གཞན་སྟོང་བགྲོ་གླེང་།

ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བདུན་པ་དེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་མགོ་ལོག་ལྕམ་མདའ་དགོན་པའི་ནང་དབུ་འཛུགས་གནང་ཡོད་འདུག ཕྱི་ཚེས་ ༡༡ ཉིན་མགོ་ལོག་ལྕན་མདའ་དགོན་དུ་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བདུན་པ་དེ་དབུ་འཛུགས་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་ཐོག་རྒྱལ་བ་ཇོ་ནང་པའི་དགོན་ཆེན་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དང་། བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་། ཡར་ཐང་དགོན་ངེས་དོན་བཤད་སྒྲུབ་གླིང་། ལུང་སྐྱ་དགོན་ངེས་དོན་མི་འགྱུར་བདེ་ཆེན་གླིང་། གཙང་བཀྲ་ཤིས་ཆོས་འཁོར་གླིང་སོགས་ཇོ་ནང་པའི་དགོན་སྡེ་ ༥༠ ལྷག་གི་དགེ་འདུན་པ་རྩེ་གྲས་ ༢༠༠༠ བརྒལ་བ་དང་། བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་གནད་ཡོད་མི་སྣ་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་ཡོད་འདུག  བགྲོ་གླེང་ཉིན་དང་པོར་མདོ་སྔགས་སློབ་གླིང་གི་མཁན་ཆེན་བགྲོ་གླེང་གོ་སྒྲིག་པའི་ཚོགས་གཙོ་བློ་བཟང་ཆོས་འཕེལ་མཆོག་གིས་ཐེངས་འདིའི་བགྲོ་གླེང་གི་སྒྲིག་གཞི་དང་། ཀུན་སྤྱོད་ཁུར་སྟངས། བགྲོ་གླེང་ཚོགས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། དེ་དང་ཆབ་གཅིག་ཆོས་ཁྲིམས་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་བགྲོ་གླེང་དེ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག ཉིན་གཉིས་པར་མགོ་ལོག་ལྕམ་མདའ་དགོན་པའི་མཁན་ཆེན་ཀུན་དགའ་གསལ་བྱེད་མཆོག་གིས་བགྲོ་གླེང་བ་ཡོངས་ལ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལམ་རིམ་བདུད་རྩིའི་སྙིང་ཁུ་བཀའ་ཁྲིད་ཀྱི་འགོ་བཙུགས་པ་དང་འབྲེལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད་པ་དང་། དེ་ནས་མུ་མཐུད་དགོན་སྡེ་སོ་སོའི་བཤད་གྲྭ་བ་རྣམས་ཀྱིས་རྩོད་རྒྱུགས་དང་བློ་རྒྱུགས། འཆད་འཁྲིད་བཅས་ཀྱི་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་བོད་ལྔའི་ཐོག་བགྲོ་གླེང་དང་རྩོད་པ་བྱེད་རྒྱུའི་འགོ་འཛུགས་གནང་ཡོད་འདུག་ལ། ཕྱི་ཚེས ༡༠ ནས་ ༢༥ བར་ཉིན་ ༡༥ ལ་འཚོགས་རྒྱུ་ཡིན་འདུག

 

གནས་ཚུལ་མཁོ་གཏོང་བ་ཚངས་དབྱངས་རྒྱ་མཚོ།