདུང་འཁྲུལ་མེད་བཅུ་རེ་དང༌། བྱང་ཆུབ་ཤིང་གི་ལོ་མ་སོགས་བྱིན་རླབས་ཀྱི་རྟེན་གཙོ་བོ་ཉིད་དང་ཕལ་ཆེར་ཆ་འདྲ་བར་བཞུགས།           རབ་གནས་སྐབས་དགེ་མཚན་གྱི་དབང་དུ་བྱས་ན། ས་ཕོ་རྟའི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་བཅུ་བཞི་ནས་བརྩམས་ཏེ། ཐ་སྐར་གྱི་ཡར་ངོས་ཚེས་གསུམ་གྱི་བར་ལ། དཔལ་གསང་བ་འདུས་པ་དང༌། བདེ་མཆོག་ལཱུ་ཧི་པ་དང༌། གཤིན་རྗེ་གཤེད་ནག་པོ་དང༌། རྡོ་རྗེ་འཇིགས་བྱེད་དང༌། མི་གཡོ་བླ་མེད་དང༌། ཕྱག་ན་རྡོ་རྗེ་གཏུམ་པོ་དང༌། ཕག་མོ་ལྷ་སོ་བདུན་མ་དང༌། བདག་མེད་ལྷ་མོ་བཅོ་ལྔ་དང༌། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྣམས་ཞལ་ཕྱེ་ནས་རབ་གནས་ཚར་རེ་རེ་མཛད་པར་གདའ། ས་མོ་ལུག་ལོའི་ཆུའི་ཟླ་བའི་ཡར་ངོའི་ནང་དུ་ཡང༌། སངས་རྒྱས་ཐོད་པ་དང༌། ཡེ་ཤེས་དབང་ཕྱུག་མ་དང༌། སེམས་འགྲེལ་ལུགས་ཀྱི་བདེ་མཆོག་སྟེ། དཀྱིལ་འཁོར་དེ་གསུམ་གྱི་སྟེངས་ནས་རབ་གནས་ཚར་གསུམ། ལོ་དེ་ཉིད་ཀྱི་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྟེངས་ནས་རབ་གནས་རྒྱས་པ་གཅིག  རབ་གནས་ཚར་བཅུ་གསུམ་དང༌།   སྐྱ་སེར་སྐྱེ་བོ་ཡོངས་འདུས་པའི་ཞལ་གྲོ་དགའ་སྟོན་ཆེན་མོ་ཚར་གསུམ་མཛད། རབ་གནས་ཀྱི་སྐབས་ཐམས་ཅད་དུ་མེ་ཏོག་གི་ཆར་དང་འཇའ་འོད་སོགས་ཉིན་རེ་བཞིན་དུ་བྱུང་ཞིང༌། སྐབས་འགར་སྒྲ་དང་དྲི་བཟང་གིས་ཁྱབ་པ་སོགས་ལན་མང་དུ་བྱུང༌། རབ་གནས་ཐོག་མའི་སྐབས།  ཡུང་དཀར་བུམ་ནང་དུ་ལྷུང་བ། མྱུ་གུ་སྐྱེས་ནས་ཟླ་བ་ཕྱེད་ཙམ་ནས་མེ་ཏོག་ཆར་བ་དང༌། བར་བའི་སྐབས། འཕགས་ཡུལ་མ་ག་རྡའི་ཕྱོགས་ནས་སྤྲུལ་པའི་རྣལ་འབྱོར་པས་སངས་རྒྱས་ཀྱི་སྐུ་གཟུགས་སྤྱན་དྲངས་ཏེ། རབ་གནས་དངོས་གཞི་དང་པོའི་ཡེ་ཤེས་སྤྱན་འདྲེན་ཉིད་ཀྱི་སྐབས་ཕེབས་པ་དང༌། རབ་གནས་གསུམ་པའི་སྐབས་སུ། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁྲ་འབྲུག་བཞེངས་དུས། བྲོ་ཐང་ནས་སྤྱན་དྲངས་པའི་དང་པོར་སྐུའི་རྣམ་པར་རགས་རིམ་རང་བྱོན་ལ། བལ་བོའི་བཟོ་བོས་ཅུང་ཟད་ཙམ་སྒྲོས་གཙང་བར་བྱས་པའི་ཐུབ་པའི་སྐུ་བརྙན་བླ་མ་སྨན་ཆུ་ཁ་བས་སྤྱན་དྲངས་ཏེ། ཤར་ཕྱོགས་ནས་བྱོན་པ་སོགས་ཕྱི་ནང་གི་ལྟས་ཐམས་ཅད་ལེགས། རྟེན་འབྲེལ་ཐམས་ཅད་བཟང་བའི་ཕྱོགས་སུ་འགྲིགས་པ་ཡིན་པར་འདུག

ཇོ་བོ་ཕྱོགས་ལས་རྣམ་རྒྱལ་འདིའི་དབང་དུ་བྱས་ན། སྟོན་པའི་རྒྱལ་ཚབ་འོད་སྲུང་ཆེན་པོ་སེང་གེའི་ཁྲི་ལ་འཁོད་པ་ནས་ལོ་བརྒྱ་ཙམ་ན། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་བཞེངས། དུས་དེ་ཙམ་ན། ལྷའི་བཟོ་བོས་བཞེངས་པའི་སྐུ་གཟུགས་འཕྲུལ་དང་ལྡན་པ་མང་དུ་བྱུང༌། འཕྲུལ་སྣང་གི་ཇོ་བོ་ཤཱཀྱ་མུ་ནི་ལ་ཆེ་བ་འབྱུང་བའི་གཏམ་རྒྱུད་མི་འདྲ་བ་དུ་མ་ཡོད་ཀྱང༌། དུས་དེ་སྐབས་སུ་བྱོན་པར་གདའ། དཔལ་བྱང་ཆུབ་ཆེན་པོ་བཞུགས་པའི་ཕྱོགས་མཚམས་བརྒྱད་ན། གན་རྡོ་ལ་བརྒྱད་ཡོད། དེ་དག་རེ་རེ་ན་ལྷ་ཁང་རེ་རེ། མཛད་པ་བརྒྱད་ཀྱི་ནང་ནས་མཛད་པ་རེ་རེའི་སྐུ་བརྙན་བཞུགས་དེ་ཐམས་ཅད་ལྷའི་བཟོ་བོས་བཞེངས་པ་ཡིན་པར་གདའ།

ཇོ་བོ་ཕྱོགས་ལས་རྣམ་རྒྱལ་འདི་ནི་དེའི་ནང་ནས། གླང་པོ་ཆེ་ནོར་སྐྱོང་བཏུལ་བ་དེ་ཡིན།  ལྷ་ས་འཕྲུལ་སྣང་གི་བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། ར་མོ་ཆེ་ན་བཞུགས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཕྱོགས་ལས་རྣམ་རྒྱལ་འདི་གསུམ་ཞལ་བཞིན་སོགས་བཟོ་བཀོད་དབྱིབས་ཁྱད་པར་མེད་པ་ལྟ་བུར་བཞུགས། འདི་ཡང་དང་པོའི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་མཛད། ཕྱིས་ཕོ་བྲང་དུ་བཞུགས་པ་ཡིན། དེ་ནས་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་རིང་ལ། བསམ་ཡས་ཀྱི་ཕྱོགས་སུ་ཕེབས། བད་རྔམ་པའི་ལྷ་ཁང་དུ་བཞུགས་པ་ལས། དུས་ཕྱིས་ཆུས་གནོད་པ་ཆེན་པོ་བྱུང་བའི་སྐབས་ཤིག བད་རྔམ་པ་དང་ཧྭ་ཤང་ལྷ་ཁང་སོགས་མང་པོ་ཞིག་ལ་ཆུ་སྐྱོན་བྱུང༌། སྐུ་འདི་རེ་ཞིག་མ་རྙེད། ཀླུས་སྤྱན་དྲངས་པ་ཡིན། ཟེར་པ་ཡང་བྱུང་སྟེ། ཕྱིས་ལོ་ཤས་ལོན་དུས་གཤའ་བུད་ཀྱི་ནོན་པ་སོགས་ཡེ་མེད་པར་ལྷ་ཁང་གི་ཤུལ་ནས་རྙེད། རིམ་པས་ཕོ་བྲང་སྣེའུ་གདོང་སོགས་རྒྱུད་ནས། ལྕགས་མོ་བྱའི་ལོ་ལ་གཙུག་ལག་ཁང་ཆེན་པོ་འདིར་ཕེབས་པ་ལགས། དེ་རྗེས་ཁྲི་རྒྱབ་ལ་སོགས་པ་རྗེ་བཙུན་ཉིད་ཀྱི་ཞལ་བཀོད་མཛད་ནས་བཞེངས། འགྲོ་བའི་དོན་དུ་མངའ་གསོལ་མཛད་དེ། བྱིན་རླབས་ཀྱི་གཟི་བྱིན་མཁའ་དབྱིངས་གང་བར་བཞུགས་པ་འདི་ལགས།
འདི་ནི་དེ་བཞིན་གཤེགས་པའི་བཀའ་འགྱུར་རོ་འཚལ་ཧོར་རྒྱལ་པོ་བྱང་ཆུབ་སེམས་དཔས་སྦྱིན་བདག་མཛད་དེ་སྤར་རྣམས་བཞེངས་བ་རིན་པོ་ཆེ་དུ་མ་བསྲེས་པའི་མཚལ་གྱི་སྤར་བཏབ་པར་འདུས།  བོད་དབུས་གཙང་གི་རྒྱལ་ཁམས་འདི་ལྟ་བུ་ཚར་གསུམ་ལས་ལྷག་པ་མ་བྱོན་པར་གྲགས་ཤིང༌། གཞན་གཉིས་པོ་དུས་ཕྱིས་ཁ་ཐིག་ཚང་བ་མེད་པར་འདུག འདི་ཡོངས་རྫོགས་མ་ཚང་པ་མེད་པ། གླེགས་ཤིང་ཚུན་ཆོད་རྒྱ་ཡུལ་ཉིད་དུ་བཅོས་པས་ཚད་ཁང་གི་རི་མོ་ཅན་ཆ་ལག་ཐམས་ཅད་ཁ་ཐིག་ཚང་བར་བཞུགས། དེ་རྗེས་ལོགས་བྲིས་ཀྱི་ལྷ་རྣམས་དང༌། རྒྱབ་ཡོལ་ལ་བཞུགས་པའི་ལྷ་རྣམས་འདི་དང་འདི་ལྟ་བུའོ་ཞེས་ངོ་སྤྲད།

ལོགས་བྲིས་ལ། དུས་ཀྱི་འཁོར་ལོ་ལྷ་ལྔ༌། བདེ་མཆོག་ནག་པོ་ཞབས་ལུགས་རྣལ་འབྱོར་མ་བཞི་དང་བཅས་པ། རྡོ་རྗེ་ཤུགས། རྡོ་རྗེ་འཇིགས་བྱེད། གསང་འདུས་འཇམ་རྡོར། རྡོ་རྗེ་རྣལ་འབྱོར་མ། ཀུན་མཁྱེན་ཆེན་པོ། གུར་མགོན་ལྕམ་དྲལ༌། རྣམ་ཐོས་སྲས། ལྷ་ཆེན་རྣམས་ཀྱི་སྐུ་རྒྱབ་ངོས་ལ་རྒྱལ་བ་རིགས་དྲུག་སྒྲུབ་པ་པོའི་ཚུལ་དུ་རྗེ་བཙུན་ཉིད་ཀྱི་སྐུ་འདྲ་དང་བཅས་པ་བཞུགས། དེ་རྗེས་སྐུ་གཞན་ཚོ་དང་ཟབ་སྐུ་སོགས་ཀྱང་འཚམ་བ་བཤད།             གཙུག་ལག་ཁང་གི་ཁྱམས་འདིའི་ལོགས་བྲིས་ཀྱི་དབང་དུ་བྱས་ན། ངེས་དོན་མདོ་ཉི་ཤུ་ཞེས་གྲགས་པའི་གླེང་གཞི་སོ་སོའི་མདོ་བཀོད་དང༌། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་དང༌། འཇམ་དཔལ་རྩ་རྒྱུད་གསུངས་ཚུལ་དང༌། གཞན་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་མཛད་པའི་རྣམ་གྲངས་ཅི་རིགས་པ་དང་བཅས་པ་སྤེལ་ནས་བཀོད་པ་ཡིན་པ་འདུག ཀ་རིང་གཉིས་མ་གཏོགས་པའི་ཀ་བ་སུམ་ཅུ་སོ་བཞིའི་ཞུས་ངོས་ལ། བྱང་ཆུབ་སེམས་དཔའི་འཁྲུངས་རབས་སོ་བཞི་སློབ་དཔོན་དཔའ་བོས་མཛད་པའི་གཞུང་དང་མཐུན་པར་བཀོད། ཡང་མདོ་བཀོད་ཀྱི་བར་བར་ན་བཞུགས་པ་འདི་རྣམས། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང༌། དཔལ་ལྡན་ཤམ་བྷ་ལར་བྱོན་པའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སྐུ་བརྙན་ཡིན་ལགས། དེ་ནས་ཞིང་ཁམས་བཞི་བཅུ་བོ་རེ་རེ་བཞིན་དུ་ངོ་སྤྲད།

སེང་གེ་བུ་བས་ཀྱི་ངོས་ལ། བསྟན་པའི་གཙོ་བོ་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག གསལ་བྱེད་ཆེན་པོ་བཞི། རྨད་བྱུང་སློབ་དཔོན་གཉིས་ལ་སོགས་པ་བཞུགས། དབུས་ཀྱི་བཞུགས་ཁྲི་ཆེན་པོ་འདི་ཡང་ཁྲི་ཕལ་བ་ཙམ་མ་ཡིན་པར། གསང་བདག་འཁོར་ལོ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་དུ་མ་ཁྲི་འདི་ཉིད་ཀྱི་སྟེང་དུ་བཞེངས་པའི་དབང་བསྐུར་སོགས་འགྲོ་དོན་དུ་མ་མཛད་པའི་ཤིན་ཏུ་བྱིངས་ཆེ་ཞིང་བཀྲ་ཤིས་པ་འགྲན་ཟླ་མེད་པ་ཡིན། འདི་ན་དཔལ་ཡེ་ཤེས་ཀྱི་མགོན་པོ་མཐུ་སྟོབས་བསམ་གྱི་མི་ཁྱབ་པ། ལེགས་ལྡན་ཆེན་པོ་ལྕམ་དྲལ་གྱི་མགོན་ཁང་བྱིན་རླབས་ཀྱི་གཟི་བརྗིད་དཔག་ཏུ་མེད་པ་བཞུགས། འདི་ན་དཔལ་མགོན་ལྷ་ཆེན་དཔལ་འབར་གྱི་སྐུ་བརྙན་སྐུ་ཚད་ཆེ་ཞིང་བཟོ་བཀོད་རྣམ་གྲངས་མང་བར་ཡོད་ཀྱང༌། ཞག་བདུན་ཁོངས་སུ་ལེགས་པར་ཚར་བ་སོགས་ངོ་མཚར་བའི་ལྟས་དང་བཅས་པ་ཡིན།

སྒོ་ཁང་ཆེན་པོ་ལ། འདི་ནས་སངས་རྒྱས་ཀྱི་བསྟན་པའི་སྲུང་མ་ཆེན་པོ་རྒྱལ་པོ་ཆེན་པོ་སྡེ་བཞི། བཙུན་མོ་སྲས་དང་བློན་པོ་གཡོག་འཁོར་དང་བཅས་པའི་བཀོད་པ་དང༌། འཇིག་རྟེན་མཐའ་དག་གི་བྱེད་པ་པོའམ་སྐྱོང་བ་པོ་ཕྱོགས་སྐྱོང་ཆེན་པོ་བཅོ་ལྔ་ཀླུ་ཆེན་བརྒྱད་དང་བཅས་པ་བཞུགས། དེ་ལ་ཕྱོགས་སྐྱོང་བཅུ་ཞེས་བྱ་བ་ཀུན་ལ་གྲགས་ཤིང༌། བཅོ་ལྔའི་ངེས་པ་འདི་ནི་རྒྱུད་གཤིན་རྗེ་གཤེད་དམར་ནག་ལས་འབྱུང་བ་ལྟར། རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེངས་པས་གསལ་བར་མཛད་པ་ཡིན་པར་འདུག

གསེང་སྒོ་ལ། འདི་ཡང་སྒོ་ཁང་ཡིན་པས། ཆོས་འདུལ་བ་ནས་སྒོ་ཁང་དུ་འཁོར་པའི་འཁོར་ལོ་ཆ་ལྔ་པ་འབྲི་གསུང་པ་ལྟར། ལྟེ་བར་ཉོན་མོངས་གསུམ། བར་དུ་འགྲོ་བ་རྒྱུད་ལྔ༌། ཐ་མ་རྟེན་འབྲེལ་བཅུ་གཉིས། ཐོབ་བྱ་འགོག་བདེན། ཐོབ་བྱེད་ལམ། དེ་སྟོན་པ་པོ་སངས་རྒྱས་དང་བཅས་པ་དང༌། དེ་དག་གི་མཐར་ཆོ་འཕྲུལ་ཆེན་པོ་འམ་བདུད་འདུལ་བ་གང་རུང་འབྲི་བར་གསུངས་པ་ལྟར། འདིར་བདུད་འདུལ་གྱི་བཀོད་པ་བཞེངས། གཞན་ཡང་འཇམ་དཔལ་རྩ་རྒྱུད་ནས་འབྱུང་པའི་གཤིན་རྗེ་གཤེད་དང༌། རྩ་བའི་མགོན་པོ་དང་བཅས་པ་བཞུགས།

བཞི་བ།   ངོ་མཚར་བའི་ལྷ་ཁང་བཅུ་དྲུག་རྟེན་བཅས།

སྟེང་ཁང་བཀོད་པ་མཐའ་ཡས་ཞེས་བྱ་བ་འདི་ན། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་ཤིན་ཏུ་ངོ་མཚར་བ། མངོན་པར་འབྱུང་བའི་མདོ་དང༌། འདུལ་བ་ལུང་དང༌། ལས་བརྒྱ་པ་དང༌། རྟོགས་བརྗོད་བརྒྱ་པ་སོགས་ལས་བསྡུས་པའི་བཀོད་པ་བཞུགས། ཞེས་བརྗོད་ནས་ལོ་རྒྱུས་དང་བསྟུན་ཅི་རིགས་ཅི་རིགས་འདི་དང་འདིའོ་ཞེས་བཤད་དོ།།

ལྷོ་ཕྱོགས་ངོས་ཀྱི་ལྷ་ཁང་འདི་ན། ལེགས་ལྡན་ཡེ་ཤེས་མགོན་པོ་ལྷ་ཆེན་དཔལ་འབར་གྱི་སྐུའི་བཀོད་པ་མི་འདྲ་བ་དུ་མ་དང༌། དཔལ་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྐུའི་བཀོད་པ་མི་འདྲ་བ་དུ་མ་དང་བཅས་པ་ཤིན་ཏུ་བཀའ་གཉན་པར་བཞུགས།

ཤར་ཕྱོགས་ཀྱི་འདི་རྒྱ་གར་ལྷ་ཁང་ཞེས་བྱ་བ། འཕགས་ཡུལ་གྱི་རྟེན་བྱིན་རླབས་ཆེ་ཚད་བཞུགས་ཏེ་འདིའི་དཀར་ཆག་ལོགས་སུ་བྱ།

འོག་མིན་ལ་འདི་གཙུག་ལག་ཁང་གི་ཡང་ཐོག་ཡིན་པས། ཆོས་མཚུངས་པའི་རྒྱུ་མཚན་གྱི་འོག་མིན་ལྷ་ཁང་དུ་མཚན་བཏགས། མཚན་དོན་དང་མཐུན་པའི་ཕྱིར། འདི་ནི་སྟེང་ཕྱོགས་འོག་མིན་གྱི་བཀོད་པར་གདའ། སྤྱིར་འོག་མིན་ཞེས་བྱ་བ་གསུང་རབ་ནས་རྣམ་པ་དུ་མ་གསུངས་ཏེ། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ནང་ཚན་གནས་གཙང་མའི་འོག་མིན་ཞེས་བྱ་བ་ཡོད་དེ། ཐ་མལ་པའི་འཇིག་རྟེན་ཁམས་ཀྱི་ནང་ཚན་ཡིན། དེའི་སྟེང་ན་ལྷའི་བུ་དབང་ཕྱུག་ཆེན་པོའི་གནས་ཀྱི་འོག་མིན་ཞེས་ཀྱང་བྱ། གནས་གཙང་མ་ཆེན་པོ་ཞེས་ཀྱང་བྱ། སྟོང་གསུམ་གཅིག་ཏུ་སངས་རྒྱས་བྱེ་བ་ཕྲག་བརྒྱ་འབྱུང་བའི་སྤྲུལ་གཞི། སྤྲུལ་པའི་སྐུ་ཆེན་པོ་དེ་བཞུགས་པའི་གནས་ཡིན། བཀོད་པ་འདི་ཡང་དེའི་བཀོད་པ་ཡིན་འདུག གཞན་ཡང་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་ལ་ཡང་འོག་མིན་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཞེས་གྲགས་པ་དང༌། འོག་མིན་སྟུག་པོ་བཀོད་པའི་ཞིང་མཆོག་ཅེས་བྱ་བ། ནམ་མཁའ་དང་མཉམ་པར་ཁྱབ་ཅིང་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཡིན་པ་ཞིག་ཀྱང་གསུངས་སོ།།

འདི་ནི་དོན་ཞགས་ལྷ་ལྔ༌། འདི་ནི་རྒྱུད་སྡེ་སྤྱིའི་ལུགས་ཀྱི་རིགས་ལྔ་ཡབ་ཡུམ་ལྔ༌། འདི་ནི་དཔལ་དུས་ཀྱི་འཁོར་ལོ། འདི་རྣམས་དུས་འཁོར་ཉིད་ནས་གསུངས་པའི་རིགས་བདག་རྒྱལ་བ་རིགས་དྲུག གཞན་ཡང་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། འཇམ་དབྱངས་དང་སྤྱན་རས་གཟིགས་ཀྱི་ཡུམ་གཉིས་གཉིས། སྟེང་གི་ཆ་ལ་མཛད་པ་བཅུ་གཉིས་མདོར་བསྡུས་དང་བཅས་པའི་བཀོད་པ་ལགས།

འདི་ཕྱོགས་ན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་སྤྱན་རས་གཟིགས་ཀྱི་རིགས་ལ། བཅུ་གཅིག་ཞལ་འཁོར་ནོར་བཟང་དང་རྟ་མགྲིན་གཉིས། སྤྱན་རས་གཟིགས་མགྲིན་སྔོན་ཇོ་བོ་ཧ་རི་ཧ་རི་ལ་ཞོན་པ། འཕགས་པ་སེང་གེ་སྒྲ། ཇོ་བོ་བདེ་ལྡན། སྤྱན་རས་གཟིགས་ཡིད་བཞིན་ནོར་བུ། སྤྱན་རས་གཟིགས་ཧ་ལ་ཧ་ལ། སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ། དབང་དུ་བྱེད་པའི་སྤྱན་རས་གཟིགས་དམར་པོ་རིགས་གཉིས། ཡང་ཧ་ལ་ཧ་ལ་ཕྱག་བཞི་པ་གཅིག སྤྱན་རས་གཟིགས་རྒྱལ་པོ་རོལ་བ་རྣམས་དང༌། འདི་ན་སྒྲོལ་མ་ལྷ་ལྔ༌། འདི་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དོལ་པོ་པ་ཆེན་པོ། འགྲོ་སྡིང་གི་སློབ་དཔོན་ལྷའི་འབྱུང་ལྡན། རྒྱ་གར་གྱི་པཎྜི་ཏ་གང་བའི་རྡོ་རྗེ། སྦྱིན་བདག་གི་ཚུལ་དུ་རྗེ་བཙུན་ཉིད་ཀྱི་སྐུ་བརྙན་རྣམས་བཞུགས།

འདིའི་རྟེན་གྱི་གཙོ་བོ་འདི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་བཟོ་བཀོད་ལེགས་ཤིང༌། སྐུ་རྒྱན་སོགས་བཀོད་པ་ཕུན་སུམ་ཚོགས་པ། ནང་བཞུགས་རྟེན་བྱིན་རླབས་ཅན་དུ་མ་དང་བཅས་བཞུགས་པ་ཡིན། མེ་ཕོ་སྟག་ལོ་ཤིན་ཏུ་ཐན་པ་ཆེ་བའི་སྐབས། འདིའི་རབ་གནས་མཛད་པའི་ཉིན་མོ་ནས་བརྩམས་ཞག་མང་པོར་ཆར་པ་གཤིན་ལ་ཆེ་བར་བབས། ཐན་པའི་འཇིགས་པ་ལས་གྲོལ་བས། ཚེ་དཔག་མེད་བདུད་རྩིའི་ཆར་འབེབས་མར་མཚན་གསོལ་བ་ལགས། རྗེས་སུ་ཡང་འདི་ལ་སྐུ་ཁྲུས་གསོལ་ཞིང་མཆོད་པ་ཕུལ་བས། ཆར་དཀོན་པའི་དུས་སུ་ཡང་ཆར་ཅི་རིགས་པ་འབབ་པའི་བྱིན་རླབས་ཀྱི་ལྟས་མངོན་གྱུར་པ་བཞུགས། གདུང་ལྡེབས་ཀྱི་འདི་དག་ན་ཞི་བ་དམ་པ་རིགས་བརྒྱ་ཡིན་པར་འདུག ཀ་བ་བརྒྱད་ཀྱི་ངོས་འདི་རྣམས་མཆོད་པའི་ལྷ་མོ་བརྒྱད་ཡིན་ལགས།

ཡང་འདི་ན་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཁང་བཞུགས་པ་ཡིན། རྟེན་འདི་རྗེ་བཙུན་འཕགས་མ་སྒྲོལ་མ་སྔོ་ལྗང་ཀུན་ཁྱབ་ཏུ་གྲགས་པ། རྩ་བའི་སྒྲུབ་ཐབས་ཀྱི་ལུགས་ཡིན། སྐུ་ཚུགས་བཟང་ཞིང༌། འཕྲ་རྒྱན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པ། ནང་བཞུགས་བྱིན་རླབས་བསམ་གྱི་མི་ཁྱབ་པ་བཞུགས། འདི་བཞེངས་པའི་ལོ། བསྟན་པ་ལ་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་སྤྲིན་བཞིན་དེངས་པ་ཞིག་བྱུང་བས། བདུད་འདུལ་སྒྲོལ་མར་མཚན་གསོལ་བ་ཡིན། འདི་ནི་འཆི་བ་བསླུ་བའི་སྒྲོལ་ལྗང༌། སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ལུགས་ཡིན། སྐུ་རྒྱུའི་ཚོགས་སྔ་མ་འདི་དང་འདྲ་བ་རང་ཡིན་ནའང༌། རྒྱུ་ཚོགས་འཕེལ་བའི་ཚུལ་གྱིས། སྔ་མ་ལས་སྐུ་ཚད་ཆེ་བའི་ཆོ་འཕྲུལ་བསྟན་པ་དང༌། འདིའི་རབ་གནས་མཛད་པའི་ཚེ་ཕྱོགས་ཐམས་ཅད་ནས་རྙེད་བཀུར་ལོངས་སྤྱོད་སྤྲིན་སྟིབས་པ་བཞིན་བྱུང་བས། འདོད་དགུ་འབྱུང་བའམ། དགོས་འདོད་ཀུན་འབྱུང་བའི་སྒྲོལ་མར་མཚན་གསོལ། འདི་ཡང་བཟོ་སྒྲོས་གཙང་ཞིང༌། གཞན་ཀུན་པས་ཟིལ་དང༌། གཟི་བྱིན་ཆེ་བ། རྒྱན་སྤྲོད་སོགས་ཐམས་ཅད་ནས་རྒྱུ་ཚོགས་འགངས་ཆེ་བར་བཞུགས།

འདི་ནི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། བཅོམ་ལྡན་འདས་མ་འདི་ཉིད་ཀྱི་རྟོག་པ་ནས་བྱུང་བ་བཞིན་གྱི་སྐུ་བརྙན་ལགས། འདི་ཡང་བཟོ་སྒྲོས་གཙང་ཞིང་ཚུགས་བཟང་བས། རྒྱན་སྤྲོས་སོགས་སྐུ་རྒྱུ་ཕུན་སུམ་ཚོགས་པ། འདིའི་ནང་བཞུགས་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་འཁྲུལ་མེད་བཅུ་ཙམ་བཞུགས། འདི་ད་ལྟ་ཡིན་ཕུགས་ལྷ་ཁང་ལ་སོགས་པ་དགོས་པ་འདུག རྒྱུ་དངོས་ཀྱི་དབང་དུ་བྱས་ན། འདི་ནི་བཅོམ་ལྡན་འདས་མ་ཨུ་རྒྱན་སྒྲོལ་མར་གྲགས་པ་གནས་ཀྱི་དབང་ཕྱུག་མ་ཡིན། འདི་རྣམས་མཚན་ཡིག་དང་མཐུན་པར་རྗེ་བཙུན་མ་སྒྲོལ་མའི་རིགས་སྣ་ཚོགས་པ་ལགས། འདི་རྣམས་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བཀོད་པ་ཡིན། འདི་ནི་དཔལ་སཾ་པུ་ཊའི་རྒྱུད་ནས་གསུངས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་མཛད་བསྡུས་པ་དེ་ལགས།

གཞན་ཡང་ལྷ་ཚོགས་ཅི་རིགས་དང་བཅས་པ་བཞུགས། བདེ་ཡངས་འདི་ལ་ཆོས་བཟང་ཞེས་བྱ་ཞིང༌། མཐའ་སྐོར་འདི་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས། ཆོས་རྒྱལ་རིགས་ལྡན་ལ་སོགས་པའི་སྐུ་བརྙན་གྱིས་མཛེས་པར་བྱས་པ་འདི་ལགས་ཤིང༌། དབུས་ཀྱི་བཞུགས་ཁྲི་རྡོ་རྗེ་གདན་ཞེས་བྱ་བ་འདི་ན། རྒྱ་གར་རྡོ་རྗེ་གདན་གྲྭ་དར་བའི་དུས་ཀྱི་བཀོད་པ་དང༌། སློབ་དཔོན་པུ་ཎ྄་ཨ་ཀ་ར་གུཔ྄ཏ། སློབ་དཔོན་རཏ྄ན་ཨཱ་ཀར་གུཔ྄ཏ། སློབ་དཔོན་ཨ་བྷ་ཡ་ཨ་པ་ར་གུཔ྄ཏ། ཙ་མི་སངས་རྒྱས་གྲགས་པ་སྟེ་རྡོ་རྗེ་གདན་པའི་མཚན་ཅན་བཞི་པོའི་སྐུ་བརྙན་རྣམས་བཞུགས།

མཐའ་སྐོར་གྱི་གཙུག་ལག་ཁང་བཅུ་དྲུག་ལ། འདི་ནི་དཔལ་ཆེན་པོ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་གི་བཞུགས་གནས་ཡིན་པའི་ཕྱིར། དཔལ་ཆེན་ལྷ་ཁང་ཞེས་བྱ།   དེ་ལ་སྒོ་ཁང་འདི་ན་རྫོགས་པའི་སངས་རྒྱས་རབས་བདུན་གཙུག་ལག་ཁང་གི་ནང་དུ་འབྱོན་པའི་བཀོད་པ་ཡིན། ཁྱམས་འདིའི་ལོགས་བྲིས་ཀྱི་དབང་དུ་བྱས་ན། ལྷོའི་ལྡེབས་ལ་ཞིང་སྐྱོང་ཡབ་ཡུམ་བདུན་ཅུ་རྩ་གཉིས་མཁའ་འགྲོ་རྒྱ་མཚོ་ནས་གསུངས་པ་ལྟར་དང༌། གཙང་ཁང་གི་ཕྱིའི་གཡས་ཀྱི་ངོས་ཆེན་ལ། འཁོར་ལོ་སྡོམ་པ་ཞལ་ཕྱག་འབུམ་པའི་བཀོད་པ་དང༌། གཡོན་ངོས་ལ་ཤྲཱི་བཛྲ་བྷཻ་ར་ཝ་ཐུན་མོངས་མ་ཡིན་པའི་མན་ངག་ལུགས་རོ་ལངས་བརྒྱད་ཀྱིས་བསྐོར་བ་དང༌། གཞན་ཞལ་ཤར་གཟིགས་དང་ནུབ་གཟིགས་ཀྱི་ལྡེབས་ལ་བཞུགས་པ་འདི་རྣམས་དཔལ་འཁོར་ལོ་བདེ་མཆོག་དང་རྡོ་རྗེ་ཕག་མོའི་རིགས་ཁོ་ན་ཡིན་ཅིང༌། ཐམས་ཅད་ཀྱང་རྒྱུད་ཀྱི་རྒྱལ་བོ་མངོན་བརྗོད་བླ་མའམ། ཨ་བྷི་དྷ་ན་ལས་གསུངས་པ་ཁོ་ན་ཡིན་པ་འདུག་ལགས། སེང་གཡབ་ཀྱི་ནང་དུ་གཙོ་མོ་རྡོ་རྗེ་ཕག་མོ། གཞན་གྲུབ་ཐོབ་ཀྱི་འཁོར་ལོ་བསྒྱུར་བ་འདི་དང་འདི་ཞེས་བྱ་བ་བཞུགས་ཞེས་སོ་སོར་བརྡ་སྤྲད།      གཙང་ཁང་འདི་ཉིད་ན། དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་དཔག་ཏུ་མེད་པ་དང་བཅས་པ་འདི། སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་བཞེད་དགོངས་དང་མཐུན་པར་བཞེངས། འདི་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་དུ་གྲགས་པ་ཡིན་ཏེ། འདི་ནི་ཕག་དཀར་ཤེས་རབ་གསལ་བྱེད་ཡིན། རྣལ་འབྱོར་མ་རྒྱུད་རྣམས་ལ་འཁོར་ལོའི་དབང་ཕྱུག་མ་རྣམས་བྱིན་རླབས་འཇུག་པའི་སྒོ་ཡིན་པས། འདིར་ཡང་སྐུ་བརྙན་ལྷག་པོར་བཞེངས་པ་ཉིད་བྱིན་རླབས་འཇུག་པའི་སྒོར་གྱུར་པ་ལགས།

ལོགས་བྲིས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དཔའ་བོ་དཔའ་མོ་དྲུག་ཅུ། སློབ་དཔོན་སྤྱོད་པའི་རྡོ་རྗེ་དང་བཅས་པ་སོགས་དང༌། སྐེད་རིས་ལ་དུར་ཁྲོད་ཆེན་པོ་བརྒྱད། ལྷ་ཁང་ཉིད་ཀྱི་ནང་ཡང་ཕྱོགས་མདོག་ཏུ་བསྒྱུར་བ་སོགས། གཞལ་མེད་ཁང་གི་མཚན་ཉིད་ཚང་བར་བཞུགས།

འདི་ནི་ཕྱོགས་དང་འབྲེལ་བའི་དབང་དུ་བྱས་ནས། དབང་ལྡན་ལྷ་ཁང་དུ་མཚན་གསོལ། འདིའི་བར་ཁང་གི་སྲུང་མ་ནི། འཇིགས་བྱེད་ཆེན་པོ་དགུ་ཡུམ་དང་བཅས་པ་བཞུགས། ལྷ་ཁང་འདིའི་རྟེན་གྱི་གཙོ་བོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནས་འབྱུང་བ་ལྟར། དཔལ་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པའི་སྐུ་བརྙན་བདུད་དཔུང་ཟིལ་གྱིས་གནོན་པ་འདི་ལགས། ལོགས་བྲིས་ལ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ། ཐུབ་དབང་གཙོ་བོར་གྱུར་པའི་རིགས་ལྔ༌། དཔལ་མགོན་པོ་སེང་ཞོན་གཙོ་འཁོར་ཁམས་གསུམ་ནི་རྣམ་རྒྱལ་གྱི་རྒྱུད་གསུངས་པའི་གླང་གཞིའི་བཀོད་པ། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ་ལ་སོགས་པ་བཞུགས། ཁྱད་པར་གནས་འདིར་བྱང་ཤར་དབང་ལྡན་འབྱུང་བའི་གནོད་པ་མཐའ་དག་བཟློག་པའི་ཕྱིར་དུ་ལྷ་ཆེན་པོ་དབང་ལྡན་དྲག་པོ་དབང་ཕྱུག་ཉིད། བཙུན་མོ་རིའི་ལྷ་མོ། འཁོར་འབྱུང་པོ་ཚོགས་ཀྱི་མངའ་བདག་གཞི་དང་བཅས་བཞུགས།

སྟེང་གི་ལྷ་ཁང་འདི་ན། དཔལ་ཆེན་པོ་ཡངས་དག་འཁོར་བཅས་དང༌། རྡོ་རྗེ་གཞོན་ནུ་ཕུར་བུའི་ལྷ་ཚོགས། གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན། རྟ་མགྲིན་ཡང་གསང་ལྷ་དགུ། དཔལ་མགོན་པོ་མ་ནིང་ལ་སོགས་པ། གསང་སྔགས་རྙིང་མའི་ལྷ་ཚོགས་རྣམས་བཞུགས།

ཤར་སྒོ་བར་མའི་སྟེང་གི་ཤར་ཕྱོགས་སྨན་ལྷའི་ལྷ་ཁང་ནི། ཕུག་གི་ལྷ་ཁང་འདི་ན་བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་ལྡེར་བཟོ་རྟེན་གྱི་གཙོ་བོར་བཞུགས་པ་འདི་ལགས་ཤིང༌།      ལོགས་བྲིས་ལ་བདེ་བར་གཤེགས་པ་བརྒྱད། བྱང་ཆུབ་སེམས་དཔའ་བཅུ་དྲུག མཁན་པོ་བོ་དྷི་ས་ཏྭ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་བཞུགས། མདོ་ན་ཕྱོགས་སྐྱོང་བཅུ། གནོད་སྦྱིན་གྱི་དེད་དཔོན་བཅུ་གཉིས། རྒྱལ་ཆེན་བཞི། མགོན་པོ་བང་ལ་སོགས་པ་བཞུགས། ཆོས་བཟང་རྡོ་རྗེའི་གདན་གྱི་བདེ་ཡངས་ཆེན་པོའི་ཤར་སྒོ། ཐེམ་སྐས་གཡས་གཡོན་སྟེང༌། གསུམ་གྱི་ངོས་ལ། ཁྲོ་བོ་ཆེན་པོ་བཅུ། ཟད་པར་ཆེན་པོ་བཅུ། ཕྱོགས་སྐྱོང་བ་བཅུ། གཟའ་མཆོག་ཆེན་པོ་བཅུ། ཀླུ་རྒྱལ་ཆེན་པོ་བཅུ། འབྱུང་པོ་ཆེན་པོ་བཅུ་སྟེ། དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་སྡེ་དྲུག་སྲུང་མ་དྲུག་ཅུ་ལ་སོགས་པ་བར་ཆད་སེལ་བའི་ལྷ་ཁྱད་པར་ཅན་རྣམས་བཞུགས།

ཤར་ལྷོའི་ལྷ་ཁང་འབར་འཛིན་དུ་གྲགས་པ་འདི་ན། བར་ཁང་འདིར་སྲུང་མ་མང་པོ་གསུམ་དང་སྲིང་མོ་བཞི། ཕུག་གི་ལྷ་ཁང་དངོས་གཞི་འདི་ན། རྟེན་གཙོ་བཅོམ་ལྡན་འདས་མི་གཡོ་མགོན་པོ་པུས་བཙུགས་མ་དང༌། ལས་ཐམས་ཅད་སྒྲུབ་པའི་ལྷ་དྲང་སྲོང་ཆེན་པོ་མེ་ལྷ་ཞབས་འབྲིང་གི་ཚུལ་དུ་བཞུགས། ལོགས་བྲིས་ལ་རྣམ་སྣང་མངོན་བྱང་གི་རྒྱུད་གསུངས་པའི་བཀོད་པ། གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་གསུངས་པའི་བཀོད་པ། གཟུངས་གྲྭ་ལྔ༌། དུག་སེལ་མ། རི་ཁྲོད་མ། འོད་ཟེར་ཅན། མི་གཡོ་བླ་མེད་ལྷ་ལྔ༌། རྗེ་བཙུན་ཉིད་ཀྱི་སྐྱེས་རབས་འཕྲེང་བ་ལ་སོགས་པ་བཞུགས།

ལྷ་ཁང་སྟེང་མ་འདི་ན་བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྡོར་སེམས་ལ་སོགས་པ་སེམས་དཔའ་བཅུ་དྲུག འཕགས་པའི་གནས་བསྟན་ཆེན་པོ་བཅུ་དྲུག ཧྭ་ཤང་དྷརྨ་ཏ། རྒྱལ་ཆེན་བཞི་ལ་སོགས་པ་མང་པོ་བཞུགས། གཞལ་ཡས་ཁང་ཞེས་བྱ་བའི་གཙུག་ལག་ཁང་འདི་ཉིད་ཀྱི་དབང་དུ་བྱས་ན། དང་པོར་སྒོ་ཁང་འདི་ན། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལྡེམ་སྐུའི་ཚུལ་དུ་གཙུག་ལག་ཁང་གི་ནང་དུ་འབྱོན་པའོ།། འཁྱམས་འདི་ལ་རྒྱུད་སྡེ་ཐ་དད་ནས་གསུངས་པའི་དཀྱིལ་འཁོར་གྱི་གཙོ་བོ་མང་དུ་བཞུགས་པ་ལགས། དེ་ཡང་གཡས་སྐོར་དུ་བྱས་ན་དང་པོར་མངོན་བྱུང་མགོན་པོ། གཤིན་རྗེ་གཤེད་རྣམ་པར་རྒྱལ་བ། འཇམ་དཔལ་ཆོས་དབྱིངས་གསུང་དབང༌། རྡོ་རྗེ་བདུད་རྩི༌། གདན་བཞི་ཡེ་ཤེས་དབང་ཕྱུག་མ། སངས་རྒྱས་མཉམ་སྦྱོར་རྡོ་རྗེ་སེམས་དཔའ། སྒྱུ་འཕྲུལ་དྲ་བ། འདུས་པ་ཡེ་ཤེས་ཞབས་ལུགས། ཕྱག་རྡོར་སྟོད་འགྲེལ་ལུགས་ཀྱི་བདེ་མཆོག དུས་འཁོར་ཞལ་བཅུ་གཉིས་པ། སངས་རྒྱས་ཐོད་པ། མ་ཧྭ་མ་ཡ། དཔལ་མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་ཕག་མོ་ཕག་གདོང་ཆེན་མོ། ཁ་སྦྱོར་རྡོར་སེམས། སྡོམ་པ་འབྱུང་བ། དཔལ་སྡོམ་པ་ཆེན་པོ། བདེ་མཆོག་ལུ་ཡི་ལུགས། དགྱེས་པ་རྡོ་རྗེ་ཐོད་པ་ཅན། དགྱེས་རྡོར་མཚོན་ཆ་ཅན། ཕྱག་ཆེན་ཐིག་ལེ། བདེ་མཆོག་འཇམ་རྡོར། གཤིན་རྗེ་གཤེད་དགྲ་ནག དཔལ་ཟླ་གསང་ཐིག་ལེ། དཔལ་ནག་པོ་ཆེན་པོ་རྒྱུད་མགོན་རྣམས་བཞུགས། གཞན་འཁོར་ཚོགས་དང་ལྷ་མགྲོན་བཀོད་པ་དུ་མ་ཡོད་ཅིང༌། སེང་གཡབས་ཀྱི་ངོས་ལ། ཐུབ་པའི་དབང་པོ། འོད་སྲུང་ལ་སོགས་པ་བསྟན་པའི་གཏད་རབ་བདུན། ཉི་མ་གུང་པ་དང་བཅས་པ་བཞུགས་པ་ཡིན་ལ། སྒོ་སྟོད་ཀྱི་འདི་གྲུབ་ཐོབ་ཆེན་པོ་ཞི་བ་སྦས་པ་དང༌། ཀུན་མཁྱེན་དུས་གསུམ་སངས་རྒྱས་དང༌། རྗེ་བཙུན་ཉིད་དོ།།

དབུས་ཀྱི་གཙང་ཁང་ཆེན་པོ་འདི་ཁ་ཆེ་ལུགས་ཀྱི་ཐོགས་འབུབས་ལུགས་སུ་བྱས། གཙང་ཁང་གི་དབུས་སུ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བློས་བསླང་ངོ་མཚར་གཟི་འོད་དཔག་ཏུ་མེད་པ་འཕྲོ་བ། རིགས་ལྡན་སྤྲུལ་པའི་སྐུས་བྱིན་གྱིས་བརླབས་ཤིང༌། དངོས་སུ་བཞེངས་པར་གྲགས་པ་མཆོད་པའི་ཡོ་བྱད་དང་བཅས་པ་འདི་ལགས།

ལོགས་བྲིས་ལ་མཆོད་པའི་ལྷ་མོ་བཅུ་གཉིས། གསང་བའི་མཆོད་པ་ཡུམ་བཞི་དང་བཅས་པ་དང༌། ཞལ་ས་ཕྱོགས་མདོག རྩིག་པ་དང་མཐུན་པའི་སྐེད་རིས་སོགས། དཀྱིལ་འཁོར་གྱི་མཚན་ཉིད་རྫོགས་པའི་ཚུལ་དུ་ཡོད། བསྐོར་ཁང་འདི་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དང་ཚེ་དཔག་མེད་ཀྱི་ལྷ་ཚོགས་བཞུགས།

གསུང་ཁང་དུ་གྲགས་པའི་གཙུག་ལག་ཁང་འདི་ཉིད་ན། ལྷ་ཁང་ཕུག་ན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་བཞི་མའི་སྐུ་བརྙན། ལོགས་བྲིས་ཕྱོགས་བཅུའི་སངས་རྒྱས་དང་བཅས་པ། འཁྱམས་འདིའི་གཡས་ལོགས་ན། ཡུམ་ཆེན་མོ་ཕྱག་གཉིས་པ་ལ་འཁོར་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐོར་བ་དང༌། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བྱང་སེམས་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བ།

ཤར་ནུབ་ཀྱི་ངོས་རྣམས་ལ་རིགས་ལྔའི་ལྷ་ཚོགས་མང་པོ་དང༌། བྱང་གི་ངོས་རྗེ་བཙུན་དབྱངས་ཅན་མའི་ཞིང་ཁམས། བྱ་རྒྱུད་ལས་འབྱུང་བའི་ནག་པོ་ཆེན་པོའི་ཞིང་ཁམས། འདི་བི་ཀྲ་མ་ཤི་ལའི་གཏེར་མ་སློབ་དཔོན་ཀུན་གྱི་ཐོག་མ། ཀླུ་སྒྲུབ་སྙིང་པོར་གྲགས་པ་དེས་མཛད་པའི་གཏོར་མའི་ཆོ་ག་ཀུན་ལས་བཏུས་པའི་ནང་ནས་འབྱུང་བ་ཡིན། ཡང་མ་ཅིག་ནགས་རྒྱལ་གྱི་ཞིང་ཁམས་ཅིག འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལས་འབྱུང་བ་ལྟར། གུར་མགོན་ཡུམ་ཅན་ལྷ་ལྔ་མ་རྣམས་བཞུགས།

གསུང་རབ་བཞུགས་པའི་དབང་དུ་བྱས་ན། བཀའ་འགྱུར་རོ་འཚལ་གསེར་མ་ཡོངས་རྫོགས་ཚར་གཉིས། སྐྱ་བོད་ཆ་ཚང་གཅིག་སོགས་བཀའ་འགྱུར་ཡོངས་རྫོགས་ཚར་བཞི་དང༌། ཐོར་བུ་པ་ཤིན་ཏུ་མང་བ་བཞུགས།        དགའ་ལྡན་བྱམས་པའི་ལྷ་ཁང་འདིའི་དབང་དུ་བྱས་ན། གཙང་ཁང་ཕུག་ན་རྗེ་བཙུན་བྱམས་པའི་འབུར་དོད། ལོགས་བྲིས་ལ་ཡང་རྒྱལ་བ་མ་ཕམ་པ་ཉིད་ཀྱི་སྐུ་བརྙན་བརྒྱ་ཕྲག་མང་པོ་དང༌། འཁྱམས་འདི་ལ་རྗེ་བཙུན་བྱམས་པའི་སྐུ་བརྙན་གཉིས། སྒྲོལ་མ་དཀར་མོ་གཉིས། གཞན་ཉི་མ་སྦས་པའི་ལུགས་སྒྲུབ་ཐབས་དང་བསྟོད་པ་རྣམ་དག་གཙུག་ནོར་ནས་འབྱུང་བ་ལྟར། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ལྷ་ཚོགས་དང༌། བཀའ་སྲུང་མགོན་པོ་ལྷོ་ནུབ་པ་དང་ལྷ་མོ་ཙཎ྄ཊི་ཀཱ་རྣམས་བཞུགས། ཐེག་མཆོག་ཧེ་རུ་ཀའི་ལྷ་ཁང་འདིའི་དབང་དུ་བྱས་ན། ལྷ་ཁང་ཕུག་གི་རྟེན་གཙོ་འདི་རྩ་བའི་ཧེ་རུ་ཀ་ཞེས་བྱ་བ་ཡིན། དེ་ཡང་གང་ལ་ངོས་འཛིན་ན། དགྱེས་པ་རྡོ་རྗེ་ཕྱག་གཉིས་པ་དང༌། དྲག་པོ་གདན་ཅན་དང༌། དུར་ཁྲོད་ན་དགྱེས་པའི་ཧེ་རུ་ཀ་དང༌། མཉམ་སྦྱོར་ཧེ་རུ་ཀ་ཕྱག་གཉིས་པ་དང༌། གཞན་ཡང་ཟླ་གསང་ཐིག་ལེ་དང་དགྲ་ནག་གི་རྒྱུད་དང༌། རྡོ་རྗེ་རྩེ་མོ་ནས་གསུངས་པ་ལ་སོགས་པའི་ཧེ་རུ་ཀ་རྣམས་སྐུའི་རྣམ་འགྱུར་གཅིག་པར་བྱུང་བ་དེ་ལ་ཟེར་བ་ཡིན།

ལོགས་བྲིས་ལ་ཧེ་རུ་ཀ་ཕྱག་གཉིས་པའི་སྟར་ཅིག བདག་མེད་པའི་སྟར་ཅིག གཽ་རི་ལ་སོགས་བ་འཁོར་གྱི་ལྷ་མོའི་སྟར་ཅིག་རྣམས་བཞུགས། འཁྱམས་ལ་རྡོར་སེམས་ཡུམ་ཅན། བདེ་མཆོག་ལྷན་སྐྱེས་བཞུགས་པ། གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་དང་བཅས་པ་ཡིན། སྔོན་བལ་པོའི་གཟོ་བོ་ཅིག་གིས་བོད་ཡུལ་དུ་བོད་སྐད་དུ་བརྩམས་ནས། སློབ་དཔོན་རྡོ་རྗེ་གདན་བ་ལ་ཁ་འཕངས་པའི་ལུགས་དེ་མ་ཡིན། གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་རྒྱ་གར་གྱི་སློབ་དཔོན་དཔའ་བོ་འོད་གསལ་གྱི་བཞེད་པ་ལྟར། ནོར་པ་སྤངས་པ་དང༌། ཡེ་ཤེས་མགོན་པོ་ཕྱག་བཞི་པ་དང་བཅས་པ་བཞུགས། གྲུབ་བརྒྱ་ལུགས་རྣམ་དག་དེ་ཡིན།

ཀུན་གཟིགས་འཇམ་དབྱངས་ལྷ་ཁང་འདིའི་དབང་དུ་བྱས་ན། རྟེན་གྱི་གཚོ་བོ་འཕགས་པ་འཇམ་དཔལ་ཨ་ར་པ་ཙ་དམར་སེར། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པར་མཛད་པའི་བྱིན་རླབས་ཀྱི་གཏེར་ཆེན་པོ་འདི་དང༌། རྒྱུད་རིས་ལ་འཇམ་དཔལ་ངག་གི་རྒྱལ་པོ། འཇམ་དཔལ་ཆོས་ཀྱི་འཁོར་ལོ། འཇམ་དཔལ་ཡེ་ཤེས་སེམས་དཔའ། འཇམ་དཔལ་སེང་ལྡན་ཁྲོ་བོ་གཤིན་རྗེ་གཤེད་རྣམས་གཙོ་བོར་བྱས་ཤིང༌། འཇམ་དཔལ་ཨ་ར་པ་ཙ་ན་དཀར་པོ། སེར་པོ། འཇམ་དཔལ་ཆོས་ཀྱི་དུང་གི་ཏིང་ངེ་འཛིན། འཇམ་དཔལ་རྡོ་རྗེ་ཆོས། འཇམ་དཀར་དཔའ་པོ་ཆིག་སྒྲུབ་རྣམས་ཀྱི་སྟར་རེ་རེ་བཞུགས།

ནུབ་ཕྱོགས་ནས་ཞལ་ཤར་དུ་གཟིགས་པའི་ལྷ་ཁང་གསུམ་ལ། དང་པོར་ཨོ་རྒྱན་མཁའ་སྤྱོད་ཀྱི་ལྷ་ཁང་འདིའི་མཆོད་ཁང་ཕུག་མ་ན། རྟེན་གྱི་གཙོ་བོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཤིན་ཏུ་བྱོན་མཚར་ཞིང་བཞེངས་པའི་སྐབས། འབད་རྩོལ་མེད་པར་ཡུད་ཀྱི་གྲུབ་པས་དོན་ལའང་བྱོན། ཁྱད་པར་མ་མཆིས། སྲིད་གསུམ་དབང་དུ་བསྡུད་པའི་ནུས་མཐུ་ཁྱད་པར་ཅན། འཕྲིན་ལས་ནམ་མཁའི་མཁའ་དང་མཉམ་པའི་རྟེན་འབྲེལ་ཐམས་ཅད་འདི་ལས་འགྲིག་པ་ལགས།

གཙང་ཁང་འདིའི་གྱང་རིས་ལ། རྡོ་རྗེ་ཕག་མོའི་རིགས་ཞལ་གཉིས་མ། ཕག་མོ་གནམ་ཞབས་མ། ན་རོ་མཁའ་སྤྱོད། རྔྭོན་པའི་གདམ་ངག་ལས་དབྱུང་བའི་ཕག་མོ་ཕྱག་བཞི་མ། ཕག་མོ་ཀུརྨ་པ་ཏི། ཕག་མོ་ལྗང་ཁུ་དུས་འཁོར་ལུགས། ཕག་དཀར་ཤེས་རབ་གསལ་བྱེད་རྣམས་དང༌། ཐབས་འཁོར་ལོ་བདེ་མཆོག་དཔའ་བོ་གཅིག་པ་དང༌། གཞན་ཡང་མེ་ཏྲི་མཁའ་སྤྱོད། དབུ་བཅད་མ་དོན་གྲུབ་མ། གོ་ཆའི་དཔལ་མོ་དྲུག་མཁའ་སྤྱོད་དཀར་དམར་ལ་སོགས་པ་རྣམ་གྲངས་ཤིན་ཏུ་མང་བ་བཞུགས། ལྷ་ཁང་མདོ་ན་དཔལ་དུས་ཀྱི་འཁོར་ལོ་ནས་འབྱུང་བ་ལྟར་རྣལ་འབྱོར་མ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་དང༌། རིགས་སུམ་ཅུ་རྩ་བདུན་གྱི་རྣལ་འབྱོར་མ་མི་མོའི་རྣམ་པ་རྣམས་བཞུགས།

བདེ་བ་ཅན་གྱི་ལྷ་ཁང་ན། རྟེན་གྱི་གཙོ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྐུ་ཚད་རྒྱ་མཐོ་བཅུ་གཅིག་པ། རྒྱབ་ཡོལ་དང་བཅས་པ། རྒྱུ་གསེར་དངུལ་ཟངས་གསུམ་ལས་གྲུབ་ཅིང༌། རིན་པོ་ཆེ་སྣ་ཚོགས་པའི་འཕྲ་རྒྱན་ཅན་བྱིན་རླབས་གྱི་གཟི་འོད་དཔག་ཏུ་མེད་པ་འདི་ལགས། འདི་ཉིད་ཀྱི་སྐུའི་གཡས་དང་གཡོན་དུ་ཡང༌། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཉིད་ཀྱི་སྐུ་བརྙན་བྱིན་ཆགས་པ་རེ་རེ་བཞུགས། རྒྱ་ནག་ཆེན་པོ་ལ་སོགས་པའི་ཡུལ་རྣམས་དང༌། བོད་ཡུལ་འདིར་ཡང་སྔོན་རྒྱལ་བློན་བྱང་ཆུབ་སེམས་དཔའི་སྐབས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་ལྷ་ཁང་ཆེ་ཐང་དུ་བཞེངས་པ་མཛད་འདུག་ནའང༌། ཕྱི་དེའི་སྲོལ་ཀ་ནུབ་པ་ལྟ་བུར་འདུག་པས། སླར་ཡང་སྲོལ་དར་བ་གཞན་ལ་མིག་ལྟོས་ལ་ཡང་ཕན་པ་སྲིད་དམ་གང་ལྟར་ཡང་མཐོང་ཐོས་དྲན་རེག་རྣམས་ཐར་བའི་ལམ་དུ་འདྲེན་པ་ལ་གཞན་པས་ཐུགས་རྗེ་ཆེ་བར་གསུངས་འདུག་པས། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཞེངས་བར་གདའ།

གྱང་རིས་ལ་རྒྱལ་བ་འོད་སྣང་ཉིད་ཀྱི་སྐུ་བརྙན་མང་པོ་དང༌། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བརྙན་སྟོང་ཕྲག་གསུམ་བཞུགས། ལྷ་ཁང་མདོ་མ་ན་རྒྱུད་རིས་འོད་དཔག་མེད་ཀྱི་སྐུ་ཆེ་བ་མང་པོ་དང༌། བདེ་བ་ཅན་གྱི་ཞིང་བཀོད་དང༌། འོད་དཔག་མེད་ཀྱི་སྔོན་ཐུགས་བསྐྱེད་ཚུལ་གྱི་བཀོད་པ་དང༌། འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་གསུངས་པའི་བཀོད་པ་རྣམས་བཞུགས།

གཙུག་ལག་ཁང་བདེ་བ་ཅན་གྱི་སྟེང་ཁང་འདི་ན། རྟེན་གྱི་གཙོ་བོ། དཔལ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ལེའུ་ལས་གསལ་བར་གསུངས་པའི་མཆོད་རྟེན་ལ་མཚན་ཡང་ཡེ་ཤེས་མཆོད་རྟེན་དུ་གྲགས་པ་འདི་ཡིན་ཏེ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རྟེན་ཡང་འདི་ཡིན། ཡང་སངས་རྒྱས་ཐམས་ཅད་བཞུགས་པའི་གནས་ཆོས་ཀྱི་སྐུའི་རྟེན་ལ། མཆོད་རྟེན་ཞེས་ཡོངས་སུ་གྲགས་པ་འདི་ལ་བཟོ་བཀོད་རྣམ་གྲངས་མཐའ་ཡས་པ་ཡོད་ཀྱང་གཞན་རྣམས་ལ་ཆ་ཚད་ངེས་ཅན་མདོ་ནས་རྒྱུད་གསུངས་པ་མེད། ཆ་ཚད་ཀྱི་ཡི་གེ་ཁ་རེ་ཡོད་པ་རྣམས་ཀྱང༌། རྒྱ་བོད་ཀྱི་མཁས་པའི་སྐྱེ་བོ་འགའ་རེའི་ཐུགས་ལས་སྤྲོས་པ་ཙམ་ཡིན་གསུང་པར་འདུག ཡེ་ཤེས་མཆོད་རྟེན་འདི་ལ་རྒྱ་དཔངས་ཀྱི་ཚད་ངེས་ཅན་དང༌། ཕྱི་ནང་གཞན་གསུམ་གྱི་ངག་སྦྱོར་རྒྱས་པ་དང་བཅས་པ་རྒྱུད་ཉིད་ལས་འབྱུང་བའི་འཕགས་པ་སྤྱན་རས་གཟིགས་ཀྱི་འབྲེལ་པས་རྒྱས་པར་བཀྲལ་བ་ལགས། རྒྱུད་གཞུང་ལས་གསལ་བར་གསུངས་པའི་ཚད་དང་ལྡན་ཅིང༌། བཟོ་བཀོད་ཕུན་སུམ་ཚོགས་པ། བྱིན་ཆགས་པ་འདི་ཉིད་གཙོ་བོར་བཞུགས་ནས། འཁོར་གྱི་ཚུལ་དུ་དེང་སང་ཀུན་ལ་གྲགས་པ་བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་ཟེར། དོན་ལ་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་བྱ་བ། དེ་རྣམས་ཀྱི་བཀོད་པར་གདའ། དེ་ཡང་སྐུའི་གཡས་ཀྱི་འདི་ནི་བཀྲ་ཤིས་སྒོ་མང་ཆོས་འཁོར་མཆོད་རྟེན་ཡིན་ཅེས་སོགས་གྲལ་བསྟར་བཞིན་རིམ་གྱིས་བརྗོད།

གཡོན་གྱི་དང་པོ་འདི་བདུད་འདུལ་མཆོད་རྟེན་ཅེས་ཀྱང་བྱ་བ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཏེ་ཞེས་སོགས། དེ་བཞིན་འཇུག་ཆུགས་སུ་ངོ་སྤྲད། དེ་ལྟར་ན་མཆོད་རྟེན་ངོ་མཚར་ཅན། གཙོ་འཁོར་དགུ་པོ་འདི་རྣམས་གསེར་དངུལ་སོགས་རྒྱུ་ཕུན་སུམ་ཚོགས་པ། བཟོ་བཀོད་ལེགས་ཤིང་ཚད་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་དང༌། གཡུ་བྱིར་མུ་ཏིག་ཤེལ་སོགས་འཕྲ་རྒྱན་ཕུན་སུམ་ཚོགས་པ་ནི། འདི་ཀུན་སྡོམ་ཀྱི་དབང་དུ་བྱས་ན་འཕྲའི་རྣམ་གྲངས་ཁྲི་ཁྲག་རྒལ་ངེས་པ་ཡོད། ནང་བཞུགས་སུ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་འཁྲུལ་མེད་མང་ཉུང་ཇི་ལྟར་འོས་པ་རེ་རེས་གཙོ་བྱས། བྱིན་རླབས་རྟེན་བཟང་ལ་མང་པ་དང༌། གཟུངས་ཀྱི་ཚོགས་དཔག་ཏུ་མེད་པ་བཞུགས།

འདིའི་གྱང་རིས་ལ། ཀུན་མཁྱེན་དུས་གསུམ་སངས་རྒྱས་ལོ་ཙཱ་བ་རྣམ་གཉིས། འཕགས་པ་ཐོགས་མེད། དུས་ཞབས་པ་ཆེན་པོ་རྣམས་དང༌། གཞན་ཡང་མཚན་བྱང་བཞིན་དུ། སྤྲུལ་པའི་སྐྱེས་མཆོག་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་སྐུ་བརྙན་བཞུགས།

པདྨ་བཀོད་ཀྱི་ལྷ་ཁང་ཕུག་ན། རྟེན་གྱི་གཙོ་བོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པ། གཡས་གཡོན་གྱི་ཕྱོགས་སུ་སློབ་དཔོན་པདྨ་འབྱུང་གནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྟེ། འབུར་དོད་ཀྱི་སྐུ་གཟུགས་གསུམ་དང༌། ལོགས་བྲིས་ལ་འཕགས་པ་བཅུ་གཅིག་ཞལ། རྟ་མགྲིན། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ལ་སོགས་པ་བཞུགས།

ལྷ་ཁང་མདོ་ན་སློབ་དཔོན་པདྨ་འབྱུང་གནས་འཁོར་མཁའ་འགྲོའི་ཚོགས་དང་བཅས་པ་དང༌། དེ་ཉིད་ཀྱི་རྣམ་ཐར་ཞིང་བཀོད་ལོ་རྒྱུས་ཚད་ལྡན་ཁོ་ན་དང་བསྟེན་པས་ཡིད་ཆེས་པའི་གནས་དང༌།  ཀུན་མཁྱེན་དུས་གསུམ་སངས་རྒྱས་ཇོ་ནང་བ་ཆེན་པོ་སློབ་མའི་ཚོགས་དང་བཅས་པ་དང༌།  དེ་ཉིད་ཀྱི་རྣམ་ཐར་ཞིང་བཀོད་ངོ་མཚར་ཆེ་བ་རགས་རིམ་རྣམས་བཞུགས།

ལྕང་ལོ་ཅན་གསང་བདག་གི་ལྷ་ཁང་འདི་ན། རྟེན་གྱི་གཚོ་བོ་ཕྱག་རྡོར་མདོ་ལུགས། བྱིན་རླབས་ཀྱི་སྟོབས་ལས། ས་བདག་ཀླུ་གཉན་སོགས་སྡེ་བརྒྱད་བྲན་དུ་འཁོལ་བར་མཛད་པ་འདི་དང༌། གྱང་རིས་ལ་གསང་བདག་ཞི་བ་རྡོར་སེམས་གསང་བདག་འཁོར་ལོ་ཆེན་པོ། གསང་བདག་གཏུམ་པོ། འབྱུང་པོ་འདུལ་བྱེད། རྡོ་རྗེ་རྣམ་འཇོམས་རྣམས་དང༌། སྟ་ར་གསུམ་ན་ཕྱག་ན་རྡོ་རྗེ་ཨུ་ཙརྱ་དང༌། གཏུམ་པོ་དམར་པོ་དང༌། རྣམ་ཐོས་སྲས་ཀྱི་རིགས་སྣ་ཚོགས་པ་བཞུགས།

བདེ་འབྱུང་ཤམ་བྷ་ལའི་ལྷ་ཁང་འདི་ལ། གཙང་ཁང་ན་རྟེན་གཙོ་རྡོ་རྗེ་འཆང་ཆེན་པོ་ཁྲི་རྒྱབ་དང་བཅས་པ། རྒྱུ་གསེར་ཟངས་ལས་གྲུབ་ཅིང་བྱོན་ལེགས་པ། མཐའ་སྐོར་དུ་ཆོས་རྒྱལ་བདུན་རིགས་ལྡན་ཉི་ཤུ་རྩ་ལྔ༌། འཁོར་ལོ་ཅན་དྲག་པོ་དང་བཅས་པ་རྣམས་འབུར་སྐུར་བཞུགས་ཤིང༌། གྱང་རིས་ལ་བྱང་ཕྱོགས་དཔལ་ལྡན་ཤམ་བྷ་ལའི་བཀོད་པ། བོད་ཡུལ་གྱི་དཔལ་ལྡན་ཤམ་བྷ་ལ་རི་ཁྲོད་ཇོ་ནང་གི་བཀོད་པ། ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཡུམ་བྱང་ཆུབ་སེམས་མ་དང་ཁྲོ་མོའི་ཚོགས་རྣམས་བཞུགས། ལྷ་ཁང་མདོ་མ་ན། སྟོན་པ་སངས་རྒྱས་ཀྱི་རྩ་རྒྱུད་གསུངས་པ་དང༌། དཔལ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་དང༌། ཆོས་རྒྱལ་རིགས་ལྡན་གྱི་ཚོགས་རྣམས་གྱང་རིས་སུ་བཞུགས།         མངོན་སྤྱོད་དྲག་པོའི་ལྷ་ཁང་བསྟན་སྲུང་མགོན་པོའི་གནས་མཆོག་འདི་ན། ཕུག་གི་མགོན་ཁང་དངོས་ན། དབུས་ཀྱི་གཙོ་བོར་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གཡས་གཡོན་མཐའ་སྐོར་དུ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། ཕྱག་བཞི་པ། ལྷ་མོ་འདོད་ཁམས་མ། རྒྱལ་ཆེན་རྣམ་ཐོས་སྲས། སྟོབས་འཕྲོག་ནག་པོ་བྲམ་གཟུགས་རྣམས་བཞུགས། མགོན་ཁང་མདོ་མ་ན་ལོགས་བྲིས་ཀྱི་ཚུལ་དུ་བཞུགས་པ་ལ། ལས་ཀྱི་མགོན་པོ་བེར་ནག་ཟངས་གྲི་ཅན། ལྷ་མོ་དམག་ཟོར་མ། དུར་ཁྲོད་བདག་པོ། གནོད་སྦྱིན་ཡབ་ཡུམ། པུ་ཏྲ་ལྕམ་དྲལ་ལ་སོགས་པ། ལས་གཤིན་དམར་ནག ཆོས་བདག་སྨན་བཙུན་མ། ལས་མཁན་མདུང་དམར་ཅན་ལ་སོགས་པ་བཞུགས།

གནོད་སྦྱིན་ནོར་ལྷའི་ལྷ་ཁང་འདི་ཉིད་ཀྱི་དབང་དུ་བྱས་ན། རྟེན་གཙོ་བོ་བྱང་ཆུབ་སེམས་དཔའ་གནོད་གནས་དབང་པོ་ཞེས་ཀྱང་བྱ། འཕགས་པ་ཆུ་དབང་སྙིང་རྗེ་ཆེན་པོ་ཞེས་ཀྱང་བྱ། གནོད་སྦྱིན་གསེར་གྱི་མདོག་ཅན་ཛམ་བྷ་ལ་ཞེས་ཀྱང་བྱ་བ། མདོར་ན་མདོ་སྔགས་ཐམས་ཅད་ལས་གསུངས་ཤིང༌། ནང་པ་སངས་རྒྱས་པའི་ནོར་ལྷ་ཐམས་ཅད་ཀྱི་གཙོ་བོ་འཕགས་པ་ཛམ་བྷ་ལའི་སྐུ་བརྙན་འདི། བཟོ་ཁྱད་ལེགས་ཤིང་རྒྱན་གྱི་བཀོད་པ་ལ་སོགས་པ་ཆེས་ཕུན་སུམ་ཚོགས་པ། འདི་བཞེངས་ཙམ་ཉིད་ནས་གནས་འདིར་འབྱོར་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འཕེལ་བ་སོགས་ཤིན་ཏུ་བཀྲ་ཤིས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ལགས། འདི་ནི་འཕགས་མ་ནོར་རྒྱུན་མ་ཕྱག་དྲུག་མ་ས་བཟང་པཎ་ཆེན་གྱི་ཐུགས་དམ། འདི་ནི་ཚོགས་བདག་དཀར་པོ། འདི་ནི་ཛམ་བྷ་ལ་ནག་པོ་སྟེ། འདི་གཉིས་ཀྱང་རྗེ་བཙུན་ཉིད་ཀྱིས་གསར་བཞེངས་སུ་གནང་བ་བྱིན་རླབས་ཀྱི་རྟགས་མཚན་ཅན་ཡིན།

གྱང་རིས་ལ་དཔལ་གསང་བ་འདུས་པ་ལས་བྱུང་བ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མན་ངག་དང་མཐུན་པ། ཛམ་པ་ལ་ཞལ་གསུམ་ཕྱག་དྲུག་པ། ཛམ་སེར་ཕྱག་གཉིས་པ། ཛམ་བྷ་ལ་ནག་པོའམ་ཁྲོ་བོ་འཆོལ་བའི་ཛམ་བྷ་ལ། རྣམ་སྲས་ལྗང་ཁུ་བེ་ཅོན་མ། ཛམ་བྷ་ལ་དཀར་པོ་འབྲུག་ཞོན་མ། འཇུར་གེགས་སེལ་བའི་ཚོགས་བདག ནོར་རྒྱུན་མ་བ་ལང་རྫི་རྣམས་བཞུགས། གཡོན་གྱི་ཕྱོགས་ལ་གནོད་སྦྱིན་ཨ་པ་ར་ཙི་ཏ། ནོར་རྒྱུན་མ་ཕྱག་གཉིས་མ། ཛམ་བྷ་ལ་དམར་པོ་གྲྭ་པ་མངོན་ཤེས་ལུགས་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། རྗེ་བཙུན་ཉིད། སངས་རྒྱས་རིགས་ལྔ༌། དུས་ཀྱི་འཁོར་ལོ་ལས་འབྱུང་བའི་ཛམ་བྷ་ལ་ལྗང་ཁུ། མགོན་དཀར་ཡིད་བཞིན་ནོར་བུ། ཡང་ནོར་རྒྱུན་མ། ཁོལ་པོ་ཀུན་ད་ལི་རྣམས་བཞུགས།

དེ་ལྟར་མཐིལ་ཀྱི་གཙུག་ལག་ཁང་འདི་རྣམས་ཀྱི་དབང་དུ་བྱས་ན། ཕྱི་སྒོ་ཆེན་པོ་རེ་རེའི་ནང་དུ་ཆུད་པ་རྣམས་གཅིག་ཏུ་རྩིས་པའི་དབང་དུ་བྱས་ན། དབུས་སུ་གཙུག་ལག་ཁང་ཆེན་པོ་མཐའ་གཙུག་ལག་ཁང་བཅུ་དྲུག་སྟེ། ངོ་མཚར་སྨད་དུ་བྱུང་བའི་ལྷ་ཁང་བཅུ་བདུན་ཡིན།

དེ་དག་རེ་རེའི་ནང་སེལ་རྣམ་གྲངས་ཀྱིས་ཕྱེ་ན། ལྷ་ཁང་གི་གྲངས་ལྔ་བཅུ་ཙམ་ཡོད། གཞན་ཡང་གསུང་སྤར་མང་པོ་བཞུགས་པའི་སྤར་ཁང་དང༌། རི་བོའི་ངོས་དང་རྩེ་མོའི་ཕྱོགས་ལ་འཇམ་དཔལ་ཁྲོ་རྒྱལ་ལྷ་ཁང་དང༌། མགོན་ཁང་ཨུ་ཙ་ལ་དང༌། དཔལ་ལྡན་འབྲས་སྤུངས་དང༌། གཟིམས་ཁང་པོ་ཊ་ལ་དང༌། སཽ་རཥ྄ཊ་དང༌། དཔལ་གྱི་རི་ལ་སོགས་པ་གཙུག་ལག་ཁང་གི་རྣམ་གྲངས་དཔག་ཏུ་མེད་པ་བཞུགས་ཏེ། བསྐལ་པའི་མཐའི་བར་དུ་འགྲོ་དོན་འཕྲིན་ལས་ནམ་མཁའ་ལྟར་རྒྱ་ཆེ་ཞིང་ཆུ་བོའི་རྒྱུན་ལྟར་ཆད་པ་མེད་ལ། རི་རབ་ལྟར་བརྟན་ཅིང༌། ཉི་འོད་ལྟར་གཟི་བརྗིད་ཀྱི་དཔལ་འབར་བར་བཞུགས་པ་ལགས། དེ་ལྟར་དཀོན་མཆོག་བདེན་པའི་མཐུ་སྟོབས་ཀྱིས། །མཁའ་ཁྱབ་འགྲོ་བའི་བདེ་སྐྱིད་འཕེལ་བ་དང༌། ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག    མངྒ་ལཾ།

ཞར་བྱུང་།

ཨོཾ་སྭ་སྟི། ཆོས་གྲྭ་བྱེ་བ་གྲངས་མེད་ཀྱི་དབུས་ན། རི་རབ་ལྟར་མངོན་པར་མཐོ་བ་རྟག་བརྟན་དམ་ཆོས་གླིང་འདི་ཉིད་ཀྱི་གནས་ཀྱི་རྩེ་མོར་གྱུར་པ་གཟིམས་ཁང་པོ་ཊ་ལ་འདི་ཉིད་ཀྱི་དབང་དུ་བྱས་ན། ལྷ་ཁང་ཕུག་མ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སར་པ་ཎི། གཡས་སུ་སྒྲོལ་མ་དང་ནོར་བཟང༌། གཡོན་དུ་ཁྲོ་གཉེར་ཅན་དང་རྟ་མགྲིན་ཏེ། འཕགས་པ་ལྷ་ལྔའི་འབུར་སྐུ་ཤིན་ཏུ་མཚར་བ་བྱིན་རླབས་དཔག་ཏུ་མེད་པ་དང་བཅས་པ་བཞུགས། བར་གྱི་ལྷ་ཁང་ཀ་གཉིས་མ་འདི་ན། འཕགས་པ་སྤྱན་རས་གཟིགས་ཡི་གེ་དྲུག་མ་རིགས་གསུམ། སེང་གེ་སྒྲ། ཧ་རི་ཧ་རི་ཧ་རི་ལ་ཞོན་པ། འཕགས་པ་པདྨ་ཀར་དབང༌། སྤྱན་རས་གཟིགས་དྲག་པོ་ཆེན་པོ། ཁམས་གསུམ་དབང་སྡུད་ཀྱི་སྤྱན་རས་གཟིགས་ཕྱག་བཞི་པ་དང་གཉིས་པ། ཡིད་བཞིན་ནོར་བུའི་འཁོར་ལོས་བསྒྱུར་བ་ཕྱག་བཞི་པ་དང༌། ཕྱག་གཉིས་པ། རྒྱལ་བ་རྒྱ་མཚོར་གྲགས་པ་ཡིག་དྲུག་དམར་པོ། དོན་ཞགས་ཕྱག་བཅུ་པ། དོན་ཡོད་ལྕགས་ཀྱུ། དོན་ཡོད་མཆོད་པའི་ནོར་བུ། སྤྱན་རས་གཟིགས་པདྨ་དྲ་བ། འཇིག་རྟེན་མགོན་པོ། རྗེ་བཙུན་རི་ཁྲོད་པ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་རྣམས་ལོགས་བྲིས་སུ་བཞུགས། ཕྱིའི་བར་འཁྱམས་ལ། གཡས་ཕྱོགས་སུ་ལྷོ་ཕྱོགས་རི་བོ་པོ་ཊ་ལའི་བཀོད་པ། གཡོན་ཕྱོགས་ན་དགེ་བརྙེན་ཞི་པའི་གོ་ཆ་རི་བོ་པོ་ཊ་ལ་འབྱོན་པའི་བཀོད་པ་རྣམས་བཞུགས།     བཀྲ་ཤིས་དགེ་ལེགས་འཕེལ།།