བཀའ་བསྡུ་ལྔ་བ་མཐའ་བྲལ་དབུ་མ་ཆེན་པོའི་གྲུབ་མཐའ་རབ་གསལ་ཞེས་བྱ་བ།
བཙུན་པ་འཇམ་དཔལ་གྲགས་པ།
ན་མོ་རཏྣ་ཏྲ་ཡཱ་ཡ། ལོ་ཀི་ཤྭ་ར་ཡ་ན་མོ་ན་མཿ བཀའ་བསྡུ་ལྔ་བ་མཐའ་བྲལ་དབུ་མ་ཆེན་པོའི་གྲུབ་མཐའ་རབ་གསལ་ཞེས་བྱ་བ། ལྷག་པའི་ལྷར་གྱུར་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། མཁྱེན་པ་མཐའ་ཡས་མི་འཇིགས་སྤོབས་པ་བརྙེས།། མ་འདྲེས་ཆོས་མངའ་མཁའ་ལྟར་སྐྱེ་འཇིག་བྲལ།། གདོད་ནས་ལྷུན་གྲུབ་མཐར་ཐུག་མི་བསླུ་བ།། དོན་དམ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི།།
སྒྲ་བརྙན་ལྟ་བུའི་དྲུག་ཅུའི་དབྱངས་སྙན་སྒྲོགས།། སྒྱུ་མ་ལྟ་བུའི་མཛད་པ་དཔག་ཡས་སྟོན།། རྨི་ལམ་ལྟ་བུའི་སེམས་ཅན་སྒྲོལ་མཛད་པའི།། གནས་སྐབས་བསླུ་མེད་གཟུགས་ཀྱི་སྐུ་ལའང་སྐྱབས།། ཆོས་ཀྱི་དབང་ཕྱུག་རྒྱལ་ཚབ་བྱམས་པ་མགོན།། མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས།། ཐུགས་རྗེའི་དབང་ཕྱུག་མགོན་པོ་སྤྱན་རས་གཟིགས།། མཐུ་སྟོབས་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ།། དྲང་དོན་ངེས་དོན་འབྱེད་མཁས་ཐོགས་མེད་མཆེད།། བདེན་གཉིས་རྣམ་དབྱེ་འབྱེད་མཁས་ཀླུ་སྒྲུབ་སྲས།། ཚུལ་དང་ཚུལ་མིན་འབྱེད་མཁས་ཕྱོགས་གླང་གྲགས།། ཤིང་རྟའི་སྲོལ་འབྱེད་རྣམས་ལ་ཕྱག་འཚལ་ལོ།། རྒྱལ་བའི་བཀའ་དང་བསྟན་བཅོས་དྲི་མེད་རྣམས།། བོད་འདིར་བསྒྱུར་བའི་དཀའ་སྤྱད་ཁུར་བཞེས་པའི།། སྔོན་གྱི་རྒྱལ་བློན་ལོ་པཎ་བཀའ་དྲིན་ཅན།། སྤྲུལ་པའི་སྐྱེས་མཆོག་རྣམས་ལ་ཕྱག་འཚལ་ལོ།། འཆད་རྩོད་རྩོམ་ལ་མཁས་པའི་ས་པཎ་སོགས།། ཇི་ལྟའི་ཆོས་ཉིད་གཟིགས་པའི་དོལ་པོ་སོགས།། ཇི་སྙེད་ཆོས་ཀུན་མཁྱེན་པའི་བུ་སྟོན་སོགས།། སྙིགས་དུས་འགྲོ་བའི་འདྲེན་པ་རྣམས་ལ་འདུད།། བདེན་གཉིས་ཟུང་འཇུག་གནས་པའི་དབུ་མའི་གཞི།། ཚོགས་གཉིས་ཟུང་འཇུག་སྒྲུབ་པ་དབུ་མའི་ལམ།། སྐུ་གཉིས་ཟུང་འཇུག་གྲུབ་མཐའ་དབུ་མའི་འབྲས།། མཐའ་གཉིས་བྲལ་བ་དབུ་མའི་གྲུབ་མཐའ་དབྱེ།། དེ་ཡང་སློབ་དཔོན་བདེ་བྱེད་བདག་པོའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན།། ཞེས་དང༌། གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན།། ཞེས་གསུངས་པ་ལྟར་སྨྲས་པ། བདག་ཀྱང་ཇོ་ནང་ཕྱོགས་མི་འཛིན། །ཞ་ལུ་ཕྱོགས་ལ་མི་སྡང་ཡང༌། །ལུང་རིགས་རྣམས་དང་མི་འགལ་བའི། །གྲུབ་མཐའ་དེ་ཉིད་ཡོངས་སུ་འཛིན། །གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཇོ་ནང་ཞ་ལུའི་བཤེས་གཉེན་སོགས། །ཐམས་ཅད་བདག་གི་སྟོན་པ་ཡིན།། སློབ་དཔོན་མཐོ་བཙུན་གྲུབ་རྗེའི་ཁྱད་པར་འཕགས་བསྟོད་ལས་ཀྱང༌། གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན་ལ་ཞན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས།། གཞན་ལ་སྐྱབས་སུ་སོང་བར་གྱུར།། ཞེས་དང༌། འཇིག་རྟེན་ལྷ་དང་བྲམ་ཟེ་དང༌། །རིག་བྱེད་ཤཱཀྱ་འདི་དག་ཅེས། །སྡང་བར་སྨྲ་བ་རང་སྐྱོན་ཉིད། །ཅི་ཕྱིར་སེམས་པར་མི་བྱེད་ཀྱེ།། ཞེས་གསུངས་པ་ལྟར་སྨྲས་པ། སྙིགས་དུས་སྐྱེ་བོ་སྐྱོན་ལ་ཆགས། །ཡོན་ཏན་འཛིན་ལ་སྡང་བས་ན། །གྲུབ་མཐའ་ལོག་པའང་ལེགས་མཐོང་ནས། །ལོག་པའི་རྗེས་སུ་ཞུགས་པར་གྱུར། །འཁོར་ལོ་གསུམ་པ་དྲང་དོན་དང༌། །ཇོ་ནང་གྲུབ་མཐའ་གྲངས་ཅན་ཞེས། །སྡང་བར་སྨྲ་བ་རང་སྐྱོན་ཉིད། །ཅི་ཕྱིར་སེམས་པར་མི་བྱེད་ཀྱེ། ། དེ་ཡང་གྲུབ་མཐའི་གཤགས་རལ་བྱེད་པ་དང༌། རང་གི་རྒྱུད་ལ་གོ་བར་བྱེད་པ་དང༌། གཞན་ལ་སྟོན་པ་དང༌། ལུང་རིགས་རྣམ་དག་གིས་དགག་སྒྲུབ་བྱེད་པ་ལ་ཡོན་ཏན་འདི་རྣམས་དང་ལྡན་པ་གཅིག་དགོས་ཏེ། བཀའ་རབ་འབྱམས་གྱི་རྒྱལ་ཁམས་ཡངས་པ་གཟིགས་པ། བསྟན་བཅོས་སྣ་རེའི་ལུང་ཕུག་ཏུ་མ་ཞེན་པ། རྨོངས་པ་ཁ་མཐུན་གྱི་དམག་དཔུང་ལ་མི་འཇིགས་པ། རང་འདོད་ཕུར་ཚུགས་གྱི་མཁར་དཔེ་ལ་མ་འཁྲས་པ། གྲུབ་མཐའ་ལོག་པའི་སྐྱོ་མ་སྔ་བཙན་གྱི་དབང་དུ་མི་འགྲོ་བ། གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའི་ཕྲག་དོག་གི་དྲི་མས་མ་སྦགས་པ། སྣུམ་གྱིས་སྦགས་པའི་གོས་ཚོན་གྱིས་བསྒྱུར་དུ་མི་རུང་བ་བཞིན་དུ། གྲུབ་མཐའ་བདེན་རྫུན་གྱི་རྟོག་དཔྱོད་མི་བྱེད་པར། རང་རང་གི་ཕྱོགས་སུ་ཞེན་པའི་ལྟ་བས་ཆོས་མི་གོ་བས་ལོག་པའི་ཞེན་ལྟ་དེ་དང་བྲལ་བ། ཐེག་པ་ཆེན་པོའི་གང་ཟག་ལ་ཞེ་སྡང་བའི་དབང་གིས་ཆོས་ལ་ཡང་ལོག་པར་སྒྲུབ་པ་མཐོང་བས། གང་ཟག་གི་ཆགས་སྡང་ཆོས་ལ་མི་བསྲེ་བ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས་བརྩམས་ཏེ། དྲང་དོན་དང་ངེས་དོན་དང་བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པ། ཚུར་རོལ་རང་གི་འདོད་པ་དང་མཐུན་ཡང་རྒྱལ་བའི་གསུང་རབ་རྣམ་དག་དང་མི་མཐུན་ན་དུག་དང་འདྲེས་པའི་ཁ་ཟས་བཞིན་འདོར་ནུས་པ། ཕ་རོལ་གཞན་གྱི་གང་ཟག་ངན་ཡང་ལེགས་བཤད་རྣམ་དག་མཐོང་ན་ཚེར་མའི་ཤིང་ལས་སྦྲང་རྩི་བཞིན་དུ་ལེན་ནུས་པ། ཚུར་རོལ་རང་གི་འདོད་པ་དང་མི་མཐུན་ཡང་རྒྱལ་བའི་གསུང་རབ་རྣམ་དག་དང་མཐུན་ན། དྲི་མི་ཞིམ་ཡང་རོ་ནུས་ཕུན་སུམ་ཚོགས་པའི་སྨན་བཞིན་དུ་དང་དུ་ལེན་ནུས་པ། ཕ་རོལ་གཞན་གྱི་གང་ཟག་བཟང་ཡང་ཉེས་པར་བཤད་པ་རྣམས་གསེར་གྱི་རི་ལ་དུག་གི་ཆུ་རྒྱུན་བཞིན་དུ་སྤོང་ནུས་པ། ཆོས་རྒྱལ་ཐུབ་པའི་མདོ་རྒྱུད་གསུང་རབ་རྣམ་དག་དང༌། རྒྱལ་ཚབ་བྱམས་པའི་ཆོས་ལྔ་དང༌། རྒྱལ་སྲས་སེམས་འགྲེལ་སྐོར་གསུམ་དང༌། རྒྱལ་བས་ལུང་བསྟན་པའི་རྒྱན་དྲུག་ལ་སོགས་པ་འཁྲུལ་བ་མི་མངའ་བའི་སེམས་དཔའ་ཆེན་པོ་རྣམས་ཀྱི་མཛད་པའི། བསྟན་བཅོས་དྲི་མ་མེད་པ་ལ་སོགས་ཏེ་དཔང་པོར་གྱུར་པ་ཚད་མར་གྱུར་པ་རྣམས་དོར་ནས། དེ་རྣམས་དང་མི་མཐུན་ཞིང་དཔང་དུ་མ་གྱུར་ཚད་མར་མ་གྱུར་འཁྲུལ་པ་མངའ་བའི་པཎ་ཆུང་གཞན་འགའ་རེའི་བསྟན་བཅོས་ཀྱི་རྗེས་སུ་འབྲང་བ་ནི། ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་ཡོད་བཞིན་དུ་དེ་དོར་ནས་བ་ཚྭའི་ཆུ་ལ་འཐུང་བ་བཞིན་དུ། བླང་དོར་ཕྱིན་ཅི་ལོག་ཡིན་པས་ལོག་པའི་བླང་དོར་དང་བྲལ་བ། སྔོན་གྱི་བགྲེས་པོ་དམ་པ་རྣམས་ལ་ཡང་མོས་པ་དང་དད་པ་བྱས་པ་ལས་བྱིན་རླབས་འཇུག་པའི་དགོས་པ་ཡོད་པར་མཐོང་ནས། མོས་གུས་རྩེ་གཅིག་ཏུ་བྱེད་པ་ཐབས་ཀྱི་ཆ་བསྒྲུབ་པ་ལ་མཁས་ཤིང༌། ཤེབ་རབ་ཀྱི་ཆ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས་མོས་པ་ཙམ་གྱི་རྗེས་སུ་མི་འབྲང་བར། སྔོན་གྱི་བགྲེས་པོའི་ཟེར་སྒྲོས་ནོར་བ་དང་ལོག་པའི་གྲུབ་མཐའ་གྲགས་ཆེ་བ་རྣམས་འདོར་ནུས་པའི་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའི་ཤེས་རབ་རྣམ་པར་དག་པ་དང་ལྡན་པ། ཐེག་ཆེན་མཐར་ཐུག་གི་ལྟ་བ་རྣམ་དག་དེ་དང་པོར་གཞན་ལས་ཐོས་པའི་དུས་སུ་ཐོས་བྱུང་ཤེས་རབ་དང༌། ལུང་རྣམ་དག་ལ་བརྟེན་པའི་ཡིད་ཆེས་རྗེས་དཔག་གིས་རྟོག་ཤིང་ངོ་སྤྲོད། བར་དུ་རང་ཉིད་ཀྱིས་བསམ་པའི་དུས་སུ་བསམ་བྱུང་ཤེས་རབ་དང༌། རང་གི་རིགས་པ་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་གིས་རྟོགས་ཤིང་ངོ་འཕྲོད། ཐ་མར་བསྒོམ་པའི་དུས་སུ་སྒོམ་བྱུང་ཤེས་རབ་དང༌། རང་ཉིད་ཀྱི་མངོན་གསུམ་བཞིས་རྟོགས་ཤིང་ཉམས་མྱོང་གིས་ངོ་འཕྲོད་པའི། ཐོག་མཐའ་བར་གསུམ་དུ་དགེ་བའི་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་པའི་ལྟ་བ་རྣམ་པར་དག་པ་དང་ལྡན་པ། གསེར་རྟོགས་པ་ལ་ཡང་བསྲེགས་བཅད་བརྡར་ནས་གཏན་ལ་འབེབས་པ་བཞིན་དུ། གཞལ་བྱའི་གནས་གསུམ་གཏན་ལ་འབེབས་པ་ཡང༌། གཞལ་བྱ་མངོན་གྱུར་གཏན་ལ་འབེབས་པ་ལ་བསྲེག་པ་དང་འདྲ་པའི་མངོན་སུམ་ཚད་མས་གནོད་པ་མེད། གཞལ་བྱ་ལྐོག་གྱུར་གཏན་ལ་འབེབས་པ་ལ་བཅད་པ་དང་འདྲ་བའི་རྗེས་དཔག་ཚད་མས་གནོད་པ་མེད། གཞལ་བྱ་ཤིན་ཏུ་ལྐོག་གྱུར་གཏན་ལ་འབེབས་པར་བརྡར་བ་དང་འདྲ་བའི་ལུང་རྣམ་དག་དང་ཆོས་ཉིད་ཀྱི་རིགས་པས་གནོད་པ་མེད་པར་གཏན་ལ་འབེབས་པ་ལ་མཁས་པ། མགོན་པོ་བྱམས་པས་ཆོས་སྤོང་པའི་རྒྱུ་བཅུ་གསུངས་པ་སྐྱེ་བ་སྔོན་དང་འདིར་ཡང་སྦྱངས་པ་མ་བྱས་པས་བློ་གྲོས་དམན་པ་དང༌། ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་སྐྲག་ཅིང་མོས་པ་མེད་པ་དང༌། མི་ཤེས་པ་ཤེས་སོ་སྙམ་པའི་མངོན་པའི་ང་རྒྱལ་ལ་བརྟེན་པ་དང༌། སྔོན་ལས་ངན་བསགས་པ་ལས་ཚེ་འདིར་ཆོས་ཀྱིས་ཕོངས་པའི་སྒྲིབ་པ་ཅན་དུ་གྱུར་པ་དང༌། དོན་དམ་མཐར་ཐུག་གི་མཆོག་བར་ནས་ཀུན་རྫོབ་དྲང་དོན་ལ་མཆོག་ཏུ་འཛིན་པ་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་བརྐམ་ཆགས་སུ་གྱུར་པ་དང༌། ཀུན་རྫོབ་ཀུན་རྫོབ་ཏུ་མེད་པར་ལྟ་བ་དང༌། དོན་དམ་དོན་དམ་དུ་མེད་པར་ལྟ་བ་ལ་སོགས་ཏེ། ལྟ་བ་ངན་པའི་དབང་དུ་གྱུར་པ་དང༌། ཆོས་ཡང་དག་པ་སུན་འབྱིན་པའི་སྡིག་པའི་གྲོགས་པོ་བསྟེན་པས་དེའི་དབང་དུ་གྱུར་པ་དང༌། ཆོས་ཡང་དག་པ་འཛིན་པའི་དགེ་བའི་བཤེས་གཉེན་རྒྱང་རིང་དུ་བསྲེང་བ་དང༌། ཐེག་ཆེན་ལ་མི་མོས་པར་ཐེག་ཆུང་ལ་མོས་པ་ནི་མོས་པ་དམན་པར་གསུངས་པ་ཡིན་ལ། སྐྱོན་འདི་བཅུ་ནི་རང་ཉིད་ཆོས་ཟབ་མོ་ལས་ཉམས་པའི་རྒྱུར་གསུངས་པས་སྐྱོན་བཅུ་འདི་དང་བྲལ་བ། ལྟ་བ་དང་སྒོམ་པ་དང་སྤྱོད་པ་དང་འབྲས་བུ་བཞི་ལ་ཡང༌། བདེན་གཉིས་ལས་བརྩམས་ནས་ཤན་འབྱེད་པ་ལ་མཁས་པ་༼སྟེ༽ཡོན་ཏན་འདི་རྣམས་དང་ལྡན་པ་གཅིག་འཚལ་ལོ།། སྨྲས་པ། གྲུབ་མཐའི་དགག་སྒྲུབ་བྱེད་པའི་ཚེ།། ཡོན་ཏན་འདི་རྣམས་ཚང་བ་གཅེས།། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་གཅེས།། ཕྲག་དོག་ཕྱོགས་བྲལ་གཟུར་གནས་གཅེས།། བདེན་གཉིས་རྣམ་དབྱེར་མཁས་པ་གཅེས།། ལེགས་ཉེས་བླང་དོར་ཤེས་པ་གཅེས།། འཁྲུལ་མེད་དཔང་པོར་འཛིན་པ་གཅེས།། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཅེས།། ཐོས་བསམ་སྒོམ་པའི་ཤེས་རབ་གཅེས།། ལུང་རིགས་མཁས་པར་ཤེས་པ་གཅེས།། ཆོས་སྤོང་རྒྱུ་དང་བྲལ་བ་གཅེས།། མདོར་ན་ཐུབ་གསུང་མི་འགལ་གཅེས།། ཞེས་པ་བསྡུ་བའི་ཚིགས་སུ་བཅད་པའོ།། འོ་ན་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་དཀའ་འོ་སྙམ་ན། ཤིན་ཏུ་བདེན་མོད་ཀྱི་ཡོན་ཏན་འདི་རྣམས་དང་ལྡན་པ་དཀོན་པའི་ཕྱིར། གྲུབ་པའི་མཐའ་མ་ནོར་བར་རྟོགས་པའང་ཤིན་ཏུ་ཉིད་དུ་རབ་ཏུ་དཀོན་ནོ།། ཡོན་ཏན་འདི་རྣམས་དང་མི་ལྡན་པར་གྲུབ་མཐའི་གཤགས་རལ་བྱེད་པ་ནི། མུན་རྡོ་འཕེན་པ་དང་མཚུངས་པར་མཁས་པ་རྣམས་ཀྱི་བཞད་གད་ཀྱི་གནས་ཡིན་ནོ།། གྲུབ་མཐའི་གཤགས་རལ་བྱེད་པ་ལ་ཡོན་ཏན་འདི་རྣམས་རྗེས་མཐུན་པ་ཅིག་ཅེས་ཀྱང་ཚང་བར་དགོས། དེ་ལྟ་མིན་ན་གྲུབ་མཐའ་མངོན་སུམ་རྟོགས་པ་ལྟ་ཅི་སྨོས། ལུང་རིགས་ལ་མི་བརྟེན་ནས་རྗེས་དཔག་གིས་ཀྱང་རྟོགས་པར་མི་འགྱུར་རོ།། དེ་ཡང་གྲུབ་མཐའ་རྣམ་པར་འབྱེད་པ་ལ་རང་ལུགས་ཀྱི་ཐུབ་པ་ཆེན་པོའི་གྲུབ་མཐའ་རྣམས་སྡེབ་སྦྱོར་དང་སྙན་ངགས་ཀྱིས་བཅིངས། དེ་ལས་ཕྱི་རོལ་ཏུ་གྱུར་པའི་གྲུབ་མཐའ་རྣམས་ཐལ་འགྱུར་གྱིས་དགག་ན་མཁས་པ་རྣམས་དགྱེས་པར་བྱེད་ནུས་མོད་ཀྱི། སྦྱོར་བྱུང་གི་ནན་ཏན་དམན་ཞིང་ལུང་རིགས་ལ་སྦྱངས་པ་མ་བྱས་པ་སྐྱེས་ཐོབ་ཀྱི་ཤེས་རབ་ཆུང་བ་རྣམས་ཀྱི་ཆོས་སྐལ་ཆད་པར་འགྱུར་པས། སྟོད་སྨད་འབྲེལ་ཆགས་པར་བྱ་བའི་ཕྱིར་བསྒྲུབ་བྱ་ཁོང་ན་གནས་པ་རྣམས་དངོས་སུ་ཐོན་པར་བཀོད། རང་བཟོའི་དུག་ཆུས་མ་འདྲེས་པར་བྱ་བའི་ཕྱིར་ལུང་རིགས་རྣམ་དག་གི་སྒྲུབ་བྱེད་སོ་སོར་བཀོད། ཐམས་ཅད་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཤིན་ཏུ་གསལ་བའི་སྒོ་ནས་བཤད་པར་བྱའོ།། དེ་ཡང་འཆད་པར་བྱེད་པའི་རྒྱུ་ནི། དེང་སང་གངས་ཅན་གྱི་ཁྲོད་འདི་ན། ས་སྐྱ་པ་དང་བུ་དོལ་གཉིས་ཀྱི་གྲུབ་མཐའི་ཁ་འཛིན་ཕྱོགས་ཕྱོགས་ཀྱི་བུ་སློབ་རྣམས་ཀྱིས་བྱས་ནས། གཅིག་གིས་གཅིག་གི་ལོག་རྟོག་འགོག་པར་རློམ་ཡང༌། ཐམས་ཅད་མཁྱེན་པའི་གསུང་ལ་དགག་པ་བྱེད་ཅིང་རྒྱལ་པོ་ངན་པའི་ཆོས་ལུགས་དང་འདྲ་བར། མི་རིགས་པས་རིགས་པ་འགོག་ལ་སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་གཉིས་སུ་ལྷུང་སྟེ། མཚམས་མེད་ལྔའི་སྡིག་ལས་ལྕི་བའི་ཆོས་སྤོང་གི་ལས་ཆེན་པོ་གསོག་པར་མཐོང་བ་དང༌། མི་རིགས་པ་མང་དུ་འཕེལ་ན་ཞིང་གི་ཡུར་བ་ལྟར་བསྟན་པ་ལ་གནོད་པ་བློས་མ་བཟོད་པར། དེ་རྣམས་བཟློག་པའི་ཕྱིར་དུ་གྲུབ་མཐའི་རྣམ་དབྱེ་འདི་བྱས་སོ།། བར་དུ་དགེ་གཞུང་། དེ་ཡང་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པའི་གསུང་རབ་རྣམ་དག་དང༌། དེའི་དགོངས་འགྲེལ་དྲི་མ་མེད་པའི་བསྟན་བཅོས་ཚད་མར་གྱུར་པ་རྣམས་དཔང་དུ་བཞག་ནས། ལུང་རིགས་རྣམ་དག་གིས་གཏན་ལ་འབེབས་པར་བྱེད་དོ།།
༡༽འབྲས་བུ་སྐུ་གཉིས་ཟུང་འཇུག་གཏན་ལ་དབབ་པ།
དེ་ལ་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཟུང་དུ་འཇུག་པ་ཡང༌། ཐོག་མར་འབྲས་བུ་ཟུང་དུ་འཇུག་པ་གཏན་ལ་དབབ་པར་བྱ་སྟེ། དེ་ལྟ་བུའི་མཚན་ཉིད་ཡང་རྒྱུ་རྐྱེན་གྲུབ་པ་ལ་འབྲས་བུ་གྲུབ་པའི་ངེས་པ་མེད་ཅིང༌། འབྲས་བུ་གྲུབ་ན་རྒྱུ་རྐྱེན་གྲུབ་པའི་ཕྱིར་རོ།། སྒྲོ་འདོགས་མཐར་ལྟུང་གཞན་ལུགས་དགག་པ། དེ་ལ་ཡང་གཉིས་ལས། དང་པོ་སྒྲོ་འདོགས་ཀྱི་མཐར་ལྟུང་བའི་གཞན་ལུགས་དགག་པ་ནི། ཁ་ཅིག་སྣང་བ་འདི་ཆོས་སྐུ་ཡིན་ནོ་ཞེས་སྒྲོ་འདོགས་མཛད། འདི་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་བཀག་ཟིན་པའི་ཕྱིར་འདིར་མ་སྤྲོས་སོ།། སྐུར་འདེབས་མཐར་ལྟུང་གཞན་ལུགས་དགག་པ། གཉིས་པ་སྐུར་འདེབས་ཀྱི་མཐར་ལྟུང་བའི་གཞན་ལུགས་དགག་པ་ནི། ཁ་ཅིག་དོན་དམ་པའི་སངས་རྒྱས་ཡོད་པའང་མ་ཡིན་མེད་པའང་མ་ཡིན། ཡོད་མེད་གཉིས་ཀའང་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་པའང་མ་ཡིན་ཞེས་སྨྲ་ཞིང་འདི་དབུ་མ་པའི་གྲུབ་མཐའ་མཐར་ཐུག་ཡིན་ཏེ། དེའི་རྒྱུ་མཚན་ཡང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པའི་རིག། ཅེས་དང༌། ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང༌། བརྟག་པར་མི་ནུས། ཞེས་སོགས་ཀྱིས་བསྟན་ཏོ་ཞེས་ཟེར་རོ།། ལུང་འདི་སྒྲ་ཇི་བཞིན་དུ་འཛིན་པ་སྔོན་ཡང་མང་དུ་བྱུང་ཞིང༌། ད་ལྟ་ཡང་མཁས་པ་ཕལ་མོ་ཆེ་འདི་ཁོ་ནའི་རྗེས་སུ་འབྲང་བ་མང་ངོ༌།། འདི་འགོག་པ་ལ་ཞི་བའི་སྒོ་ནས་ལུང་རིགས་ཀྱི་དགག་སྒྲུབ་བཅུ་ཕྲག་གཅིག་དགོད་པ་དང༌། དྲག་པོའི་སྒོ་ནས་ལྟ་ངན་གྱི་མགོ་ལ་དངོས་འགལ་གྱི་ཐོག་དབབ་པ་གཉིས་ལས།
ཞི་བའི་ལུང་རིགས་ཀྱི་དགག་སྒྲུབ་དགོད་པ།
དང་པོ་ནི། དེ་ལ་དོན་དམ་པའི་སངས་རྒྱས་དེ་མུ་གཉིས་པ་མེད་པ་མ་ཡིན་པ་དེ་བདེན་ཏེ་ཡོད་པའི་ཕྱིར་རོ།། མུ་གསུམ་པ་ཡོད་མེད་གཉིས་ཀ་མ་ཡིན་པ་ཡང་བདེན་ཏེ། ཡོད་མེད་གཉིས་འགལ་བའི་ཕྱིར་རོ།། མུ་བཞི་པ་མིན་པ་འདི་འོག་ཏུ་བརྒལ་ལན་གྱིས་གཏན་ལ་འབེབས་སོ།། མུ་དང་པོ་དོན་དམ་པའི་སངས་རྒྱས་ཡོད་པ་མ་ཡིན་ཞེས་པ་འདི་ནི། སངས་རྒྱས་ལ་སྐུར་བ་འདེབས་པ་ཡིན་ཞིང༌། མདོ་སྡེ་དུ་མ་ལས། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ་ཞེས་གསུངས་པ་དེ་འདི་ཡིན་ནོ།། དེ་ལ་ཁ་ཅིག་ན་རེ། རྒྱང་འཕེན་པ་ནི་ལས་རྒྱུ་འབྲས་སྐྱེ་བ་སྔ་ཕྱི་ཐམས་ཅད་མཁྱེན་པ་སོགས་མེད་པར་འདོད་པ་ཡིན་ལ། ཁོ་བོ་ཅག་ནི་དོན་དམ་པའི་སངས་རྒྱས་ཡོད་པར་མི་འདོད་པས། རྒྱང་འཕེན་པའི་གསང་ཚིག་འཛིན་པར་མི་འགྱུར་རོ་ཞེ་ན། འོ་ན་འདི་ལ་ལན་ཐོབ་མཛོད་ཅིག དེ་ཡང་དགག་སྒྲུབ་བཅུའི་དང་པོ་ནི། དོན་དམ་སངས་རྒྱས་ཆོས་ཀྱི་སྐུ་ཡོད་པ་མ་ཡིན་ན། ཀུན་རྫོབ་ལོངས་སྐུའི་རྟེན་དུ་གྱུར་པའི་དོན་དམ་ཆོས་སྐུ་ཡོད་པ་མ་ཡིན་པར་འགྱུར། ལོངས་སྐུའི་རྟེན་ཆོས་སྐུ་ཡོད་པ་མ་ཡིན་ན། སྤྲུལ་སྐུས་གསུངས་པའི་ཆོས་རྣམས་ཡོད་པ་མིན་པར་འགྱུར། སྤྲུལ་སྐུས་གསུངས་པའི་ཆོས་ཡོད་པ་མིན་ན་ཆོས་ལ་བླང་དོར་བྱེད་པའི་དགེ་འདུན་དང་སྐྱེས་བུ་ཡོད་པ་མིན་པར་འགྱུར། ཆོས་ལ་བླང་དོར་བྱེད་མཁན་གྱི་སྐྱེས་བུ་ཡོད་པ་མ་ཡིན་ན། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་པོ་ཡོད་པ་མིན་པར་འགྱུར། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་པོ་ཡོད་པ་མིན་ན། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་ལས་བྱུང་བའི་འབྲས་བུ་མཐོ་རིས་དང་ཐར་བ། འཁོར་བ་དང་ངན་སོང་སོགས་མེད་པར་ཁས་བླང་དགོས་ཏེ། རྒྱང་འཕེན་པའི་གསང་ཚིག་འཛིན་པ་དང་བཟོད་བྱུང་མི་གདའ་འམ། འདི་རྣམས་ལས་ལུང་གི་སྒྲུབ་བྱེད་ནི་ཡུམ་བསྡུས་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར།། ཞེས་སོགས་དང༌། རིགས་པའི་སྒྲུབ་བྱེད། རྟེན་མེད་པའི་བརྟེན་པ་མི་སྲིད་པའི་ཕྱིར་དང༌། ཁྱབ་བྱེད་མེད་པའི་ཁྱབ་བྱ་མི་སྲིད་པའི་ཕྱིར་དང༌། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ།། འདི་དག་ཐལ་འགྱུར་དུ་བཀོད་ན། རྒྱུ་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པ་དང༌། རང་བཞིན་མ་དམིགས་པའི་ཐལ་འགྱུར་སོགས་སུ་འགྱུར་རོ།། དེ་རྣམས་དཔེའི་སྒོ་ནས་སྒྲུབ་པ། དཔེར་ན་ནམ་མཁའ་ཡོད་པ་མིན་ན། རླུང་གི་རྟེན་དུ་གྱུར་པའི་ནམ་མཁའ་ཡོད་པ་མིན་པར་འགྱུར། རླུང་གི་རྟེན་ནམ་མཁའ་ཡོད་པ་མིན་ན། བརྟེན་པ་རླུང་མེད་པར་འགྱུར། ནམ་མཁའ་ལ་བརྟེན་པའི་རླུང་ཡོད་པ་མིན་ན། རླུང་ལ་བརྟེན་པའི་ཆུའི་ཕུང་པོ་ཡོད་པ་མིན་པར་འགྱུར། རླུང་ལ་བརྟེན་པའི་ཆུའི་ཕུང་པོ་ཡོད་པ་མ་ཡིན་ན། ཆུའི་ཕུང་པོ་ལ་བརྟེན་པའི་ས་ཆེན་ཡོད་པ་མིན་པར་འགྱུར། ཆུའི་ཕུང་པོ་ལ་བརྟེན་པའི་ས་ཆེན་ཡོད་པ་མ་ཡིན་ན། ས་ལ་བརྟེན་པའི་འགྲོ་བ་རྣམས་ཡོད་པ་མིན་པར་འགྱུར། ས་ཆེན་པོ་ལ་བརྟེན་པའི་འགྲོ་བ་རྣམས་ཡོད་པ་མ་ཡིན་ན། འགྲོ་བ་རྣམས་ལས་རྒྱུ་འབྲས་ལ་སྤྱོད་པའང་མེད་པར་གྱུར་པ་ལས་དེ་ལྟར་ཡང་མ་ཡིན། ནམ་མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ཡང་དེ་འདྲའོ།། ཞེས་གསུང་པའི་ཕྱིར་འགྲོ་བ་ལས་རྒྱུ་འབྲས་ལ་བླང་དོར་བྱེད་པ་ཡོད་པས་འགྲོ་བ་ཡོད་པར་གྲུབ། འགྲོ་བ་ཡོད་པས་འགྲོ་བའི་རྟེན་ས་གཞི་ཡོད་པར་གྲུབ། འགྲོ་བའི་རྟེན་ས་གཞི་ཡོད་པས་སའི་རྟེན་ཆུའི་ཕུང་པོ་ཡོད་པར་གྲུབ། སའི་རྟེན་ཆུ་ཡོད་པས་ཆུའི་རྟེན་རླུང་ཡོད་པར་གྲུབ། ཆུའི་རྟེན་རླུང་ཡོད་པས་རླུང་གི་རྟེན་ནམ་མཁའ་ཡོད་པར་གྲུབ་པོ།། དཔེ་དེ་བཞིན་དུ་ལས་རྒྱུ་འབྲས་ལ་བླང་དོར་བྱས་པ་ལས་བྱུང་བའི་འབྲས་བུ་མཐོ་རིས་ཐར་པ་དང༌། འཁོར་བ་ངན་སོང་སོགས་ཡོད་པས་ལས་རྒྱུ་འབྲས་ལ་བླང་དོར་བྱེད་པའི་སྐྱེས་བུ་ཡོད་པར་གྲུབ། ལས་རྒྱུ་འབྲས་ལ་བླང་དོར་བྱེད་པའི་སྐྱེས་བུ་དང་དགེ་འདུན་ཡོད་པས་དམ་པའི་ཆོས་ཡོད་པར་གྲུབ། དམ་པའི་ཆོས་ཡོད་པའི་ཕྱིར་ཆོས་གསུང་པའི་སྤྲུལ་སྐུ་ཡོད་པར་གྲུབ། སྤྲུལ་སྐུ་ཡོད་པའི་ཕྱིར་དེའི་རྟེན་ལོངས་སྐུ་ཡོད་པར་གྲུབ། ལོངས་སྐུ་ཡོད་པའི་ཕྱིར་ལོངས་སྐུའི་རྟེན་དོན་དམ་པའི་ཆོས་སྐུ་ཡོད་པར་གྲུབ་པོ།། འདི་རྣམས་ཀྱི་ལུང་གི་སྒྲུབ་བྱེད། ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་པའི་སྐུ་འབྱུང་ངོ༌།། ཞེས་བྱམས་མགོན་གྱིས། དང་པོ་གཉིས་པའི་རྟེན་ཡིན་ནོ།། ཞེས་དང༌། དོན་འདི་རྟེན་དང་བཅས་པ་བསྟན།། ཅེས་དང༌། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ།། ཞེས་སོགས་ཀྱིས་གྲུབ་པོ།། རིགས་པའི་སྒྲུབ་བྱེད་འབྲས་བུ་ཡོད་ན་རྒྱུ་ཡོད་པའི་ཕྱིར་དང༌། ཁྱབ་བྱ་ཡོད་ན་ཁྱབ་བྱེད་ཡོད་པའི་ཕྱིར་དང༌། བརྟེན་པ་ཡོད་ན་རྟེན་ཡོད་པའི་ཕྱིར་རོ།། གཞན་ཡང་དགག་སྒྲུབ་གཉིས་པ། མོ་གཤམ་གྱི་བུ་ཡོད་པ་མིན་ན། མོ་གཤམ་གྱི་བུའི་སྟོབས་སོགས་ཀྱི་ཡོན་ཏན་ཡོད་པ་མིན་པ་བཞིན་དུ། དོན་དམ་པའི་སངས་རྒྱས་ཆོས་སྐུ་དེ་ཡོད་པ་མ་ཡིན་ན། དོན་དམ་ཆོས་སྐུ་ལ་མངའ་བའི་སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པའི་ཆོས་བཅྭོ་བརྒྱད་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་ཡོད་པ་མིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན།། ཞེས་པའི་ལུང་གིས་གྲུབ་པོ།། དགག་སྒྲུབ་གསུམ་པ་གཞན་ཡང་རི་བོང་རྭ་ཡོད་པ་མ་ཡིན་པའི་ཕྱིར། རི་བོང་རྭ་རྟོགས་པར་དཀའ་བ་མཆོག་དུ་ཟབ་པ་མཆོག་དུ་ཕྲ་བ་སོགས་ཡོད་པ་མིན་པ་བཞིན་དུ། དོན་དམ་ཆོས་སྐུ་ཡོད་པ་མིན་ན་དོན་དམ་ཆོས་སྐུ་རྟོགས་པར་དཀའ་བ་མཆོག་ཏུ་ཟབ་པ་མཆོག་ཏུ་ཕྲ་བ་རྣམས་ཀྱང་ཡོད་པ་མིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། མདོ་དགོངས་འགྲེལ་ལས་དོན་དམ་པའི་ཆོས་ཀྱི་སྐུ་ནི་མཆོག་ཏུ་རྟོགས་པར་དཀའ་བ་མཆོག་ཏུ་ཟབ་པ་མཆོག་ཏུ་ཕྲ་བ་ཞེས་གསུངས་པའི་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ།། དགག་སྒྲུབ་བཞི་པ། གཞན་ཡང་ནམ་མཁའི་མེ་ཏོག་དེ་ཡོད་པ་མིན་པའི་ཕྱིར། ནམ་མཁའི་མེ་ཏོག་དེ་སུས་ཀྱང་མི་མཐོང་བ་བཞིན་དུ། དོན་དམ་ཆོས་སྐུ་ཡོད་པ་མིན་ན་དོན་དམ་ཆོས་སྐུ་དེ་སུས་ཀྱང་མི་མཐོང་བར་འགྱུར་པ་ལས། དེ་ལྟར་ཡང་མ་ཡིན་ཏེ། རྒྱུད་བླ་མར། ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར།། ཞེས་དང༌། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌།། ཞེས་དང༌། སོ་སོ་རང་གིས་རྟོགས་བྱའི་ཕྱིར།། ཞེས་དང༌། སོ་སོ་རང་གིས་མཐོང་བ་ཉིད།། ཅེས་དང༌། མདོ་སྡེ་དུ་མ་ལས། དོན་དམ་པའི་ཆོས་ཀྱི་དབྱིངས་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ།། ཞེས་སོགས་མང་དུ་གསུངས་པའི་ཕྱིར། དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ།། དགག་སྒྲུབ་ལྔ་པ། གཞན་ཡང་མོ་གཤམ་གྱི་བུ་ཡོད་པ་མིན་པའི་ཕྱིར། མོ་གཤམ་གྱི་བུ་འགྲུབ་པར་བྱ་བའི་ཕྱིར་དུ་འབད་པ་བྱས་པ་ལ་དགོས་པ་མེད་པ་བཞིན་དུ། དོན་དམ་ཆོས་སྐུ་ཡོད་པ་མིན་ན་ཆོས་སྐུ་འགྲུབ་པར་བྱ་བའི་ཕྱིར་དུ། ལམ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་དགོས་པ་མེད་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་པ་དྲུག་ཅུ་པར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག། ཅེས་དང༌། དབུ་མ་རིན་ཆེན་འཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས།། ཞེས་སོགས་ལུང་རྣམ་དག་མང་དུ་གསུངས་པའི་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ། དགག་སྒྲུབ་དྲུག་པ། གཞན་ཡང་རུས་སྦལ་གྱི་སྤུ་ཡོད་པ་མ་ཡིན་པའི་ཕྱིར། རུས་སྦལ་གྱི་སྤུ་ལྷུན་གྱིས་གྲུབ་པ་ཡོད་པ་མ་ཡིན་པ་བཞིན་དུ། དོན་དམ་ཆོས་སྐུ་ཡོད་པ་མ་ཡིན་ན་དོན་དམ་ཆོས་སྐུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའང་མིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། རྒྱུད་བླ་མར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། ཞེས་གསུངས་པའི་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ།། དགག་སྒྲུབ་བདུན་པ། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པའི་ཕྱིར་མོ་གཤམ་གྱི་བུའི་རང་དོན་ཕུན་ཚོགས་ཡོད་པ་མིན་པ་བཞིན་དུ། དོན་དམ་ཆོས་སྐུ་ཡོད་པ་མིན་ན་དོན་དམ་ཆོས་སྐུའི་རང་དོན་ཕུན་ཚོགས་ཀྱི་ཡོན་ཏན་ཡོད་པ་མིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། རྒྱུད་བླ་མར། དང་པོ་གཉིས་གྱིས་རང་དོན་ཏེ།། ཞེས་པ་དང༌། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ།། ཞེས་དང༌། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ།། ཞེས་གསུང་པའི་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ།། དགག་སྒྲུབ་བརྒྱད་པ། གཞན་ཡང་མི་སྲིད་པའི་ཆོས་ཡོད་པ་མིན་པ་དེའི་ཕྱིར། མི་སྲིད་པའི་ཆོས་དེ་ཕལ་བ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས་སུ་ཡང་མི་རུང་ཞིང༌། ཐམས་ཅད་མཁྱེན་པའི་ཡང་ཡུལ་དུ་མི་འགྱུར་བ་བཞིན་དུ། དོན་དམ་ཆོས་སྐུ་ཡོད་པ་མིན་ན་དོན་དམ་ཆོས་སྐུ་དེ་ཐ་མལ་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས་དང༌། ཐམས་ཅད་མཁྱེན་པའི་ཡང་ཡུལ་དུ་མི་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། རྒྱུད་བླ་མར། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། ཞེས་དང༌། དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ།། ཅེས་སོགས་གསུངས་པའི་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ།། དགག་སྒྲུབ་དགུ་པ། གཞན་ཡང་རི་བོང་གི་རྭ་དེ་ཡོད་པ་མིན་པའི་ཕྱིར། རི་བོང་རྭ་སྐྱབས་གནས་མཐར་ཐུག་ཏུ་མི་འགྱུར་བ་བཞིན་དུ། དོན་དམ་ཆོས་ཀྱི་སྐུ་ཡོད་པ་མིན་ན་དོན་དམ་ཆོས་ཀྱི་སྐུ་དེ་སྐྱབས་གནས་མཐར་ཐུག་མིན་པར་འགྱུར་ལ། དེ་ལྟ་ན་འདུས་བྱས་གང་ཡིན་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན། མི་བདེན་པ། མི་རྟག་པ་གང་མི་རྟག་པ་དེ་སྐྱབས་མ་ཡིན་ནོ།། ཞེས་གསུངས་པས་ཀུན་རྫོབ་གཟུགས་སྐུ་ནི་མཐར་ཐུག་གི་སྐྱབས་གནས་མ་ཡིན་པར་བཤད་ལ། དེའི་ཕྱིར་མཐར་ཐུག་གི་སྐྱབས་གནས་མི་སྲིད་པར་འགྱུར་ལ། ལམ་ལ་འབད་པ་བྱས་པ་ལ་ཡང་མཐར་ཐུག་གི་དགོས་པ་མེད་པར་འགྱུར་མོད་དེ་ལྟར་ཡང་མ་ཡིན་ཏེ། མཐར་ཐུག་གི་སྐྱབས་གནས་ཡོད་པར་དྲིན་ལན་བསབ་པའི་མདོ་ལས་གསུངས་ཏེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་བ། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་བ་ལགས།བཀའ་སྩལ་པ། ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོ༼ཡི༽གཟུགས་ཀྱི་སྐུ་ལ་ནི་མ་ཡིན་ནོ།། གསོལ་པ་ཆོས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི་བསྟན་པའི་ཆོས་ལ་ནི་མ་ཡིན་ནོ།། གསོལ་པ་དགེ་འདུན་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་དགེ་འདུན་ལ་ནི་མ་ཡིན་ནོ།། ཞེས་གསུང་པའི་དོན་བསྡུས་ན། མགོན་པོ་བྱམས་པའི་རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར།། ཞེས་གསུང༌། དེའི་འགྲེལ་བར་འཕགས་པ་ཐོགས་མེད་ཀྱིས། དོན་དམ་པའི་སྐྱབས་ནི་གཅིག་པུ་ཉིད་ཅེས་གསུང་པའི་ཕྱིར་དོན་དམ་པའི་ཆོས་སྐུ་ཡོད་པར་གྲུབ་པོ།། དགག་སྒྲུབ་བཅུ་པ། གཞན་ཡང་རི་བོང་གི་རྭ་ཡོད་པ་མིན་པའི་ཕྱིར་རི་བོང་གི་རྭ་ལས་མ་གཡོས་བཞིན་དུ། དོན་བྱེད་པ་སོགས་མི་སྲིད་པ་ལྟར། དོན་དམ་ཆོས་སྐུ་ཡོད་པ་མིན་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པར་འགྱུར་ཞིང༌། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ཀུན་རྫོབ་གཟུགས་སྐུས་མཛད་པ་བཅུ་གཉིས་ལ་སོགས་པས་དོན་བྱེད་པ་ཡང་མེད་པ་དང༌། གདུལ་བྱ་རྒྱ་དང་རིས་སུ་མ་ཆད་པའི་སངས་རྒྱས་ཀྱང་ཡོད་པ་མིན་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། བྱམས་མགོན་གྱི་ཞལ་ནས། ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག། ཅེས་དང༌། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །མཛད་པ་བཅུ་གཉིས་ལ་སོགས་པ། །སྲིད་པ་ཇི་སྲིད་གནས་པར་སྟོན།། ཞེས་དང༌། མདོ་སྡེ་དུ་མ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། མཐའ་ཡས་པའི་སྤྲུལ་པ་སྣ་ཚོགས་ཀྱིས་མཐའ་ཡས་པའི་སེམས་ཅན་འདུལ་བར་བཤད་པ་སོགས་དང༌། དེ་བཞིན་གཤེགས་པའི་འཕྲིན་ལས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གནས་པ་ནམ་མཁའ་དང་མཉམ་པའི། ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཉིད་ཀྱི་ཐ་དད་དུ་དབྱེར་མེད་པ་ཞེས་སོགས་མང་དུ་གསུངས་པའི་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ་པོ།། དོན་དམ་པར་སངས་རྒྱས་ལ་སོགས་པ་ཆོས་གང་ཡང་ཡོད་པ་མ་ཡིན་ཟེར་བ་འདིར། མཁས་པར་ཁས་འཆེ་བ་མང་པོ་མཐུན་པས་འདི་ཧ་ཅང་མི་རིགས་པར་མཐོང་ནས་དགག་སྒྲུབ་འདི་བྱས་སོ།། འདི་དག་ནི་དོན་དམ་གྱི་སངས་རྒྱས་ཡོད་པ་མིན་པའི་སྐྱོན་དང༌། ཡོད་པ་ཡོན་ཏན་གྱི་ལུང་རིགས་ཆེ་ལོང་ཙམ་ཞིག་བརྗོད་པ་ཡིན་ལ། རྒྱས་པར་ནི་མདོ་རྒྱུད་བསྟན་བཅོས་རབ་འབྱམས་ལས་གསལ་བར་འགྱུར་རོ།། སྨྲས་པ། དོན་དམ་ཆོས་སྐུ་ཡོད་པ་མ་ཡིན་ན།། ཆོས་སྐུའི་ཡོན་ཏན་མཐའ་ཡས་ཇི་ལྟར་ཡོད།། ཁྱད་གཞི་མ་གྲུབ་ཁྱད་ཆོས་སུ་ཡིས་མཐོང༌།། དེ་ཕྱིར་དོན་དམ་ཆོས་སྐུ་ཡོད་པར་གྲུབ། ཅེས་པ་བསྡུ་བའི་ཚིགས་སུ་བཅད་པའོ།། །།
དྲག་པོའི་དངོས་འགལ་གྱི་ཐོག་དབབ་པ།
གཉིས་པ་ལྟ་ངན་གྱི་མགོ་ལ་དངོས་འགལ་གྱི་ཐོག་དབབ་པ་ནི། དོན་དམ་གྱི་སངས་རྒྱས་ཡོད་པའང་མིན་མེད་པའང་མིན། གཉིས་ཀའང་མ་ཡིན། གཉིས་ཀ་མ་ཡིན་པའང་མ་ཡིན་ཞེས་སྨྲ་བ་ཇི་བཞིན་དུ་ཁས་ལེན་པ་ཐམས་ཅད་སོམས་ཤིག འདི་ནི་ཁྱེད་ཀྱི་འགལ་བའི་དུས།། འདི་ནི་ཁྱེད་རྣམས་ཕམ་པའི་དུས།། ཁོ་བོས་ཁྱེད་ལ་དངོས་འགལ་སྒྲིགས་ཀྱིས། ཁྱེད་ཀྱིས་ཡིན་པ་ལ་ཡང་ཡིན་ཞེས་ལན་ཐོབ་མཛོད་ཅིག མ་ཡིན་པ་ལ་ཡང་མ་ཡིན་ཞེས་སྨྲོས་ཤིག ཁྱེད་ཀྱིས་ཡོད་མེད་གཉིས་ཀ་མ་ཡིན་པར་ཁས་བླངས་སམ་བླངས་ལགས། དེ་ཀའི་རྗེས་ལ་ཡོད་མེད་གཉིས་ཀ་མ་ཡིན་པའང་མ་ཡིན་ནོ།། ཞེས་ཁས་བླངས་སམ་བླངས་ལགས། འོ་ན་འདི་གཉིས་དངོས་སུ་འགལ་ལོ།། དངོས་འགལ་བྱ་བ་མེད་ན་ཁྱེད་བདེན། ཡོད་ན་ནི་འདི་བས་ལྷག་པའི་དངོས་འགལ་གང་ན་ཡོད་སྨྲོས་ཤིག ཡིན་ན་ཡིན་པ་ལས་འོས་ཅི་ཡོད། མ་ཡིན་ན་མ་ཡིན་པ་ལས་འོས་ཅི་ཡོད། མིན་པར་ཁས་བླངས་ནས་དེ་ཀའི་རྗེས་ལ་མིན་པའང་མིན་ཞེས་བློ་ལྡན་སུས་ཁས་ལེན། མ་ཡིན་པ་མ་ཡིན་ན་ཡིན་པར་འགྱུར་མོད། དགག་པ་གཉིས་ཀྱི་རྣལ་མ་གོ་བའང་ད་དུང་མ་དགོངས་སམ་མ་ཤེས་སམ། ཁྱི་སྐད་ལ་རྒྱུག་པ་འདིའང་མ་མཛད་པར་ལུང་རིགས་མཁྱེན་པའི་སྐབས་དོན་ལགས་པས། རྟོག་དཔྱོད་ཐུགས་བསམ་དུམ་རེ་ལ་བཏང་དུ་གསོལ་ཞེས་གནད་ནས་བསྐུལ་ཏེ་ཞུས་པ་དང༌། དངོས་འགལ་གྱི་ཐོག་གཉིས་འཛོམ་ནས་ཅང་མི་གསུང་བར་བཞུགས་པས་དེ་དེ་བཞིན་དུ་འཛིན་ཏོ།། འདི་ཡང་ཁོ་བོའི་བློ་གྲོས་ཀྱིས་གསར་དུ་རྙེད་པའི་རིགས་པ་ཡིན་ནོ།། སྨྲས་པ། ཡིན་ན་ཡིན་པར་མི་འགྱུར་ཞིང༌།། མིན་ན་མིན་པར་མི་འགྱུར་བས།། འགལ་བ་ལྟག་སྤྲོད་ཁས་ལེན་པ།། གྲུབ་མཐའ་ལོགས་སུ་རྩོམ་པ་བདེན།། དེང་སང་དུས་ཀྱི་ཆོས་པ་བདག་ལྟ་བུས།། ལྟ་སྒོམ་གཉིས་ཀྱི་ཤན་འབྱེད་མ་ཤེས་པས།། རྒྱལ་བའི་བཀའ་ལ་ཁྱད་གསོད་བྱས་ནས་ཀྱང༌།། གཡེམ་མའི་མུ་ཅོར་སྨྲས་པ་མཐོལ་ལོ་བཤགས།། ཞེས་པ་བར་སྐབས་ཀྱི་ཚིགས་བཅད་དོ།། །། འོ་ན་ལུང་དེ་ལ་འབྲུ་ཅི་ལྟར་སྣོན་ཅེ་ན། དུས་འཁོར་རྒྱུད་འགྲེལ་དུ་ལུང་འདི་ལ། རྗེ་བཙུན་སྤྱན་རས་གཟིགས་ཀྱིས། ཡོད་པ་ཤེས་རབ་གྱི་ཆ་དཀར་ཕྱོགས་མ་ཡིན། མེད་པ་ཐབས་ཀྱི་ཆ་ནག་ཕྱོགས་མ་ཡིན། དཀར་ཕྱོགས་ནག་ཕྱོགས་གཉིས་འགལ་བའི་ཕྱིར་གཉིས་ཀའང་མ་ཡིན། དཀར་ཕྱོགས་ནག་ཕྱོགས་འདི་དག་ལས་མ་གཏོགས་པའི་ལྷན་སྐྱེས་ཀྱི་བདེ་བ་ཟུར་ན་ཡོད་པ་མ་ཡིན་ཞེས་འབྲུ་བསྣན་གདའ། བྱམས་མགོན་གྱི་མདོ་སྡེ་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན།། ཞེས་པའི་འགྲེལ་པར་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས། དེ་ཁོ་ན་ཉིད་ཀྱི་དོན་དེ་ཀུན་བརྟགས་གཞན་དབང་གི་མཚན་ཉིད་ཀྱིས་ནི་ཡོད་པ་མ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གཅིག་པ་༼ཉིད༽གཉིས་མེད་པས་དེ་བཞིན་ཉིད་མ་ཡིན་ནོ།། དེ་དག་ཁོ་ན་དང་གཞན་པ་མེད་པས་གཞན་མ་ཡིན་ནོ།། ཞེས་འབྲུ་བསྣན་གདའ། ཡང་བྱམས་མགོན་གྱི་རྒྱུད་བླ་མར། ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང༌། །བརྟགས་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་བྱ་བ།། ཞེས་པའི་རྒྱས་བཤད་དུ། བརྟག་མིན་ཕྱིར་དང་ཞེས་གསུང་པས། ཡོད་པ་མིན་པར་ཡང་བརྟག་པར་མི་ནུས། མེད་པ་མིན་པར་བརྟག་པར་མི་ནུས། ཡོད་མེད་གཉིས་ཀ་མིན་པར་ཡང་བརྟག་པར་མི་ནུས། ཡོད་མེད་གཉིས་ཀ་ལས་གཞན་དུའང་བརྟག་པར་མི་ནུས་ཞེས་པའང་གི་སྒྲས་གོང་མ་རྣམས་ཀྱང་བརྟག་མི་ནུས་པར་བཤད་པར་གདའ། བྱམས་མགོན་གྱི་དངོས་སློབ། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། དེའི་འགྲེལ་བར་མེད་པ་དང་ཡོད་པ་དང་ཡོད་མེད་གཉིས་ཀ་མ་ཡིན་པ་སྟེ། རྣམ་པ་བཞི་ཀ་ལྟར་ཡང་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ།། ཞེས་གསུངས། འདི་ཡང་ཁོ་བོས་གསར་དུ་རྙེད་པའི་ཁྱད་ཆོས་ཡིན་ནོ།། ཁོང་དཔོན་སློབ་གཉིས་ཀྱི་བསྟན་བཅོས་ལ་ཁོ་རང་གཉིས་ཀ་རྒྱུས་ཆེ། ཁོང་གཉིས་ཀྱིས་དོན་དམ་གྱི་ཆོས་དཀོན་མཆོག་དེ། རྟོག་གེས་མུ་བཞི་གང་དུའང་བརྟག་པར་མི་ནུས། རྟོག་གེའི་ཡུལ་མིན། རྟོག་གེའི་མི་ཤེས་ཞེས་གསུངས་གདའ། སུས་ཀྱང་མི་ཤེས་སུ་ཡི་ཡང་ཡུལ་མིན་གསུངས་པ་མིན་པར་གདའ། དེའི་རྗེས་སུ་བྱམས་མགོན་གྱིས། སོ་སོ་རང་གིས་རིག་ཅེས་དང་དེའི་རྒྱས་བཤད་དུ། འཕགས་པས་མཁྱེན་ཕྱིར། ཞེས་གསུངས། དེའི་འགྲེལ་པར་ཐོགས་མེད་ཀྱིས་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ།། ཞེས་གསུངས་པས། མི་རྟོག་ཡེ་ཤེས་ཀྱི་ཡུལ་དུ་ཡོད་པར་གྲུབ་པོ།། སྨྲས་པ། མཉམ་བཞག་བསྒོམ་པ་གཏན་ལ་འབེབས་པའི་ཚེ།། ཡོད་མེད་ལ་སོགས་མུ་བཞི་གང་དུ་ཡང༌།། ཅིར་ཡང་མི་འཛིན་ཅིར་ཡང་མི་རྟོག་ཅིང༌།། སྣང་བ་དགག་སྒྲུབ་མི་བྱེད་རང་སོར་འཇོག། ཡིན་ལུགས་ལྟ་བ་གཏན་ལ་འབེབས་པའི་ཚེ།། དོན་དམ་སེམས་ཀྱི་རང་བཞིན་འོད་གསལ་དེ།། མཉམ་བཞག་མི་རྟོག་ཡེ་ཤེས་ཡུལ་དུ་ལྟ།། ཀུན་རྫོབ་སྣང་བ་རྣམ་པ་སྣ་ཚོགས་འདི།། རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟ་བུར་བལྟ།། མཉམ་རྗེས་གཅིག་ཏུ་འདྲེས་པ་སངས་རྒྱས་ཡིན།། དེ་དང་རྗེས་མཐུན་དག་པ་ས་གསུམ་ཡིན།། དེ་དང་ཆ་མཐུན་མ་དག་ས་བདུན་ཡིན།། མོས་སྤྱོད་ས་ལ་མཉམ་རྗེས་རེས་འཇོག་བྱེད།། མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་ཡིན།། གྲུབ་ཐོབ་བླ་མ་རྣམས་ཀྱི་མན་ངག་ཡིན།། ཆོས་ཀྱི་ལྟ་སྒོམ་རྣམ་དག་དེ་ལྟར་ཡིན།། མི་ཤེས་ལོག་རྟོག་ཐེ་ཚོམ་བསལ་བའི་ཕྱིར།། ཆོས་ཀྱི་གསང་བ་ཟབ་མོ་བྲིས་པ་ལ།། གསང་སྒྲོགས་ཉེས་ལྟུང་བར་ཆད་མི་འབྱུང་བར།། བླ་མ་དཀོན་མཆོག་མཁའ་འགྲོའི་བྱིན་གྱིས་རློབས།། དེ་རྣམས་ཡན་ཆད་ཀྱིས་བརྟེན་པ་གཞན་དོན་ཕུན་ཚོགས། ཀུན་རྫོབ་གཟུགས་ཀྱི་སྐུ་ཡོད་པའི་རྒྱུ་མཚན་གྱིས་དེའི་རྟེན་དོན་དམ་ཆོས་སྐུ་ཡོད་པར་བསྒྲུབས། ཆོས་ཀྱི་སྐུ་སྐྱེ་འཇིག་མེད་པར་ལྷུན་གྱིས་གྲུབ་པའི་རྒྱུ་མཚན་རྟག་པ་དང་བརྟན་པར་བཞུགས་པ་ལས། གདུལ་བྱ་རིང་བ་སོ་སོའི་སྐྱེ་བོ་རྣམས་གདུལ་བྱ་ནམ་དུས་ལ་བབ་པ་ན། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ།། ཞེས་གསུང་པ་ལྟར། གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུ་སྣ་ཚོགས་སྟོན་པ་དང༌། གདུལ་བྱ་ཉེ་བ་བྱང་ཆུབ་སེམས་དཔའ་རྣམས་འདུལ་བ་ལ། ལོངས་སྤྱོད་རྫོགས་པའི་སྐུ་ཞིང་ཁམས་མཐའ་ཡས་པའི་འོག་མིན་མཐའ་ཡས་པར། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས་པས། ཐེག་པ་ཆེན་པོའི་ཆོས་མཐའ་ཡས་པ་བསྟན་ནས། དུས་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་ཆད་པར་ལྷུན་གྱིས་གྲུབ་པའི་ཕྱིར། དོན་གཉིས་ཕུན་ཚོགས་སྐུ་གཉིས་ཟུང་དུ་འཇུག་པར་གྲུབ་པོ།། དོན་དམ་ཆོས་སྐུ་རྟག་ཅིང་བརྟན་པའི་སྒྲུབ་བྱེད་དུ། མདོ་རྒྱུད་བསྟན་བཅོས་རྣམས་ནས་སྐྱེ་འཇིག་མེད་པའི་ཆོས་ཉིད་ལྷུན་གྲུབ་ཡིན་པར་གསུངས། ཇོ་ནང་པའང་འདི་བས་ལྷག་པའི་རྟག་བརྟན་མི་བཞེད། ཁོ་བོ་ཅག་ཀྱང་མི་འདོད་དོ།། དཔལ་ཆོས་ཀྱི་གྲགས་པས་ཀྱང༌། གང་གི་རང་བཞིན་འཇིག་མེད་པ།། དེ་ལ་མཁས་རྣམས་རྟག་ཅེས་བརྗོད།། ཅེས་གསུངས། ངེད་ཅག་གིས་ཁོང་རྣམ་པའི་རྗེས་ཟློས་བྱས་པ་ལགས་སོ།། སྐྱོན་གདའ་ན་དེར་གཏོང་བར་ཞུས། སྨྲས་པ། ཁ་ཅིག་མཆོག་གསུམ་ཀུན་རྫོབ་བདེན་པ་ཡིན། ། སངས་རྒྱས་རྟག་བརྟན་བྱ་བ་མི་སྲིད་པས།། དོན་དམ་ཆོས་སྐུའང་སངས་རྒྱས་མ་ཡིན་ཟེར།། དེ་བཞིན་འགོག་བདེན་ཆོས་ཀྱང་ཆོས་མ་ཡིན།། དོན་དམ་དགེ་འདུན་དགེ་འདུན་མིན་ནོ་ལོ།། དོན་དམ་དཀོན་མཆོག་གསུམ་ལ་སྐུར་པ་འདེབས།། འདི་ཡང་ཀུན་རྫོབ་ཁོ་ནའི་ཕྱོགས་སུ་ལྷུང༌།། ཕྱོགས་རེའི་མཐའ་ལ་ཞེན་ནས་ཕན་ཚུན་འགོག། ཁ་ཅིག་མཆོག་གསུམ་དོན་དམ་བདེན་པ་ཡིན།། སྐྱེ་འཇིག་ཅན་གྱི་སངས་རྒྱས་གོ་མི་ཆོད།། དེ་ཕྱིར་ཀུན་རྫོབ་གཟུགས་སྐུ་སངས་རྒྱས་མིན།། དེ་བཞིན་ལམ་གྱི་ཆོས་ཀྱང་ཆོས་མ་ཡིན།། ཀུན་རྫོབ་དགེ་འདུན་དགེ་འདུན་མིན་ཞེས་སྨྲས།། ཀུན་རྫོབ་དཀོན་མཆོག་གསུམ་ལ་སྐུར་པ་འདེབས།། འདི་ཡང་དོན་དམ་ཁོ་ནའི་ཕྱོགས་སུ་ལྷུང༌།། ཕྱོགས་རེས་མཐའ་ལ་ཞེན་ནས་ཕན་ཚུན་འགོག། ཐམས་ཅད་དྲིལ་ནས་མཆོག་གསུམ་ཡུལ་ནས་ཕུད།། མཆོག་གསུམ་སྐུར་འདེབས་སྡིག་པའི་ཁུར་ཆེན་འདི།། གང་ཟག་གཅིག་གིས་བསྒྱུར་བར་མི་ནུས་ཞེས།། ཕྱོགས་ཕྱོགས་ཉིད་དུ་བགོ་བཤའ་བྱས་པ་འདྲ།། སངས་རྒྱས་ལ་ཡང་བདེན་གཉིས་ཟུང་དུ་འཇུག། དམ་ཆོས་ལ་ཡང་བདེན་གཉིས་ཟུང་དུ་འཇུག། དགེ་འདུན་ལ་ཡང་བདེན་གཉིས་ཟུང་དུ་འཇུག། མཐའ་བྲལ་དབུ་མ་ཆེན་པོའི་གྲུབ་མཐའ་ཡིན།། མདོ་རྒྱུད་བསྟན་བཅོས་མན་ངག་སྙིང་པོ་ཡིན།། རྒྱལ་བ་སྲས་དང་བཅས་པས་མགྲིན་གཅིག་གསུངས།། རྣལ་འབྱོར་གྲུབ་པ་ཐོབ་པ་རྣམས་ཀྱིས་རྟོགས།། ཐོས་བསམ་སྒོམ་པས་གཏན་ལ་ཕབ་པ་ཡིན།། ཚིག་ཙམ་གྱིས་ནི་དོན་རྣམས་ཅི་ཞིག་འགྲུབ།། དོན་གྱི་ཆ་ལ་གཟུ་བོའི་བློ་ཡིས་དཔྱོད།། དེ་སྐད་སྨྲ་བའི་འཇམ་དཔལ་གྲགས་པ་དེས།། འབྲས་བུ་ཟུང་འཇུག་བཀའ་བསྡུ་ལྔ་པ་བྱས།། འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པའི་སྐབས་དེ་དང་པོའོ།། །། ༢༽ལམ་ཚོགས་གཉིས་ཟུང་འཇུག་གཏན་ལ་དབབ་པ། ད་ནི་འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པ་སྒྲུབ་པའི་ཕྱིར། དེའི་རྐྱེན་ལམ་ཚོགས་གཉིས་ཟུང་འཇུག་གཏན་ལ་དབབ་པར་བྱ་སྟེ། དེ་ལ་ཡང་གཉིས་ཀྱི། ཚོགས་གཉིས་ཀྱི་ངོ་བོ་ངོས་བཟུང་བ་ནི། བསོད་ནམས་ཀྱི་ཚོགས། བསོད་ནམས་ཀྱི་ཚོགས་གང་ཞེ་ན། དཔལ་མགོན་པོ་བྱམས་པས། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་དང༌། བཟོད་བརྩོན་བསམ་གཏན་གསུམ་ཚོགས་གཉིས་གར་དུ་བཤད་ལ། འཁོར་གསུམ་དུ་མི་རྟོག་པས་ཟིན་ན། ཤེས་རབ་ལས་གཞན་དུ་ཕར་ཕྱིན་དང་པོ་ལྔ་ཀའང་ཡེ་ཤེས་ཀྱི་ཚོགས་སུ་བཤད་དོ།། མདོ་སྡེ་དང་མདོ་སྡེ་རྒྱན་ལས། ཕར་ཕྱིན་དང་པོ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། བསམ་གཏན་ནི་ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་ཀུན་དུ་འགྲོ་བར་བཤད་ལ། དེ་བཞིན་དུ། ཕར་ཕྱིན་དང་པོ་གསུམ་ནི་བསོད་ནམས་ཀྱི་ཚོགས། ཤེས་རབ་ཡེ་ཤེས་ཀྱི་ཚོགས། བརྩོན་འགྲུས་དང་བསམ་གཏན་ཀུན་དུ་འགྲོ་བར་གསུངས་སོ།། དེ་བཞིན་དུ་ཕར་ཕྱིན་དང་པོ་གསུམ་གཞན་གྱི་དོན་དང༌། ཕྱི་མ་གསུམ་ནི་ཉོན་མོངས་པའི་གཉེན་པོར་བཤད་ལ། ཕར་ཕྱིན་དྲུག་པོ་གོ་རིམ་དུ་འཇོག་པ་ཡང༌། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་སྐྱེ་ཞིང༌། སྔ་མ་སྔ་མ་རྣམས་རགས་ལ་ཕྱི་མ་ཕྱི་མ་རྣམས་ཕྲ་བའི་ཕྱིར་དང༌། སྔ་མ་སྔ་མ་རྣམས་དམན་ལ་ཕྱི་མ་ཕྱི་མ་རྣམས་མཆོག་ཏུ་གྱུར་པའི་ཕྱིར། ཞེས་མདོ་དང་མདོ་སྡེའི་རྒྱན་ལས་བཤད་དོ།། ཡང་ཕར་ཕྱིན་བཅུར་བཤད་པ་མ་ཡིན་ནམ་ཕར་ཕྱིན་དྲུག་ཏུ་ཕྱི་མ་བཞི་ཇི་ལྟར་འདུ་ཞེ་ན། མདོ་ལས། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་གྱིས་གྲོགས་གྱིས་བསྡུས་ལ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱིས་བསྡུས། སྟོབས་ཀྱི་ཕར་ཕྱིན་བསམ་གཏན་དང༌། ཡེ་ཤེས་ཀྱི་ཕར་ཕྱིན་ཤེས་རབ་གྱིས་གྲོགས་ཀྱི་ཚུལ་གྱིས་བསྡུས་པར་བཤད་དོ།། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཚུལ་ཁྲིམས་སྦྱིན་པས་གཞན་གྱི་དོན། །བརྩོན་འགྲུས་བཟོད་པས་བདག་ཉིད་གྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །ཐེག་ཆེན་དོན་ནི་བསྡུས་པ་ཡིན།། ཞེས་དང༌། དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དེ་ལྟས་མདོར་ན་བསོད་ནམས་དང༌། །ཡེ་ཤེས་འདི་ནི་རྟག་བསྟེན་མཛོད།། ཅེས་གསུངས། ཁ་ཅིག་བསོད་ནམས་ཀྱི་ཚོགས་ཁོ་ནས་སངས་རྒྱས་འགྲུབ་ཅེས་དང༌། ཁ་ཅིག་ཡེ་ཤེས་ཀྱི་ཚོགས་ཁོ་ནས་སངས་རྒྱས་འགྲུབ་ཅེས་སྨྲ་བ་ལ། གོང་དུ་བཤད་པའི་ལུང་འདི་རྣམས་ཀྱིས་བཀག་ལ། ཁྱད་པར་དུ་ས་གསུམ་པ་བརྙེས་པའི་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། དེ་བས་ན་འདི་གཉིས་ཀའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་གཙོ་པོ་ཡིན་ཏེ། བསོད་ནམས་ནི་གཙོ་པོ་ཡིན་ལ་ཡེ་ཤེས་ནི་བླ་ན་མེད་པ་ཡིན་ནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འདི་གཉིས་ལས། གང་ཡང་རུང་བ་གཅིག་མ་ཚང་ནའང་བྱང་ཆུབ་སེམས་དཔའ་དེ་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་རོ།། ཞེས་གསུང་པས། ཚོགས་གཉིས་ལ་ཕྱེད་བགོས་མི་མཛད་པར་ཟུང་འཇུག་ཏུ་ཉམས་སུ་ལེན་པར་ཞུ། ཡེ་ཤེས་ཀྱི་ཚོགས་རྒྱས་པར་བཤད་པ། གཉིས་པ་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱས་པར་བཤད་པ་ལའང༌། བཀའ་དང་པོ་དང་མཐུན་པའི་ཡེ་ཤེས་ཀྱི་ཚོགས། བར་པ་དང་མཐུན་པའི་ཡེ་ཤེས་ཀྱི་ཚོགས། ཐ་མ་དང་མཐུན་པའི་ཡེ་ཤེས་ཀྱི་ཚོགས། དེ་བཞིན་དུ་ཆོས་འཁོར་གསུམ་ཀ་ལ་ལྟ་བ། སྤྱོད་པ། འབྲས་བུ་རེ་རེ་ནས་བཤད་པ་དང༌། འཁོར་ལོ་གསུམ་དྲང་ངེས་སུ་འཇོག་པའི་དགག་བཞག་སྤང་གསུམ་རྒྱས་པར་བཤད་པའོ།། ཆོས་འཁོར་གསུམ་དང་མཐུན་པར་བཤད་པ། དེ་ལ་བཀའ་དང་པོ་དང་མཐུན་པའི་ཡེ་ཤེས་ཀྱི་ཚོགས་ནི། འདུས་བྱས་ཐམས་ཅད་མི་རྟག་པར་བསྒོམ། དེ་བཞིན་དུ་ཟག་པ་དང་བཅས་པ་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བར་བསྒོམ་པ་དང༌། ལས་འབྲས་བསླུ་བ་མེད་པར་བསྒོམ་པ་ཡིན་ལ། དེ་བཞིན་དུ་བར་པ་དང་མཐུན་པའི་ཡེ་ཤེས་ཀྱི་ཚོགས་ནི། ཕྱག་རྒྱ་ཆེན་པོ་དང་རྫོགས་ཆེན་ཟབ་མོ་སྟོང་ཉིད་བསྒོམ་པ་དང༌། ཅིར་ཡང་མི་བསྒོམ་གང་དུའང་མི་རྟོག་པ་སོགས་ཡིན། ཐ་མ་དང་མཐུན་པའི་ཡེ་ཤེས་ཀྱི་ཚོགས་ནི། རྣམ་ཀུན་མཆོག་ལྡན་གྱི་འོད་གསལ་བསྒོམ་པ་ཡིན་ལ། སྒོམ་པ་འདི་རྣམས་གཅིག་གིས་གཅིག་འགོག་པ་མིན་གྱི། གཅིག་གི་སྟེང་དུ་གཅིག་བསྣན་པ་བསྒོམ་པ་གཅིག་མི་འཚལ་ལམ། ཆོས་འཁོར་གསུམ་གྱི་ལྟ་སྒོམ་བཤད་པ། དེ་བཞིན་དུ་བསྒོམ་པ་དེ་རྣམས་དང་མཐུན་པར་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་དང༌། ལས་འབྲས་བསླུ་བ་མེད་པར་ལྟ་བ་དང༌། འཁོར་ལོ་དང་པོའི་ལྟ་བ་དང༌། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་བརྟགས་ཤིང་དཔྱད་ན་མེད་པར་ལྟ་བ་དང༌། སྟོང་པ་ཉིད་ཀྱི་ལྟ་བ་དང༌། ཅིར་ཡང་མི་རྟོག་པར་ལྟ་བ་སོགས་འཁོར་ལོ་བར་པའི་ལྟ་བ་དང༌། རྣམ་པར་མི་རྟོག་པ་རྣམ་ཀུན་མཆོག་ལྡན་གྱི་འོད་གསལ་ལ་ལྟ་བ་འཁོར་ལོ་ཐ་མའི་ལྟ་བ་ཡིན་ལ། ལྟ་བ་འདི་རྣམས་གཅིག་གིས་གཅིག་འགོག་པ་མ་ཡིན་གྱི། གཅིག་གི་སྟེང་དུ་གཅིག་སྣོན་པ་མ་ལགས་སམ། དེ་བཞིན་དུ་ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པའི་ངང་ནས་དམ་པའི་ཆོས་འདུལ་བ་ལ་སོགས་པ་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་སོགས་འཁོར་ལོ་དང་པོའི་སྤྱོད་པ་དང༌། ཟབ་མོ་སྟོང་པ་ཉིད་ཀྱི་ངང་ནས་ཤུགས་འབྱུང་འགོག་མེད་ཀྱི་སྤྱོད་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་སོགས་འཁོར་ལོ་བར་པའི་སྤྱོད་པ་དང༌། རྣམ་ཀུན་མཆོག་ལྡན་འོད་གསལ་ཀྱི་ངང་ནས་གཞན་ཕན་རླབས་ཆེན་སྤྱོད་པ་འཁོར་ལོ་ཐ་མའི་སྤྱོད་པ་ཡིན་ལ། སྤྱོད་པ་འདི་རྣམས་གཅིག་གིས་གཅིག་འགོག་པ་མ་ཡིན་གྱི། གཅིག་སྟེང་དུ་གཅིག་བསྣན་ནས་ཉམས་སུ་བླང་མི་འཚལ་ལམ། དེ་ལྟར་གཅིག་ཐོག་ཏུ་གཅིག་བསྣན་པའི་ལྟ་སྒོམ་སྤྱོད་པ་འདི་ཐམས་ཅད་ཉམས་སུ་བླངས་པ་ལས། འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པའི་སངས་རྒྱས་ཐོབ་པ་མ་ལགས་སམ། དམ་ཆོས་འདི་འཆད་མཁན་འདྲ་གདའ་ཡེ། བཤད་ནས་ཉན་མཁན་འདྲ་གདའ་ཡེ། ཉན་ནས་གོ་མཁན་འདྲ་གདའ་ཡེ། གོ་ནས་ལག་ལེན་ལ་འདེབས་མཁན་གདའ་ཡེ།། སྨྲས་པ། དམ་ཆོས་ལེགས་པར་འཆད་མཁན་དཀོན།། བཤད་ཀྱང་དེ་ལ་ཉན་པ་དཀོན།། ཉན་ཀྱང་ལེགས་པར་གོ་བ་དཀོན།། གོ་ཡང་ཉམས་ལེན་བྱེད་པ་དཀོན།། དང་པོས་ལས་འབྲས་ལྟ་བ་གཙོ་བོར་སྟོན།། གཉིས་པས་སྟོང་ཉིད་ལྟ་བ་གཙོ་བོར་སྟོན།། གསུམ་པས་འདོ་གསལ་ལྟ་བ་བཙོ་བོར་སྟོན།། གསུམ་ཀའང་སོ་སོར་བདེན་པ་མ་ལགས་སམ།། དང་པོས་ལས་འབྲས་བདེན་བཞི་བསྒོམ་པ་བསྟན།། གཉིས་པས་མི་རྟོག་སྟོང་ཉིད་བསྒོམ་པ་བསྟན།། གསུམ་པས་མི་རྟོག་འོད་གསལ་བསྒོམ་པ་བསྟན།། གསུམ་ཀའང་སོ་སོར་བདེན་པ་མ་ལགས་སམ།། དང་པོས་ཀུན་རྫོབ་ལྟ་སྒོམ་སྤྱོད་འབྲས་བསྟན།། གཉིས་པས་རང་སྟོང་ལྟ་སྒོམ་སྤྱོད་འབྲས་བསྟན།། གསུམ་པས་གཞན་སྟོང་ལྟ་སྒོམ་སྤྱོད་འབྲས་བསྟན།། གསུམ་ཀའང་སོ་སོར་བདེན་པ་མ་ལགས་སམ།། ཐེག་དམན་ཞུགས་ལ་ཆོས་འཁོར་དང་པོ་བསྐོར།། ཐེག་ཆེན་ཞུགས་ལ་ཆོས་འཁོར་གཉིས་པ་བསྐོར།། ཀུན་ལ་ཞུགས་པར་ཆོས་འཁོར་གསུམ་པ་བསྐོར།། གསུམ་ཀའང་སོ་སོར་བདེན་པ་མ་ལགས་སམ།། ཡང་སྨྲས་པ། ཆོས་འཁོར་དང་པོས་ཀུན་རྫོབ་བདེན་པ་བསྟན།། ཆོས་འཁོར་གཉིས་པས་ཀུན་རྫོབ་རང་སྟོང་བསྟན།། ཆོས་འཁོར་གསུམ་པས་དོན་དམ་གཞན་སྟོང་བསྟན།། དེའང་རགས་པ་སྤྱི་ཡི་རྣམ་བཞག་ཡིན།། ཆོས་འཁོར་དང་པོས་ཚུལ་ཁྲིམས་བསླབ་པ་བསྟན།། ཆོས་འཁོར་གཉིས་པས་ཏིང་འཛིན་བསླབ་པ་བསྟན།། ཆོས་འཁོར་གསུམ་པས་ཤེས་རབ་བསླབ་པ་བསྟན།། དེའང་རགས་པ་སྤྱིའི་རྣམ་བཞག་ཡིན།། ཆོས་འཁོར་དང་པོས་སྤྱོད་པ་གཙོ་བོར་བསྟན།། ཆོས་འཁོར་གཉིས་པས་བསྒོམ་པ་བཙོ་བོར་བསྟན།། ཆོས་འཁོར་གསུམ་པས་ལྟ་བ་གཙོ་བོར་བསྟན།། དེའང་རགས་པ་སྤྱིའི་རྣམ་བཞག་ཡིན།། ཆོས་འཁོར་དང་པོས་ཐབས་རྣམས་གཙོ་བོར་བསྟན།། ཆོས་འཁོར་གཉིས་པས་ཤེས་རབ་གཙོ་བོར་བསྟན།། ཆོས་འཁོར་གསུམ་པས་ཟུང་འཇུག་གཙོ་བོར་བསྟན།། དེའང་རགས་པ་སྤྱིའི་རྣམ་བཞག་ལགས།། ཆོས་འཁོར་དང་པོས་མཚན་བཅས་དགེ་བ་བསྟན།། ཆོས་འཁོར་གཉིས་པས་མཚན་མེད་ཞི་གནས་བསྟན།། ཆོས་འཁོར་གསུམ་པས་དོན་དམ་ལྷག་མཐོང་བསྟན།། དེའང་རགས་པ་སྤྱིའི་རྣམ་བཞག་ཡིན།། དབང་རྟུལ་རྣམས་ལ་ཆོས་འཁོར་དང་པོ་བསྟན།། དབང་འབྲིང་རྣམས་ལ་ཆོས་འཁོར་གཉིས་པ་བསྟན།། དབང་རྣོན་རྣམས་ལ་ཆོས་འཁོར་གསུམ་པ་བསྟན།། དེ་ཡང་རགས་པ་སྤྱིའི་རྣམ་བཞག་ལགས།། ཡང་སྨྲས་པ། ཆོས་འཁོར་དང་པོས་ཡང་དག་ལམ་ལ་བཀོད།། ཆོས་འཁོར་གཉིས་པས་ལམ་ཞུགས་སྨིན་པར་མཛད།། ཆོས་འཁོར་གསུམ་པས་སྨིན་པ་གྲོལ་མཛད་པའི།། ཆོས་རྒྱལ་ཐུབ་དབང་རྣམས་ལ་ཕྱག་འཚལ་ལོ།། ཁྱེད་ཀྱིས་བདེན་གཉིས་ཟུང་འཇུག་གསུངས་ན་ཡང༌། ཁ་ཅིག་ཀུན་རྫོབ་ཁོ་ནའི་ཕྱོགས་སུ་ལྷུང༌།། ལ་ལ་དོན་དམ་ཁོ་ནའི་མཐའ་ལ་འཆོལ།། བདེན་གཉིས་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས།། ཁྱེད་ཀྱིས་ཚོགས་གཉིས་ཟུང་འཇུག་གསུངས་ན་ཡང༌།། ལ་ལ་མཚན་བཅས་བསོད་ནམས་ཁོ་ནས་དྲེགས།། ཁ་ཅིག་མི་རྟོག་ཏིང་འཛིན་ཁོ་ནས་མྱོས།། ཚོགས་གཉིས་ཟུང་འཇུག་སྒྲུབ་པར་བྱིན་གྱིས་རློབས།། ཁྱེད་ཀྱིས་སྐུ་གཉིས་ཟུང་འཇུག་གསུངས་ན་ཡང༌།། ལ་ལ་ཆོས་སྐུ་ཁོ་ན་སྟོན་པར་འཛིན།། ལ་ལ་གཟུགས་སྐུ་ཁོ་ན་སྐྱོབས་པར་སྨྲ།། སྐུ་གཉིས་ཟུང་འཇུག་སྒྲུབ་པར་བྱིན་གྱི་རློབས།། གདུལ་བྱའི་དྲི་མ་རིམ་གྱིས་འཁྲུད་པའི་ཕྱིར།། ཆོས་འཁོར་གསུམ་གྱི་ཆར་རྒྱུན་ཕབ་ན་ཡང༌།། དེ་ལྟ་རེ་རེ་ཁོ་ནས་སངས་རྒྱས་ལོ།། གསུམ་ཀ་ཉམས་སུ་ལེན་པར་བྱིན་གྱིས་རློབས།། འོ་ན་ཆོས་འཁོར་གསུམ་པོ་དེ་སོ་སོར་བདེན་ན། བཀའ་བར་པ་དྲང་དོན། ཐ་མ་ངེས་དོན་དུ་འདོད་པ་རྣམས་ཇི་ལྟར་ཡིན་སྙམ་ན། སྤྱིར་ངེས་དོན་ལ་གནས་སྐབས་ཀྱི་ངེས་དོན་དང་མཐར་ཐུག་གི་ངེས་དོན་གཉིས་ཡོད། ཡང་ངེས་དོན་ལ་ཀུན་རྫོབ་སྟོན་པ་ཐམས་ཅད་དྲང་དོན། དོན་དམ་སྟོན་པ་ཐམས་ཅད་ངེས་དོན་དུ་གསུངས་པའང་ཡོད། ཀུན་རྫོབ་དྲང་དོན་དུ་བཤད་པ་དང་གནས་སྐབས་སུ་ངེས་དོན་ཡིན་པར་བཤད་པ་དང༌། ཀུན་རྫོབ་དུ་བདེན་པ་སོགས་འགལ་བ་མེད་པར། མདོ་རྒྱུད་བསྟན་བཅོས་རྣམས་ལས་མང་དུ་བཤད་པས། འཁོར་ལོ་དང་པོ་གཉིས་ཡང་གནས་སྐབས་ངེས་དོན་དུ་བཞག་པ་ལ་འགལ་བ་མེད་དོ།། དྲང་ངེས་ཀྱི་རྣམ་བཞག་རྒྱས་པར་བཤད་པ། འཁོར་ལོ་གསུམ་དྲང་ངེས་སུ་འཇོག་པའི་དགག་བཞག་སྤང་གསུམ་རྒྱས་པར་བཤད་པ་ནི། ཁ་ཅིག་བཀའ་བར་པ་མཐར་ཐུག་གི་ངེས་དོན། བཀའ་ཐ་མ་ལ་དྲང་དོན་དུ་བཞེད་མོད། འདི་ནི་ཐུབ་པའི་ལུང་དེ་ཉིད་ཀྱིས་རྒྱུ་མཚན་རྒྱས་པར་བཤད་པ། ཁས་བླངས་ལ་བརྟེན་ནས་དགག་པ། དེ་ལ་གཞན་གྱི་ལོག་རྟོག་སྣ་ཚོགས་དགག་པ་དང་བཞིའི། བར་བ་ངེས་དོན་དུ་འདོད་པ་དགག་པ། དང་པོ་ནི། ཐུབ་པའི་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམ་སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོས་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང༌། བླ་ན་མཆིས་པ་སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་གཞིའི་གནས་སུ་གྱུར་པ་མ་ལགས་སོ།། ཞེས་གསུངས། འདི་འདྲའི་ལུང་ཁ་གསལ་ཡོད་པ་ལ་གཟིགས། བཀའ་གཉིས་པ་ངེས་དོན་ཡིན། བཀའ་གསུམ་པ་དྲང་དོན་ཡིན་ཟེར་བ་ཐུབ་པའི་བཀའ་བོད་ན་འགྱུར་རོ་ཅོག་ན་མི་འདུག བྱམས་པའི་ཆོས་ལྔ། སེམས་འགྲེལ་སྐོར་གསུམ། རྒྱན་དྲུག་མཆོག་ཟུང་གིས་བཀའི་དགོངས་འགྲེལ་མཛད་པའི་བསྟན་བཅོས་དཔང་པོ་ཐུབ་པ་རྣམས་ནའང་མི་འདུག ཆོས་བཤེས་བཀའ་བར་པ་ངེས་དོན་གསུམ་པ་དྲང་དོན་དུ་བཤད་པས། འོ་སྐོལ་ཐུབ་པའི་རྗེས་འབྲང་རྣམས་ཐུབ་པ་དང་ཆོས་བཤེས་གཉིས་ལ་བླང་དོར་མ་ནོར་བར་མཛད་པར་ཞུ། ཆོས་བཤེས་ལའང་དག་སྣང་སྦྱོང་བ་གལ་ཆེ། དེ་ལྟར་གསུངས་པ་ལ། བཀའ་གསུམ་པ་ངེས་དོན་དུ་བཤད་པ་བཀའ་དྲང་དོན་ཡིན་ཟེར་ནས། མུར་རྒྱུགས་པ་མ་གཏོགས་ལུང་རིགས་རྣམ་དག་ནི་མི་འདུག་ལན་གཅིག་ནི་གདབ་དགོས་པར་བྱུང༌། འུ་ཐུག་པའི་གཏམ་དུ་གདའ་བ་གཞན་ཡང༌། མདོ་དགོངས་འགྲེལ་གྱི་ལུང་དེའི་རྗེས་ཐོག་ཏུ་བཅོམ་ལྡན་འདས་ལ། དོན་དམ་པར་ཡང་དག་པར་འཕགས་ཀྱིས། ཆོས་འཁོར་གསུམ་པ་བསྟན་པ་འདི་ཐོས་ནས་མོས་པ་དང༌། ཡི་གེར་འབྲི་འཆང༌། ཀློག་མཆོད་སྟོན། ལུང་ནོད། ཁ་དོན་བྱེད། སེམས་སྒོམ་པར་བགྱིད་པ་དེས་བསོད་ནམས་ཅི་ཙམ་ཞིག་བསྐྱེད་པར་འགྱུར་ཞེས་ཞུས་པ་དང༌། བཀའ་སྩལ་པ། དེའི་དཔེར་བྱ་བར་སླ་བ་མ་ཡིན་མོད་ཀྱི་མདོར་བསྡུས་ཏེ་བཤད་ན། སོར་མོའི་རྩེ་མོ་ལ་གནས་པའི་ས་རྡུལ་དང༌། ས་གཞི་ལ་གནས་པའི་ས་རྡུལ་གཉིས་དང༌། བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བསྒྲུན་ན། བརྒྱའི་ཆ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ།། དེ་བཞིན་དུ་ཆོས་འཁོར་དང་པོ་གཉིས་པ་གཉིས་ལ་མོས་པ་ནས། ཐོས་བསམ་སྒོམ་གསུམ་བྱེད་པའི་བསོད་ནམས་དང༌། ཆོས་འཁོར་གསུམ་པ་ལ་མོས་པ་ནས་ཐོས་བསམ་སྒོམ་གསུམ་བྱེད་པའི་བར་གྱི་བསོད་ནམས་གཉིས་སྒྲུན་ན། བརྒྱའི་ཆ་ནས་རྒྱུའི་བར་དུའང་ཉེ་བར་མི་འགྲོའོ་ཞེས་གསུངས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཞེས་ཞུས་པ་དང༌། བཀའ་སྩལ་པ། འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཡང་ཟུངས་ཤིག་ཅེས་གསུང༌། བཅོམ་ལྡན་འདས་བརྫུན་མི་གསུངས་བའི་ཕྱིར། ངེས་དོན་མ་ཡིན་པ་ལ་ངེས་དོན་ཡིན་ནོ།། དྲང་དོན་མ་ཡིན་པ་ལ་དྲང་དོན་ཡིན་ནོ།། ཞེས་གསུང་ལ། རྗེ་བཙུན་བྱམས་པའི་གསུངས་གིས། སངས་རྒྱས་ལས་མཁས་པ་འཇིག་རྟེན་ན་མེད་པས། སངས་རྒྱས་ཀྱིས་དྲང་དོན་དང་ངེས་དོན་དུ་བཞག་པའི་མདོ་སྡེ་རྣམས་མི་དཀྲུག་གསུང༌། བཀྲུག་ན་ཐུབ་པའི་བསྟན་པ་བཤིག་ནས་མཚམས་མེད་ལྔ་ལས་ལྕི་བའི་ཆོས་སྤོང་གི་ལས་ཆེན་པོ་སོགས་པར་འགྲོ་གསུང་ནས། ཁོང་གིས་ཐུབ་པའི་གསུངས་ལས་ཆོས་དང་མཐུན་པར་བརྒལ་མ་ནུས་གདའ། ད་ལྟའི་སྐྱེས་བུ་སྨྲ་ཁམ་ཆེ་བ་རྣམས་ཀྱིས། དྲང་དོན་དུ་གསུངས་པ་ལ་ངེས་དོན། ངེས་དོན་དུ་གསུངས་པ་ལ་དྲང་དོན་ཡིན་ཟེར་ནས་བརྒལ་ནུས་པར་གདའ་ལགས་སོ།། སྨྲས་པ། འགྲོ་བའི་གཉེན་གཅིག་བཅོམ་ལྡན་མགོན་ཁྱོད་ཀྱིས།། དྲང་དོན་ངེས་དོན་གསུངས་ལ་རྒོལ་བ་འདི།། ཡང་ན་ཁ་ཅིག་མནར་མེད་བསྒྲུབ་པ་འམ།། ཡང་ན་ཁྱོད་ཉིད་ཀུན་མཁྱེན་མིན་པར་དགོས།། བདེན་པ་གསུངས་པ་ཀུན་མཁྱེན་རྒྱལ་པོ་ལ།། ལྷར་བཅས་འགྲོ་བའི་འཇིག་རྟེན་འདི་ཉིད་ན།། ཆོས་དང་མཐུན་པར་རྒོལ་བ་མ་མཐོང་བས།། མི་འཇིགས་བཞི་ལ་སྤོབས་པ་བརྙེས་པར་ངེས།། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ལུང་དེ་ཉིད་ཀྱི་རྒྱུ་མཚན་རྒྱས་པར་བཤད་པ། གཉིས་པ་ལུང་དེ་ཉིད་ཀྱི་རྒྱུ་མཚན་རྒྱས་པར་བཤད་པ་ནི། ཆོས་འཁོར་གཉིས་པ་བླ་ན་མཆིས་པར་གསུངས་པའི་རྒྱུ་མཚན་ནི་འདི་ལྟར་ལགས་ཏེ། ཆོས་འཁོར་གཉིས་པ་འདིའི་གོང་ན་ཆོས་འཁོར་གསུམ་པ་ཡོད་པའི་ཕྱིར་རོ།། ཆོས་འཁོར་གཉིས་པ་ལས། སྐབས་མཆིས་པའི་རྒྱུ་མཚན་ནི། སུ་ཡང་སངས་མི་རྒྱས་རྒྱ་བར་མི་འགྱུར་ཞེས་སོགས་བསྟན་པས། སངས་རྒྱས་བྱ་བ་མེད་པ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་བའི་སྐབས་བྱུང༌། ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཤེར་ཕྱིན་དང༌། ཐབས་མཁས་ལ་བརྟེན་ནས་སངས་རྒྱས་ཞེས་སོགས་བསྟན་པས་རེས་སངས་རྒྱས་གསུངས་རེས་སངས་མི་རྒྱས་གསུང༌། ད་ནི་ཅི་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བའི་སྐབས་བྱུང༌། དེ་ལ་སོགས་ཏེ་ལོག་རྟོག་དང་ཐེ་ཚོམ་སྐྱེ་བའི་སྐབས་ཤིན་ཏུ་མང་བའི་ཕྱིར་རོ།། དྲང་བའི་དོན་ཞེས་པའི་རྒྱུ་མཚན་ནི། གཟུགས་སྡུག་བསྔལ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ།། ཞེས་མང་དུ་གསུངས་པས། བདེ་བ་ཡིན་ན་སྡུག་བསྔལ་ཡིན་པར་འགལ་ཟེར་བ་སོགས་རྩོད་པ་འཇུག་པའི་གཞི་མང་པོའི་རྟེན་དུ་གྱུར་པའི་ཕྱིར་རོ།། ཆོས་འཁོར་གསུམ་པ་བླ་ན་མ་མཆིས་པའི་རྒྱུ་མཚན་ནི། འདིའི་གོང་ན་ཆོས་འཁོར་བཞི་པ་མེད་པའི་ཕྱིར་རོ།། ངེས་པའི་དོན་ཡིན་པའི་རྒྱུ་མཚན་ཡང༌། སྒྲ་ཇི་བཞིན་དུ་གཟུང་དུ་རུང་ཞིང༌། མཐར་ཐུག་པ་བསྟན་པ་འདི་ལས་ལྷག་པའི་མཐར་ཐུག་བསྟན་ནས་གོང་དུ་དྲང་རྒྱུ་མེད་པའི་ཕྱིར་རོ།། སྐབས་མ་མཆིས་པ་དང་རྩོད་པའི་གཞིའི་གནས་མ་ལགས་པའི་རྒྱུ་མཚན་ཡང་ལེགས་པར་ཕྱེ་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་བཤད་པ་ཡིན་པ་དེ་ཐམས་ཅད་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་བརྟགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མེད་པར་ལྟ་སྨོས་ཀྱང་ཅི་དགོས་རྨི་ལམ་ལྟ་བུའི་ཀུན་རྫོབ་གྱི་དངོས་པོར་ཡང་མེད་དོ་ཞེས་བཤད། གཟུགས་ནས་རྣམ་མཁྱེན་གྱི་བར་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དང༌། མི་རྟག་པ་སོགས་སུ་བཤད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་གཞན་དབང་གིས་བསྡུས་པའི་ཆོས་ཐམས་ཅད་དེ་ལྟར་དུ་བཤད། དེ་བཞིན་དུ་གཟུགས་ཀྱི་སྐུའི་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་བཤད། དེས་ན་ཀུན་བརྟགས་ནི་ཐ་སྙད་དུ་ཡོད་ལ་དངོས་པོར་མེད་པ་དང༌། གཞན་དབང་ནི་ཐ་སྙད་དུ་དངོས་པོར་ཡང་ཡོད་ཅིང༌། གཉིས་ཀའང་དོན་དམ་པར་མེད་པའི་ཕྱིར། འདི་ལ་དགོངས་ནས་ནི། བཅོམ་ལྡན་འདས་ཀྱིས་མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ།། ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ་ཞེས་དང༌། སྟོང་པ་ཉིད་ཅེས་བྱ་བ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་བླ་དྭགས་སོ།། ཞེས་དང༌།དཔལ་མགོན་པོ་བྱམས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། ཞེས་དང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། དངོས་པོ་མེད་འདིར་སྟོང་པ་ཉིད།། ཅེས་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ༌།། ཞེས་ཡང་དག་པར་རྗེས་སུ་མཐོང་ལ་ཞེས་དང༌། ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ།། ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུང་པ་གང༌། །དེ་དག་ཀུན་ཀྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན།། ཞེས་དང༌། ཤེས་རབ་རྣོ་བ་ཤེས་རབ་མྱུར་བ་ཤེས་རབ་ཆེ་བ་ཤེས་རབ་ཟབ་པའི་རྒྱུ་མཚན་གྱིས། ཡུམ་གྱི་དོན་ཤློ་ཀ་གཉིས་ལ་བསྡུ་བར་མཁྱེན་པའི་ཕྱོགས་ཀྱི་གླང་པོས་ཀྱང༌། མེད་ཅེས་བྱ་ལ་སོགས་ཚིག་གིས་བརྟགས་པ་ཐམས་ཅད་འགོག་པ་སྟེ། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ནི་གཞན་བསྟན་མེད།། ཅེས་གསུངས་པས། དེ་ལྟར་རྒྱལ་བ་སྲས་བཅས་ཐམས་ཅད་ཞལ་མཐུན་པར་བྱུང་བས་སྟོང་པ་དང་མེད་པར་བཤད་པའི་དོན་རྣམས། ཀུན་བརྟགས་གཞན་དབང་ཉོན་མོངས་རྣམ་རྟོག་ཀུན་རྫོབ་འདུས་བྱས་ཀྱི་ཆོས་རྣམས་བརྟགས་ཤིང་དཔྱད་ན་མེད་པ་ལ་བཤད་དོ།། དོན་དམ་ཆོས་ཀྱི་དབྱིངས། རང་བཞིན་གྱིས་རྟག་པ་དང༌། རང་བཞིན་གྱིས་བདེ་བ་དང་རང་བཞིན་གྱིས་གཙང་བ་དང༌། རང་བཞིན་གྱིས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། ཟབ་པ་དང་ཕྲ་བ་དང་རྟོགས་པར་དཀའ་བ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡེ་ཤེས་ཀྱི་མིག་གིས་མཐོང་བ་དང༌། བདག་དང་གཞན་ལ་ཕན་པའི་གཞིར་གྱུར་པ་དང༌། མཉམ་པར་བཞག་པའི་རྣལ་འབྱོར་པའི་མཐོང་བ་དང༌། ནམ་མཁའ་ལྟར་རོ་གཅིག་པ་དང༌། རང་བྱུང་གི་ཡེ་ཤེས་དང༌། དོན་དམ་པའི་བདེན་པ་དང༌། ཡང་དག་པའི་མཐའ་དང༌། བདེ་གཤེགས་སྙིང་པོ་དང༌། ཆོས་ཉིད་ཟབ་མོ་དང༌། ཡོན་ཏན་རང་བཞིན་ཉིད་ལྡན་དང༌། བླ་མེད་ཆོས་ཀྱིས་མི་སྟོང་པ་དང༌། དེ་གཞིན་གཤེགས་པའི་ཁམས་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། མཐར་ཐུག་གི་སྐྱབས་གནས་དང༌། དོན་དམ་གྱི་སྐྱབས་གནས་སོགས་ཡོད་པར་བཤད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཉིད་ཡོངས་གྲུབ་ལ་དགོངས་ནས་གསུངས་པ་ཡིན་ལ། དེ་ལྟར་ཡིན་པར་ཡང་བཅོམ་ལྡན་འདས་ཀྱིས། ཡོད་པ་ཡང་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་དུ་ཤེས་སོ་ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་སོགས་དང༌། རྒྱལ་ཚབ་བྱམས་མགོན་གྱིས་ཀྱང༌། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། ཞེས་དང༌། དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན།། འཕགས་པ་འཇམ་དཔལ་གྱིས་ཀྱང༌། ཕུང་པོ་ལ་སོགས་རྣམ་དཔྱད་ན། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། སྟོང་ཉིད་དེ་ལྟར་འགྱུར་མ་ཡིན།། ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། གང་ཞིག་དེར་མེད་པར་འགྱུར་བ་དེ་ནི། དེ་ལ་རྟག་པར་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་དང༌། ཅིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞེ་ན། གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ།། ཅིའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱ་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་དོན་དམ་པའོ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཞེས་དང༌། དབྱིག་གཉེན་གྱིས་ཀྱང༌། ཡུལ་ཅན་དོན་དམ་པར་མེད་པ་མ་ཡིན་པའི་ཕྱིར་རོ།། ཞེས་དང༌། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེའི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར།།དེ་བཞིན་འོད་གསལ་བ་ཡིས་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེགས། །དེ་བཞིན་འོད་གསལ་མ་ཡིན་ནོ།། ཞེས་དང༌། འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་འགྱུར་བའོ།། ཞེས་དང༌། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད།། ཅེས་དང༌། ཨེ་མའོ་མཆོག་དུ་རྟོགས་དཀའ་བའི། །ཆོས་ཉིད་སངས་རྒྱས་རྣམས་ཀྱིས་རྟོགས།། ཞེས་སོགས་མཐའ་ཡས་པ་གསུངས་སོ།། དེས་ན་མེད་པར་བཤད་པ་ཐམས་ཅད་ནི་ཀུན་བརྟགས་ལ་དགོངས། སྒྱུ་མར་བཤད་པ་ཐམས་ཅད་ནི་གཞན་དབང་ལ་དགོངས། ཡོད་པར་བཤད་པ་ཐམས་ཅད་ནི་ཡོངས་གྲུབ་ལ་དགོངས་པ་ཡིན་ནོ།། ཞེས་འཁོར་ལོ་གསུམ་པ་འདིར་ལེགས་པར་རྣམ་པར་ཕྱེ་ནས་བཤད་པས་ཐེ་ཚོམ་དང་ལོག་རྟོག་གི་སྐབས་མ་མཆིས། ཀུན་བརྟགས་གཞན་དབང་དོན་དམ་པར་མེད་པ་དང༌། ཡོངས་གྲུབ་དོན་དམ་པར་ཡོད་པར་མི་འགལ་བས་རྩོད་པའི་གནས་རྣམས་ཀྱང་ཉེ་བར་ཞི་བར་གྱུར་ཏོ།། སྨྲས་པ། གངས་ཅན་ཁྲོད་ཀྱི་ཆོས་པ་འགའ་ཞིག་ནི།། རྒྱ་གར་ཆོས་བཤེས་བོད་བགྲེས་སྔ་རབས་ཀྱིས།། འཁོར་ལོ་གཉིས་པ་ངེས་དོན་ཡིན་ནོ་ཞེས།། གསུངས་ལས་མ་འདས་ཐུགས་ཆུང་ཡིན་ནམ་སྙམ།། འོན་ཀྱང་རྒྱལ་བ་སྲས་དང་བཅས་པ་༼ཡིས༽།། གསུམ་པ་ངེས་དོན་གཉིས་པ་དྲང་དོན་དུ།། ཤིན་ཏུ་གསལ་བའི་སྒོ་ནས་གསུངས་པ་ལ།། རྒོལ་བར་ནུས་པས་སྙིང་ཁམས་ཆེ་བར་ངེས།། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། མདོར་ན་རང་གི་འདོད་པ་དང་མ་མཐུན་པས། འཁོར་ལོ་གསུམ་པ་ངེས་དོན་ཡིན་ནོ་ཞེས་གསུངས་པ་ལའང་རྒོལ། ཀླུ་སྒྲུབ་ཀྱི་དབུ་མ་བསྟོད་ཚོགས་ལའང་རྒོལ། མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རྣམ་པར་འབྱེད།། ཅེས་ལུང་བསྟན་པའི་ཐོགས་མེད་ཀྱི་བསྟན་བཅོས་རྣམས་ཀྱིས་ཀྱང་སེམས་ཙམ་ལས་མ་འདས་ཞེས་རྒོལ། སྐྱེ་བ་ལྔ་བརྒྱར་པནྚི་ཏར་འཁྲུངས། འབུམ་སྡེ་བརྒྱད་ཅུ་ཞལ་ཐོན་མཛད། བསྟན་འཛིན་སྐྱེས་བུར་ལུང་བསྟན་པའི་དབྱིག་གཉེན་ལའང་སེམས་ཙམ་ལས་མ་འདས་ཟེར་ནས་རྒོལ། ཚད་མ་ཀུན་ལས་བཏུས་ཀྱི་མཆོད་བརྗོད་དང་བཤད་པར་དམ་བཅའི་ཤླཽ་ཀ་གཅིག་གི་ནུས་པས་ས་གཡོས་འོད་དང་སྒྲ་ཆེན་པོ་བྱུང༌། རྩི་ཤིང་ནགས་ཚལ་རྣམས་འདར། མུ་སྟེགས་ཀྱི་སྟོན་པ་ཐམས་ཅད་བྱིན་པ་ཤིང་བཞིན་དུ་རེངས། སངས་རྒྱས་མ་ཐོབ་ཀྱི་བར་དུ་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་དུ་མི་འབྲལ། བསྟན་འཛིན་གྱི་སྐྱེས་བུར་ལུང་བསྟན་པའི་སེམས་དཔའ་ཆེན་པོ་ཕྱོགས་ཀྱི་གླང་བོ་ལྟ་བུ་ལའང་སེམས་ཙམ་ལས་མ་འདས་ཞེས་རྒོལ་ནུས་པར་གདའ། ཕར་ཚད་ཀྱི་པོ་ཏི་རེ་རེ་ཙམ་ལ་ནེ་ཙོ་ལྟ་བུར་ཉམས་ལེན་མེད་པའི་འདོན་པ་རེ་བྱེད། གཞན་གྱི་ཉོན་མོངས་འདུལ་བ་ལྟ་ཅི་སྨོས། རང་རྒྱུད་ལ་ཚིག་ཅུང་ཟད་རྩུབ་པ་ཅིག་གི་གཉེན་པོ་བསྟེན་མི་ཐུབ། ཆོས་ཀྱི་འབེལ་གཏམ་བྱེད་པའི་ཚེ་ཡང་སངས་རྒྱས་ཀྱི་བསྟན་པའི་བྱི་དོར་སེམས་ཅན་མང་པོ་ལ་ཕན་པའི་ཀུན་སློང་གི་བསམ་པ་ནི་མེད། རང་མཁས་འདོད་གྲགས་འདོད་ཕ་རོལ་སྨད་འདོད་མི་ཆེན་གྱི་ངོ་འཛིན། གྲུབ་མཐའ་ལྟོ་གོས་ཀྱི་རྗེས་སུ་འབྲང་བ། ཚེ་འདིའི་ཆེ་ཐབས་འབའ་ཞིག་བསྒྲུབ་པ་བདག་ལྟ་བུའང༌། དབྱིག་གཉེན་དང་ཕྱོགས་གླང་ལས་རྟོགས་པ་བཟང་བའི་དབུ་མ་པ་ཡིན་ནོ་ལོ།། དགོངས་པ་མཐོ་རྒྱུར་ཞུམ་པ་མི་གདའ་ངོ་མཚར་ཆེ། སྨྲས་པ། སྙིགས་མའི་དུས་ཀྱི་བཤེས་གཉེན་བདག་ལྟ་བུས།། བསྟན་དང་འགྲོ་ལ་ཕན་སེམས་དོར་ནས་ཀྱང༌།། འཇིག་རྟེན་ཆོས་བརྒྱད་འབའ་ཞིག་བསྒྲུབ་པའི་ཕྱིར།། དགག་བསྒྲུབ་ཚུལ་ལ་སྦྱངས་པ་ཅུང་ཟད་བྱ།། ཐ་སྙད་དགག་སྒྲུབ་ཅུང་ཟད་ཤེས་པ་ཡིན།། མཐོ་ལ་ཕྲག་དོག་དམན་ལ་ང་རྒྱལ་བྱས།། དྲང་དོན་མདོ་སྡེ་ངེས་དོན་ཡིན་ཞེས་དཀྲུགས།། ངེས་དོན་མདོ་སྡེ་དྲང་དོན་ཡིན་ཞེས་དཀྲུགས།། བྱམས་པའི་ཞལ་ནས་མདོ་སྡེ་མི་དཀྲུགས་གསུངས།། བདག་གིས་ཐུབ་བསྟན་དཀྲུགས་པ་མཐོལ་ལོ་བཤགས།། ཐུབ་གསུང་དོར་ནས་ལོག་པའི་ཚིག་རྗེས་འབྲང༌།། བླང་དོར་ཕྱིན་ཅི་ལོག་པ་མཐོལ་ལོ་བཤགས།། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ལ།། སྒྲོ་འདོགས་སྐུར་འདེབས་བགྱིས་པ་མཐོལ་ལོ་བཤགས།། ཕྱིན་ཆད་དགེ་བ་སྒྲུབ་རྒྱུ་མ་བྱུང་ཡང༌།། དོན་མེད་སྡིག་སྒྲིབ་སོགས་པར་མ་གྱུར་ཅིག། བདག་དང་བདག་འདྲའི་རྨོངས་པ་ང་རྒྱལ་ཅན།། འཇིག་རྟེན་ཁམས་འདིར་ཇི་སྙེད་ཡོད་པ་རྣམས།། བདེན་པ་གསུངས་པ་རྒྱལ་བ་སྲས་བཅས་ཀྱི།། རྗེས་སུ་ཞུགས་ནས་བཀའ་བཞིན་བསྒྲུབ་པར་ཤོག། ཁས་བླངས་ལ་བརྟེན་ནས་དགག་པ། གསུམ་པ་ཁས་བླངས་ལ་བརྟེན་ནས་དགག་པ་ནི། ཆོས་འཁོར་གསུམ་པ་ངེས་དོན་དུ་གྲུབ་སྟེ། དེ་ཡང་ཆོས་འཁོར་གཉིས་པ་ངེས་དོན་དུ་ཁས་བླངས་ཤིང༌། གཉིས་པ་བསྟན་པའི་བརྗོད་བྱའི་དོན་ཐམས་ཅད་མ་ཚང་བ་མེད་པར་སྨྲ་བར་བསྟན་ཅིང༌། བསྟན་པ་ཐམས་ཅད་རྩོད་མེད་དུ་ཡོད་པའི་ཕྱིར། ཚང་བར་མ་བསྟན་ན་འདི་མ་བསྟན་གསུངས་ཤིག ཡང་ཆོས་འཁོར་གཉིས་པའང་དྲང་དོན་དུ་འགྱུར་ཏེ། ཆོས་འཁོར་གསུམ་པ་དྲང་དོན་དུ་ཁས་བླངས་པ་གང་ཞིག གསུམ་པར་བསྟན་པའི་དོན་ཐམས་ཅད་མ་ཚང་བ་མེད་པར་གཉིས་པར་ཡང་བསྟན་ཅིང༌། བསྟན་པ་རྣམས་རྩོད་པའི་གཞིར་ཡོད་པའི་ཕྱིར་རོ།། མ་བསྟན་ན་འདི་མ་བསྟན་གསུངས་ཤིག དེ་ལ་ཁ་ཅིག་ན་རེ། གསུམ་པར་བདེ་གཤེགས་སྙིང་པོ་བསྟན་ལ་གཉིས་པར་མ་བསྟན་ནོ་ཞེས་ཟེར་རོ།། འོ་ན་གཉིས་པར་ཡང་དག་པའི་མཐའ་དང༌། ཆོས་དབྱིངས་དང་རང་བཞིན་འོད་གསལ་དང༌། དེ་བཞིན་ཉིད་ཡང་མ་བསྟན་ནམ། དེ་རྣམས་དང་དོན་མི་གཅིག་པའི་བདེ་གཤེགས་སྙིང་པོ་གསུམ་པར་ཡང་མ་བསྟན་པས་སོ།། གལ་ཏེ་མིང་མ་བསྟན་ཡང་དོན་བསྟན་ན་དེ་ཉིད་ཀྱི་ཕྱིར་དོན་གྲུབ་མོད། དཔལ་ལྡན་ཆོས་ཀྱི་གྲགས་པས་ཀྱང༌། མིང་མ་གྲུབ་ཀྱང་དོན་གྲུབ་ན། །གྲུབ་པར་འགྱུར་ཞེས་མ་གསུངས་སམ།། འཁོར་ལོ་གསུམ་པར་ཡང་ཆོས་དབྱིངས་འོད་གསལ་དེ་བཞིན་ཉིད་ལས་གཞན་པའི་བདེ་གཤེགས་སྙིང་པོ་རྒྱལ་བ་སྲས་དང་བཅས་པས་ཀྱང་མ་གསུངས་ལ། ཁོ་བོ་ཅག་ཀྱང་མི་འདོད་པའི་ཕྱིར་རོ།། གལ་ཏེ་ཆོས་ཉིད་དང་བདེ་གཤེགས་སྙིང་པོ་དོན་མི་གཅིག་ན། སྙིང་པོའི་མདོ་སྡེ་རྣམས་དང༌། རྒྱུད་བླ་ཐོགས་མེད་ཀྱི་འགྲེལ་པ་སོགས་སུ་དོན་གཅིག་མིང་གི་རྣམ་གྲངས་སུ་ཡང་དང་ཡང་དུ་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་མདོ་ཀུན་ལས་བཏུས་སུ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ལ་ཆོས་ཉིད་ཟབ་མོ་སྟོན་པའི་སྒྲུབ་བྱེད་དུ། བདེ་གཤེགས་སྙིང་པོ་སྟོན་པའི་ལུང་དྲངས་པ་ཡང་མི་རིགས་པར་ཧ་ཅང་ཐལ་བར་འགྱུར་རོ།། ཁ་ཅིག་ན་རེ། འཁོར་ལོ་གསུམ་པར་ཆོས་ཉིད་རྟག་པ་དང༌། བདེ་བ་དང་རྣམ་པར་གྲོལ་བ་སོགས་བཤད་ལ། གཉིས་པར་དེ་ལྟར་མ་བཤད་དོ་སྙམ་ན། འོ་ན་གཉིས་པར་བྱམས་ཞུས་སུ། དངོས་པོ་མེད་པའི་གཟུགས། དངོས་པོ་ཡོད་པའི་གཟུགས། དངོས་པོ་ངན་པའི་གཟུགས་ཞེས་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་བདེ་བ་དང༌། ཞི་བ་དང་རྣམ་པར་གྲོལ་བ་སོགས་སུ་གསུངས་པ་སྟེ། ཆོས་ཉིད་རང་བཞིན་གྱིས་གནས་པ་དེ་ལྟར་བསྟན་པ་མ་ཡིན། དེ་བཞིན་དུ་དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར། མ་ཞི་བ། སྡུག་བསྔལ་བ་དང༌། རྣམ་པར་མ་གྲོལ་བ་དང༌། དུག་གསུམ་དང་བཅས་པ་དང༌། ཉོན་མོངས་པ་སོགས་སུ་བཤད་པ་རྣམས་ཀུན་བརྟགས་གཞན་དབང་ཆོས་ཅན་གྱི་ཆ་རྣམས་ལ་དེ་ལྟར་བསྟན་པ་མ་ཡིན་ནམ། དེ་ལྟར་ཆོས་དང་ཆོས་ཉིད་ཀྱི་ཆ་ཕྱེས་ནས་བསྟན་པ་དེ་མིན་ན། བཀའ་གཉིས་པ་ངེས་དོན་དུ་བཞེད་པ་རྣམས་ཀྱིས་ཀྱང༌། བློ་རྩེ་གཏད་རྒྱུ་རེ་འཚལ་བས་རྟོག་དཔྱོད་མཛད་པར་ཞུ། བབ་ཅོལ་དུ་མི་སྨྲ་བར་ཞུ་ཞུས་པ་དང་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ།། ལོག་རྟོག་སྣ་ཚོགས་དགག་པ། བཞི་པ་ལོག་རྟོག་སྣ་ཚོགས་དགག་པ་ནི། གཞན་ཡང་བཀའ་ཐ་མའི་བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་ཤིང༌། བཀའ་བར་བར་སྟོང་པ་ཉིད་གསུངས་པའི་དགོངས་པ་མི་ཤེས་པར། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བའི་ལོག་རྟོག་ཅན་དེ་དག་ལ་མིང་ཇི་ལྟར་དུ་འདོགས་སྙམ་ན། དམ་པའི་ཆོས་འཇིག་པའི་སྐྱེས་བུ་དང་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་སེམས་ཞེས་རྒྱལ་བ་སྲས་བཅས་ཀྱིས་མཚན་གསོལ་ཏེ། ཇི་སྐད་དུ། སོར་ཕྲེང་གི་མདོ་ལས། ཀྱེ་མ་འཇིག་རྟེན་ན་དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང༌། གང་འཇིག་རྟེན་ན་བདག་དུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང༌། དམ་པའི་ཆོས་ཁས་འབུབ་པའོ།། ཞེས་དང༌། མདོ་ལས། འོད་སྲུང་གང་ཟག་དུ་ལྟ་བ་རི་རབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ།། ཞེས་དང༌། དཔལ་ཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་དགའ་བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ།། ཞེས་དང༌། དེའི་འགྲེལ་བར་ས་གསུམ་བརྙེས་པ་ཐོགས་མེད་ཀྱིས། འཇིག་ཚོགས་ལ་ལྟ་བར་ལྟུང་བ་ནི་སོ་སོའི་སྐྱེ་བོ་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་ཉན་རང་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་དག སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ལ་བརྗོད་དོ།། ཞེས་པ་འདི་འདྲའི་ལུང་ཁ་གསལ་ལ་གཟིགས། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་སེམས་འདི་སྔར་གང་ལ་ཟེར། གངས་ཅན་གྱི་མཁས་མང་གྲགས་པ་ཅན་སུས་ཀྱང་མ་ཤེས་པ་འདི། ཁོ་བོས་མདོ་དང་ཐོགས་མེད་ཀྱི་ལེགས་བཤད་ལས་རྙེད་པའི་ཐུན་མོང་མ་ཡིན་པའི་ལེགས་བཤད་མཚར་ཆེ་བ་གཅིག་ཡིན་ནོ།། ཡང་བཀའ་བར་པ་ངེས་དོན་དུ་འདོད་པ་རྣམས་ན་རེ། བདེ་གཤེགས་སྙིང་པོ་དང་ཆོས་ཀྱི་སྐུ་རྟག་པར་འདོད་པ་རྟག་ལྟར་འགྱུར་ཏེ། དེའི་རྒྱུ་མཚན། རྒྱུད་བླར། འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག། ཅེས་པའི་འགྲེལ་བར། ཐོགས་མེད་ཀྱིས་དཔལ་ཕྲེང་གི་མདོའི་ལུང་དྲངས་པ། གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་བ་དེ་ནི་དེའི་ཆད་པར་ལྟ་བ་ལགས་ཏེ་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ།། མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་ལགས་ཏེ། ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ།། ཞེས་ལུང་འདི་སྒྲ་ཇི་བཞིན་དུ་འཆད་དོ།། འདི་ནི་ཕྱིན་ཅི་ལོག་ཏུ་སྒྲུབ་པ་སྟེ། དེའི་རྒྱུ་མཚན་དག་པ་གཉིས་ལྡན་གྱི་ཆོས་སྐུ་གཙང་བདག་བདེ་དང་རྟག་པར་འཆད་པའི་སྐབས་ཡིན་ལ། ཁྱད་པར་རྟག་པར་བསྒྲུབ་པའི་སྐབས་ཡིན་པས། ཆོས་སྐུ་རྟག་པར་བལྟས་ན་རྟག་ལྟར་འགྱུར་ཞིང་ཡང་དག་མ་ཡིན་པའི་ལྟ་བར་འགྱུར་ན། འཁོར་འདས་མཉམ་ཉིད་གྱི་ཤེས་བྱེད་དུའང་ཇི་ལྟར་རུང༌། ཆོས་སྐུ་རྟག་པར་གང་གིས་སྒྲུབ་པ་ཡིན་པའི་སྒྲུབ་བྱེད་དུ་མ་ཡིན་པ་འགོད་པ་སུ་ཡི་ལུགས་ཡིན། གཞན་ཡང༌། དཔལ་ཕྲེང་གི་མདོའི་རྗེས་ཐོག་ཏུ། དེ་བཞིན་གཤེགས་པའི་ཆོས་སྐུ་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བ་དང་བདག་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པའོ།། སེམས་ཅན་གང་དག་ཆོས་ཀྱི་སྐུ་ལ་དེ་ལྟར་མཐོང་བ་ནི་ཡང་དག་པར་མཐོང་བ་ལགས་སོ།། ཞེས་དང༌། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ།། དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ལགས་སོ།། ཞེས་༼པ༽དང་དངོས་སུ་འགལ་བ་ཇི་ལྟར་ཡོད། དེ་དག་རང་ཉིད་མཁས་པར་ཁས་འཆེ་ཡང་མངོན་པའི་ང་རྒྱལ་དུ་ཟད་དོ།། ཡང་བཀའ་ཐ་མ་ངེས་དོན་དུ་བཞེད་པ་རྣམས་ནི། འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན་ཆད་ལྟར་འགྱུར་ཞེས་པ་དང༌། མྱ་ངན་ལས་འདས་པ་ལ་རྟག་པར་བལྟས་ན་རྟག་ལྟར་འགྱུར་ཟེར་བ་ནི་འགྱུར་ཉེས་པ་ཡིན། འདུ་བྱེད་མི་རྟག་པར་ལྟ་བ་དང༌། མྱང་འདས་རྟག་པར་ལྟ་བ་རྣམས་ནི། ཆད་ལྟ་དང་རྟག་ལྟ་མ་ཡིན་ཞིང་ཡང་དག་པའི་ལྟ་བ་ལགས་སོ།། ཞེས་བཤད་ན་མདོ་སྔ་ཕྱི་དང་མི་འགལ་ཞིང་ཐོགས་མེད་འགྲེལ་པ་ཡང་སྔ་ཕྱི་མི་འགལ་ལོ།། ཞེས་གསུངས་ན་ཡང་ཆོས་སྐུ་རྟག་པ་ཡིན་པའི་སྒྲུབ་བྱེད་མི་རྟག་པར་ལྟ་བ་ཡང་དག་པའི་ལྟ་བ་ཡིན་པ་འགོད་པ་ནི། ལྷོ་ག་ན་སྟག་ཡོད་པའི་སྒྲུབ་བྱེད་དུ་བྱང་ག་ན་འབྲོང་ཡོད་པ་འགོད་པ་དང་འདྲ་ཞིང་འཁོར་འདས་མཉམ་ཉིད་གྱི་སྒྲུབ་བྱེད་དུ་མ་འབྲེལ་བས་འབྲེལ་མེད་སྡོང་དུམ་ཞེས་བྱའོ།། དེ་ནས་ལུང་འདི་སྒྲ་ཇི་བཞིན་དུ་འཆད་རྒྱུུ་ཡང་མ་ཡིན། འགྱུར་ཉེས་པ་ཡང་མ་ཡིན་ནོ།། འོ་ན་ཇི་ལྟར་ཡིན་སྙམ་ན། དེའི་དོན་ནི་འདི་ཡིན་ཏེ། འདུ་བྱེད་རྣམས་ཀྱི་ཆོས་ཉིད་ལ་འབྲི་རྒྱུའི་མི་རྟག་པར་ལྟ་ན་ཆད་ལྟ་དང༌། མྱང་འདས་ཆོས་ཉིད་ལ་བསྣན་རྒྱུའི་རྟག་པར་ལྟ་ན་རྟག་ལྟར་འགྱུར་ཞིང༌། ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ་ཞེས་བཤད་ན། ཤཱཀྱ་བྱམས་ཐོགས་གསུམ་མཐུན་ནོ།། དེ་ནས་འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད།། ཞེས་འོག་ནས་འབྱུང་བ་ལྟར་འཁོར་འདས་ཀྱི་ཆོས་ཉིད་ལ་སྣོན་འཕྲིད་དམ། བསལ་བཞག་མེད་པར་རང་བཞིན་གྱིས་རྟག་པའི་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པའི་ཆོས་སྐུ་ཡིན་པའི་ཕྱིར། དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་རྟག་པའི་ཕ་རོལ་ཏུ་ཕྱིན་པར་གྲུབ་པོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བཤད་ན་མདོ་སྔ་ཕྱི་མི་འགལ་གཞུང་དང་འགྲིག འགྲེལ་པ་སྔ་ཕྱི་མི་འགལ་འཁོར་འདས་ཀྱི་ཆོས་ཉིད་ལ་སྦྱོར་བ་ཁྱོད་ཀྱིས་རང་ཤེས་ཡིན་ནོ་སྙམ་ན་མིན་ཏེ། ཐོགས་མེདཀྱི་འགྲེལ་པར། ཆོས་གྱི་དབྱིངས་ཀྱི་སྒོ། འདིས་ནི་དོན་དམ་པར་འཁོར་བ་ཉིད་མྱ་ངན་ལས་འདས་པ་ཡིན་ཏེ་ཞེས་པས་གྲུབ་པོ།། འོ་ན་འཕྲྀ་རྒྱུ་དང་བསྣན་རྒྱུ་ལ་སྦྱོར་བ་རང་ཤེས་ཡིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ་འགྲེལ་བར་འཁོར་བ་མི་རྟག་པ་མི་འཕྲིད་མྱང་འདས་རྟག་པ་མི་སྣོན་པས་ཞེས་པས་གྲུབ་པོ།། འདི་ནི་གངས་ཅན་གྱི་མཁས་མང་དེད་དཔོན་གྱི་ཚོགས་རྣམས་ཀྱིས་མ་རྙེད་པ། ཐོགས་མེད་ཀྱི་གསུངས་རབ་རྒྱ་མཚོ་ལས་ཁོ་བོས་རྙེད་པའི་ལེགས་བཤད་ཡིད་བཞིན་གྱི་ནོར་བུ་ཡིན་ནོ།། སྨྲས་པ། སྲས་བཅས་རྒྱལ་བའི་གསུངས་པའི་ངེས་པའི་དོན།། རྩ་རྒྱུད་བླ་མའི་ཚོགས་ཀྱིས་གསལ་བར་མཛད།། ས་གཞི་དཀར་བར་ཟླ་བ་ཤར་བ་བཞིན།། སླར་ཡང་འཇམ་དཔལ་གྲགས་པས་གསལ་བར་བྱས།། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཡང་ཁ་ཅིག་འཁོར་ལོ་གསུམ་པ་མཐར་ཐུག་གི་ངེས་དོན་ཡིན་ན། ཆོས་འཁོར་དང་པོ་དང་གཉིས་པ་བསྟན་ནས་ཅི་བྱ། དང་པོར་ཁོ་ནར་མཐར་ཐུག་སྟོན་པར་རིགས་སོ་སྙམ་ན། མཐར་ཐུག་སྟོན་པའི་སྣོད་དུ་རུང་ན་ཐབས་མཁས་ཐུགས་རྗེའི་བདག་ཉིད། ཤཱཀྱའི་རྒྱལ་བོ་ཆོས་ལ་དཔེ་མཁྱུད་མི་མཛད་པས། ཤིན་ཏུ་སྟོན་མོད་ནའང་སྣོད་༼དུ༽མ་རུང་བའི་ཕྱིར་རོ།། དེའི་རྒྱུ་མཚན་ཡང་བདེ་བར་གཤེགས་པའི་སྙིང་པོ་རྟག་ཅིང་བརྟན་པ་དེ། རྟོག་གེའི་དངོས་གྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་སེམས་ཅན་རྣམས་སྔར་འཁོར་བའི་བག་ཆགས་འདི་བརྟས་ནས། མི་རྟག་པ་ལ་རྟག་པར་འཛིན་ནོ།། སྡུག་བསྔལ་བ་ལ་བདེ་བར་འཛིན། བདག་མེད་པ་ལ་བདག་དུ་འཛིན་པའི་མཐུ་བརྟས་ནས། འདིའི་གཉེན་པོར་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ།། ཞེས་ཆོས་ཀྱི་འཁོར་ལོ་དང་པོ་སྟོན་པར་མི་གདའ་འམ། འོ་ན་དང་པོ་བསྟན་དེའི་རྗེས་སུ་མཐར་ཐུག་གསུམ་པ་སྟོན་པར་རིགས་སོ་སྙམ་ན། ད་དུང་ཡང་མཐར་ཐུག་སྟོན་པའི་སྣོད་དུ་མི་རུང་སྟེ། དེའི་རྒྱུ་མཚན་ཡང༌། འཁོར་ལོ་དང་པོ་བསྟན་ནས་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་པ་སོགས་རྟོགས་ཀྱང༌། མེའི་རང་བཞིན་ཚ་བ་དང༌། ཆུའི་རང་བཞིན་གཤེར་བ་སོགས་དོན་དམ་པར་ཡང་བདེན་ནམ་གཟུང་བ་ཆོས་བདག་མེད་པར་མ་རྟོགས། དེ་བཞིན་དུ་ཡུལ་ཕྱི་རོལ་གཟུགས་སོགས་འཛིན་བྱེད་གྱི་ཤེས་པ་འཛིན་པ་ཆོས་བདག་མེད་པར་ཡང་མ་རྟོགས་པས། འདི་རྣམས་བདེ་གཤེགས་སྙིང་པོ་མཐོང་བ་ལ་སྒྲིབ་བྱེད་དུ་གྱུར་པས། འདིའི་གཉེན་པོར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བརྟག་ཤིང་དཔྱད་ན་མེད་པའོ།། ཞེས་ཀུན་རྫོབ་རང་སྟོང་དང་ཅི་ཡང་མི་སེམས་གང་དུའང་མི་རྟོག་པའི། ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་འཁོར་ལོ་གཉིས་པ་བསྐོར་བར་མི་གདའ་འམ། དེའི་རྗེས་སུ་ཀུན་རྫོབ་གློ་བུར་གྱི་ཆོས་འདི་རྣམས་བརྟག་ཤིང་དཔྱད་ན་མེད་ཀྱང༌། མ་བརྟགས་བཞིན་དུ་སྣང་བ་འདི་མི་འགོག་པར་ཀུན་རྫོབ་ཀྱི་བདེན་པར་༼དང་༽། སེམས་རང་བཞིན་གྱིས་འོད་གསལ་བ་བདེ་གཤེགས་སྙིང་པོ་བརྟགས་ཤིང་དཔྱད་ན། འདི་ཁོ་ན་མ་གཏོགས་གཞན་མེད་ཅེས་མཐར་ཐུག་གི་དོན་དམ་བདེན་པའོ།། ཞེས་ལེགས་པར་ཕྱེ་བ་དང་ལྡན་པའི་འཁོར་ལོ་གསུམ་པ་སྟོན་པར་མི་གདའ་འམ། སྨྲས་པ། ཁ་ཅིག་མི་ཤེས་བཞིན་དུ་སྨྲ་བར་འདུག། ཁ་ཅིག་ཤེས་བཞིན་དཔེ་མཁྱུད་བྱེད་པའང་མཐོང༌།། བདག་གིས་རྟོགས་ནས་ཕན་སེམས་ཁོ་ནས་བསྟན།། བློ་ལྡན་དོན་གཉེར་ཚོགས་རྣམས་དགྱེས་པར་མཛོད།། ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཁ་ཅིག་ཁྱོད་ཀྱི་འདི་འཐད་འཐད་པར་འདྲ་མོ་གཅིག་འདུག་སྟེ། རྒྱལ་བ་སྲས་དང་བཅས་པས་དེ་ལྟར་གསུངས། བླ་མ་གོང་མ་རྣམས་ཀྱང་ཕྱག་ལེན་དེ་ལྟར་མཛད་དམ། ཞེས་ཐུབ་པ་ཆེན་པོས་ཀྱང་ལེགས་པར་ཡང་ཡང་གསུངས་ཏེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་ཁམས་མཁྱེན་ནས། མི་རྟག་པ་དང་བ་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བས་ཡིད་འབྱུང་བའི་གཏམ་ཀྱིས་འཁོར་བ་ལ་དགའ་བའི་སེམས་ཅན་སྐྱོ་བ་བསྐྱེད་པར་མཛད། དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དེ། དེ་ཙམ་གྱི་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་ཀྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དེ། དེ་ཙམ་ཀྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་དུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས། རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ།། ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པ་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ།། ཞེས་དང༌། ལུང་འདི་འཕགས་པ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་སུ་དྲངས། འཕགས་པ་ཐོགས་མེད་ཀྱི། རྒྱུད་བླའི་འགྲེལ་བར་དྲངས་སོ།། མ་རྒྱུད་ཀྱཻའི་རྡོ་རྗེ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལས་བྱེ་བྲག་སྨྲ་བ་བསྟན། །དེའི་རྗེས་སུ་མདོ་སྡེ་པ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེའི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ན། །དེ་ནས་ཀྱེའི་རྡོ་རྗེ་བསྟན། ཞེས་དང༌། ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། ཕྱི་རོལ་དོན་དུ་མི་རྟོག་གོ སྣང་བ་མེད་ལ་བརྟེན་ནས་སུ། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་ལ་བརྟེན་ནས་ནི། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པའི། །ཐེག་པ་ཆེན་པོ་མི་མཐོང་ངོ༌།། ཞེས་དང་རྒྱལ་ཚབ་བྱམས་པ་མགོན་པོས་ཀྱང༌། སེམས་ལས་གཞན་མེད་པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་ཀ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས།། ཞེས་སོགས་ཀྱིས་རིམ་གྱིས་རིམ་གྱིས་སྟོན་པར་མི་གདའ་འམ། བླ་མ་གོང་མ་རྣམས་ཀྱང་ཕྱག་ལེན་འདི་ལྟར་བཛད་དེ། ཁམས་གསུམ་འཁོར་བ་རིགས་དྲུག་གང་དུ་སྐྱེས་ཀྱང༌། སྡུག་བསྔལ་འབའ་ཞིག་ཡིན་གསུངས་ནས་ལུང་རིགས་ཀྱི་ཆོས་བཤད་མང་དུ་མཛད། མི་དགེ་བ་བཅུ་སྤོང་དགེ་བ་བཅུ་སྒྲུབས། ཁྱད་པར་དུ་ཡང་སྐྱབས་འགྲོ་ཡིག་བརྒྱ་མཎྜལ་བླ་མའི་རྣལ་འབྱོར་སོགས་ལ་བརྩོན་པར་གྱིས་ཤིག་གསུངས་པའི། བཀའ་གཏམ་ནས་རྒྱུད་སྣོད་དུ་རུང་བར་མཛད། དེའི་རྗེས་སུ་སྒོམ་འབོགས་དེའི་རྗེས་སུ་ངོ་སྤྲོད་པ་སོགས་མཐོང་པས་གྲུབ་པ་ལགས་སོ།། དེ་བཞིན་དུ་བཀའ་དང་པོ་ཡང་སྔོན་འགྲོའི་ཆོས། བཀའ་བར་བ་སྒོམ་གྱི་དངོས་གཞི། བཀའ་གསུམ་པ་ངོ་སྤྲོད་ཀྱི་ཆོས་སུ་ཤེས་པར་བྱའོ།། སྨྲས་པ། ཆོས་འཁོར་དང་བོའི་ལྟ་བ་དེ་བོར་ནས།། ལས་འབྲས་བསླུ་བ་མེད་ལ་སུ་ཡིད་ཆེས།། ཆོས་འཁོར་དང་པོའི་སྒོམ་པ་དེ་བོར་ནས།། ཆོས་ཀྱི་སྡོམ་བཞི་སྒོམ་པ་སུ་ཡིས་མཐོང༌།། ཆོས་འཁོར་དང་བོའི་སྤྱོད་པ་དེ་བོར་ནས།། འཇིག་རྟེན་བག་མེད་སྤྱོད་པ་སུ་ཡིས་འདུལ།། དང་པོའི་ལས་ཅན་སྤྱོད་པ་ཇི་རྙེད་བྱེད།། ཕྱོགས་ཁྱེར་མ་བྱེད་དེ་ཡང་ཉམས་སུ་ལོངས།། དམ་ཆོས་སེམས་ལ་བསྲེ་བའི་མན་ངག་ཡིན།། ཆོས་འཁོར་གཉིས་པའི་སྟོང་ལྟ་དེ་བོར་ནས།། ཀུན་རྫོབ་དངོས་འཛིན་སུ་ཡིས་གཞིག་པར་ནུས།། ཆོས་འཁོར་གཉིས་པའི་སྒོམ་པ་དེ་བོར་ནས།། མི་རྟོག་སྦྲོས་བྲལ་ཤེར་ཕྱིན་སུ་ཡིས་བསྒོམ།། ཆོས་འཁོར་གཉིས་པའི་སྤྱོད་པ་དེ་བོར་ནས།། རྣལ་འབྱོར་གྲུབ་ཐོབ་སྤྱོད་པ་སུ་ཡིས་སྤྱོད།། དངོས་འཛིན་ཞིག་ནས་སྤྱོད་པ་ཇི་ལྟར་བྱ།། ཕྱོགས་ཁྱེར་མ་བྱེད་དེ་ཡང་ཉམས་སུ་ལོངས།། དམ་ཆོས་སེམས་ལ་བསྲེ་བའི་མན་ངག་ཡིན།། ཆོས་འཁོར་གསུམ་པའི་ལྟ་བ་དེ་བོར་ནས།། བྲལ་འབྲས་ལྷུན་གྲུབ་ཆོས་སྐུ་སུ་ཡིས་བརྙེས།། ཆོས་འཁོར་གསུམ་པའི་སྒོམ་པ་དེ་བོར་ནས།། འོད་གསལ་བདེ་གཤེགས་སྙིང་པོ་སུ་ཡིས་མཐོང༌།། ཆོས་འཁོར་གསུམ་པའི་སྤྱོད་པ་དེ་བོར་ནས།། ཐམས་ཅད་མཁྱེན་པའི་སྤྱོད་པ་འཁྲུལ་མེད་གང༌།། འོད་གསལ་ངང་ནས་གཞན་དོན་བྱེད་པ་སུ།། ཕྱོགས་ཁྱེར་མ་བྱེད་དེ་ཡང་ཉམས་སུ་ལོངས།། དམ་ཆོས་སེམས་ལ་བསྲེ་བའི་མན་ངག་ཡིན།། བསྐྱེད་རིམ་གཞན་ཕན་བསོད་ནམས་ཚོགས་བོར་ནས།། གཞན་དོན་ཕུན་ཚོགས་གཟུགས་སྐུ་སུ་ཡིས་བརྙེས།། འབྲས་བུ་སྐུ་གཉིས་ཟུང་འཇུག་བསྒྲུབ་པའི་ཕྱིར།། ཆོས་འཁོར་གསུམ་ཀའང་ཉམས་སུ་བླང་འཚལ་ལོ།། འོ་སྐོལ་བསྟན་པའི་སྒོར་ཞུགས་ཐམས་ཅད་ཀྱིས།། བསྟན་པའི་བྱ་བ་རྒྱ་ཆེན་མ་འགྲུབ་ཀྱང༌།། ཐུབ་བསྟན་ཆོས་ཚུལ་དཀྲུག་པར་མི་འོས་པས།། རང་བཟོའི་དུག་ཆུ་ཐམས་ཅད་དོར་པར་ཞུ།། མེ་དང་དུག་སྦྲུལ་རྡོ་རྗེའི་ཐོག་གིས་ནི།། སྲོག་དང་བྲལ་ཡང་མནར་མེད་འཕེན་མི་ནུས།། ཟབ་མོའི་ཆོས་ཉམས་མནར་མེད་འཕེན་པར་གསུང༌།། དེ་ཕྱིར་ཆོས་སྤོང་ལས་འདི་སྒྲིམས་ཏེ་སྲུངས།། མདོར་ན་མཉམ་བཞག་མི་རྟོག་ཏིང་འཛིན་སྒོམས།། རྗེས་ཐོབ་བསོད་ནམས་ཚོགས་ལ་འབད་པར་ཞུ།། དེ་སྐད་སྨྲ་བའི་འཇམ་དཔལ་གྲགས་པ་དེས།། ཟུང་འཇུག་ལམ་གྱི་བཀའ་བསྡུ་ལྔ་པ་བྱས།། ལམ་ཚོགས་གཉིས་ཟུང་འཇུག་གཏན་ལ་ཕབས་པའི་སྐབས་ཏེ་གཉིས་པའོ།། །། ༣༽གཞི་བདེན་གཉིས་ཟུང་འཇུག་གཏན་ལ་ཕབ་པ། ད་ནི་འབྲས་བུ་སྐུ་གཉིས་ཟུང་འཇུག་ཡོད་པར་གྲུབ། དེའི་རྐྱེན་ལམ་ཚོགས་གཉིས་ཟུང་འཇུག་ཡོད་པར་གྲུབ། དེ་ཕྱིར་གཞི་བདེན་གཉིས་ཟུང་དུ་འཇུག་པ་གཏན་ལ་ཕབ་པར་བྱ་སྟེ། དེ་ལ་ཡང་བདེན་གཉིས་ཀྱི་ངོ་བོ་ངོས་བཟུང༌། དེ་ལ་གཞན་གྱི་ལོག་རྟོག་དགག བདེན་གཉིས་ཀྱི་རྣམ་དབྱེ་མ་ཤེས་པའི་ཉེས་དམིགས་བསྟན། བདེན་གཉིས་ཀྱི་རྣམ་དབྱེ་ཤེས་པའི་ཕན་ཡོན་བསྟན་པའོ།། བདེན་གཉིས་ངོས་བཟུང༌བ། དང་པོ་ནི། དོན་དམ་པའི་བདེན་པའི་མཚན་ཉིད་གང་ཞེ་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་གང་ཞིག་སྐྱེ་འཇིག་མེད་པའོ།། ཀུན་རྫོབ་བདེན་པའི་མཚན་ཉིད་གང་ཞེ་ན། བརྟགས་ཤིང་དཔྱད་ན་མེད་པ་གང་ཞིག མ་བརྟགས་པའི་ངོར་ནི་སྣ་ཚོགས་སུ་སྣང་བའོ།། སྐྱེ་འཇིག་མེད་པར་ལྷུན་གྱིས་གྲུབ་པ་གང་ཞེ་ན། ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ལ། དེ་བཞིན་གཤེགས་པའི་སྙིང་པོའཽ་ཞེས་གང་གསུང་པ་དེ་ཡིན་ནོ།། གཞན་གྱི་ལོག་རྟོག་དགག་པ། གཉིས་པ་གཞན་གྱི་ལོག་རྟོག་སྣ་ཚོགས་དགག་པ་ནི། ཁ་ཅིག་ན་རེ། ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ཡིན་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དོན་དམ་པར་ཆོས་གང་ཡང་མ་གྲུབ་པ་ལ་དོན་དམ་པའི་བདེན་པ་ཞེས་ཟེར་རོ།། འདི་ནི་འདོད་པ་མང་ན་ཡང་རྣམ་པར་འཁྱམས་ཏེ། ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ཀྱང་དོན་དམ་པར་མ་གྲུབ་པའི་ཕྱིར་དོན་དམ་པའི་བདེན་པར་འགྱུར་རོ།། དེ་ལྟར་ཡང་མ་ཡིན་ཏེ་བདེན་པ་གཉིས་འགལ་བའི་ཕྱིར་རོ།། ཁ་ཅིག་སྣང་བཞིན་དུ་སྟོང་པ་དོན་དམ། སྟོང་བཞིན་དུ་སྣང་བ་ཀུན་རྫོབ་གསུང་ན་ཡང༌། དེ་ལའང་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་ཏུ་འགྱུར་ཏེ་སྟོང་བཞིན་དུ་སྣང་བའི་ཕྱིར་རོ།། ཀུན་རྫོབ་བདེན་པ་ཡང་དོན་དམ་དུ་འགྱུར་ཏེ་སྣང་བཞིན་དུ་སྟོང་པའི་ཕྱིར་རོ།། འདི་འཁོར་གསུམ་དངོས་འགལ་ཞེས་བྱ་བ་ཡིན་ནོ།། དེའི་རྒྱུུ་མཚན་ཡང་སྟོང་བཞིན་དུ་སྣང་བ་དང་སྣང་བཞིན་དུ་སྟོང་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ།། ཁྱད་པར་ཡོད་ན་འདི་ཡིན་ཞེས་སྨྲོས་ཤིག ཁ་ཅིག་དོན་དམ་བདེན་པ་ཡོད་པ་མ་ཡིན་ཞེས་སྨྲའོ།། དེ་ལྟ་ན་བདེན་པ་གཉིས་སུ་བཞག་པ་མི་འཐད་པར་འགྱུར་ལ། ཡོད་པ་མ་ཡིན་པ་བདེན་པར་ཇི་ལྟར་རུང༌། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན།། ཞེས་གསུང་པའང་མི་འཐད་པར་འགྱུར་ཏེ། ཡོད་པ་མ་ཡིན་པ་ཇི་ལྟར་བདེན། མོ་གཤམ་བུ་ལ་སུ་ཡང་བརྟེན་པ་མེད་པའི་ཕྱིར། ཐོགས་མེད་ཀྱིས་ཀྱང༌། དེ་ལྟར་མེད་པའི་རྒྱུ་མཚན་གྱིས་དམིགས་པ་མ་མཐོང་བའི་ཕྱིར་དང༌། ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ་མཐོང་བའི་ཕྱིར་ཞེས་གསུངས་སོ།། ཁ་ཅིག་དོན་དམ་བདེན་པ་ཡོད་ན་སུ་ཞིག་ཡིན་ཞེས་སྨྲ་བ་ལ། ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་ཡིན་ཞེས་སྨྲ་པས། ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ནོ་ཟེར་རོ།། ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་པར་འགྱུར། བདེ་གཤེགས་སྙིང་པོ་ཡོད་པ་མིན་ན། གྲུབ་མཐའ་བཞིའི་ནང་ནས་མཐར་ཐུག་སྣང་བཅས་ཀྱི་དབུ་མ་ཡོད་པ་མིན་པར་འགྱུར། སྐུ་བཞིའི་ནང་ནས་ངོ་བོ་ཉིད་སྐུ་ཡོད་པ་མིན་པར་འགྱུར། རིགས་པ་བཞིའི་ནང་ནས་ཆོས་ཉིད་ཀྱི་རིགས་པ་ཡོད་པ་མིན་པར་འགྱུར། བདེན་པ་བཞིའི་ནང་ནས་འགོག་བདེན་མཐར་ཐུག་ཡོད་པ་མིན་པར་འགྱུར། ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས་ཡོད་པ་མིན་པར་འགྱུར། ཕུང་བོ་ལྔའི་ནང་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོད་པ་མིན་པར་འགྱུར། བདེན་གཉིས་མཚན་ཉིད་ཅན་གྱི་ཆོས་ཀྱི་ནང་ནས་འགོག་བདེན་ཡོད་པ་མིན་པར་འགྱུར། ཇི་ལྟ་ཇི་སྙེད་ཀྱི་ནང་ནས་ཇི་ལྟ་བ་ཡོད་པ་མིན་པར་འགྱུར། ཆོས་དང་ཆོས་ཉིད་གཉིས་ཀྱི་ནང་ནས་ཆོས་ཉིད་ཡོད་པ་མིན་པར་འགྱུར། རྣམ་ཤེས་ཡེ་ཤེས་གཉིས་ཀྱི་ནང་ནས་རང་བྱུང་ཡེ་ཤེས་ཡོད་པ་མིན་པར་འགྱུར། རང་བཞིན་གློ་བུར་གཉིས་ཀྱི་ནང་ནས་རང་བཞིན་ཡོད་པ་མིན་པར་འགྱུར། འོད་གསལ་དྲི་མ་གཉིས་ཀྱི་ནང་ནས་འོད་གསལ་ཡོད་པ་མིན་པར་འགྱུར། དྲང་དོན་ངེས་དོན་གཉིས་ཀྱི་ནང་ནས་མཐར་ཐུག་གི་ངེས་དོན་ཡོད་པ་མིན་པར་འགྱུར། བྲལ་འབྲས་སྨིན་འབྲས་གཉིས་ཀྱི་ནང་ནས་བྲལ་འབྲས་ཡོད་པ་མིན་པར་འགྱུར། དངོས་གྲུབ་རྣམ་པ་གཉིས་ཀྱི་ནང་ནས་མཐར་ཐུག་མཆོག་གི་དངོས་གྲུབ་ཡོད་པ་མིན་པར་འགྱུར། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་ཀྱི་ནང་ནས། ཆོས་བྱས་པའི་མཐར་ཐུག་གི་འབྲས་བུ་ཡོད་པ་མིན་པར་འགྱུར། རང་བཞིན་གྱི་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཀྱི་ནང་ནས། རང་བཞིན་གྱི་རིགས་ཡོད་པ་མིན་པར་འགྱུར། ངོ་བོ་ཉིད་གསུམ་གྱི་ནང་ནས། འགྱུར་མེད་ཡོངས་གྲུབ་ཡོད་པ་མིན་པར་འགྱུར། སྐྱབས་གནས་གསུམ་གྱི་ནང་ནས་མཐར་ཐུག་གི་སྐྱབས་གནས་ཡོད་པ་མིན་པར་འགྱུར་ཏེ། དེ་ལྟ་ན་ཤེས་བྱའི་ཕྱེད་ལ་སྐུར་བ་བཏབ་པའི་ཕྱིར་རོ།། གཞན་ཡང་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། མདོ་སྡེ་དུ་མ་ལས། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ཞེས་གསུང་པའང་མི་བདེན་ཏེ། རི་བོང་གི་རྭ་ཡོད་པ་མ་ཡིན་ན་རི་བོང་གི་རྭ་ལྟར་རྒྱ་ཆེ་བ་ཇི་ལྟར་ཡོད། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག ཅེས་པའང་མི་འཐད་དེ། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་ན་མོ་གཤམ་གྱི་བུ་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཇི་ལྟར་ཡོད། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། མདོ་སྡེ་དུ་མ་ལས་ཆོས་ཀྱི་དབྱིངས་ཀྱི་མཐའ་རྒྱས་པར་ཀླས་པར་འགེངས་པ་ཞེས་པའང་མི་འཐད་དེ། ནམ་མཁའི་མེ་ཏོག་ཡོད་པ་མ་ཡིན་ན་ནམ་མཁའི་མེ་ཏོག་གི་མཐའ་རྒྱས་པར་ཀླས་པར་འགེངས་པ་ཇི་ལྟར་ཡོད། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། མདོ་སྡེ་དུ་མ་ལས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་ཞེས་པའང་མི་འཐད་དེ། རུས་སྦལ་ཀྱྀ་སྤུ་ཡོད་པ་མ་ཡིན་ན་རུས་སྦལ་ཀྱི་སྤུ་ཀུན་ཏུ་ཁྱབ་པ་ག་ལ་ཡོད། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། དེ་བཞིན་གཤེགས་པ་སྐྱེ་བ་སྲིད་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་སྐྱེ་བ་མེད་དེ། ཡོངས་སུ་མྱ་ངན་ལས་མི་འདའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་དབྱིངས་ལ་བཞུགས་པའི་ཕྱིར་ཞེས་གསུང་པའང་མི་འཐད་པར་འགྱུར་ཏེ། རི་བོང་གི་རྭའི་ཁྲི་ཡོད་པ་མིན་ན་རི་བོང་གི་རྭའི་ཁྲི་ལ་སུ་ཡང་བཞུགས་པ་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། མདོ་སྡེ་དུ་མ་ལས་ཆོས་ཀྱི་སྐུ་འཕྲིན་ལས་དང༌། ཆོས་ཀྱི་དབྱིངས་མཉམ་པ་ཞེས་པའང་མི་འཐད་པར་འགྱུར་ཏེ། རི་བོང་གི་རྭ་ཡོད་པ་མ་ཡིན་ན་སུ་ཞིག་རི་བོང་གི་རྭ་དང་མཉམ་པར་ཡོད། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད།། ཅེས་པའང་མི་འཐད་པར་འགྱུར་ཏེ། རི་བོང་གི་རྭ་ཡོད་པ་མ་ཡིན་ན་རི་བོང་གི་རྭ་ལ་སུ་ཞིག་ཕྱག་འཚལ། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་བཞིན་ཉོན་མོངས་ཀྱིས་བསྒྲིབ་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར།། ཅེས་པའང་མི་འཐད་པར་འགྱུར་ཏེ། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་ན་མོ་གཤམ་གྱི་བུ་འོད་གསལ་བ་ཇི་ལྟར་ཡོད། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། དཔལ་མགོན་པོ་བྱམས་པས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར།། ཞེས་དང༌། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌།། ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བ་ལ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་རྟོགས་པའི་ཕྱིར་རོ།། ཞེས་གསུང་པ་རྣམས་ཀྱང་མི་འཐད་པར་འགྱུར་ཏེ། རི་བོང་གི་རྭ་ཡོད་པ་མ་ཡིན་ན་རི་བོང་གི་རྭའི་རང་བཞིན་དང་རི་བོང་གི་རྭ་ཀུན་ཏུ་འགྲོ་བའི་དོན་སུ་ཡིས་རྟོགས། དཔལ་ལྡན་ཆོས་ཀྱི་གྲགས་པས་ཀྱང༌། དེ་མེད་པ་ཡང་མིན་ལ་དེས་རྟོགས་སོ།། ཞེས་བྱ་བ་འདི་ནི་ཉམས་སོ་ཞེས་གསུངས་པའི་ཕྱིར་རོ།། འདི་དག་ནི་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་པའི་གནོད་བྱེད་ཀྱི་ལུང་རིགས་ཆེ་ལུང་ཙམ་ཞིག་བརྗོད་པ་ཡིན་ལ་རྒྱས་པར་ནི་མཐའ་ཡས་སོ།། དེ་ལྟར་ན་གོང་དུ་བཤད་པའི་ཆོས་དེ་རྣམས་ཡོད་པའི་ཕྱིར་ཆོས་ཀྱི་དབྱིངས་ཡོད་པར་གྲུབ་པོ།། ཆོས་ཀྱི་དབྱིངས་ཡོད་པའི་ཕྱིར་དོན་དམ་པའི་བདེན་པ་ཡོད་པར་གྲུབ་པོ།། དེ་ལ་ཁ་ཅིག་ན་རེ། སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་ན། མུ་སྟེགས་བྱེད་ཀྱི་བདག་དང་མཚུངས་པར་འགྱུར་རོ་ཞེས་ཟེར་རོ།། རྩོད་པ་འདི་སྔོན་བཅོམ་ལྡན་འདས་བཞུགས་པའི་དུས་སུའང་བྱུང་ཚུལ། བཅོམ་ལྡན་འདས་ཀྱིས་བདེ་གཤེགས་སྙིང་པོ་དང་མུ་སྟེགས་བྱེད་ཀྱི་བདག་གཉིས་མི་མཚུངས་པར་བསྟན་ཚུལ་གཉིས་ཀྱི། དང་པོ་ནི། ཇི་སྐད་དུ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱི་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་སྟེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད། མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྨྲས་པ་འདི། མུ་སྟེགས་ཀྱི་བདག་དུ་སྨྲར་བ་དང་ཇི་ལྟར་མི་འདྲ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་དང༌། བྱེད་པ་དང༌། ཡོན་ཏན་བྱེད་པ་ཁྱབ་པ་མི་འཇིག་པའོ། ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ་ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་མི་མཚུངས་པར་བསྟན་པའི་ལན་ལ་ལྔ། དང་པོ་མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་ཤིང༌། བདག་མེད་པའི་འཇིག་པ་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ཚུལ་ནི་བཀའ་བསྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་གྱུར་པའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་ནས་བསྟན་པས། རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ།། གཉིས་པ་བདེ་གཤེགས་སྙིང་པོ་དང་ཆོས་ལ་བདག་མེད་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བསྟན་ཏེ། མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་པར་གསུངས་ཚུལ་ནི། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་གྱི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང་ལག་ཟུང་དང༌། ཆུ་དང་སྲད་བུ་དང་ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལོག་པ། དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་ནི་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ། བདག་མེད་པ་བསྟན་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ།། དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་ཀྱི་བདག་དུ་སྨྲ་བ་བསྟན་པ་དང་མི་འདྲའོ།། གསུམ་པ་མུ་སྟེགས་བྱེད་བདག་དུ་སྨྲ་བ་རྣམས། སངས་རྒྱས་སུ་མྱུར་དུ་དྲང་བའི་དོན་དུ་བདེ་གཤེགས་སྙིང་པོ་བསྟན་ནས། དེ་ཉིད་མུ་སྟེགས་བྱེད་ཀྱི་བདག་དང་མཚུངས་པར་གསུངས་ཚུལ་ནི། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་མུ་སྟེགས་བྱེད་བདག་དུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏོ།། ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང༌། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་ཏེ། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ།། དེ་ལྟ་བས་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ་ཞེས་གསུངས་སོ།། བཞི་པ་མུ་སྟེགས་བྱེད་ཀྱི་བདག་དུ་ལྟ་བ་བཟློག་པའི་ཕྱིར། བདེ་གཤེགས་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་གདམས་པ་ནི། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་དེ་ལྟ་བས་ན། མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ།། ཞེས་གསུངས་སོ།། ལྔ་བ་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་སྡེ་བཟུང་བས་མདོ་སྡེ་ཐམས་ཅད་བཟུང་བར་གསུང་པ་ནི། ཡང་དེ་ཉིདལས། ཆོས་ཟབ་མོ་བསྟན་པ་ནི་འདི་ཡོངས་སུ་བཟུངས་པས་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ནོ།། གཞན་ཡང་ཆོས་ཟབ་མོ་ལ་མོས་པ་དང་བསོད་རྣམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་སྡུད་པར། ཁྱེའུ་རིན་ཆེན་གྱིས་ཞུས་པའི་མདོ་དང༌། རྡོ་རྗེ་གཅོད་པ་ལས་གསུངས་པ་དང༌། ཆོས་ཟབ་མོ་ལ་མོས་པས་བྱང་ཆུབ་ཏུ་ངེས་ཤིང་ལུང་བསྟན་ཐོབ་པར་ཤེར་ཕྱིན་ལས་གསུང་པ་དང༌། ཆོས་ཟབ་མོ་བདེ་གཤེགས་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་ལ་མོས་པས། མི་དགེ་བ་བཅུའི་ལས་ཀྱིས་སྒྲིབ་པ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱང་འཛད་པར་འགྱུར་བར་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་གསུང་པ་དང༌། གཞན་ཡང་ཆོས་ཟབ་མོ་ལ་མོས་པའི་ཕན་ཡོན་མཐའ་ཡས་པར་གསུངས་པས་མདོ་སྡེ་དུ་མར་གཟིགས་པར་ཞུ། འདིར་ཡི་གེ་མང་བས་འཇིགས་ནས་མ་བྲིས་ཏེ། གཞན་ཡང་དཔལ་ཕྲེང་གི་མདོ་ལས། ཉོན་མོངས་པའི་སྦུབས་མཐའ་དག་གིས་བསྒྲིབ་༼སྟེ༽། དེ་བཞིན་གཤེགས་པའི་སྙིང་པོ་ལ་དོགས་པ་དང་ཐེ་ཚོམ་མི་ཟ་བ་དེ་ནི། ཉོན་མོངས་བྱེ་བ་མཐའ་དག་གི་སྦུབས་ལས་གྲོལ་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་ཐེ་ཚོམ་དང་དོགས་པ་མ་མཆིས་པ་ལགས་སོ།། ཞེས་འདི་འདྲའི་ལུང་ཁ་གསལ་གསུང་གདའ་ལགས་སོ།། དེ་ལ་ཁ་ཅིག་ན་རེ། མུ་སྟེགས་བྱེད་དྲང་བའི་ཕྱིར་བདེ་གཤེགས་སྙིང་པོ་གསུངས་པས། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ནོ་ཞེས་སྨྲས་མོད། དེ་ལྟར་ན་བྱམས་མགོན་གྱི་མདོ་སྡེ་རྒྱན་དུ། ཁ་ཅིག་དང་ནི་དྲང་ཕྱིར་དང༌།། ཞེས་གསུངས་པས། ཐེག་པ་གཅིག་ཏུ་བསྟན་པ་ཡང་དྲང་དོན་དུ་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། མདོ་སྡེ་མཐའ་ཡས་པར་ཐེག་པ་གཅིག་ཏུ་བསྟན་པ་ངེས་པའི་དོན་དུ་གསུང་པ་ལ་རིགས་པས་ཀྱང་གྲུབ་པའི་ཕྱིར་རོ།། གཞན་ཡང་དྲང་བའི་ཕྱིར་གསུང་པས་དྲང་དོན་དུ་འགྱུར་ན། སངས་རྒྱས་ཀྱི་གསུངས་རབ་ཐམས་ཅད་གདུལ་བྱ་དྲང་བའི་ཕྱིར་གསུང་པས་ཐམས་ཅད་ཀྱང༌། དྲང་དོན་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ།། ཡང་ཁ་ཅིག་ན་རེ། བདེ་གཤེགས་སྙིང་པོ་ཡོད་པར་གསུང་པ་ནི། སྐྱོན་ལྔ་སྤང་བའི་ཕྱིར་གསུང་པ་ཡིན་གྱི། དོན་ལ་བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ཞེས་ཟེར་རོ།། དེ་ལྟར་འདོད་པ་དེའི་ལུགས་ལ་སྐྱོན་ལྔ་པོ་ཡང་མི་སྲིད་པར་འགྱུར་ཏེ། སྐྱོན་ལྔ་པོ་ནི། བདག་ལ་བདེ་གཤེགས་སྙིང་པོ་ཡོད་པར་མ་ཐོས་པས་སེམས་ཞུམ་པ་དང༌། གཞན་ལ་བདེ་གཤེགས་སྙིང་པོ་ཡོད་པ་མ་ཤེས་པས་བརྙས་པ་དང༌། ཡང་དག་པ་མིན་པའི་དོན་དྲི་མ་གློ་བུར་བ་རྣམས་བདེན་པར་བཟུང་བས་བདེ་གཤེགས་སྙིང་པོ་རྟོགས་པའི་ཤེས་རབ་མི་སྐྱེ་བ་དང༌། བདེ་གཤེགས་སྙིང་པོ་རྟོགས་པའི་ཤེས་རབ་མ་སྐྱེས་པས། ཡང་དག་པའི་དོན་བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ནོ།། ཞེས་སྐུར་བ་འདེབས་པ་དང༌། བདག་དང་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་མི་སྐྱེ་བ་སྟེ། སྐྱོན་ལྔ་པོ་འདི་ཡིན་ལ་བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན། སྐྱོན་ལྔ་པོ་འདི་སྤོང་བ་གདའ་ཡེ། ཞལ་ནས་གང་དྲན་དྲན་གསུང་བ་མ་གཏོགས་འདི་འདྲའི་གསུང་ལ་འོང་གདའ་ཡེ། རྟོག་དཔྱོད་དུམ་རེའང་བཏང་དུ་གསོལ། ཁྱད་པར་དུ་བདེ་གཤེགས་སྙིང་པོ་བཀའ་ཐ་མ་དང་རྒྱུད་བླ་རྩ་འགྲེལ་གྱིས་གཏན་ལ་འབེབས་པ་ཡིན་ལ། འདི་རྣམས་ལ་སྦྱངས་པ་མ་བྱས་པར་བདེ་གཤེགས་སྙིང་པོ་ངེས་དོན་ཡིན་མིན་གྱི་གཤགས་རལ་བྱེད་པ་ནི། ས་ལི་མཁན་ལ་རྟ་དཔྱད་མེད་པ་དང་འདྲའོ།། དེ་དཀའ་བཞི་དུས་འཁོར་ལ་སོགས་པོ་ཏི་གང་དང་གང་ལ་སྦྱངས་པ་མ་བྱས་པ་རྣམས། དེ་དང་དེ་ལ་གཤགས་རལ་བྱས་ཀྱང་བཞད་གད་༼ཀྱི༽གནས་སུ་འགྱུར་རོ།། གཞན་ཡང་སྨྲས་པ། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། མ་རིག་ཉིད་ལས་སུ་ཞིག་སངས་པ་ཡིན།། ཤེས་བྱའི་ཁྱོན་ལ་བློ་གྲོས་རྒྱས་པའང་སུ།། རི་བོང་རྭ་དང་མོ་གཤམ་བུ་བཞིན་དུ།། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་ཡིས་བརྙེས།། ཆོས་དབྱིངས་ཡེ་ཤེས་སུ་ཡིས་མངོན་དུ་བྱས།། སུ་ཞིག་སྒྲིབ་པ་གཉིས་དང་བྲལ་བ་ཡིན།། བདེ་གཤེགས་སྙིང་པོའི་དོན་ལ་བལྟ་བའི་ཚེ།། སོ་སྐྱེ་རྣམས་ཀྱང་གཟུགས་ལ་དམུས་ལོང་འདྲ།། ཉན་རང་རྣམས་ཀྱང་བཙས་མ་ཐག་པ་ཡི།། བུ་ཆུང་མིག་གིས་ཉི་མའི་གཟུགས་ལ་བཞིན།། ས་ལ་གནས་པའི་སེམས་དཔའ་རྣམས་ཀྱིས་ཀྱང༌།། བདེ་གཤེགས་སྙིང་པོའི་དོན་ལ་བལྟ་བའི་ཚེ།། སྤྲིན་མཐོང་མཁའ་ལ་ཉི་བཞིན་ཅུང་ཟད་མཐོང༌།། ཐམས་ཅད་རྫོགས་པར་མཐོང་བ་མིན་ཞེས་གསུངས།། མཐའ་དག་རྫོགས་པར་སྒྲིབ་གཉིས་སྤང་བ་ཡི།། བློ་གྲོས་མཐའ་ཡས་ཆོས་སྐུ་མཐོང་ཞེས་གསུང༌།། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། བདེ་གཤེགས་སྙིང་པོ་རྫོགས་པར་སུ་ཡིས་མཐོང༌།། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། བདེ་གཤེགས་སྙིང་པོའི་དོན་ལ་བལྟ་བའི་ཚེ།། སོ་སྐྱེས་རྣམ་ཀྱང་དམུས་ལོང་ཇི་ལྟར་ཡིན།། མོ་གཤམ་བུའི་འགྱིང་བག་མ་མཐོང་བས།། ཁྱོད་ཀྱི་མིག་ཀྱང་དམུས་ལོང་ཡིན་ནམ་ཅི།། ནམ་མཁའི་པདྨོ་ཡོད་པ་མ་ཡིན་ན།། ནམ་མཁའི་པདྨོ་རྫོགས་པར་སུ་ཡིས་མཐོང༌།། དེ་བས་རྒྱང་འཕེན་གསང་ཚིག་འཛིན་པ་དོར།། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། སྙིང་པོའི་མདོ་རྣམས་བརྗོད་བྱས་སྟོང་པར་འགྱུར།། བརྗོད་བྱས་སྟོང་པའི་རྗོད་བྱེད་ཚིག་རྣམས་ལ།། ངེས་དོན་ཡིན་ཞེས་གསུངས་པའི་ཀུན་མཁྱེན་དེ།། མི་ཤེས་འཐིབས་པོས་ཀུན་ནས་བསླད་དམ་ཅི།། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། རྒྱུ་བླ་རྩ་འགྲེལ་དབུ་མ་བསྟོད་ཚོགས་ཀྱི།། བརྗོད་བྱའི་དོན་དེ་གང་ནས་བཙལ་བར་བྱ།། རྒྱལ་སྲས་ཞི་བ་ལྷའི་ཞལ་སྔ་ནས།། བདག་ནི་དེང་ནས་ཤི་བར་འགྱུར་ཀྱང་བླའི།། ལོག་འཚོས་ཡུན་རིང་གསོན་ན་མི་རུང་གསུངས།། ལྟ་ངན་འདི་འདྲས་གསོན་པ་ལྟ་ཅི་སྨོས།། བདེ་གཤེགས་སྙིང་པོ་གྲངས་ཅན་གྲུབ་མཐའ་ན།། རྒྱུད་བླ་རྩ་འགྲེལ་དབུ་མ་བསྟོད་ཚོགས་དང༌།། མདོ་སྡེ་ཕལ་ཆེར་གྲངས་ཅན་བསྟན་བཅོས་འགྱུར།། བྱམས་པ་ཐོགས་མེད་ཀླུ་སྒྲུབ་དབྱིག་གཉེན་དང༌།། ཤཱཀྱའི་རྒྱལ་པོའང་གྲངས་ཅན་རྒན་པོར་འགྱུར།། ཀྱེ་མ་སྙིགས་མ་ལྔ་བདོའི་ནང་ནས་ཀྱང༌།། ཁྱད་པར་ལྟ་བའི་སྙིགས་མ་བདོ་བར་འགྱུར།། ཀྱེ་མ་ཐུབ་པའི་བསྟན་པའང་འདི་འདྲར་འགྱུར།། ཨེ་མ་འདི་འདྲའི་ཆོས་དང་གང་ཟག་ལ།། སྐུར་པ་འདེབས་པའི་བཤེས་གཉེན་དེ་དག་ཀྱང༌།། ད་དུང་ཤཱཀྱའི་རྗེས་འཇུག་ཡིན་པར་རློམ།། བསྟན་ལས་ཕྱི་རོལ་གྱུར་པའང་སུ་ཡིན་སེམས།། བདེ་གཤེགས་སྙིང་པོ་ཡོད་པ་མ་ཡིན་ན།། ཐེག་པ་ཆེ་ལ་དད་དང་སྒོམ་པའི་མདོར།། ལྟ་ངན་ཉེར་བརྒྱད་གསུངས་པ་གང་ཡིན་སྨྲོས།། དོན་འདི་ལེགས་པར་མཁས་པ་རྣམས་ཀྱིས་སོམས།། མི་མཁས་མཁས་སུ་རློམ་པ་ཁ་ཅིག་ནི།། ཁྱེད་ཀྱི་དེའང་འཆད་ལུགས་གཅིག་ཡིན་ཞིང༌།། ངེད་ཀྱི་འདི་ཡང་འཆད་ལུགས་གཅིག་ཡིན་པས།། དེ་དག་རང་རང་སོ་སོར་བདེན་ནོ་ལོ།། འོ་ན་སངས་རྒྱས་གྲུབ་མཐའང་འཆད་ལུགས་གཅིག། མུ་སྟེགས་གྲུབ་མཐའང་འཆད་ལུགས་གཅིག་ཡིན་པས།། དེ་དག་ཉིད་ཀྱང་སོ་སོར་བདེན་ནམ་ཅི།། རིགས་དང་མི་རིགས་རྣམ་དབྱེ་ཇི་ལྟར་བྱ།། བདེ་གཤེགས་སྙིང་པོར་ཡིད་མི་ཆེས་པ་ལས།། ཉེས་དམིགས་མཐའ་ཡས་ཡོད་པ་མ་བཟོད་ནས།། བདེ་གཤེགས་སྙིང་པོ་འགོག་པ་དེ་དག་རྣམས།། ཐུབ་ཆེན་ཁྱེད་ལ་ཁྲོས་ཏེ་རྒོལ་བར་དགོས།། བྱམས་པ་ཐོགས་མེད་ཀླུ་སྒྲུབ་དབྱིག་གཉེན་ནས།། དེང་སང་བར་གྱི་ཆོས་དང་གང་ཟག་ལ།། སྒྲོ་འདོགས་སྐུར་འདེབས་བྱེད་པའི་རྒྱུ་མཚན་ཡང༌།། ཐུབ་པའི་རྗེས་སུ་ཞུགས་པས་ལན་ནམ་སྙམ།། ཆོས་སྤོང་སྒྲིབ་པ་འདག་དུ་མེད་པར་གསུངས།། དེ་ཕྱིར་བློ་ཡིས་མ་བཟོད་ཚིག་འདི་ཤོར།། བདག་ལ་མི་མཁས་མཁས་ཞེས་སྨྲ་འདོད་མེད།། ཚུལ་འདི་བདེན་རྫུན་བློ་གྲོས་ལྡན་པས་དཔྱོད།། ཅེས་པ་པར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ད་ནི་བདེ་གཤེགས་སྙིང་པོ་ལས་ཉམས་པ་ཐེག་པ་ལ་ཞུགས་པའི་བྱང་སེམས་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་གསུངས་དང་དེའི་ལན་བསྟན་པ་ནི། ཁ་ཅིག་ས་པཎ་སོགས་དང༌། བུ་སྟོན་སོགས་ཀྱིས་བདེ་གཤེགས་སྙིང་པོ་ཡོད་པར་བཤད་པ་དྲང་དོན་དུ་བཤད་པའི་ཕྱིར། ས་པཎ་བུ་སྟོན་སོགས་ལས་ཁྱོད་མི་མཁས་སོ་ཞེ་ན། འོ་ན་ཐུབ་པ་བྱམས་པ་སྤྱན་རས་གཟིགས་ཀླུ་སྒྲུབ་ཐོགས་མེད་སོགས་ཀྱིས་བདེ་གཤེགས་སྙིང་པོ་ངེས་དོན་དུ་བཤད་པའི་ཕྱིར། དེ་དག་བས་ཁྱོད་མི་མཁས་སོ་ཞེས་པ་མགོ་མཚུངས་རིགས་པ་འཁོར་གསུམ་ཡིན་ནོ།། ང་མཁས་པར་ཁས་མི་ལེན་ས་པཎ་བུ་སྟོན་སོགས་ལ་ཁྱོད་རྒོལ་བ་ཡིན་ནམ་ཞེ་ན། འོ་ན་ཁོ་བོ་ཅག་ཀྱང་མཁས་པར་ཁས་མི་ལེན། ཁྱོད་རྒྱལ་བ་སྲས་བཅས་ལ་རྒོལ་བ་ཡིན་ནམ་ཞེས་པ་མགོ་མཚུངས་ཀྱི་རིགས་པ་ཡིན་ནོ།། གཞན་ཡང་ཆོས་རྗེ་ས་པཎ་བདེ་གཤེགས་སྙིང་པོ་ངེས་དོན་དུ་མི་བཞེད་པར་མ་མཐོང་སྟེ། སྡོམ་གསུམ་རབ་དབྱེར། དེས་ན་དེ་བཞིན་གཤེགས་པ་ཡི། །སྙིང་པོ་སྤྲོས་བྲལ་ཡིན་པའི་ཕྱིར། །སེམས་ཅན་རྣམས་ལ་སངས་རྒྱས་དང༌། འཁོར་བ་གཉིས་ཀ་འབྱུང་བར་འཐད། །ཅེས་གསུངས། གཞན་ཡང་དེ་ཉིད་ལས། བདེ་གཤེགས་སྙིང་པོ་དང༌། ཆོས་དབྱིངས་དང༌། སེམས་ཀྱི་རང་བཞིན་འོད་གསལ་དང༌། དེ་བཞིན་ཉིད་རྣམས་དོན་གཅིག་པར་ཡང་གསུངས་པའི་ཕྱིར་དང༌། དེ་རྣམས་འགྱུར་བ་མེད་པས་འདུས་མ་བྱས་པར་ཡང་གསུངས་པའི་ཕྱིར་རོ།། དེས་ན་བདེ་གཤེགས་སྙིང་པོ་ལ་འགྱུར་བ་མེད་ཅིང་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དུ་གསུང་པས༌། འགྱུར་མེད་སྤྲོལ་བྲལ་ཀྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ།། ཆོས་རྗེ་ས་པཎ་གྱི་གྲུབ་མཐའ་སྐྱོང་བ་ཐུགས་ལ་བཏགས་ཏེ། ད་དུང་ས་པཎ་གྱི་གྲུབ་མཐའ་ཤེས་དགོས་པར་གདའ་ལགས་སོ།། ཁ་ཅིག་ན་རེ། བུ་སྟོན་རིན་པོ་ཆེ་བདེ་གཤེགས་སྙིང་པོ་རྩ་བ་ནས་མི་བཞེད་གསུང་ན་ཡང༌། དེ་ནི་བུ་སྟོན་གྱི་གསུང་རབ་རྣམས་མ་མཐོང་བར་ཟད་དོ།། བུ་སྟོན་པས་ནི་ཕར་ཕྱིན་ཊི་ཀར་སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་པར་བཤད་ལ་གསལ་རྒྱན་དུ་ནི་མེད་པར་བཤད་དོ།། ཤཱཀྱ་ཐུབ་པ་དང་བྱམས་པས་འཕེལ་འགྲིབ་མེད་པའི་མདོ་དང༌། རྒྱུད་བླར་བདེ་གཤེགས་སྙིང་པོ་དུག་གསུམ་མངོན་འགྱུར་བག་ལ་ཉལ་དྲི་མ་ཅན་ཚབས་ཆེ་བ་དང༌། སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་ཅེས་གསུང༌། བདེ་གཤེགས་སྙིང་པོ་དྲི་མ་ཅི་རིགས་ཀྱིས་དག་ཅིང༌། ཅི་རིགས་ཀྱིས་མ་དག་པའི་གནས་སྐབས་ན་ཆོས་ཉིད་དེ་ལ། བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད། ཆོས་ཅན་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་གསུང༌། བདེ་གཤེགས་སྙིང་པོ་དྲི་མ་ཐམས་ཅད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ། ཆོས་ཉིད་དེ་ལ་སངས་རྒྱས་ཀྱི་དེ་བཞིན་ཉིད། ཆོས་ཅན་དེ་ལ་སངས་རྒྱས་ཞེས་གསུངས། བདེ་གཤེགས་སྙིང་པོ་སེམས་ཅན་བྱང་སེམས་སངས་རྒྱས་ཐམས་ཅད་ལ་ཡོད་ཀྱང་ངོ་བོ་ལ་བཟང་ངན་འགྱུར་ལྡོག་མེད། དཔེར་ན་ནམ་མཁའ་རྫའི་སྣོད་གསེར་གྱི་སྣོད་ཐམས་ཅད་དུ་སོང་ཡང༌། ནམ་མཁའི་ངོ་བོ་ལ་བཟང་ངན་འགྱུར་ལྡོག་མེད་ཅེས་གསུངས་སོ།། འདི་ཉིད་རྒྱས་པར་འཕགས་པ་ཐོགས་མེད་ཀྱིས་མདོ་དང་སྦྱར་ཏེ་རྒྱུད་བླའི་འགྲེལ་པར་གསལ་བར་བཀོད་དོ།། མདོར་ན་བྱམས་མགོན་ཀྱིས། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པའི་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ།། ཞེས་པ་དང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ།། ཞེས་པ་དང༌། དེ་སྤྱིའི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པར་དང༌། །བར་མ་མཆོག་ལ་ནམ་མཁའ་བཞིན།། ཞེས་དང༌། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་པ་རྣམས་ཀྱིས་བདེ་གཤེགས་སྙིང་པོ་སངས་རྒྱས་ཁོ་ནས་དགོས་ནོར་མ་ཡིན་ཐམས་ཅད་ཀྱི་སྤྱི་ནོར་ཡིན་ནོ་ཞེས་གསུང་གདའ་ལགས་སོ།། ཡང་ཁ་ཅིག་ན་རེ། ལྟ་བ་ཀུན་རྫོབ་མ་ཤེས་ཀྱང་བཟང་ངོ་སྤྱོད་པ་གལ་ཆེ་གསུང༌། འོ་ན་མུ་སྟེགས་གཅེར་བུ་པ་སོགས་སྤྱོད་པ་ཞིབ་པོ་པས། དེའི་རྗེས་སུ་ཞུགས་ཤིག ནང་པ་སངས་རྒྱས་པ་ནི་ལྟ་བ་རྣམ་པར་དག་པས་ཁྱད་པར་དུ་བྱས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ཚུལ་ཁྲིམས་ལས་ནི་ཉམས་བླའི། །ལྟ་ལས་ནམ་ཡང་ཉམས་མི་བྱ། ཞེས་དང༌། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར།། ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་བ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱོད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན།། ཞེས་གསུངས་ལ། འདི་ནི་རིམ་པ་ཅན་གྱི་རྒྱན་ཡིན་ཏེ། མཐོ་རིས་ཐོབ་པར་འདོད་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང། ཐར་པ་ཐོབ་པར་བཞེད་ན་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ལ་གོམས་པར་གྱིས་ཤིག་བྱ་བའི་དོན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས་ཀྱང༌། འཇིག་རྟེན་པ་ཡི་ཡང་དག་བལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བར་མི་འགྱུར་རོ།། ཞེས་གསུངས་སོ།། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གང་ཞེ་ན། བཀའ་དང་པོ་ནས་བཤད་པའི་ལས་འབྲས་བསླུ་མེད་བདེན་པ་ལྟ་ཡུལ། དེ་རྟོགས་པའི་ཤེས་རབ་ལྟ་བ་ཡིན་ནོ།། མདོ་ལས་ཀྱང༌། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར།། ཞེས་པས་གྲུབ་པོ།། འཇིག་རྟེན་ལས་འདས་པའི་ལྟ་བ་གང་ཞེ་ན། འདི་ལ་གཉིས་བཀའ་བར་བ་ནས་གསུངས་པའི་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཐམས་ཅད་དོན་དམ་པར་བདེན་པ་མེད་པ་ལྟ་ཡུལ། དེ་རྟོགས་པའི་ཤེས་རབ་ལྟ་བ་ཡིན་ནོ།། གཉིས་པ་བཀའ་ཐ་མ་ནས་བཤད་པའི་སྐྱེ་འཇིག་མེད་པའི་ཆོས་ཀྱི་དབྱིངས་རང་བཞིན་འོད་གསལ་བ་ལྟ་ཡུལ། དེ་རྟོགས་པའི་ཤེས་རབ་ལྟ་བ་ཡིན་ནོ།། ལྟ་བ་འདི་རྣམས་གཅིག་ཐོག་ཏུ་གཅིག་སྣོན་པ་ལགས་སོ།། ཞེས་གོང་དུ་བཤད་ནའང༌། ངེས་པ་ཐོབ་པར་བྱ་བའི་ཕྱིར་འདིར་རྒྱས་པར་བཤད་པའོ།། མདོར་ན་ལྟ་བ་གལ་ཆེ་ཞེས་པའི་དོན་ཏེ། ཡང་ཁ་ཅིག་ན་རེ། ད་ལྟ་མ་ཤེས་ཀྱང་བཟང་ངོ་ད་གཟོད་གཅིག་ཤེས་དུས་གཅིག་འོན་དེ་དུས་ལྟ་བ་ཡིན་ནོ་གསུང་ངོ༌།། དེ་ནི་རྒྱུ་མེད་ཀྱི་འབྲས་བུ་འདོད་པ་ཡིན་ནོ།། དེའི་རྒྱུ་མཚན་ཡང་ལྟ་སྒོམ་སྤྱོད་པ་མཚན་ཉིད་པ། ས་དང་པོ་ཐོབ་ནས་འོང་བར་བཤད་ནའང༌། ད་ལྟ་ནས་ལྟ་སྒོམ་སྤྱོད་པ་རྗེས་མཐུན་པ༼ར༽རྒྱུར་དགོས་པའི་ཕྱིར༌། ཚོགས་ལམ་སྦྱོར་ལམ་ལམ་བདེན་མཚན་ཉིད་པ་མིན་ཡང་རྗེས་མཐུན་ཡིན་ལ། ཚོགས་སྦྱོར་གྱི་ལམ་མེད་པར་མཐོང་སྒོམ་གྱི་ལམ་མི་འབྱུང་བའི་ཕྱིར་རོ།། མདོ་དགོངས་འགྲེལ་ལས། འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་དེ་གང་རྟོགས་ནས་གང་ལ་ཐོབ་པ་ལགས། ཞེས་བྱམས་པས་ཞུས་པ་དང༌། བཀའ་སྩལ་པ། ས་དང་པོ་རབ་ཏུ་དགའ་བ་ལ་རྟོགས་ནས་ས་གསུམ་པ་ལ་ཐོབ་པ་ཡིན་ལ། དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱ་བ་མི་གཏང་བར་བསླབ་པར་བྱའོ།། ཞེས་གསུངས། ད་གཟོད་གཅིག་ཤེས་ཡོང་བྱས་ནས་ད་ལྟ་བཞག་པས་ཆོག་པ་ཨེ་ཡིན་གསུང་འདི་ལ་ལྟོས། ཞེས་བདག་གི་བླ་མ་མཁས་གྲུབ་ལྷ་དབང་བློ་གྲོས་གསུང་ངོ༌།། ཡང་ཁ་ཅིག་ན་རེ། གྲུབ་མཐའི་ཁ་འཛིན་དགོས་པ་མེད་དེ། ཕ་དམ་པའི་གསུང་གིས་གྲུབ་མཐའི་ཁ་འཛིན་མ་བྱེད་དིང་རི་བ་ཞེས་གསུངས་སོ་ཟེར་རོ།། འདི་རང་ཚིག་འགལ་ཏེ། གྲུབ་མཐའི་ཁ་འཛིན་མ་བྱེད་ཟེར་བཞིན་དུ་ཕ་དམ་པའི་གྲུབ་མཐའི་རྗེས་སུ་འཇུག་པའི་ཕྱིར་རོ།། འདི་ནི་གྲུབ་མཐའི་རང་ངོ་མ་ཤེས་སོ།། གྲུབ་མཐའ་ལ་གནས་པ་དོན་གྱི་གྲུབ་མཐའ་དང༌། ངེས་པ་བློའི་གྲུབ་མཐའ། རྗོད་པའང་སྒྲའི་གྲུབ་མཐའ་གསུམ་ཡོད་དེ། གོ་རིམ་བཞིན་དུ་བདེན་གཉིས་དང་བདེན་གཉིས་རྟོགས་པའི་ཤེས་རབ་དང༌། དེ་དག་རྗོད་པའི་སྒྲ་ལ་རིམ་བཞིན་ཟེར་རོ།། དེས་ན་ཆགས་སྡང་སྒྲོ་སྐུར་གྱི་གཞིར་འགྲོ་བའི་གྲུབ་མཐའ་ཁ་འཛིན་མ་བྱེད། ཞེས་པ་དམ་པའི་དགོངས་པ་ཡིན་ནོ།། ཡང་ཁ་ཅིག་ན་རེ། རང་ཉིད་ཀྱིས་མ་ཐོས་པ་དང་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་བདེ་གཤེགས་སྙིང་པོའི་གྲུབ་མཐའ་འདི་སྔར་མ་བྱུང༌། དུས་ཕྱིས་ཇོ་ནང་པའི་ལྟ་བ་ཡིན་ནོ་འདི་མི་བདེན་ཅེས་ཟེར་རོ།། འདི་ལ་མགོ་མཚུངས་ཀྱི་ལན་ནི། སྔོན་དང་པོ་བོད་དུ་ཆོས་མ་བྱུང་བའི་ཕྱིར་ཕྱིས་ཆོས་བྱུང་བ་ཡང་མི་བདེན་ནམ་ཞེས་བྱའོ།། ཡང་བདེ་གཤེགས་སྙིང་པོའི་གྲུབ་མཐའ་བོད་དུ་སྔར་མ་བྱུང་བ་ཡང་མི་རིགས་ཏེ། བཀའ་ཐ་མ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་དུ་བསྒྱུར་བའི་ལོ་པཎ་བཀའ་དྲིན་ཅན་དུ་མ་བྱུང་བའི་ཕྱིར་རོ།། རྗེ་ཕག་མོ་གྲུབ་པ་དང༌། ཆོས་ཀྱི་རྗེ་ཀརྨ་རང་བྱུང་རྡོ་རྗེ་དང༌། ཆོས་རྗེ་འཛིམས་པ་ཆེན་པོ་དང༌། རྗེ་ཕུ་རམ་པ་ཀུན་དགའ་རྒྱལ་མཚན་དང༌། གཞན་ཡང་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ལེགས་བཤད་དུ་མ་ལས་གསལ་བར་གསུང་པའི་ཕྱིར་རོ།། འོན་ཀྱང་གྲུབ་མཐའི་ཁ་འཛིན་བྱས་ནས་ཆགས་སྡང་དུ་སོང་གི་དོགས་ནས། ད་ལྟ་ཐུབ་པའི་གྲུབ་མཐའ་འཛིན་པ་དང་རྗེས་འཇུག་ཉུང་བར་གདའ་ལགས་སོ།། ཡང་ཁ་ཅིག་ན་རེ། གྲུབ་མཐའ་གཤགས་རལ་དང་བདེ་རྗུན་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་ཚེ། བུ་དོལ་གཉིས་ཀྱིས་གཏན་ལ་མ་ཕེབ་པ་དེ་ཁྱོད་ཀྱིས་གཏན་ལ་ཕེབ་འོང་ཟེར་ནས་བསམ་ཆུང་ཤེས་ཆུང་འགའ་ཞིག་གིས་ཁྱད་དུ་བསད་ནས། རང་ཉིད་མི་ཉན་གྱི་སྟེང་དུ་གཞན་ཡང་དད་པ་བཟློག་པར་བྱེད་དོ།། འདི་ནི་བདུད་ཀྱི་ཚིག་ཡིན་ཞིང་ཧ་ཅང་མི་རིགས་པར་མཐོང་ངོ་།། ཐོག་མར་མགོ་མཚུངས་ཀྱི་ལན་ནི། འདས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་གྲངས་མེད་གཞལ་དུ་མེད་པ་མཐའ་ཡས་པ་བྱོན་ཡང༌། དམུ་རྒོད་གདུལ་དཀའི་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་འགོད་པར་མ་ནུས་པའི་ཕྱིར་དང༌། ཆོས་བྱེད་མཁན་རྣམས་ཀྱིས་སེམས་ཅན་སུ་ཡང་སྨིན་ཅིང་གྲོལ་བར་མི་འགྱུར་རམ། སངས་རྒྱས་གྲངས་མེད་དེ་ཙམ་གྱིས་མ་ཐུལ་བ་གཅིག་ད་སུས་ཐུལ་བྱས་ནས་དེ་ཀ་ལ་འཇོག་གམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་དེའི་ཆེད་དུ་ཚོགས་གཉིས་མི་གསོག་གམ། རིམ་གཉིས་མི་སྒོམ་མམ། སྦྱིན་སོགས་ཕར་ཕྱིར་རྣམས་ལ་མི་འཇུག་གམ། དཀར་བོ་དགེ་བཅུ་མི་སྒྲུབ་བམ། ཐོས་བསམ་སྒོམ་གསུམ་མི་བྱེད་དམ། ཁྱོད་ལ་དེ་ཡིས་ཆོག་ཀྱང་ངེད་ལ་དེའི་མི་ཆོག་གོ། དེ་ལ་ཐེག་པ་ཆེན་པོ་པ་སེམས་ཅན་རྣམས་ལ་སྙིང་རྗེས་ཀུན་ནས་བསླང་སྟེ། ཅི་ནུས་ཅི་ལྕོགས་ཀྱིས་མི་དགེ་བ་བཅུ་ཡི་གནས་ནི་བསླང་ནས་དགེ་བ་བཅུ་ལ་འགོད་པར་བྱེད་དོ།། ཀུན་མཁྱེན་དོལ་བུ་པས་ཀྱང༌། སེམས་ཅན་ཐམས་ཅད་ཡང་དག་པའི་ལྟ་བ་ལ་འགོད་པར་མ་ནུས་ཀྱང༌། སེམས་ཅན་མང་བོ་ཡང་དག་པའི་ལྟ་བ་ལ་བཀོད། དེའི་ཕྱིར་ཁོ་བོ་ཅག་ཀྱང་སེམས་ཅན་ཐམས་ཅད་ཡང་དག་པའི་ལྟ་བ་ལ་འགོད་པར་མི་ནུས་ཀྱང༌། སེམས་ཅན་རེ་རེ་ཙམ་ཡང་ལོག་པའི་ལྟ་བ་ཆོས་སྤང་གི་སྒྲིབ་པ་ཚབས་ཆེ་བ་ལས་བཟློག་ན་ཅི་མ་རུང་སྙམ་དུ། མདོ་རྒྱུད་བསྟན་བཅོས་རྣམ་དག་ལས་ཡང་དག་པའི་ལྟ་བའི་གཞི་ལམ་འབྲས་བུ་ཟུང་འཇུག་སྟོན་པའི་བཀའ་བསྡུ་ལྔ་པ་འདི་སྟོན་པ་ལ་སྤྲོ་བར་གྱུར་ཏོ།། ཡང་ཁ་ཅིག་ན་རེ། དབུ་མ་ཐལ་འགྱུར་བ་ལ་ཁས་ལེན་གང་ཡང་མེད་པའི་ཕྱིར་དེ་ལྟ་བའི་མཐར་ཐུག་སྐྱོན་མེད་ཡིན་ཏེ། ང་ལ་དམ་བཅའ་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན་ཞེས་གསུངས་སོ་ཞེས་ཟེར་རོ།། དེ་ནི་བདེན་དངོས་ཁས་ལེན་པའི་དམ་བཅའ་མེད་པས་དངོས་སྨྲ་བ་ལ་བཏང་བའི་སྐྱོན་ཁོ་བོ་ལ་མེད་ལ་ཞེས་པ་ཡིན་ནོ།། དེ་ལྟ་བ་མིན་པར་ཁས་ལེན་དང་དམ་བཅའ་གང་ཡང་མེད་ན། ང་ལ་དམ་བཅའ་མེད་པར་ཁས་བླངས་པ་དང༌། ང་ནི་སྐྱོན་མེད་ཁོ་ན་ཡིན་ཞེས་དམ་བཅའ་དང་འགལ་བ་ཇི་ལྟར་ཡང༌། སྨྲ་བཅད་ལ་ཡོད་ན་ང་སྨྲ་བཅད་ལ་ཡོད་དོ་ཞེས་ཀྱང་སྨྲ་མི་རུང་ངོ༌།། དེ་བཞིན་དུ་ཁས་ལེན་གང་ཡང་མེད་ན་ང་སྐྱོན་མེད་ཁོ་ནའོ་ཞེས་ཀྱང་ཁས་བླང་དུ་མི་རུང་ངོ༌།། ཡང་ཁ་ཅིག་ན་རེ། ཁྱོད་ཀྱི་བདེ་གཤེགས་སྙིང་པོ་དང༌། དོན་དམ་ཆོས་སྐུ་རྟག་པ་ཡིན་ན། སྒོམ་པའི་དུས་སུ་ཡང་རྟག་པ་ཡིན་སྙམ་དུ་བསྒོམ་དགོས་ཟེར་རོ།། འོ་ན་ཁྱོད་རྟག་པའང་མིན་ཆད་པའང་མིན་སྤྲོས་བྲལ་འདོད་པ་རྣམས་ཀྱང་དེ་ལྟར་ཡིན་ནོ་སྙམ་དུ་བསྒོམ་དགོས་པར་འགྱུར་རོ།། ཡང་ཁ་ཅིག་ན་རེ། བདེ་གཤེགས་སྙིང་པོ་དང་དོན་དམ་ཆོས་སྐུ་ཡོད་ན་དོན་དམ་པར་སྤྲོས་བྲལ་ཡིན་པ་དང་འགལ་ལོ་ཟེར་རོ།། དེ་ནི་མི་འགལ་ཏེ་དོན་དམ་པར་སྤྲོས་པ་མེད་པ་ཡོད་ལ། བདེ་གཤེགས་སྙིང་པོ་དང་དོན་དམ་ཆོས་སྐུ་ཡོད་པའི་རྒྱུ་མཚན་ཡང་དོན་དམ་པར་སྤྲོས་པ་མེད་པར་ཡོད་པའི་ཕྱིར་རོ།། ཅི་སྟེ་ཁྱེད་ལྟར་གྱི་དོན་དམ་པར་སྤྲོས་པ་མེད་པ་དེ་ཡང་མེད་ན་དོན་དམ་པར་སྤྲོས་པ་ཡོད་པར་འགྱུར་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས། ཤིང་ཞིག་པ་ཞིག་ན་ཤིང་མཐོང་བར་འགྱུར་རོ་ཞེས་གསུངས་ལ། དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ཕྱིར་རོ་ཞེས་ཀྱང་གསུངས་སོ།། དེ་བཞིན་དུ་བདག་མེད་པ་མེད་ན་བདག་ཡོད་པར་འགྱུར་རོ།། ཡང་བཀའ་ཐ་མ་ངེས་དོན་དུ་བཞེད་པ་ཁ་ཅིག་སེམས་ཅན་གྱི་བདེ་གཤེགས་སྙིང་པོ་དག་པ་གཉིས་ལྡན་ཡིན་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་གློ་བུར་གྱི་དྲི་མས་གདོད་མ་ནས་དག་པའི་ཕྱིར། ཞེས་གསུངས་སོ།། འདི་ནི་གཉིས་ཡོད་པའི་སྒྲུབ་བྱེད་དུ་གཅིག་ཡོད་པ་འགོད་པ་དང་མཚུངས་ཏེ། རང་བཞིན་རྣམ་དག་དང་དྲི་མས་གདོད་ནས་དག་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ།། དེ་ལྟར་ན་གློ་བུར་གྱི་དྲི་མ་ཐམས་ཅད་ཀྱང་དག་པ་གཉིས་ལྡན་དུ་འགྱུར་ཏེ། ཆོས་གང་ཡང་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའམ། གློ་བུར་གྱི་དྲི་མས་གདོད་མ་ནས་མ་དག་པའི་ཆོས་དེ་མེད་པའི་ཕྱིར་རོ།། གཞན་ཡང༌། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར།། ཞེས་དང༌། མ་དག་མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་གོ་རིམ་བཞིན་ཞེས་པའི་ལུང་དང་འགལ་ལོ།། དེ་སྐད་སྨྲས་པ་ལ། ལུང་དེ་དང་མི་འགལ་ཏེ། ངེད་ནི་སེམས་ཅན་གྱི་བདེ་གཤེགས་སྙིང་པོ་དེ་ངོ་བོ་དག་པ་གཉིས་ལྡན་དུ་འདོད་ཀྱང༌། སེམས་ཅན་ལ་ལྟོས་ནས་དག་པ་གཉིས་ལྡན་མ་ཡིན་ནོ་ཟེར་རོ།། འོ་ན་སེམས་ཅན་ལ་ལྟོས་ནས་ཀྱང་དག་པ་གཉིས་ལྡན་དུ་འགྱུར་ཏེ། སེམས་ཅན་ལ་ལྟོས་ནས་ཀྱང་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མས་གདོད་མ་ནས་དག་པའི་ཕྱིར་རོ།། ཁྱབ་བསལ་ཁས་བླངས་རྟགས་གྲུབ་སྟཻ། ཆོས་གང་ཆོས་སུ་ལ་ལྟོས་ནས་ཀྱང་དབྱིངས་རང་བཞིན་གྱིས་མ་དག་པ་དང༌། དྲི་མ་གདོད་ནས་མ་དག་པ་མེད་པའི་ཕྱིར་རོ།། ཡོད་ན་སུ་ཞིག་ཡིན་སྨྲོས་ཤིག ཡང་ཁ་ཅིག་ན་རེ། ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། མེད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། ཞེས་གསུང་པའི་ཕྱིར་རོ།། བདེ་གཤེགས་སྙིང་པོ་དང་དོན་དམ་ཆོས་སྐུ་དོན་དམ་པར་ཡོད་པ་མཐའ་གཅིག་དུ་ལྷུང་བ་ཡིན་ནོ།། ཞེས་ཟེར་རོ།། གསོན་ཅིག་དེའི་དོན་ནི་འདི་ཡིན་ཏེ། ཆོས་གང་ཡང་དོན་དམ་པར་མེད་པར་ཁས་བླངས་ན་མཐའ་གཅིག་དུ་ལྷུང་སྟཻ། དོན་དམ་གྱི་ཆོས་ཐམས་ཅད་དོན་དམ་པར་ཡོད་པའི་ཕྱིར་རོ།། ཆོས་ཐམས་ཅད་དོན་དམ་པར་ཡོད་པར་ཁས་བླངས་ན་མཐའ་གཅིག་དུ་ལྷུང་སྟཻ། ཀུན་རྫོབ་ཀྱི་ཆོས་རྣམས་དོན་དམ་པར་མེད་པའི་ཕྱིར་རོ།། དེ་བཞིན་དུ་དོན་དམ་གྱི་ཆོས་ཐམས་ཅད་ཀུན་རྫོབ་དུ་ཡོད་པར་ཁས་བླངས་ན་མཐའ་གཅིག་དུ་ལྷུང་སྟེ། དོན་དམ་གྱི་ཆོས་ཀུན་རྫོབ་དུ་མེད་པའི་ཕྱིར་རོ།། ཆོས་གང་ཡང་ཀུན་རྫོབ་ཏུ་མེད་པར་ཁས་བླངས་ན་མཐའ་གཅིག་དུ་ལྷུང་སྟེ། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ།། དེ་ལྟར་ན་འོག་ནས་འབྱུང་བའི་བདེན་གཉིས་རྣམ་དབྱེ་མ་ཤེས་པའི་ཉེས་དམིགས་དང༌། ཤེས་པའི་ཕན་ཡོན་གྱི་ལུང་འདི་ཡང་བླང་བར་བྱའོ།། འདི་ཡི་རིགས་པས་བྱམས་མགོན་གྱི་མདོ་སྡེའི་རྒྱན་དུ། དེའི་ཕྱིར་སངས་རྒྱས་ཡོད་མིན་ཞིང༌། །མེད་པར་ཡང་ནི་མི་བརྗོད་དོ།། ཞེས་གསུངས་པའང་དོན་དེ་ལ་དགོངས་པར་ཤེས་དགོས་སོ།། དེ་ལྟ་མིན་ན་རྒྱུད་བླ་དང་འགལ་ལོ།། འདིར་སྨྲས་པ། བློ་ངན་སྨྲ་བའི་རྒྱུ་སྐར་མང་ན་ཡང༌།། ངེས་དོན་ཟབ་མོའི་པད་ཚལ་རྒྱས་མི་ནུས།། ལྟ་ངན་མུན་ནག་ཐིབས་ཆེན་སེལ་མི་ནུས།། སངས་རྒྱས་བསྟན་པའི་ས་གཞི་གསལ་མི་ནུས།། བཀའ་བསྡུ་ལྔ་པའི་ཉིན་བྱེད་གཅིག་པུ་ཡིས།། སངས་རྒྱས་བསྟན་པའི་ས་གཞི་གསལ་བ་དང༌།། ངེས་དོན་ཟབ་མོའི་པད་ཚལ་རྒྱས་པ་དང༌།། ལྟ་ངན་མུན་ནག་སེལ་བ་མཉམ་དུ་བྱས།། ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཡང་ཁ་ཅིག་ན་རེ། ཀླུ་སྒྲུབ་ཀྱི། དབུ་མ་རྩ་ཤེར། རྟག་པ་མེད་པ་ཆད་མེད་པ།། ཞེས་སངས་རྒྱས་ཀྱི་བསྟོད་པར་བྱུང་བས་རྟག་བརྟན་ཞི་བ་གཡུང་དྲུང་གི་སངས་རྒྱས་མེད་དོ་ཞེས་གསུང་ངོ༌།། དེའི་དོན་ནི་འདི་ཡིན་ཏེ། རྟེན་འབྲེལ་གྱི་ཆོས་རྣམས་རྟག་ཆད་མེད་པར་གསུང་པ་ཡིན་ལ། དེ་ལྟ་མིན་པར་འཕགས་པ་ཀླུ་སྒྲུབ་རྟག་བརྟན་གཡུང་དྲུང་གི་སངས་རྒྱས་མི་བཞེད་ན། ཤེས་རབ་བརྒྱ་པར། གཡུང་དྲུང་མཆོག་གི་གོ་འཕང་མཆོག །ལེགས་པའི་གཞི་ལ་མ་འབད་ན། །མཐོང་དང་མ་མཐོང་ཕུན་ཚོགས་རྣམས། །ཆུ་ཡི་ཆུ་བུར་བཞིན་དུ་གཡོ་ཞེས་དང༌། དབུ་མ་བསྟོད་པར།རྟག་ཅིང་བརྟན་ལ་ཞི་བའི། ཁྱོད་ཀྱི་རང་བཞིན་ཆོས་ཀྱི་སྐུ། །དངོས་སུ་འགལ་བ་ཇི་ལྟར་སྤོང༌།། ༼ཞེས་གསུངས་པས།༽ ཀླུ་སྒྲུབ་ལ་སྐུར་བ་མི་འདེབས་པར་ཞུ། ཡང་ཁ་ཅིག་ན་རེ། ཆོས་སྐུ་རྟག་པར་བལྟས་ནས་རྟག་ལྟར་འགྱུར་རོ།། ཞེས་གསུངས་སོ།། དེ་ཡང་རྟག་ལྟ་དང་ཆད་ལྟར་བཤད་པ་ནི་མུ་སྟེགས་པ་རྣམས་གང་ཟག་གི་བདག་གཞི་མ་གྲུབ་པ་ལ་རྟག་པར་འདོད་པ་དང༌། དབང་ཕྱུག་ཚངས་པ་སོགས་མི་རྟག་པ་རྣམས་རྟག་པར་ལྟ་བ་ལ་རྟག་ལྟ་ཟེར་ཞིང༌། རྒྱང་འཕེན་པ་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཡོད་པ་ལ་མེད་པར་ལྟ་བས་ཆད་ལྟ་ཟེར་བ་ཡིན་གྱི། མི་རྟག་པ་ལ་མི་རྟག་པར་ལྟ་བ་དང༌། རྟག་པ་ལ་རྟག་པར་ལྟ་བ་ཆད་ལྟ་དང་རྟག་ལྟར་འགྲོ་བ་མདོ་གང་ནས་བཤད་རྒྱུད་གང་ནས་གསུང༌། བསྟན་བཅོས་གང་ནས་ཟིན། རིགས་པ་གང་གིས་གྲུབ་ཞེས་ཞུས་པ་དང༌། མདོ་སྡེ་ཟབ་མོ་བལྟ་བའི་སྐལ་བ་མེད། རྒྱུད་སྡེ་ལྟ་སྨོས་ཀྱང་ཅི་འཚལ། བསྟན་བཅོས་རང་འདོད་ཕུན་ཚོགས་ཀྱི་བསྟན་བཅོས་ནས་ཟིན། རིགས་པ་མུ་སྟེགས་ཀྱི་རིགས་པས་གྲུབ་ཅེས་སྨྲས་སོ།། ཡང་ཁ་ཅིག་ན་རེ། སྐྱེ་འཇིག་མེད་པར་ལྷུན་གྱིས་གྲུབ་པའི། སངས་རྒྱས་ཡོད་ལ་རྟག་པའི་སངས་རྒྱས་མེད་ཅེས་གསུང་ངོ༌།། འདི་ནི་ཚ་ཞིང་བསྲེག་པ་ཡོད་མེ་མེད། བརླན་ཞིང་གཤེར་བ་ཡོད་ཆུ་མེད་ཅེས་སྨྲ་བ་དང་མཚུངས་ཏེ། ཆོས་གང་ཞིག་སྐྱེ་འཇིག་མེད་པ་དེ་རྟག་པའི་མཚན་ཉིད་ཡིན་པར་ལུང་རིགས་ཀྱིས་གྲུབ་པའི་ཕྱིར་རོ།། ཡང་ཁ་ཅིག་རྟག་པའི་སངས་རྒྱས་ཡོད་པར་འདོད་པ་ནི་ཉུང་ལ། མེད་པར་འདོད་པ་ནི་མང་བས་མང་བའི་རྗེས་སུ་འབྲང་ཟེར་རོ།། འོ་ན་འཇིག་རྟེན་ན་ཆོས་བཞིན་བྱེད་པ་ནི་ཉུང་ལ། མི་བྱེད་པ་ནི་མང་བས་དེའི་རྗེས་སུ་འཇུག་དགོས་པར་འགྱུར་རོ།། ཡང་ཁ་ཅིག་ན་རེ། རྟག་པའི་སངས་རྒྱས་མེད་པར་འདོད་པའི་གང་ཟག་མང་པོ་ལ་འགྲོ་དོན་བྱུང་བུ་སློབ་མང༌། མངོན་ཤེས་མངའ་བའང་བྱུང་ཚེ་རིང་བའང་བྱུང༌། ནམ་མཁའ་ལ་འཕུར་བའང་བྱུང་དེའི་ཕྱིར་དེ་རྣམས་ཀྱི་རྗེས་སུ་འབྲང་གསུང་ངོ༌།། འོ་ན་སངས་རྒྱས་མྱ་ངན་ལས་འདས་ནས། དགེ་སློང་ལྷ་ཆེན་པོ་པས་འཁོར་འདུས་པ་ཆེ་བ་མ་བྱུང་ཞེས་གྲགས་པས་དེའི་རྗེས་སུ་འཇུག་དགོས་པར་འགྱུར་རོ།། མུ་སྟེགས་པ་ཅི་རིགས་རླུང་བུམ་པ་ཅན་གྱི་ནུས་པས་ཚེ་རིང་བ་དང༌། གཞན་ཡང་ཟག་བཅས་ཀྱི་མངོན་ཤེས་དང་ནམ་མཁའ་ལ་འཕུར་བ་དང་དཀྱིལ་འཁོར་བྲི་བ་དང༌། རྡུལ་གྱི་མེ་འདོན་པ་སོགས་བྱེད་ནུས་པ་ཡོད་པའི་ཕྱིར་དེ་རྣམས་ཀྱི་རྗེས་སུ་འཇུག་པར་རིགས་སོ།། ཡང་ཁ་ཅིག་ན་རེ། རྟག་པའི་སངས་རྒྱས་ཡོད་ན་སེམས་ཅན་ལ་ཡོད་དགོས་ལ། སེམས་ཅན་ལ་སངས་རྒྱས་ཡོད་ན་དེ་ཀས་ཆོག་མོད་ལམ་ལ་འབད་ནས་ཅི་བྱེད་ཟེར་རོ།། དེའི་ལན་ནི་སེམས་ཅན་སངས་རྒྱས་ཡིན་ཞེས་ཟེར་བ་རྣམས་ལ་ཁྱེད་དང་ཁོ་བོ་གཉིས་ཀ་དྲིལ་ནས་སྐྱོན་དེ་གཏོང་གི་རེད། ཡིན་པར་མི་སྨྲ་བར་ཡོད་པར་སྨྲ་བ་ལ་ས་འོག་ན་གཏེར་ཡོད་པས་མི་ཆོག་གཏེར་དེ་མངོན་དུ་གྱུར་ནས་དོན་བྱེད་པ་ལ། ས་རྐོ་བའི་ལས་རྣམས་བྱེད་དགོས་ཅེས་མདོ་ལས་དཔེ་དོན་སྦྱར་ཏེ་བཤད། སོར་ཕྲེང་གི་མདོར་ཡང༌། འོ་མ་བསྲུབ་པ་ལས་ཆུ་མི་བསྲུབ་པ་ཅིའི་ཕྱིར་ན། ཆུ་ལ་རྫས་མེད་པའི་ཕྱིར་ཞེས་དཔེ་དོན་སྦྱར་ཏེ་གསུང་པའི་ཕྱིར་སེམས་ཅན་ལ་སངས་རྒྱས་མེད་ན་ལམ་ལ་འབད་པ་དོན་མེད་དུ་འགྱུར་ཞིང༌། སེམས་ཅན་ལ་སངས་རྒྱས་ཡོད་པ་ཉིད་ཀྱི་ཕྱིར་མངོན་དུ་མ་གྱུར་པ་མངོན་དུ་བྱ་བའི་ཕྱིར། ལམ་ཚོགས་གཉིས་གསོགས་པ་ལ་ཤིན་ཏུ་འབད་དགོས་སོ།། དེས་ན་བོད་དུ་གྲུབ་མཐའ་གསུམ་བྱུང་བའི་ནང་ནས་སེམས་ཅན་སངས་རྒྱས་ཡིན་པ་དང༌། སེམས་ཅན་ལ་སངས་རྒྱས་མེད་སྨྲ་པར་འདོད་པ་དོར་བར་བྱའོ།། གསུམ་པ་སེམས་ཅན་ལ་སངས་རྒྱས་ཡོད་པ་སེམས་ཅན་སངས་རྒྱས་མིན་ཞེས་སྨྲ་བ་བླང་བར་བྱའོ།། སེམས་ཅན་ལ་སངས་རྒྱས་ཡོད་པ་ཡང་ངོ་བོ་ཉིད་སྐུ་ཡོད་པ་ཡིན་གྱི་གཟུགས་སྐུ་མེད་དེ། ཆོས་སྐུ་འདུས་མ་བྱས་གཟུགས་སྐུ་འདུས་བྱས་ཡིན་པའི་ཕྱིར་རོ།། དེ་ལ་ཡང་ཁ་ཅིག་ན་རེ། བདེ་གཤེགས་སྙིང་པོའི་མདོ་དང༌། རྒྱུད་བླར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་དང༌། །སྦུན་པ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཤུན་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབ་པའི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས།། ཞེས་དཔེ་དོན་དུ་གསུངས་པ་དེ་དྲང་དོན་དུ་ཡིན་ནོ།། ཅི་སྟེ་དེར་བཤད་པའི་དཔེ་དོན་དེ་ངེས་དོན་ཡིན་ན། བདེ་གཤེགས་སྙིང་པོ་ཐུམ་ཐུམ་རིལ་རིལ་དུ་འགྱུར་རོ།། ཞེས་གསུང་ངོ༌།། དེའི་དོན་འདི་ཡིན་ཏེ། པད་མའི་ནང་གི་སངས་རྒྱས་མཐོང་བ་ལ་པད་མས་བསྒྲིབས། སྦུན་པའི་ནང་གི་ནས་ལ་སོགས་པའི་འབྲས་བུ་རྣམས་མཐོང་པ་ལ་སྦུན་པས་བསྒྲིབས། དེའི་རིགས་པས་དཔེ་དགུ་པོ་རྣམས་ལ་ཡང་སྦྱར་བ་དེ་བཞིན་དུ་བདེ་གཤེགས་སྙིང་པོ་སེམས་ཅན་ལ་ཡོད་པར་མཐོང་བ་ལ། རང་རང་གི་ཉོན་མོངས་པའི་དྲི་མས་བསྒྲིབས་ཞེས་བསྒྲིབ་བྱ་སྒྲིབ་བྱེད་དཔེ་དོན་སྦྱོར་བ་ཡིན་གྱི། དཔེ་ལ་ཇི་ལྟར་ཡོད་པ་བཞིན་དོན་ལ་སྦྱོར་བ་མིན། དེང་སང་གི་མཁས་པར་རློམ་པ་མང་པོས་དཔེར་བརྗོད་མཚན་ཉིད་དུ་གོ་བ་བླངས་ཡོངས་གིན་གདའ་བས། དཔེ་དང་མཚན་ཉིད་ཕྱེད་པ་རེ་ཐུགས་ལ་འདོག་པར་ཞུ་ཞུ། ཡང་ཁ་ཅིག་ན་རེ། སེམས་ཅན་ལ་སངས་རྒྱས་ཡོད་ན་གང་ཟག་ཟེར་བ་ལ་སེམས་ཅན་གྱི་བདེ་གཤེགས་སྙིང་པོ་ཡིན་ནོ།། ཞེས་སྨྲས་པས། དྲི་མས་མ་དག་པའི་སངས་རྒྱས་མ་རིགས་སོ་ཟེར་རོ།། དེ་ཡང་འདི་ལྟར་རྣམ་དབྱེ་བྱེད་དེ། སངས་རྒྱས་དག་པ་གཅིག་ལྡན་དང་དག་པ་གཉིས་ལྡན་གཉིས་སུ་ཡོད། དེའི་ཕྱིར་སེམས་ཅན་ལ་དག་པ་གཉིས་ལྡན་གྱི་སངས་རྒྱས་མེད་ཀྱང༌། དག་པ་གཉིས་ལྡན་གྱི་སངས་རྒྱས་ཡོད་དོ།། ཁ་ཅིག་ན་རེ། དག་པ་གཅིག་ལྡན་གྱི་སངས་རྒྱས་མེད་ཟེར་རོ།། འོ་ན་དག་པ་གཅིག་ལྡན་གྱི་སངས་རྒྱས་མེད་པའི་ཕྱིར། དག་པ་གཉིས་ལྡན་གྱི་སངས་རྒྱས་ཀྱང་མེད་པར་འགྱུར་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས། དེ་ལ་གཅིག་ནི་མེད་པས་ན། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན།། ཞེས་སོ།། རིགས་པས་ཀྱང་གྲུབ་སྟེ་གཅིག་མེད་ན་གཉིས་ཇི་ལྟར་ཡོད། སྔགས་ཀྱི་ཐེག་པར་ཡང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་ཞེས་གསུངས་པ་དང༌། མདོ་སྡེ་རྣམས་སུ་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་སོགས་དང༌། སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ།། ཅེས་སོགས་བྱམས་པའི་ལུང་དང་ཡང་འགལ་ལོ།། རང་བཞིན་གྱིས་མྱ་ངན་ལས་འདས་པ། རང་བཞིན་གྱིས་སངས་རྒྱས་པ། རང་བཞིན་གྱིས་བྱང་ཆུབ་པ། རང་བཞིན་གྱིས་འོད་གསལ་བ་སོགས་དོན་གཅིག་གོ། འདི་དག་ནི་མཁས་པར་ཁས་འཆེ་བ་རྣམས་ཀྱི་ལན་ཡིན་ལ། བླུན་པོའི་ལོག་པའི་ལན་ལ་མཐའ་མེད་པས་འདིར་མ་སྤྲོས་ཏེ། ཆོས་ཀྱི་གྲགས་པས། ལོག་པའི་ལན་ལ་མཐའ་མེད་ཅིང༌། །དེ་དག་འདིར་ནི་སྤྲོ་མི་བྱ། །ཞེས་གསུངས་སོ།། དེས་ན་དོན་དན་བདེན་པ་ལ་རྨོངས་པའི་དོན་ནི། དོན་དམ་པར་གང་ཡང་མ་གྲུབ་ཙམ་དོན་དམ་དུ་འདོད་པ་མང་ན་ཡང༌། དེ་ཉིད་དོན་དམ་བདེན་པ་མིན་ལ། དེ་ལ་རྣམ་གྲངས་པའི་དོན་དམ་ཟེར་ཞིང་ཀུན་རྫོབ་བདེན་པ་དང་དོན་གཅིག་པ་སྟེ།། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་ཡང་དག་མཐུན།། ཞེས་སོགས་དང་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ།། ཞེས་གསུངས་ཤིང༌། ཤེར་ཕྱིན་ལས། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ་ཞེས་གསུང་པའི་དོན་ཡང་དེ་ཡིན་ཏེ། ཀུན་རྫོབ་གྱི་ཆོས་ཐམས་ཅད་སྟོང་བཞིན་དུ་སྣང་སྣང་བཞིན་དུ་སྟོང་པའི་ཕྱིར་རོ།། སྣང་བཞིན་དུ་སྟོང་པའི་དོན་ཡང་སྣང་བ་ལྟར་བདེན་པས་སྟོང་ཞེས་པ་ཡིན་ལ། སྟོང་བཞིན་དུ་སྣང་བའི་དོན་ཡང་བདེན་པར་གྲུབ་པས་སྟོང་ཡང་སྣང་ཙམ་དུ་ཡོད་དོ་ཞེས་པའི་དོན་ཏོ།། མདོ་སྡེའི་རྒྱན་དུ་ཡང༌། དེ་བཞིན་གཉིས་སྣང་དེ་ལ་ཡོད། དེའི་དངོས་པོ་ཡོད་མ་ཡིན།། ཞེས་པས་གསལ་བར་བྱས་སོ།། མདོར་ན་གཞི་བདེན་གཉིས་ལ་རྨོངས་པས་དོན་དམ་བདེན་པའི་བདེ་གཤེགས་སྙིང་པོ་མེད་ཅེས་སྐུར་པ་བཏབ་པོ།། དེའི་ཕྱིར་ལམ་ཚོགས་གཉིས་ལ་རྨོངས་པས་ཡེ་ཤེས་ཀྱི་ཚོགས་སོ་སོར་རང་གིས་རིག་པར་བྱ་བ་ཡུལ་ཕུད་དོ།། དེའི་ཕྱིར་འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པ་ལ་རྨོངས་པས་དོན་དམ་ཆོས་སྐུ་རྟག་བརྟན་མེད་ཅེས་སྐུར་པ་བཏབ་པོ།། དེའི་ཕྱིར་སངས་རྒྱས་རྟག་བརྟན་སྟོན་པའི་བཀའ་ཐ་མ་དང༌། རྒྱུད་སྡེ་རྣམས་དང༌། བྱམས་ཆོས་ཕྱི་མ་རྣམས་དང༌། དབུ་མ་བསྟོད་ཚོགས། ཐོགས་མེད་ཀྱི་གསུང་རབ་རྣམས་རིམ་པ་ལྟར་དྲང་དོན་ཡིན་ངེས་དོན་མིན། དབུ་མ་མིན་སེམས་ཙམ་ཡིན་ཞེས་སྒྲོ་སྐུར་བྱས་སོ།། དེའི་ཕྱིར་དེ་རྣམས་ངེས་དོན་དུ་བཞེད་པའི་གང་ཟག་ཁྱད་པར་ཅན་རྣམས་ལ། སེམས་ཙམ་པ། རྟག་ལྟ་བ། གྲངས་ཅན་པ་ཞེས་ལོག་ལྟ་བྱས་སོ།། དེའི་ཕྱིར་འཚམས་མེད་ལྔའི་སྡིག་ལས་ལྕི་བའི་ཆོས་སྤོང་གི་ལས་བསགས་སོ།། ཆོས་སྤོང་གི་ལས་འདི་མཚམས་མེད་ལྔའི་སྡིག་ལས་ལྕི་པར་བྱམས་མགོན་གྱིས་གསུང་སྟེ། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད།། ཅེས་གསུངས་སོ།། སྐབས་དོན་ཆོས་ཀྱི་ཡིན་པ་དེ་ནས་འགོ་མ་གོ་ཙམ་ན། གང་བྱས་ཀྱང་མི་བདེ་བ་ཅི་བྱས་ཀྱང་སྐྱེན་རེ་ཡོང་བར་གདའ། ཆོས་ཡིན་པ་ནས་གོ་བའི་ཚེ་གང་བྱས་ཀྱང་བདེ་བ་ཅི་བྱས་ཀྱང་སྐྱོན་མེད་པར་བློ་བདེ་བ་འབོལ་ལེ་ཡོང་བར་གདའ། མི་ལུས་དལ་འབྱོར་རྙེད་དཀའ་བ་རྙེད་པའི་དུས་འདིར། མདོ་རྒྱུད་རྣམས་ལ་གཟིགས་རྟོག་ཞིབ་ཉལ་བ་མཛད། ཡང་སྐབས་སུ་མི་རྟོག་པའི་ཏིང་ངེ་འཛིན་ཞུགས་པ་རེ་བསྒོམ་པར་མཛད། དེའི་སྐབས་ལ་སེམས་ཅན་ལ་གང་ཕན་བྱེད་པ་དེ་ཐེག་ཆེན་ཆོས་ཀྱི་འཐིལ་སོར་གདའ་བས་དེ་བཞིན་མཛད་པར་ཞུ། ཞུ་མཁན་བདག་ཀྱང་དེ་བཞིན་སྨོན་ནོ། སྨོན་པ་བཞིན་དུ་འགྲུབ་པར་གྱུར་ཅིག། འདིར་སྨྲས་པ། བློ་གྲོས་ལྡན་པས་བླང་དོར་གནས་ལ་མཁས།། བསོད་ནམས་བསགས་པས་ཟབ་མོའི་ཆོས་ལ་མོས།། དབང་པོ་རྣོ་བས་ཆོས་ཀྱི་རྗེས་སུ་འབྲང༌།། སྐལ་བ་ལྡན་པས་རྟོགས་ཀྱི་བཟློགས་པས་མིན།། བདེན་གཉིས་རྣམ་དབྱེ་མ་ཤེས་པའི་ཉེས་དམིགས། ཡང་ཁ་ཅིག་བཀའ་བསྟན་བཅོས་གཉིས་མི་མཐུན་པར་བྱུང་བའི་ཚེ། བསྟན་བཅོས་དགོངས་འགྲེལ་ཡིན་པས་དབང་བཙན་ཟེར་ཡང༌། འཁྲུལ་བ་མེད་པའི་རྒྱན་དྲུག་མཆོག་ཟུང་གི་བསྟན་བཅོས་ནི་བཀའ་དང་མི་མཐུན་པ་ཅུང་ཟད་ཀྱང་མེད་ལ། དེ་ལས་གཞན་པ་རྣམས་ནི་བཀའ་དང་མཐུན་ན་བླང་གི་མི་མཐུན་ན་དོར་བར་བྱས་ཏེ། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས། འཕགས་པ་འཇམ་དཔལ་གྱིས། ལེགས་པ་སུམ་ཅུ་དང༌། ལེགས་པ་མ་ཡིན་པ་སུམ་ཅུ་གསུང་པའི་ཕྱི་མར་ལྷའི་བུ་དེ་ལྟར་ན་ཅི་ཙམ་དུ། དེ་བཞིན་གཤེགས་པའི་བཀའ་དང་འགལ་བ་དེ་ཙམ་དུ་ཐམས་ཅད་ལེགས་པ་མ་ཡིན་པའོ།། ཅི་ཙམ་དུ་དེ་བཞིན་གཤེགས་པའི་བཀའ་དང་མཐུན་པ་དེ་ཙམ་དུ་ཐམས་ཅད་དུ་ལེགས་སོ་ཞེས་དང༌། ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས་ཀྱང༌། བསྟན་བཅོས་དང་འགལ་བ་ནི་བླའི་བཀའ་དང་འགལ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ།། གཞན་ཡང་བདེ་གཤེགས་སྙིང་པོ་ལ་ཡིད་མི་ཆེས་པའི་ཉེས་དམིགས་མཐའ་ཡས་པ་གསུང་པ་ནི། འདི་ལྟ་སྟེ། ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པའི་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི། སྔོན་ཡང་ཕྱུག་ཏུ་གྱུར་ཅིང་ཕུག་རོན་དང༌། ཁྭ་ཏ་དང༌། མི་སྡུག་པའི་སྤྲེའུ་དང༌། གྲམ་ཁྲོད་དུ་སྐྱེས་པ་དང༌། རྐུན་པོ་དམའ་བ་ཁྱི་ལྟ་བུ་དང༌། བྱི་ལ་དང༌། བྱི་བ་དང་མ་ནིང་དང༌། ལྕེ་སྤྱང་དང་སྲིན་བུ་མི་སྡུག་པ་དང་སྦྲུལ་གདུག་པ་དང༌། མ་ཧེ་དང༌། གླེན་པའི་ལུག་དང༌། དོམ་དང་བྱ་ཀ་ལན་ཏ་ཀ་དང་བོང་བུ་དང༌། ལྷ་མ་ཡིན་གཏུམ་པོ་དང༌། ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་པར་སྔོན་ཡང་གྱུར་ཅིང༌། ད་དུང་ཡང་དེ་རྣམས་སུ་འགྱུར་བར་གསུང་གདའ་བས་ཁེ་ཅུང་ཟད་ཡོད་ན་ཉེན་ལ་བརྡོ་བའང་མད། ཁེ་ཅུང་ཟད་ཀྱང་མེད་པའི་ཉེན་ཆེན་པོ་འདི་འདྲ་ལ་མི་བརྡོ་བར་ཞུ། གཞན་ཡང་དེ་བཞིན་གཤེགས་པའི་ཆོས་གྱི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་དེ་རྣམས། སྔོན་ཡང་མཛེ་ནད་ཀྱིས་ཐེབས་ཤིང་ད་དུང་ཡང་མཛེ་ནད་ཀྱིས་ཐེབས་པར་འགྱུར་རོ་ཞེས་སོགས་ཉེས་དམིགས་ཆེན་པོ་གསུང་གདའ། གཞན་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདུས་མ་བྱས་པ་ལ་འདུས་བྱས་སུ་ལྟ་བ་ནི། རང་གི་ཁྱིམ་དང་འདྲ་བར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་སོགས་མཐའ་ཡས་པ་གསུང་གདའ། བདེ་གཤེགས་སྙིང་པོ་ཡོད་པར་ཡིད་ཆེས་པ་ལ་ཉེས་དམིགས་ཅུང་ཟད་ཀྱང་མི་གདའ་བའི་སྟེང་དུ། ཕན་ཡོནདཔག་ཏུ་མེད་གསུང་གདའ།། སྨྲས་པ། རྙིགས་མའི་དུས་ཀྱི་བཤེས་གཉེན་བདག་ལྟ་བུས། །མི་མཁས་མཁས་པར་གྲགས་པ་འདོད་འདོད་ནས། །ཐུབ་པའི་གསུང་ལས་གྲུབ་མཐའ་ལོགས་སུ་བརྩམས། །དམྱལ་བའི་ལས་ངན་བསགས་པ་མཐོལ་ལོ་བཤགས། །རྣམ་པར་དཔྱོད་པའི་བློ་གྲོས་དམན་གྱུར་པས། །སྔོན་ཆད་དགེ་སྡིག་བླང་དོར་གནས་ལ་རྨོངས། །དབང་པོ་རྟུལ་ཞིང་བསོད་ནམས་དམན་གྱུར་པས། །ཟབ་མོའི་ཆོས་ལ་སྨོད་པ་མཐོལ་ལོ་བཤགས། །ཕྱིན་ཆད་ཟབ་མོའི་ཆོས་སྤོང་ཉེས་དམིགས་དང༌། །ཟབ་མོའི་ཆོས་ལ་མོས་པའི་ཕན་ཡོན་སོགས། །མཐོང་བས་བླང་དོར་ཚུལ་བཞིན་བྱེད་པ་དང༌། །མཐར་ཐུག་བདེ་གཤེགས་སྙིང་པོ་མངོན་འགྱུར་ཤོག། ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། དེས་ན་བདེ་གཤེགས་སྙིང་པོ་ཡོད་པར་ལུང་རིགས་རྣམ་དག་གིས་གྲུབ་ལ། དེའི་ཕྱིར་དོན་དམ་པའི་བདེན་པ་ཡོད་པར་གྲུབ། དེའི་ཕྱིར་གཞི་བདེན་གཉིས་ཟུང་དུ་འཇུག་པར་གྲུབ་པོ།། །། འཕྲོས་དོན་གྲུབ་མཐའ་བཞིའི་ལྟ་སྒོམ་ཟུར་ཙམ་བརྗོད་པ། གཞི་བདེན་པ་གཉིས་ཀྱི་ལྟ་བ་འདི་ལ། དབུ་མ་ཆེན་པོའི་གྲུབ་མཐའ་བཞིའི་ལྟ་སྒོམ་སྤྱོད་འབྲས་ཟུར་ཙམ་བརྗོད་ན། དེ་ཡང་བྱེ་བྲག་སྨྲ་བའི་ལུགས་ལ་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་པར་རྟོགས་པའི་ཤེས་རབ་ལྟ་བ། དེའི་ངང་དུ་རྩེ་གཅིག་ཏུ་འཇོག་པའི་མཚན་འཛིན་གྱི་བློ་སྒོམ་པ། རང་གཅིག་པུ་ཞི་བདེའི་དོན་དུ་མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་བསྒྲུབ་པ་སོགས་སྤྱོད་པ། ཉན་ཐོས་ཕུང་པོ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་འབྲས་བུ་ཡིན་ལ། བྱེ་བྲག་ཏུ་སྨྲ་བའི་བསྟན་བཅོས་འདི། མདོ་སྡེ་པས་འགོག་པ་མ་ཡིན་གྱི། མདོ་སྡེ་པའི་ལུགས་ལ། བྱེ་བྲག་ཏུ་སྨྲ་བའི་ལྟ་བ་དེའི་སྟེང་དུ། རྟག་མི་རྟག་ཏུའང་བརྗོད་དུ་མེད་པའི་གང་ཟག་གི་༼བདག༽མེད་པར་རྟོགས་པའི་ཤེས་རབ་བསྣན་པ་ལྟ་བ། དེའི་ངང་དུ་རྩེ་གཅིག་ཏུ་འཇོག་པའི་མཚན་འཛིན་གྱི་བློ་སྒོམ་པ། མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་རང་གཞན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་པ་སོགས་སྤྱོད་པ། འབྲས་བུའང་སངས་རྒྱས་ཐོབ་པ་ཡིན་པར་འདོད་དོ།། རང་སངས་རྒྱས་ཀྱི་ལུགས་ལ་གང་ཟག་གི་བདག་དང་གཟུང་བ་ཆོས་བདག་མེད་པར་རྟོགས་པའི་ཤེས་རབ་ལྟ་བ། དེའི་ངང་དུ་རྩེ་གཅིག་ཏུ་འཇོག་པ་མཚན་འཛིན་གྱི་བློ་སྒོམ་པ། རང་གཅིག་པུ་ཞི་བདེའི་དོན་དུ་མི་དགེ་བ་བཅུ་སྤོང་དགེ་བ་བཅུ་བསྒྲུབ་པ་སོགས་སྤྱོད་པ། རང་སངས་རྒྱས་ཀྱི་མྱང་འདས་ཐོབ་པ་འབྲས་བུ་ཡོད་༼ཡིན༽པར་འདོད་ལ། སེམས་ཙམ་པའི་ལུགས་ལ་ཉན་ཐོས་རྣམ་གཉིས་ཀྱི་ལྟ་བ་དེ་འགོག་པ་མ་ཡིན་གྱི། ཉན་ཐོས་རྣམ་གཉིས་ཀྱི་ལྟ་བ་དེའི་སྟེང་དུ་གཟུང་བ་བདེན་པ་དང༌། དེ་འཛིན་བྱེད་ཀྱི་ཤེས་པ་བདེན་པར་མེད་པའི་ཤེས་རབ་ལྟ་བ། དེའི་ངང་དུ་རྩེ་གཅིག་ཏུ་འཇོག་པ་སྒོམ་པ། རང་གཞན་ཐམས་ཅད་ཀྱི་དོན་དུ་མི་དགེ་བ་བཅུ་སྤོང་ཞིང་ཆོས་སྤྱོད་བཅུ་བསྒྲུབ་པ་སོགས་སྤྱོད་པ། འབྲས་བུ་ནི་སངས་རྒྱས་ཐོབ་པར་འདོད་དོ།། ཉན་ཐོས་སྡེ་གཉིས་དང་སེམས་ཙམ་གྱི་ལྟ་སྒོམ་ཁོ་ནས་སངས་རྒྱས་འཐོབ་པར་འདོད་ཀྱང༌། དེ་ཁོ་ནས་སངས་རྒྱས་མི་འཐོབ་སྟེ་ཐོབ་ན་དབུ་མ་སོགས་བསྟན་མི་དགོས་པའི་ཕྱིར། དབུ་མ་སྣང་མེད་པའི་ལུགས་ལ་ཉན་ཐོས་སྡེ་གཉིས་དང༌། སེམས་ཙམ་གྱི་ལྟ་བ་དེ་རྣམས་འགོག་པ་མ་ཡིན་གྱི། དེ་རྣམས་ཀྱི་སྟེང་དུ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན་བདེན་པའི་རང་བཞིན་དུ་མེད་པའི་ཤེས་རབ་ལྟ་བ། དེའི་ངང་དུ་མི་རྟོག་པར་རྩེ་གཅིག་ཏུ་འཇོག་པ་སྒོམ་པ། གཞན་དོན་དུ་མི་དགེ་བ་སྤོང་ཞིང་དགེ་བ་བསྒྲུབ་པ་སོགས་སྤྱོད་པ། དེ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་འཐོབ་པར་འདོད་དོ།། སྣང་བཅས་དབུ་མའི་ལུགས་ལ། ཉན་ཐོས་སྡེ་གཉིས་སུ་སེམས་ཙམ་པ་དང་སྣང་མེད་དབུ་མ་པའི་ལྟ་བ་དེ་རྣམས་འགོག་པ་མ་ཡིན་གྱི། ལྟ་བ་དེ་རྣམས་ཀྱི་སྟེང་དུ། ལྷུན་གྲུབ་ཆོས་ཀྱི་དབྱིངས་སྐྱེ་འཇིག་མེད་པའི་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་གཤེགས་སྙིང་པོ་རྟོགས་པའི་ཤེས་རབ་ལྟ་བ། དེའི་ངང་དུ་ཅི་ཡང་མི་རྟོག་པ་སྒོམ་པ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བསྒྲུབ་པ་སྤྱོད་པ། འབྲས་བུ་སྐུ་གཉིས་ཟུང་འཇུག་ཐོབ་པར་འདོད་ཡང་འདོད་ལ་ཐོབ་ཀྱང་འཐོབ་པོ།། ཞེས་བླ་མ་རྣམས་བཞེད་དོ།། འོ་ན་རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱི་གནོད།། ཅེས་དང༌། འདིར་ལྟ་བ་གཅིག་གིས་གཅིག་འགོག་པ་མ་ཡིན་གྱི་གཅིག་ཐོག་ཏུ་གཅིག་སྣོན་པ་ཡིན་ཞེས་པ་འགལ་ལོ་ཞེ་ན། གོང་མ་གོང་མ་རྣམས་གྱིས་གནོད།། ཅེས་པ་ནི་བྱེ་བྲག་ཏུ་སྨྲ་བ་རྡུལ་ཕྲན་ཆ་མེད་དང༌། ཤེས་པ་སྐད་གཅིག་ཆ་མེད་དོན་དམ་བདེན་པར་འདོད་པ་ལ། དབུ་མ་པའི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གནོད་ཅིང༌། བྱེ་བྲག་ཏུ་སྨྲ་བ་བློ་ལ་རང་རིག་ཁས་མི་ལེན་པ་ལ། མདོ་སེམས་དབུ་མ་རང་རིག་གྲུབ་པས་གནོད་པ་ཡིན་ལ། བྱེ་བྲག་ཏུ་སྨྲ་བ་ཡང་ལས་འབྲས་བསླུ་བ་མེད་པ་ཁས་ལེན་པས་འདི་ཉིད་མདོ་སེམས་གཉིས་ཀྱང་ཁས་ལེན་ལ། དབུ་མ་པའང་ཀུན་རྫོབ་ཏུ་ལས་འབྲས་བསླུ་མེད་ཁས་ལེན་པའི་ཕྱིར་རོ། །མདོ་སྡེ་པ་འདོད་པའི་དོན་ལྐོག་ན་མོ་དང༌། སེམས་ཙམ་པའི་འདོད་པའི་གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་དོན་དམ་པར་བདེན་པ་སོགས་གྱིས། བྱེ་བྲག་ཏུ་སྨྲ་པའི་གྲུབ་མཐའ་ལ་གནོད་པ་མ་ཡིན་ཏེ་དེ་རྣམས་ནི་སྲིད་པའི་ཕྱིར། རི་བོང་གི་རྭ་མི་སྲིད་པའི་ཕྱིར་རི་བོང་གི་རྭ་ལ་གནོད་པ་མི་སྲིད་དོ།། ཁོ་བོ་ནི་འདི་ལྟར་ཏུ་སེམས་ཏེ། བྱེ་བྲག་ཏུ་སྨྲ་བའང་གཉིས། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་འདོད་པ་ལ། ཉན་རང་གི་བྱེ་བྲག་སྨྲ་བ་དང་ཀུན་རྫོབ་བརྟགས་ཤིང་དཔྱད་ན་མེད་པ་དང༌། དོན་དམ་དཔྱད་ན་ཡོད་པར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྟོགས་པའི། གང་ཟག་མ་དཔྱད་པའི་ངོ་ན་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་འཛིན་ལ་གྲགས་པ་ལྟར་ཁས་ལེན་པ་དེ་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ཟེར་ཞིང༌། ཐེག་པ་ཆེན་པོ་ལ་ཡང་ཀུན་རྫོབ་ཏུ་བྱེ་བྲག་ཏུ་སྨྲ་བ་ཡོད་ཅིང་ཉན་རང་ཁོ་ནའི་ཁྱད་ཆོས་མིན་པར་སེམས་སོ།། དེ་བཞིན་དུ་མཐར་ཐུག་དབུ་མ་ཆེན་པོ་ཁས་ལེན་ལ། ཐ་སྙད་དུ་མདོ་སྡེ་པའི་རྣམ་བཞག་ལྟར་བྱེད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་ལ། དབུ་མ་པ་དེ་བཞིན་མཐར་ཐུག་དབུ་མ་ཆེན་པོ་ཁས་ལེན་པ་ལ། ཐ་སྙད་དུ་སེམས་ཙམ་པ་ལྟར་རྣམ་བཞག་བྱེད་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པར་སེམས་ཤིང༌། འདི་རྣམས་རྣལ་འབྱོར་པ་རྟོགས་པ་གོང་ནས་གོང་དུ་འཕེལ་པའི་གནས་སྐབས་ལ། དེ་དང་དེར་གསུངས་པ་མདོ་རྒྱུད་བསྟན་བཅོས་རྣམ་དག་ལ་མངོན་ནོ།། འདི་རྣམས་རྒྱས་པར་བརྒལ་ལན་གྱིས་གཏན་ལ་དབབ་རྒྱུ་ཡོད་ནའང་འདིར་ཡི་གེ་མང་བས་འཇིགས་ཏེ་མ་སྤྲོས་སོ།། དེ་ལྟར་གྲུབ་མཐའ་བཞི་པོ་ནི་རང་རང་ཐད་སོར་བདེན་པར་འདོད་ཀྱང་འདོད་ལ་ བདེན་ཡང་བདེན་པའང་ཡོད། བདེན་པར་འདོད་ཀྱང་བདེན་པ་མ་ཡིན་པའང་ཡོད་དོ།། དེའི་ཕྱིར་བདེན་པ་མ་ཡིན་པའི་བདེན་པར་འདོད་པ་ལ། གོང་མ་གོང་མ་རྣམས་ཀྱིས་བདེན་པར་འདོད་ཅིང་བདེན་པར་འདོད་པ་རྣམས་ཀྱིས་གནོད་པ་ཡིན་ལ། གོང་མ་གོང་མ་རྣམས་ཀྱིས་བདེན་པར་འདོད་ཀྱང་བདེན་པར་མི་གནས་པ་རྣམས་ཀྱིས་འོག་མར་ཡང་མི་གནོད་དོ།། འདི་ལྟ་བུ་རྣམ་དབྱེ་ཞིབ་པར་རྟོགས་པར་བྱའོ།། དཔེར་ན་གོང་ན་བཤད་པའི་སེམས་ཙམ་པ་རྣམ་ཤེས་དོན་དམ་བདེན་པར་འདོད་ཀྱང༌། དེ་མ་གྲུབ་པས་དེས་སུ་ལ་ཡང་མི་གནོད་དོ་ཞེས་བཤད་ཟིན་ཏོ།། སྨྲས་པ། གྲུབ་མཐའ་བཞི་པོ་གནས་སྐབས་སོ་སོར་བདེན།། མཐར་ཐུག་སྣང་བཅས་དབུ་མ་ངེས་དོན་ཡིན།། བདེན་བཞི་གནས་སྐབས་སོ་སོར་བདེན་ན་ཡང༌།། མཐར་ཐུག་འགོག་བདེན་ཟབ་མོ་ངེས་དོན་ཡིན།། རིགས་པ་རྣམ་བཞི་གནས་སྐབས་སོ་སོར་བདེན།། མཐར་ཐུག་ཆོས་ཉིད་རིགས་པ་ངེས་དོན་ཡིན།། སྐུ་བཞི་གནས་སྐབས་སོ་སོར་བདེན་ན་ཡང༌།། མཐར་ཐུག་ངོ་བོ་ཉིད་སྐུ་ངེས་དོན་ཡིན།། ཡེ་ཤེས་ལྔ་པོ་གནས་སྐབས་སོ་སོར་བདེན།། མཐར་ཐུག་ཆོས་དབྱིངས་ཡེ་ཤེས་ངེས་དོན་ཡིན།། ཕུང་པོ་ལྔ་པོ་གནས་སྐབས་སོ་སོར་བདེན།། མཐར་ཐུག་ཡེ་ཤེས་གཟིགས་པ་ངེས་དོན་ཡིན།། བདེན་གཉིས་གནས་སྐབས་སོ་སོར་བདེན་ན་ཡང༌།། མཐར་ཐུག་དོན་དམ་བདེན་པ་ངེས་དོན་ཡིན།། ཇི་ལྟ་ཇི་རྙེད་གནས་སྐབས་སོ་སོར་བདེན།། མཐར་ཐུག་ཇི་ལྟ་བ་དེ་ངེས་དོན་ཡིན།། ཆོས་དང་ཆོས་ཉིད་གནས་སྐབས་སོ་སོར་བདེན།། མཐར་ཐུག་ཆོས་ཉིད་ཟབ་མོ་ངེས་དོན་ཡིན།། རྣམ་ཤེས་ཡེ་ཤེས་གནས་སྐབས་སོ་སོར་བདེན།། མཐར་ཐུག་རང་བྱུང་ཡེ་ཤེས་ངེས་དོན་ཡིན།། རང་བཞིན་གློ་བུར་གནས་སྐབས་སོ་སོར་བདེན།། མཐར་ཐུག་རང་བཞིན་རྣམ་དག་ངེས་དོན་ཡིན།། འོད་གསལ་དྲི་མ་གནས་སྐབས་སོ་སོར་བདེན།། མཐར་ཐུག་རང་བཞིན་འོད་གསལ་ངེས་དོན་ཡིན།། དྲང་དོན་ངེས་དོན་གནས་སྐབས་སོ་སོར་བདེན།། མཐར་ཐུག་ངེས་དོན་ཟབ་མོ་ངེས་དོན་ཡིན།། བྲལ་འབྲས་སྨིན་འབྲས་གནས་སྐབས་སོ་སོར་བདེན།། མཐར་ཐུག་བྲལ་འབྲས་སྟོབས་སོགས་ངེས་དོན་ཡིན།། དངོས་གྲུབ་རྣམ་གཉིས་གནས་སྐབས་སོ་སོར་བདེན།། མཐར་ཐུག་མཆོག་གི་དངོས་གྲུབ་ངེས་དོན་ཡིན།། གནས་སྐབས་མཐར་ཐུག་འབྲས་བུ་སོ་སོར་བདེན།། མཐར་ཐུག་འབྲས་བུ་མཐར་ཐུག་ངེས་དོན་ཡིན།། ཆོས་འཁོར་གསུམ་པོ་གནས་སྐབས་སོ་སོར་བདེན།། མཐར་ཐུག་ཆོས་འཁོར་གསུམ་པ་ངེས་དོན་ཡིན།། ངོ་བོ་ཉིད་གསུམ་གནས་སྐབས་སོ་སོར་བདེན།། མཐར་ཐུག་འགྱུར་མེད་ཡོངས་གྲུབ་ངེས་དོན་ཡིན།། ཐེག་གསུམ་གནས་སྐབས་སོ་སོར་བདེན་ན་ཡང༌།། མཐར་ཐུག་ཐེག་ཆེན་སྣང་བ་ངེས་དོན་ཡིན།། སྐྱབས་གསུམ་གནས་སྐབས་སོ་སོར་བདེན་ན་ཡང༌།། མཐར་ཐུག་ཆོས་སྐུ་ཉག་གཅིག་ངེས་དོན་ཡིན།། དེ་ལྟར་མཐར་ཐུག་ངེས་དོན་གྲུབ་པའི་ཕྱིར།། བདེ་གཤེས་སྙིང་པོ་ངེས་དོན་ཡིན་པར་གྲུབ།། ངེས་དོན་ལ་ཡང་གནས་སྐབས་ངེས་དོན་དང༌།། མཐར་ཐུག་ངེས་དོན་གཉིས་སུ་གནས་པ་ཡིན།། ངེས་དོན་རྣམ་དབྱེ་ཇི་ལྟར་ཤེས་གྱུར་ན།། མི་མཐུན་རྩོད་པའི་གཞི་དེ་སྐོར་ནས་ཐལ།། ལུང་རིགས་མཁྱེན་པའི་བཤེས་གཉེན་ཐམས་ཅད་ཀྱིས།། འཁོར་ལོ་གསུམ་དང་ཐེག་གསུམ་སྐྱབས་གསུམ་དང༌།། གྲུབ་མཐའ་བཞི་དང་བདེན་གཉིས་ལ་སོགས་ལ།། ཕྱོགས་ཁྱེར་མ་མཛད་ཐམས་ཅད་ཉམས་སུ་ལོངས།། དེ་ལྟར་མཛད་ན་གནས་སྐབས་མཐར་ཐུག་གི། འབྲས་བུ་ཐམས་ཅད་བདེ་བླག་འགྲུབ་པོ་ཞེས།། འགྲོ་བའི་གཉེན་གཅིག་བཅོམ་ལྡན་སྲས་བཅས་གསུང༌།། གསུང་པ་ཇི་བཞིན་མྱུར་དུ་འགྲུབ་པར་ཤོག། ཅེས་པ་དོན་བསྡུས་ཏེ་ཚིགས་སུ་བཅད་པའོ།། དེ་ལྟར་བཤད་པའི་གྲུབ་མཐའ་འདི། འཕྲལ་ཉམས་དགའ་ཕུགས་བློ་བདེ་བའི་གྲུབ་མཐའ་ལགས་སོ།། ཅིའི་ཕྱིར་ཉམས་དགའ་བློ་བདེ་ཞེས་བྱ་ཞེ་ན། གཞི་རུལ་རྩ་བ་སྟོར་འབྲས་བུ་སད་ཀྱིས་ཁྱེར་བའི་ཆོས་རྣམས་དང་མི་འདྲ་བར། སྣང་ཤེས་ཅན་རྣམས་ལ་ཀུན་རྫོབ་བདེན་པ་ཡང་ཀུན་རྫོབ་ཏུ་བདེན་པར་བཞག་པས་འཕྲལ་ཉམས་དགའ། དོན་དམ་བདེ་གཤེགས་སྙིང་པོ་དོན་དམ་བདེན་པར་གྲུབ། དེ་ལྟར་གཞི་བདེན་གཉིས་ཟུང་འཇུག་གྲུབ་པས་གཞི་མ་རུལ་རྩ་བ་མ་སྟོར། དོན་དམ་བདེ་གཤེགས་སྙིང་པོ་མཁའ་ཁྱབ་དུ་བཞུགས་པས། རྣམ་པར་རྟོག་པའི་སྤྲིན་གྱིས་བསྒྲིབ་པ་དེ་མི་རྟོག་ཡེ་ཤེས་ཀྱི་རླུང་གིས་གཏོར་ནས། བདེ་གཤེགས་སྙིང་པོ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ། གློ་བུར་རྣམ་རྟོག་གི་དྲི་མའི་སྤྲིན་ལས་ཀྱང་གྲོལ་ནས། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ། ཡོན་ཏན་མངའ་བའི་དག་པ་གཉིས་ལྡན་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་ཆོས་ཀྱི་སྐུ་སྐྱེ་འཇིག་མེད་པར་ལྷུན་གྱིས་གྲུབ་པར་མངོན་དུ་གྱུར་པས། འབྲས་བུ་སད་ཀྱིས་མ་ཁྱེར་བས་ཕུགས་བློ་བདེ་བའི་ཕྱིར་རོ།། གཞི་ཀུན་རྫོབ་བདེན་པ་ཡོད་པའི་རྒྱུ་མཚན་གྱིས། ལམ་བསོད་ནམས་ཀྱི་ཚོགས་ལ་འབད་པ་ལས། འབྲས་བུ་གང་ལ་གང་འདུལ་གྱི་ཀུན་རྫོབ་གཟུགས་ཀྱི་སྐུ་གྲུབ་ནས་གཞན་གྱི་དོན་ལ་འཇུག་པའི་ཕྱིར་རོ།། ཉམས་དགའ་ཡལ་ལེ་བློ་བདེ་འབོལ་ལེ་ཐལ་ལོ།། སྨྲས་པ། དཔལ་ལྡན་བླ་མའི་བྱིན་རླབས་ཞུགས།། དམ་པའི་ཆོས་ཀྱི་གནས་ལུགས་གོ། ངེས་པའི་དོན་ལ་བག་ཆགས་སད།། ཉམས་རེ་དགའ་ལ་བློ་རེ་བདེ།། ཞེས་པ་བར་སྐབས་ཀྱི་ཚིགས་བཅད་དོ།། ལ་ལ་མཐར་ཐུག་ཁོ་ན་བདེན་གྱི་ཀུན་རྫོབ་གྱི་ཆོས་རྣམས་ཀུན་རྫོབ་ཙམ་དུའང་མི་བདེན་གསུངས་པ་འདི་མི་གསུང་པར་ཞུ། ལ་ལ་ཀུན་རྫོབ་སྣང་ཙམ་འདི་ཁོ་ན་བདེན་གྱི། མཐར་ཐུག་གང་ཡང་མི་བདེན་གསུངས་པ་འདི་ཡང་མི་གསུང་པར་ཞུ་ཞིང༌། བདེན་གཉིས་ཕྱེད་དགོས་མི་མཛད་པར་ཞུ། ཀུན་རྫོབ་གནས་སྐབས་སུ་བདེན་པ་དང༌། དོན་དམ་མཐར་ཐུག་ཏུ་བདེན་པ་འདི། བཀའ་བསྟན་བཅོས་མན་ངག་དང་བཅས་པ་ལས་གསལ་བར་གསུང་པ་ལགས་པས། འདི་ཟུང་དུ་འཇུག་པ་ཐུགས་ལ་འདོགས་པར་ཞུ། ཞུ་བ་འདི་ཐུགས་ལ་བཏགས་ན་གནས་སྐབས་མངོན་པར་མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ཡང་འབུལ། འདི་ཐུགས་ལ་མ་བཏགས་ན་ཆོས་སྤོང་གི་ལས་ཀྱི་འབྲས་བུ་དང་མཇལ་དུས་འགྱོད་པར་གྱུར་ཏ་རེ། མིའི་གྲལ་དུ་མི་ངན་པ་ཡང་བཅུག་པའི་མི་ངན་ཚར་གཅོད་པའི་ཞོར་ལ་མི་བཟང་པོ་ཡང་འཇོམས་པ་ལྟར། དོན་དམ་བདེན་པའི་གྲལ་དུ་ཀུན་རྫོབ་བཅུག་པས། ཀུན་རྫོབ་བརྟགས་ཤིང་དཔྱད་ན་མེད་པའི་ཞོར་ལ་དོན་དམ་ཡང་དཔྱད་ན་མེད་ལམ་ལ་མི་གཏོང་བར་ཞུ། འཇིག་རྟེན་ན་བདེན་རྫུན་བལྟས་ནས་བདེན་པ་བདེན་པར་འཇོག་པ་དང༌། བརྫུན་པ་རྫུན་པར་འཇོག་པ་ལྟར། འཇིག་རྟེན་ལས་འདས་པ་ལ་ཡང་ལུང་རིགས་ཀྱིས་རྟོག་དཔྱོད་མཛད་ནས་དོན་དམ་བདེན་པ་བདེན་པར་འཇོག་པ་དང༌། ཀུན་རྫོབ་བརྫུན་པར་འཇོག་པ་ཐུགས་ལ་འདོགས་པར་ཞུ། གསུམ་པ་བདེན་གཉིས་ཀྱི་རྣམ་དབྱེ་མ་ཤེས་པའི་ཉེས་དམིགས་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་མཐོང་བ་མིན།། ཞེས་གསུངས་སོ།། བདེན་གཉིས་རྣམ་དབྱེ་ཤེས་པའི་ཕན་ཡོན། བཞི་པ་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་པའི་ཕན་ཡོན་ནི། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར།། ཞེས་གསུངས་སོ།། སྨྲས་པ། ཁ་ཅིག་ཀུན་རྫོབ་སྣང་ཙམ་འདི་ཡང་འགོག། ཁ་ཅིག་དོན་དམ་བདེན་པ་མེད་དོ་ལོ།། གཉིས་ཀ་དྲིལ་ནས་ཤེས་བྱ་ཡུལ་ནས་ཕུད།། རི་བོང་རྭ་ལ་སུ་ཞིག་རྩོད་པ་ཡིན།། ཕྱི་ནང་འཇིག་རྟེན་གནས་སྐབས་ཀུན་རྫོབ་གཞི།། བདེ་གཤེགས་སྙིང་པོ་མཐར་ཐུག་དོན་དམ་གཞིར།། དེ་སྐད་སྨྲས་པའི་བློ་གྲོས་ལྡན་པ་དེས།། གཞིའི་ཟུང་འཇུག་བཀའ་བསྡུ་ལྔ་པ་བྱས།། གཞི་བདེན་གཉིས་ཟུང་འཇུག་གཏན་ལ་ཕབ་པའི་སྐབས་ཏེ་གསུམ་པའོ།། ཐ་མར་དགེ་བ་མཇུག སྨྲས་པ། སྨྲ་བསམ་བརྗོད་བྲལ་ངང་དུ་འཇོག་ན་གྲུབ་མཐའ་བདེན་བརྫུན་སྨྲ་དོན་མེད།། འོན་ཏེ་ཐུབ་པའི་གྲུབ་མཐའ་སྨྲ་ན་བདེན་གཉིས་རྣམ་དབྱེ་ཤེས་པ་གཅེས།། སྐུ་གཉིས་ཟུང་འཇུག་གྲུབ་པར་འདོད་ན་ཚོགས་གཉིས་ཟུང་འཇུག་བརྩོན་པས་སྒྲུབས།། སྒྲོ་སྐུར་མེད་པའི་སྨྲ་བ་འདོད་ན་བཀའ་བསྡུ་ལྔ་པ་འདི་ལྟར་སྨོས།། ཀྭ་ཡེ་སྐྱེ་འགྲོའི་གཉེན་འགྱུར་འོད་ཟེར་བརྒྱ་བ་དུས་ཀྱི་དབང་གིས་གླིང་གཞན་སོང་བ་མ་མཐོང་ངམ།། མར་ངོར་གྱུར་པའི་ཟླ་བ་དེར་ཡང་ཞག་རེ་བཞིན་དུ་ཉམས་ཆུང་གྱུར་བའང་མི་ཤེས་སམ།། མཚན་མོའི་ཕྱོགས་གྱུར་རྒྱུ་སྐར་དཔུང་རྣམས་རབ་ཏུ་འཁྲིགས་པས་ཕྱོགས་ཀྱི་མཐའ་ཁོབས་འདི་ལའང་ལྟོས།། ཚུལ་འདི་འདི་ལྟར་གྱུར་པ་སེམས་ལའང་ཁྱོད་ནི་འོ་མའི་མཚོ་ལ་འོ་མ་ལེན་པར་རིགས།། སྟོན་ཀའི་ཟླ་ལྟར་དཀར་བའི་མདོག་མཛེས་ཁྱོད་སྐུ་སྒེག་ཅིང་འགྱེང་བའི་དབྱིབས་ལེགས་ཡིད་འོང་ཟུང་ཕུད་ལྔ་པ་ཅན།། སྐྱབས་མེད་མགོན་བྲལ་སྣ་ཚོགས་སྡུག་བསྔལ་བརྒྱ་ཡིས་རབ་གཙེས་ཉམས་ཐག་ཕོངས་པའི་འགྲོ་བ་ཀུན་གྱི་སྐྱབས་གཅིག་པོ།། རྣམ་དག་ཆོས་དབྱིངས་རབ་འབྱམས་འགེངས་པའི་ཐུགས་རྗེའི་འོད་འགྱེད་དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་སྤྱན་རས་གཟིགས།། བདག་ཉིད་བྱང་ཆུབ་ཤིང་དབང་དྲུང་དུ་མ་སོན་དེ་སྲིད་ཁྱོད་ཉིད་རྟག་པར་དགེ་བའི་བཤེས་སུ་མི་འབྲལ་འགྲོགས་པར་སྨོན།། གང་ཟག་ཆོས་ཀྱི་བདག་མེད་འདི་ཡང་མེད་པ་མ་ཡིན་ཆོས་རྣམས་ཀུན་གྱི་ཆོས་ཉིད་ཡིན།། འཁོར་བའི་རྒྱ་མཚོ་མཐའ་མེད་འདི་ཡང་མེད་པ་མ་ཡིན་མི་ཤེས་རྨོངས་པའི་འཁོར་བ་ཡིན།། རྒྱལ་བའི་མཁྱེན་པ་མཐའ་མེད་འདི་ཡང་མེད་པ་མ་ཡིན་ཇི་ལྟ་ཇི་སྙེད་མཁྱེན་པ་ཡིན།། སེམས་ཀྱི་རང་བཞིན་སྤྲོས་མེད་འདི་ཡང་མེད་པ་མ་ཡིན་འོད་གསལ་བདེ་གཤེགས་སྙིང་པོ་ཡིན།། ཀུན་རྫོབ་ཆོས་ཀུན་བདེན་པར་ཤེས་ཀྱང་ཤེས་པ་མ་ཡིན་བརྫུན་པ་སླུ་བའི་ཆོས་ཅན་ཡིན།། ཀུན་རྫོབ་ལས་འབྲས་མེད་པར་ཤེས་ཀྱང་ཤེས་པ་མ་ཡིན་ངན་སོང་གསུམ་དུ་འཕེན་བྱེད་ཡིན།། དོན་དམ་དྲི་མ་དོན་དམ་ཡོད་པར་ཤེས་ཀྱང་ཤེས་པ་མ་ཡིན་མི་ཤེས་རྨོངས་པའི་རྟག་ལྟ་ཡིན།། དོན་དམ་འོད་གསལ་མེད་པར་ཤེས་ཀྱང་ཤེས་པ་མ་ཡིན་མི་ཤེས་རྨོངས་པའི་ཆད་ལྟ་ཡིན།། མན་ངག་སྟོན་པའི་ཡོངས་འཛིན་དང་བྲལ་ཞིང༌།། ཟབ་རྒྱས་མདོ་རྒྱུད་བལྟ་བར་མི་དབང་བའི།། དྲང་དོན་གཞུང་བརྒྱ་སྨྲ་བའི་དྲེགས་རྣམས་ཀྱང༌།། མཐར་ཐུག་ངེས་དོན་འདི་ལ་ངལ་སོས་ཤིག། ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་མཆོག་ཏུ་འཛིན།། རྙེད་བཀུར་གྲགས་པ་ཐོབ་པས་ཡིད་ཚིམ་ཞིང༌།། ཕྱོགས་ཞེན་ལྟ་བའི་ཞགས་པས་བཅིངས་དེའང༌།། མཐར་ཐུག་ངེས་དོན་འདི་ལ་ངལ་སོས་ཤིག། ཀུན་རྫོབ་དཔྱད་ན་སྟོང་པའི་རིགས་པ་ཡིས།། དོན་དམ་སངས་རྒྱས་མེད་ཅེས་སྐུར་བ་འདེབས།། སྟོང་ཉིད་དོན་ལ་ལྐུག་པ་དེ་དག་ཀྱང༌།། མཐར་ཐུག་ངེས་དོན་འདི་ལ་ངལ་སོས་ཤིག། གྲུབ་མཐའ་བདེན་རྫུན་རྟོག་དཔྱོད་མི་བྱེད་པར།། དང་པོར་གང་ཐོས་གཞུང་ལ་དམ་འཆོལ་ཞིང༌།། དབང་རྟུལ་དད་པའི་རྗེས་འབྲང་དེ་དག་ཀྱང༌།། མཐར་ཐུག་ངེས་དོན་འདི་ལ་ངལ་སོས་ཤིག། ཨེ་མ་དེང་སང་གངས་རིའི་ཁྲོད་འདི་ན།། བདེན་གཉིས་ལྟ་བའི་བློ་གྲོས་མིག་མེད་པས།། ཁ་ཅིག་ཀུན་རྫོབ་ཁོ་ནའི་གཅོང་རོང་ལྷུང༌།། ལ་ལ་དོན་དམ་ཁོ་ནའི་མཐའ་ལ་འཆེལ།། དེ་ཕྱིར་དབུ་མའི་གཞི་ལམ་འབྲས་ལ་རྨོངས།། སངས་རྒྱས་བསྟན་པའི་དེ་ཉིད་མཐོང་བ་མེད།། བདེན་གཉིས་ཟུང་འཇུག་དབུ་མའི་གཞི་ཡི་མཐིལ།། ཚོགས་གཉིས་ཟུང་འཇུག་དབུ་མའི་ལམ་གྱི་མཐིལ།། སྐུ་གཉིས་ཟུང་འཇུག་དབུ་མའི་འབྲས་བུའི་མཐིལ།། གཞི་ལམ་འབྲས་བུ་ཟུང་དུ་འཇུག་པ་འདི།། བླ་མ་རྒྱལ་བ་སྲས་བཅས་གསུང་བཞིན་དུ།། སྒྲོ་སྐུར་སྤངས་ཏེ་འཇམ་དཔལ་གྲགས་པས་སྨྲས།། ད་དུང་བདག་ལ་ལེགས་བཤད་ཡོད་མོད་ཀྱང༌།། ཡི་གེ་མང་བས་འཇིགས་ཏེ་འདིར་མ་བྲིས།། རྒྱས་པར་མདོ་རྒྱུད་རྒྱལ་ཁམས་ཡངས་པར་གཟིགས།། དྲི་མེད་བསྟན་བཅོས་མན་ངག་ཀླུང་ལྟར་ཉུལ།། ཁྱད་པར་སྙིང་པོའི་མདོ་བཅུ་ལ་སོགས་དང༌།། རྒྱུད་བླ་རྩ་འགྲེལ་དབུ་མ་བསྟཽད་ཚོགས་གཟིགས།། ཆོས་གྲགས་རིགས་པའི་དེ་ཉིད་མ་མཐོང་ཞིང༌།། རབ་འབྱམས་བཀའ་ཡི་རྒྱལ་ཁམས་མ་མཐོང་བར།། གྲུབ་མཐའ་བདེན་རྫུན་གཤགས་རལ་བྱེད་པ་དེའང༌།། འཇིགས་རུང་ངན་འགྲོའི་གཡང་སར་ཤོར་ཉེན་གདའ།། ཀུན་སྤྱོད་འཁྲུལ་པ་ཅུང་ཟད་མི་མངའ་ཞིང༌།། ཚངས་དབྱངས་སྒྲོགས་ལ་ཅ་ཅོ་མི་མངའ་བ།། ཇི་ལྟ་ཇི་སྙེད་ཆོས་ཀུན་ཐུགས་ཆུད་པའི།། གནས་ལྔ་རིགས་པའི་མ་ཏི་པཎ་ཆེན་རྒྱལ།། འདི་ནི་ཆོས་རྒྱལ་ས་བཟང་པཎ་ཆེན་དང༌།། གནས་ལྔ་རིགས་པའི་དཔལ་ལྡན་འཇིགས་མེད་དང༌།། འགྲོ་མགོན་ཀུན་མཁྱེན་བྱང་ཆུབ་སེང་གེ་དང༌།། མཁས་གྲུབ་ལྷ་དབང་བློ་ལ་སོགས་པ་ཡི།། ཡོངས་འཛིན་རྣམས་ཀྱི་ལེགས་བཤད་གང་ཡིན་རྣམས།། བསྟན་དང་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྲིགས།། དོན་གྱི་ལེགས་ཆ་བླ་མ་རྣམས་ཀྱི་མཐུ།། ཚིག་གི་སྒྲིག་ཉེས་བདག་བློ་རྨོངས་པའི་སྐྱོན།། འགལ་དང་མ་འབྲེལ་ཟློས་པ་ཅི་མཆིས་པ།། མཁས་པའི་མཁས་པ་རྣམས་ལ་བཟོད་པར་གསོལ།། ལེགས་པར་བཤད་པའི་དགེ་བ་གང་ཡིན་དེས།། ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས།། གནས་སྐབས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན།། ཆོས་སྤོངས་ལས་ཀྱི་བསྒྲིབ་པ་མི་གསོག་ཅིང༌།། བསོད་ནམས་ཡེ་ཤེས་བརྩོན་པས་རབ་བསྒྲུབ་སྟེ།། མཐར་ཐུག་ཆོས་སྐུ་རྟག་བརྟན་མངོན་གྱུར་ཤོག། བཀའ་བསྡུ་ལྔ་པ་འདི་ནི། ཟབ་ཅིང་ཡངས་པའི་བློ་གྲོས་ཀྱི་ཤེས་བྱའི་གནས་མ་ལུས་པར་མཁྱེན་པས་མཁས་པའི་ཕུལ་དུ་ཕྱིན་ཞིང༌། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ་འཁྲུལ་པ་ཅུང་ཟད་ཀྱང་མི་མངའ་ལ། ཚོགས་གཉིས་ཀྱི་དཔལ་ཀྱིས་བརྗིད་ཅིང༌། བདག་ལྟའི་དྲི་མ་མ་ལུས་པར་སྤངས་པས་བཙུན་པའི་ཡང་མཆོག་དུ་གྱུར་ནས། ངུར་སྨྲིག་གི་རྒྱལ་མཚན་འཆང་བ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ། བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ཐུགས་ལ་བཁྲུངས་པའི་བཟང་པོ་ཞེས་བྱ་བའི་གྲངས་སུ་བགྲངས་པ། གནས་ལྔ་རིགས་པ་ས་བཟང་པནྚི་ཏ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་པོས་བླངས་ཤིང༌། གཞན་ཡང་འདྲེན་པ་དམ་པ་རྣམས་ཀྱི་གསུང་གི་བདུད་རྩིས་བློ་གྲོས་ཀྱི་ལུས་རབ་ཏུ་རྒྱས་ཤིང༌། འཆད་རྩོད་རྩོམ་པའི་ཚུལ་བློའི་སྣང་བ་ཅུང་ཟད་ཐོབ་ལ། ཐོས་བསམ་སྒོམ་པའི་སྒོ་ནས་ངེས་པའི་དོན་ལ་ངེས་པ་ཐོབ་པའི་བཙུན་པ་འཇམ་དཔལ་གྲགས་པ་ཞེས་བྱ་བས། དཔལ་ས་བཟང་གི་བཙུག་ལག་ཁང་དུ་འཕགས་པའི་གནས་བརྟན་ཆེན་པོའི་སྤྲུལ་བ། ས་བཟང་བ་རིན་པོ་ཆེ་ཤེས་རབ་དཔལ་ཀྱི་མཚན་ཅན་གྱིས་བདག་རྐྱེན་མཛད་དེ། དབྱུག་གུའི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ངག་དབང་གྲགས་པའོ།། བསྟན་བཅོས་འདི་ལུས་ཅན་ཐམས་ཅད་ཀྱིས་སངས་རྒྱས་མ་ཐོབ་ཀྱི་བར་དུ། ས་སྟེང་འདིར་གནས་ནས་བསྟན་པ་དང་སེམས་ཅན་མཐའ་ཡས་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང༌།། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང༌།། སྤྱན་རས་གཟིགས་དབང་ཐུགས་རྗེའི་བྱིན་རླབས་ཀྱིས།། སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག། དབང་རྣོན་རྣམས་ལ་ཚིགས་བཅད་ཁོ་ནས་གྲོལ།། ངེས་པ་འཐོབ་པར་བཞེད་ན་ཐམས་ཅད་གཟིགས།། འདི་ནི་སྤྱི་བབས་ཆོས་ཀྱི་རྣམ་བཞག་ཡིན།། ཐུན་མོང་མིན་པའི་རྣམ་བཞག་ཟུར་ནའང་ཡོད།། མངྒ་ལཾ་བྷ་ཝན་ཏུ། ཞུ་དག རྣམ་གྲོལ་འདོད་འཇོ་དཔེ་རྙིང་ཁང་ནས་རྩིས་འཁོར་དུ་བཅུག་ཤིང་། བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༡༡ ཚེས་ ༢༡ ཉིན། རིག་པའི་རྡོ་རྗེས་དཀར་ཆག་གསར་དུ་བསྒྲིགས་ནས་འཕྲུལ་དེབ་ཏུ་ཕབ་པོ།།