སྐལ་ལྡན་རྒྱ་མཚོའི་མགུར་འབུམ།
སྐལ་ལྡན་རྒྱ་མཚོ།
ཨོྃ་སྭསྟི།། སྲས་བཅས་རྒྱལ་བའི་རྨད་བྱུང་མཛད་པའི་ཁུར།། ཡོངས་རྫོགས་ཉམས་པ་མེད་པར་ལེགས་བཟུང་ནས།། ཕྱོགས་འདིར་སྐལ་ལྡན་གདུལ་བྱ་རྒྱ་མཚོའི་ཚོགས།། རྣམ་འདྲེན་བླ་མ་མཆོག་དེས་བདག་སྐྱོངས་ཤིག། ཡབ་རྗེ་དམ་པས་ཐབས་མཁས་ཐུགས་རྗེ་ཡིས།། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཡང་བཅུད་རྣམས།། རྣར་སྙན་ཡིད་འབབ་སྐྱོ་གླུའི་རྣམ་པ་རུ།། ལེགས་གསུངས་མགུར་མའི་རིམ་པ་འདིར་བཞུགས་སོ།།
རིང་བརྒྱུད་གཉིས་ཀའི་གསོལ་འདེབས་དང་བསྟོད་པ། ན་མོ་གུ་རུ་བུངྔྷ་བོ་ངྷི་ས་ཏྭ་ཡ།། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་།། རྒྱལ་བ་བྱམས་མགོན་ཐོགས་མེད་དབྱིག་གི་གཉེན།། འཕགས་པ་གྲོལ་སྡེ་བཙུན་པ་རྣམ་གྲོལ་སྡེ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། མཆོག་སྡེ་དུལ་བའི་སྡེ་དང་རྣམ་སྣང་མཛད།། སེང་བཟང་ཀུ་སཱ་ལི་གཉིས་དགེ་བ་ཅན།། གསེར་གླིང་པ་དང་ཇོ་འབྲོམ་དགོན་པ་བ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། སྣེ་ཟུར་བ་དང་འདུལ་འཛིན་ཐག་མ་པ།། ནམ་མཁའ་སེང་གེ་ནམ་མཁའ་རྒྱལ་པོ་དང་།། སེང་གེ་བཟང་པོ་རྒྱལ་སྲས་བཟང་པོའི་ཞབས།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱས་ཟུངས།། ལྷོ་བྲག་གྲུབ་ཆེན་རྒྱལ་བ་ཙོང་ཁ་པ།། རྒྱལ་ཚབ་འདུལ་འཛིན་མཁས་གྲུབ་རིན་པོ་ཆེ།། བ་སོ་ཆོས་རྗེ་གྲུབ་ཆེན་ཆོས་རྡོར་བ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། བློ་བཟང་དོན་གྲུབ་སངས་རྒྱས་ཡེ་ཤེས་དང་།། ཀུན་མཁྱེན་བློ་བཟང་ཆོས་རྒྱན་སྡེ་བ་རྗེ།། ཆོས་ཀྱི་རྒྱ་མཚོ་ཆོས་པ་རིན་པོ་ཆེ།། རྒྱལ་སྲས་སྤྲུལ་སྐུ་རྣམས་ཀྱིས་ཐུགས་རྗེས་ཟུངས།། སྟོན་པ་སངས་རྒྱས་འཇམ་དབྱངས་ཀླུ་སྒྲུབ་ཞབས།། ཟླ་གྲགས་རིག་པའི་ཁུ་བྱུག་ཆེ་ཆུང་དང་།། ཇོ་འབྲོམ་པོ་ཏོ་བ་དང་ཤ་ར་བ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། འཆར་ཀ་བ་དང་སེ་སྤྱིལ་ལྷ་ལུང་པ།། འགྲོ་མགོན་ལྷ་དང་ཟངས་ཆེན་མཚོ་སྣ་བ།། མོན་གྲ་བ་དང་ཆོས་སྐྱབས་བཟང་པོ་སྟེ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། སྤྱན་སྔ་ཚུལ་ཁྲིམས་འབར་དང་གཞོན་ནུ་འོད།། དགྱེར་སྒོམ་སངས་རྒྱས་དབོན་སྟོན་ནམ་མཁའ་རྒྱལ།། སེང་གེ་བཟང་པོ་རྒྱལ་སྲས་བཟང་པོ་སྟེ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པ་དང་།། དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་དང་།། ལུས་སྲོག་མྱུར་དུ་འཇིག་པའི་ངང་ཚུལ་རྣམས།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།། དཀར་ནག་ལས་འབྲས་བསླུ་མེད་ཤེས་པ་དང་།། སྡིག་སྤོང་དགེ་བ་སྒྲུབ་ལ་གཞོལ་བ་དང་།། འཁོར་བའི་སྐྱོན་མཐོང་དེ་ལས་ཐར་འདོད་བློ།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།། རང་གཞན་སྲིད་མཚོར་ལྷུང་ལས་ངེས་འབྱུང་སེམས།། འགྲོ་ཀུན་ཐར་འདོད་ལྷག་བསམ་བྱང་ཆུབ་སེམས།། ཚུལ་ཁྲིམས་རྣམ་གསུམ་བསླབ་བྱའི་ཉམས་ལེན་རྣམས།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།།སྟོང་ཉིད་ལ་དམིགས་ཞི་གནས་ལྷག་མཐོང་དང་།། དབང་ཐོབ་དམ་སྡོམ་སྲོག་བཞིན་བསྲུང་བ་དང་།། བསྐྱེད་རྫོགས་ཟབ་མོ་ཉམས་སུ་ལེན་པ་རྣམས།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།། ལམ་སྟོན་བླ་མ་གྲོགས་བཅས་ཞབས་པད་བརྟན།། དམ་པའི་ཆོས་ཀྱི་ཕྱི་ནང་བར་ཆད་ཞི།། སངས་རྒྱས་གོ་འཕང་མྱུར་དུ་ལེགས་ཐོབ་ནས།། འགྲོ་ཀུན་བདེ་ལ་འགོད་པའི་བཀྲ་ཤིས་ཤོག། རྒྱལ་བ་རྡོ་རྗེ་འཆང་ཆེན་འཇམ་པའི་དབྱངས།། དཔའ་བོ་རྡོ་རྗེ་རྒྱལ་བ་ཙོང་ཁ་པ།། མཁས་གྲུབ་སྐུ་མཆེད་གྲུབ་ཆེན་ཆོས་རྡོར་བ།། གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།། བླ་མ་དྲན་ཚེ་མོས་གུས་སྐྱེས་བ་དང་།། འདོད་ཆུང་ཆོག་ཤེས་ཞི་ཞིང་དུལ་བ་དང་།། བག་ཡོད་ལ་སྦྱོར་གྲོགས་ལ་དག་སྣང་རྣམས།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།། འཆི་ངེས་ནམ་འཆི་ཆ་མེད་དྲན་པ་དང་།། རྙེད་བཀུར་ཞེན་ལོག་དོགས་མེད་མཐོང་བ་དང་།། འགྲོ་ཀུན་མར་མཐོང་དེ་ལ་བྱམས་བརྩེའི་བློ།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།། བྱང་ཆུབ་སེམས་དང་མཐའ་བྲལ་ལྟ་བ་དང་།། ལྟ་སྒོམ་སྤྱོད་གསུམ་འབྲེལ་བའི་ཉམས་ལེན་དང་།། ལམ་གྱི་མཐར་ཐུག་རིམ་གཉིས་རྣམ་འབྱོར་རྣམས།། འགྲན་བཞིན་གོང་དུ་འཕེལ་བར་བྱིན་གྱིས་རློབས།། དགེ་བ་འདིས་མཚོན་རང་གཞན་དགེ་བ་རྣམས།། འཇིག་རྟེན་ཆོས་བརྒྱད་རྒྱུ་རུ་མི་སྨིན་པར།། སམས་རྒྱས་ཁོ་ནའི་རྒྱུ་རུ་འགྱུར་བ་དང་།། སྨོན་གནས་མཐས་དག་ཆོས་བཞིན་འགྲུབ་འགྱུར་ཅིག ། ཅེས་བྱང་ཆུབ་ལམ་གྱི་རིམ་པའི་རིང་བརྒྱུད་གཉིས་ཀའི་གསོལ་འདེབས་འདི་ནི། མཁས་པ་དམ་པ་ཚེ་བརྟན་རྒྱ་མཚོ་དང་སྡོམ་བརྩོན་དམ་པ་བློ་བཟང་རྒྱ་མཚོ་གཉིས་ཀྱིས་ཡུན་རིང་དུ་བསྐུལ་བ་ལས། སྐལ་ལྡན་རྒྱ་མཚོས་བཀྲ་ཤིས་འཁྱིལ་དུ་བཀོད་པའོ།།
རྩིས་འཁོར་དུ་གཏགས་ཟིན་པའི་མགུར་འབུམ་ཡོངས་རྫོགས་དགོས་གལ་མཆིས་ཚེ་འབྲེལ་གཏུག་གནོངས་དང་ཕུལ་ཆོག