དཔལ་ལྡན་རྩ་བའི་རྒྱུད།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔལ་ལྡན་རྩ་བའི་རྒྱུད་ཀྱི་རྩ་བ།

ལེའུ་དང་པོ། རྒྱུ་གླེང་གཞི་བཤད་པ། རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཧྲི་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །

འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། །དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་པའི་གཞལ་ཡས་ཁང་ཡོད་དེ། །ཁང་པ་དེའི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་སྟེ། ནོར་བུ་རིན་པོ་ཆེ་དེས་ནི་རླུང་གི་ནད་དང༌། མཁྲིས་པའི་ནད་དང༌། བད་ཀན་གྱི་ནད་དང༌། ལྡན་པའི་ནད་དང༌། འདུས་པའི་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་སེལ་བར་བྱེད་པ་ཚ་བའི་ནད་ལ་བསིལ་དུ་གྱུར་པ། གྲང་བའི་ནད་ལ་དྲོད་དུ་གྱུར་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་བྱེད་པ་ཡོད་དོ། །གྲོང་ཁྱེར་དེའི་ལྷོ་ཕྱོགས་ན། རི་བོ་འབིགས་བྱེད་ཅེས་བྱ་བ་ཉི་མའི་སྟོབས་དང་ལྡན་པའི་རི་ལ། སེ་འབྲུ་དང༌། ན་ལེ་ཤམ་དང༌། པི་པི་ལིང་དང༌། ཙི་ཏྲ་ཀ་ལ་སོགས་པ་གྲང་བ་སེལ་བར་བྱེད་པའི་སྨན་རོ་ཚ་བ་དང༌། སྐྱུར་བ་དང༌། ལན་ཚྭ་བ་དང༌། ནུས་པ་ཚ་བ་དང༌། རྣོ་བའི་སྨན་གྱི་ནགས་ཚལ། རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ། ལྟ་ན་སྡུག་པ། ཡིད་དུ་འོང་བ། སྨན་གྱི་དྲིས་ཁྱབ་པ་རྣམས་སུ་གྲང་བའི་ནད་མི་འབྱུང་བ་ཡོད་དོ། །གྲོང་ཁྱེར་དེའི་བྱངཕྱོགས་ན། རི་བོ་གངས་ཅན་ཞེས་བྱ་བ་ཟླ་བའི་སྟོབས་དང་ལྡན་པའི་རི་ལ། ཙན་དན་དང༌། ག་བུར་དང༌། ཨ་ག་རུ་དང༌། ནིམ་པ་ལ་སོགས་པ་ཚ་བ་སེལ་བར་བྱེད་པའི་སྨན་རོ་ཁ་བ་དང༌། མངར་བ་དང༌། བསྐ་བ་དང༌། ནུས་པ་བསིལ་བ་དང་རྟུལ་བའི་སྨན་གྱི་ནགས་ཚལ། རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ། ལྟ་ན་སྡུག་པ། ཡིད་དུ་འོང་བ། སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ཚ་བའི་ནད་མི་འབྱུང་བ་ཡོད་དོ། །གྲོང་ཁྱེར་དེའི་ཤར་ཕྱོགས་ན། རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་རི་ལ་ཨ་རུ་རའི་ནགས་ཚལ། །རྩ་བས་རུས་པའི་ནད་སེལ་བ། སྡོང་པོས་ཤའི་ནད་སེལ་བ། ཤུན་པས་པགས་པའི་ནད་སེལ་བ། ལོ་མས་སྣོད་ཀྱི་ནད་སེལ་བ། མེ་ཏོག་གིས་དབང་པོའི་ནད་སེལ་བ། འབྲས་བུས་དོན་སྙིང་གི་ནད་སེལ་བ། རྩེ་མོ་ན་ཨ་རུ་ར་རྣམ་པ་ལྔ་སྨིན་པ། །རོ་དྲུག་དང་ལྡན་པ། །ནུས་པ་བརྒྱད་དང་ལྡན་པ། ཞུ་རྗེས་གསུམ་དང་ལྡན་པ། ཡོན་ཏན་བཅུ་བདུན་རྫོགས་པ། ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་སེལ་བ། དྲི་ཞིམ་པ། ལྟ་ན་སྡུག་པ། ཡིད་དུ་འོང་བ། སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ནད་བཞི་བརྒྱ་རྩ་བཞི་མི་འབྱུང་བ་ཡོད་དོ། །གྲོང་ཁྱེར་དེའི་ནུབ་ཕྱོགས་ན། རི་བོ་མ་ལ་ཡ་ཞེས་བྱ་བ་ལ་བཟང་པོ་དྲུག་གི་སྨན་འཁྲུངས་པ་སྟེ། ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང༌། བྲག་ཞུན་རིགས་ལྔ་དང༌། སྨན་ཆུ་རིགས་ལྔ་དང༌། ཆུ་ཚན་རིགས་ལྔ་དང་ལྡན་པའི་རི་བོ་ཡོད་དོ། །ས་ཕྱོགས་ཐམས་ཅད་ཀྱང་གུར་གུམ་གྱི་སྤང་རི་དང་སྤོས་ཀྱི་ངད་ལྡན་པ། བྲག་ཐམས་ཅད་ལ་རྡོའི་སྨན་དང་ཚ་སྣའི་རིགས་ཚང་བར་གནས་པ། སྨན་གྱི་ནགས་ཚལ་གྱི་རྩེ་ན། རྨ་བྱ་དང༌། ཤང་ཤང་དང༌། ནེ་ཙོ་ལ་སོགས་པ་བྱ་སྐད་སྙན་པར་སྒྲོག་པ། རྩ་བ་ན་གླང་པོ་ཆེ་དང་གླ་བ་ལ་སོགས་པ་སྨན་བཟང་པོ་ཡོད་པའི་སེམས་ཅན་ཚང་བར་གནས་པ། སྨན་གྱི་རིགས་སུ་གྱུར་པ་ལ་མ་འཁྲུངས་པའམ་མ་ཚང་བ་མེད་པའི་རྒྱན་གྱིས་སྤྲས་པའོ། །གཞལ་ཡས་ཁང་དེའི་དབུས་ན། ནོར་བུ་བཻཌཱུརྻའི་གདན་ལ་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརླ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །སྟོན་པ་དེ་ལ་འཁོར་ནི། ལྷ་དང༌། དྲང་སྲོང་དང༌། ཕྱི་པ་དང༌། ནང་པའི་འཁོར་བཞིས་ཡོངས་སུ་བསྐོར་བ་སྟེ། གང་ཞེ་ན་ལྷའི་འཁོར་ནི་འདི་ལྟ་སྟེ་ལྷའི་སྨན་པ་སྐྱེ་དགུའི་བདག་པོ་མྱུར་བ་དང༌། ལྷའི་སྨན་པ་ཐ་སྐར་དང༌། ལྷའི་དབང་པོ་རྒྱ་བྱིན༌དང༌། ལྷ་མོ་བདུད་རྩི་མ་ལ་སོགས་པ་ལྷའི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དྲང་སྲོང་གི་འཁོར་ནི་འདི་ལྟ་སྟེ། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། མེ་བཞིན་འཇུག་དང༌། མུ་འཁྱུད་འཛིན་དང་། འགྲོ་བ་སྐྱོང་གི་བུ་དང༌། གཤོལ་འགྲོ་སྐྱེ་དང༌། དཀའ་གཉིས་སྤྱོད་དང༌། ཐང་ལ་འབར་དང༌། ནབས་སོ་སྐྱེས་ལ་སོགས་པ་དྲང་སྲོང་གི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །ཕྱི་པའི་འཁོར་ནི་འདི་ལྟ་སྟེ། མུ་སྟེགས་ཀྱི་མེས་པོ་ཚང་པ་དང༌། མ་ཧཱ་དེ་བ་ཤྲཱི་རལ་པ་ཅན་དང༌། ཁྱབ་འཇུག་དང༌། གཞོན་ནུ་གདོང་དྲུག་ལ་སོགས་པ་མུ་སྟེགས་ཀྱི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །ནང་པའི་འཁོར་ནི་འདི་ལྟ་སྟེ། འཕགས་པ་འཇམ་དཔལ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། ཕྱག་ན་རྡོ་རྗེ་དང༌། ཀུན་དགའ་བོ་དང༌། འཚོ་བྱེད་གཞོན་ནུ་ལ་སོགས་པ་ནང་པའི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་སྟོན་པས་གསུངས་པའི་ཚིག་གཅིག་ལ་འཁོར་རྣམ་པ་བཞི་སོ་སོ་རང་རང་གིས་སྟོན་པའི་ལུགས་སུ་གོ་བར་ཟད་དོ། །འདི་ནི་རང་གི་ལུས་ངག་ཡིད་གསུམ་ཉེས་པ་མེད་པར་དྲང་པོ་བསྲངས་ནས་གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པ་དྲང་སྲོང་ཀྱི་ལུགས་ཞེས་བྱའོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླེང་བཞིའི་ལེའུ་སྟེ་དང་པོའོ།། །།

ལེའུ་གཉིས་པ། རྐྱེན་གླེང་སློང་བཤད་པ། ་དེའི་ཚེ་དེའི་དུས་ན་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་ལྷ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་དེས་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྙོམས་པར་བཞུགས་མ་ཐག་ཏུ་ཐུགས་ཀ་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉེས་པའི་སྐྱོན་བསལ། མ་རིག་པ་ལས་བྱུང་བ་དུག་གསུམ་གྱི་ནད་ཐམས་ཅད་ཞི་བར་བྱས་ནས་སླར་ཐུགས་ཀར་འདུས་པ་ལས། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཐུགས་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་ནས། །དྲང་སྲོང་གི་འཁོར་རྣམས་ལ་འདི་སྐད་ཅེས་མདུན་བསུའོ། །ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག མི་ན་བ་གནས་པར་འདོད་པ་དང༌། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་བྱའོ། །འགྲོ་བ་གང་ཞིག་ནད་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང༌། གཞན་གྱི་སྤྱི་བོས་བསྐུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་བསྩལ་པ་དང༌། །དེའི་ཚེ་དེའི་དུས་ན་སྟོན་པ་བཻཌཱུརྻ་འོད་ཀྱི་རྒྱལ་པོའི་ལྗགས་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ངག་གི་ཉེས་པའི་སྐྱོན་བསལ། ནད་དང་གདོན་ཐམས་ཅད་ཞི་བར་བྱས་ནས་སླར་ལྗགས་ལ་འདུས་པ་ལས་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ་སྟོན་པ་ལ་ཕྱག་དང་བསྐོར་བ་བྱས་ནས་སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་མདུན་དུ་འདུག་སྟེ། འཁོར་གྱི་དྲང་སྲོང་རྣམས་ཀྱི་དོན་དུ་ཞུ་བའི་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། དེ་ལྟར་བདག་གཞན་གྱི་གི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་པས་གསོ་བ་རིག་པའི་མན་ངག་ལ་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་ཞུས་པ་དང༌། ཐུགས་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་རྣམས་གསོ་བ་རིག་པའི་མན་ངག་གི་རྒྱུད་ལ་བསླབ་པར་བྱའོ། །ཡན་ལག་ལ་བསླབ་པར་བྱའོ། །གནས་ལ་བསླབ་པར་བྱའོ། །སྐབས་ལ་བསླབ་པར་བྱའོ། །མདོ་ལ་བསླབ་པར་བྱའོ། །ལེའུ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་དང༌། །ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་གསོལ་པ། ཀྱེ་སྟོན་པ་ལགས། གསོ་བ་རིག་པའི་མན་ངག་ལ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་པ་ལས། སྟོན་པས་བཀའ་སྩལ་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རྒྱུད་བཞི་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ་རྩ་བའི་རྒྱུད་དང་བཤད་པའི་རྒྱུད། མན་ངག་རྒྱུད་དང་ཕྱི་མའི་རྒྱུད།དེ་ལྟར་རྒྱུད་བཞི་རུ་ཤེས་པར་བྱའོ། །ཡན་ལག་བརྒྱད་ལ་བསླབ་པར་བྱ་སྟེ། གང་ཞེ་ན་འདི་ལྟ་སྟེ། ལུས་དང༌། བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང༌། རོ་ཙ་བ་ཡན་ལག་བརྒྱད་དུ་ཤེས་པར་བྱའོ། །གནས་བཅུ་གཅིག་ལ་བསླབ་པར་བྱ་སྟེ། གང་ཞེ་ན་འདི་ལྟ་སྟེ། །རྩ་བ་མདོ་ཡི་གནས་དང་གཅིག ། གྲུབ་པ་ལུས་ཀྱི་གནས་དང་གཉིས། །འཕེལ་འགྲིབ་ནད་ཀྱི་གནས་དང་གསུམ། །བྱ་བ་སྤྱོ་ལམ་གནས་དང་བཞི། །འཚོ་བ་ཟས་ཀྱི་གནས་དང་ལྔ། །སྦྱོར་བ་སྨན་གྱི་གནས་དང་དྲུག །ཆ་བྱད་དཔྱད་ཀྱི་གནས་དང་བདུན། །ཐ་མལ་ནད་མེད་གནས་དང་བརྒྱད། །ངོས་བཟུང་རྟགས་ཀྱི་གནས་དང་དགུ། །གསོ་བྱེད་ཐབས་ཀྱི་གནས་དང་བཅུ། །བྱ་བྱེད་སྨན་པའི་གནས་དང་ནི། །བཅུ་གཅིག་གནས་སུ་ཤེས་པར་བྱའོ། །སྐབས་བཅོ་ལྔ་ལ་བསླབ་པར་བྱ་སྟེ། གང་ཞེ་ན་འདི་ལྟ་སྟེ། དང་པོ་ཉེས་གསུམ་གསོ་བའི་སྐབས། །གཉིས་པ་ཁོང་ནད་གསོ་བའི་སྐབས། །གསུམ་པ་ཚད་པ་གསོ་བའི་སྐབས། །བཞི་པ་ལུས་སྟོད་གསོ་བའི་སྐབས། །ལྔ་པ་དོན་སྣོད་གསོ་བའི་སྐབས། །དྲུག་པ་གསང་གནས་གསོ་བའི་སྐབས། །བདུན་པ་ཐོར་ནད་གསོ་བའི་སྐབས། །བརྒྱད་པ་ལྷན་སྐྱེས་རྨ་གསོའི་སྐབས། །དགུ་པ་བྱིས་པ་གསོ་བའི་སྐབས། །བཅུ་པ་མོ་ནད་གསོ་བའི་སྐབས། །བཅུ་གཅིག་གདོན་ནད་གསོ་བའི་སྐབས། །བཅུ་གཉིས་མཚོན་རྨ་གསོ་བའི་སྐབས། །བཅུ་གསུམ་དུག་ནད་གསོ་བའི་སྐབས། །བཅུ་བཞི་རྒས་པ་གསོ་བའི་སྐབས། །བཅོ་ལྔ་རོ་ཙ་གསོ་བའི་སྐབས། །དེ་ལྟར་སྐབས་བཅོ་ལྔར་ཤེས་པར་བྱའོ། །མདོ་བཞི་ལ་བསླབ་པར་བྱ་སྟེ། གང་ཞེ་ན་འདི་ལྟ་སྟེ། བརྟག་པ་རྩ་ཆུའི་མདོ་དང་གཅིག །ཞི་བྱེད་སྨན་གྱི་མདོ་དང་གཉིས། །སྦྱོང་བྱེད་ལས་ཀྱི་མདོ་དང་གསུམ། །འཇམ་རྩུམ་དཔྱད་ཀྱི་མདོ་དང་བཞི། །དེ་ལྟར་མདོ་བཞི་རུ་ཤེས་པར་བྱའོ། །ལེའུ་བརྒྱ་དང་ལྔ་བཅུ་དྲུག་ལ་བསླབ་པར་བྱ་སྟེ། གང་ཞེ་ན་འདི་ལྟ་སྟེ། །གླེང་གཞི་གླེང་སློང་གཞི་དང་ངོས་འཛིན་དང༌། །གསོ་བའི་ཐབས་དང་རྩིས་ཀྱི་ལེའུ་དྲུག མདོ་གནས་རྩ་བའི་རྒྱུད་དུ་ཤེས་པར་བྱ། །བཤད་པའི་སྡོམས་དང་ཆགས་ཚུལ་འདྲ་དཔེ་དང༌། །གནས་ལུགས་མཚན་ཉིད་དབྱེ་བ་འཇིགས་ལྟས་དང༌། །ནད་ཀྱི་རྒྱུ་རྐྱེན་བཞུགས་ཚུལ་མཚན་ཉིད་དང༌། །དབྱེ་བ་རྒྱུན་དུས་གནས་སྐབས་སྤྱོད་པ་དང༌། །ཟས་ཚུལ་ཟས་བསྡམ་ཟས་ཚོད་རན་པར་བཟའ། །སྨན་གྱི་རོ་ནུས་སྦྱར་ཐབས་ཆ་བྱད་དང༌། །མི་ན་གནས་དང་ཉེས་པ་དངོས་སྟོན་དང༌། །ངན་གཡོ་སྐྱོན་བརྟག་སྤང་བླང་མུ་བཞིར་བརྟགགསོ་ཚུལ་སྤྱི་དང་ཁྱད་པར་གསོ་ཐབས་གཉིས། །གསོ་ཐབས་དངོས་དང་སྨན་པའི་ལེའུ་གཉིས། །དེ་ལྟར་བཤད་པའི་རྒྱུད་ལ་གནས་བཅུ་གཅིག །གཅིག་གསུམ་གསུམ་བཞི་བཞི་ལྔ་དྲུག་པ་གཅིག །ཞུས་དང་ཉེས་པ་རླུང་མཁྲིས་བད་ཀན་འདུས། །གཅོང་ནད་མ་ཞུ་སྐྲན་དང་སྐྱ་རྦབ་དང༌། །འོར་དང་དམུ་ཆུ་གཅོང་ཆེན་ཟད་བྱེད་དྲུག །ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས། །མ་སྨིན་རྒྱས་སྟོངས་གབ་རྙིངས་རྙོགས་པ་དང༌། །འགྲམས་འཁྲུགས་རིམས་དང་འབྲུམ་པ་རྒྱུ་གཟེར་དང༌། །གག་ལྷོག་ཆམ་པ་ལེའུ་བཅུ་དྲུག་གོ། །ལུས་སྟོད་མགོ་བོ་མིག་དང་རྣ་བ་དང༌། །ཁ་དང་སྣ་དང་ལྦ་བ་ལེའུ་དྲུག །དོན་སྣོད་སྙིང་དང་གློ་མཆིན་མཆེར་མཁལ་དང༌། །ཕོ་བ་རྒྱུ་མ་ལོང་དང་ལེའུ་བརྒྱད། །གསང་བའི་ནད་ལ་ཕོ་མོ་ཐ་དད་གཉིས། །ཐོར་ནད་སྐད་འགགས་ཡི་ག་འཆུས་པ་དང༌། །སྐོམ་དད་སྐྱེགས་བུ་དབུགས་མི་བདེ་བ་དང༌། །གླང་ཐབས་སྲིན་ནད་འཁྲུ་སྐྱུགས་དྲི་མ་འགགས། །གཅིན་འགགས་གཅིན་སྙི་ཚད་འཁྲུ་དྲེག་ནད་དང༌། །གྲུམ་བུ་ཆུ་སེར་རྩ་དཀར་པགས་པའི་ནད། །ཕྲན་བུའི་ནད་དང་ལེའུ་བཅུ་དགུའོ། །ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང༌། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང༌། །རྐང་འབམ་མཚན་དབལ་རྡོལ་དང་ལེའུ་བརྒྱད། །བྱིས་པ་ཉེར་སྤྱོད་ནད་དང་དེའི་གདོན་གསུམ། །མོ་ནད་སྤྱི་དང་བྱེ་བྲག་ཕལ་པ་གསུམ། །འབྱུང་པོ་སྨྱོ་བརྗེད་གཟའ་དང་ཀླུ་གདོན་ལྔ། །རྨ་ལ་རྨ་སྤྱི་མགོ་དང་སྐེ་ཡི་རྨ། །བྱང་ཁོག་ཡན་ལག་ལེའུ་ལྔ་རུ་བཤད། །དུག་ལ་སྦྱར་དུག་གྱུར་པ་དངོས་དང་གསུམ། །རྒས་པ་གསོ་བ་བཅུད་ཀྱི་ལེན་པ་དང༌། །རོ་ཙ་ཁུ་བ་གསོ་དང་བུ་མེད་བཙལ། །དེ་ལྟར་མན་ངག་རྒྱུད་ལ་བཅོ་ལྔའི་སྐབས། །གཅིག་གཅིག་གཉིས་གཉིས་གསུམ་གསུམ་བཞི་གཅིག་དང༌། ལྔ་དང༌དྲུག་དང༌བརྒྱད་གཉིས་བཅུ་དྲུག་གཅིག །བཅུ་དགུ་གཅིག་དང༌ཞུས་པ་དགུ་བཅུ་གཉིས། །རྩ་ཆུ་ཐང་ཕྱེ་རིལ་བུ་ལྡེ་གུ་དང༌། །སྨན་དམར་ཐལ་སྨན་ཁཎྜ་སྨན་ཆང་དང༌། །རིན་པོ་ཆེ་དང་སྔོ་སྦྱོར་སྣུམ་འཆོས་དང༌། །བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ། །རྩ་སྦྱོང་གཏར་བསྲེག་དུགས་ལུགས་བྱུགས་པ་དང༌། །ཐུར་དཔྱད་ཕྱི་མའི་རྒྱུད་ལ་མདོ་བཞི་སྟེ། གཉིས་བཅུ་བདུན་དྲུག་ལེའུ་ཉི་ཤུ་ལྔ། །དེ་ལྟར་རྩ་བའི་རྒྱུད་ལ་ལེའུ་དྲུག །བཤད་པའི་རྒྱུད་ལ་ལེའུ་སུམ་ཅུ་གཅིག །མན་ངག་རྒྱུད་ལ་ལེའུ་དགུ་བཅུ་གཉིས། །ཕྱི་མའི་རྒྱུད་ལ་ལེའུ་ཉི་ཤུ་ལྔ། །རྒྱུད་བཞི་སྡོམས་པས་བརྒྱ་དང་ལྔ་བཅུ་བཞི། །མཇུག་དོན་ཡོངས་སུ་གཏད་དང་ལྔ་བཅུ་དྲུག །དེ་དག་ཡན་ལག་བརྒྱད་དུ་འདུས་པ་སྟེ། །ལུས་ལ་བདུན་བཅུ་བྱིས་པ་མོ་ནད་དང༌། །དུག་གསུམ་གདོན་ལྔ་རྨ་ལྔ་བཅུད་ལེན་གཅིག །རོ་ཙ་ལ་གཉིས་རྒྱུད་གསུམ་སྤྱི་ཁྱབ་ཡིན། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླེང་སློང་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའོ།། །།

ལེའུ་གསུམ་པ། གནས་ལུགས་ནད་གཞིའི་དོན་བསྟན་པ། དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་ལས། །རྩ་བའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། ཐུགས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། དང་པོ་རྩ་རྒྱུད་མདོ་ཡི་གནས་བསྟན་པ་རྩ་བ་གསུམ་ལ་འདྲིལ་བའི་སྡོང་པོ་དགུ། གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ་ལོ་འདབ་ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན་གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན། །འདི་དག་རྩ་བའི་རྒྱུད་ཀྱི་སྡོམས་སུ་བཤད། །དེ་ཉིད་རྒྱས་པར་བཀྲོལ་ན་འདི་ལྟ་སྟེ། ནད་དང༌ལུས་ཟུངས་དྲི་མ་རྣམ་པ་གསུམ། །རྣམ་པ་མ་གྱུར་པ་དང་གྱུར་པ་ལས། །ལུས་ནི་གནས་དང་འཇོམས་པར་བྱེད་པ་ཡིན། །ནད་ནི་རླུང་དང༌མཁྲིས་པ་བད་ཀན་གསུམ། །སྲོག་འཛིན་གྱེན་རྒྱུ་ཁྱབ་བྱེད་མེ་ཐུར་སེལ། །༌འཇུ་བྱེད་མདངས་བསྒྱུར་སྒྲུབ་མཐོང་མདོག་གསལ་ལྔ། །༌རྟེན་མྱག་མྱོང་ཚིམ་འབྱོར་བྱེད་བཅོ་ལྔའོ། །དྭངས་མ་ཁྲག་ཤ་ཚིལ་རུས་རྐང༌ཁུ་བ། །ལུས་ཟུངས་བདུན་ཡིན་༌དྲི་མ་བཤང་གཅིན་རྔུལ། །དེ་ལྟར་རྣམ་གྲངས་ཉི་ཤུ་རྩ་ལྔ་པོ་རོ་དང་ནུས་པ་སྤྱོད་ལམ་རྣམ་གསུམ་གྱིས། ཐམས་ཅད་མཉམ་པར་གནས་པས་འཕེལ་འགྱུར་ཞིང༌། དེ་ལས་ལྡོག་པ་གནོད་པར་འགྱུར་བ་ཡིན། །ནད་ནི་སྐྱེད་པར་བྱེད་པའི་རྒྱུ་གསུམ་སྟེ། །དེ་ལ་ལྷན་ཅིག་སྐྱེད་པའི་རྐྱེན་བཞི་ཡིས། །འཇུག་སྒོ་རྣམ་པ་དྲུག་ཏུ་བཞུགས་ནས་ནི། །ལུས་ཀྱི་སྟོད་སྨད་བར་དུ་གནས་བཅས་ཤིང༌། །རྒྱུ་བར་བྱེད་པའི་ལམ་ནི་བཅོ་ལྔ་རུ་ན་སོ་ཡུལ་དུས་དགུ་རུ་འཕེལ་བྱེད་དེ། འབྲས་བུ་སྲོག་གཅོད་པ་ཡིས་ནད་དགུར་སྨིན། ལྡོག་པའི་རྒྱུ་ནི་བཅུ་དང་གཉིས་སུ་འགྱུར། །མདོ་དོན་དྲིལ་ བའི་ཚ་གྲང་གཉིས་སུ་འདུས། །དེ་ལྟར་དྲུག་བཅུ་རྩ་གསུམ་གསོ་བྱའི་ནད། །དེ་ལ་འདོད་ཆགས་ཞེ་སྡང༌གཏི་མུག་གསུམ། །རླུང་མཁྲིས་བད་ཀན་རིམ་པས་སྐྱེད་པའི་རྒྱུ། །དེ་ལ་དུས་གདོན་ཟས་དང་སྤྱོད་ལམ་བཞིས། །དེ་དག་འཕེལ་དང་ཟད་པར་གྱུར་ནས་ནི། །༌པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང༌། །རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང༌། །དོན་ལ་འབབ་ཅིང་སྣོད་དུ་ལྷུང་བར་འགྱུར། །༌བད་ཀན་ཀླད་པ་ལ་བརྟེན་སྟོད་ན་གནས། །མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ན་གནས། །རླུང་ནི་དཔྱི་རྐེད་ལ་བརྟེན་སྨད་ན་གནས། །རུས་པ་རྣ་བ་རེག་བྱ་སྙིང་སྲོག་ལོང་། ཁྲག་རྔུལ་མིག་དང༌མཆིན་མཁྲིས་རྒྱུ་མ་དང༌། དྭངས་མ་ཤ་ཚིལ་རྐང་ཁུ་བཤང་གཅི་དང༌། སྣ་ལྕེ་གློ་མཆེར་ཕོ་མཁལ་ལྒང་པ་རྣམས། །ལུས་ཟུངས་དྲི་མ་དབང་པོ་དོན་སྣོད་ལྔ། །རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་དུ་བཤད། །རྒས་པ་རླུང་མི་དར་མ་མཁྲིས་པའི་མི། །བྱིས་པ་བད་ཀན་མི་ཡིན་ན་སོས་གཉན། །ངད་ཅན་གྲང་བ་རླུང་གི་ཡུལ་ཡིན་ཏེ། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ། །རླན་ཅན་སྣུམ་པ་བད་ཀན་ཡུལ་དུ་བཤད། །རླུང་ནད་དབྱར་དུས་དགོང་དང་མཐོ་རངས་ལྡང་། །མཁྲིས་པ་སྟོན་དུས་ཉིན་གུང་མཚན་གུང་ལྡང༌། །བད་ཀན་དཔྱིད་དུས་སྲོད་དང་སྔ་དྲོ་ལྡང་། །༌འཚོ་བ་གསུམ་ཟད་འདུ་བ་གཤེད་དུ་བབས། །སྦྱོར་བ་མཚུངས་དང༌གནད་དུ་བབས་པ་དང༌། དུས་འདས་རླུང་ནད་སྲོག་རྟེན་ཆད་པ་དང༌། །ཚ་བ་ལ་འདས་གྲང་བ་གཏིང་འཁར་བ། །ཟུངས་ཀྱིས་མི་ཐུབ་རྣམ་པར་འཚེ་བ་རྣམས། །འབྲས་བུ་སྲོག་གཅོད་ནད་དགུ་ཞེས་སུ་བཤད། །༌རླུང་མཁྲིས་བད་ཀན་ཞི་དང་མ་ཞི་བ། །གཉིས་གཉིས་བཞི་རུ་ལྡོག་པའི་བཅུ་གཉིས་སོ། །༌རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ། །ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །སྲིན་དང་ཆུ་སེར་ཚ་གྲང་མཐུན་མོང་གནས། །༌དེ་ལྟར་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད་ཀྱིས། ནད་གཞིའི་རྣམ་པ་མ་ལུས་ཤེས་པར་འགྱུར། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གནས་ལུགས་ནད་གཞིའི་ལེའུ་སྟེ་གསུམ་པའོ། །།

ལེའུ་བཞི་པ། ངོས་འཛིན་རྟགས་ཀྱི་དོན་བསྟན་པ། དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ། །མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟགབརྟག་པ་འདི་ནི་མཐོང་བ་ཡུལ་རིག་ཡིན། །སོར་མོས་རེག་པ་བརྡ་སྦྱོར་འཕྲིན་པ་རྩ། །བརྟག་པ་འདི་ནི་དཔྱོད་པ་དོན་རིག་ཡིན། །ངག་གིས་དྲི་བ་སློང་རྐྱེན་ན་ལུགས༌ཟས། །བརྟག་པ་འདི་ནི་ཐོས་པ་སྒྲ་རིག་ཡིན། །༌རླུང་གི་ལྕེ་ནི་དམར་ཞིང་སྐམ་ལ་རྩུབ། །མཁྲིས་ལྕེ་བད་ཀན་སྐྱ་སེར་མཐུག་པོས་གཡོགས། །བད་ཀན་སྐྱ་གླེག་མདངས་མེད་འཇམ་ལ་རློན། །རླུང་གི་ཆུ་ནི་ཆུ་འདྲ་ལྦུ་བ་ཆེ། །མཁྲིས་ཆུ་དམར་སེར་རླངས་ཆེ་དྲི་མ་དུགས། །བད་ཀན་ཆུ་ནི་དཀར་ལ་དྲི་རླངས་ཆུང༌། །༌རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད། །མཁྲིས་པའི་རྩ་ནི་མགྱོགས་རྒྱས་གྲིམས་པར་འཕར། །བད་ཀན་རྩ་ནི་བྱིང་རྒུད་དལ་བའོ། །དྲི་བ་ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱི། །རྐྱེན་གྱིས་གཡལ་འདར་བྱ་རྨྱང་གྲང་ཤུམ་བྱེད། །དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་ན། །གཟེར་བ་ངེས་མེད་འཕོ་ཞིང་སྟོངས་སྐྱུགས་བྱེད། །དབང་པོ་མི་གསལ་ཤེས་པ་འཚུབ་པ་དང༌། །བཀྲིས་དུས་ན་ཞིང་སྣུམ་བཅུད་ཕན་པར་ངེས། །རྣོ་ཞིང་ཚ་བའི་ཟས་དང་སྤྱོད་ལམ་གྱིས། །ཁ་ཁ་མགོ་ན་ཤ་དྲོད་ཚ་བ་དང༌། །སྟོད་གཟེར་ཞུ་རྗེས་ན་ཞིང་བསིལ་བ་ཕན། །ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས། །དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ། །སྐྱུག་ཅིང་ཁ་མངལ་ཕོ་བ་འཚེང་སྟེ་སྒྲེགལུས་སེམས་ལྕི་ལ་ཕྱི་ནང་གཉིས་ཀ་གྲང༌། །ཟོས་རྗེས་མི་བདེ་ཟས་སྤྱོད་དྲོ་ན་འཕྲོད། །དེ་ལྟར་བརྟག་ཐབས་སུམ་ཅུ་རྩ་བརྒྱད་ཀྱིས། །ནད་ཀུན་འཁྲུལ་མེད་ངེས་པར་གཏན་ལ་འབེབས། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ངོས་འཛིན་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །། ལེའུ་ལྔ་པ། གསོ་བྱེད་ཐབས་ཀྱི་དོན་བསྟན་པ། དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན་ཏེ། །རྟ་བོང་འཕྱི་བ་ལོ་ཤ་ཆེན་དང༌། འབྲུ་མར་ལོ་མར་བུ་རམ་སྒོག་སྐྱ་བཙོང་། །འོ་མ་ལྕ་བ་ར་མཉེ་ཟན་ཆང་དང༌། །བུར་ཆང་རུས་ཆང་རླུང་ནད་ཅན་གྱི་ཟས། །༌བ་རའི་ཞོ་དར་མར་གསར་རི་དྭགས་ཤ། །ར་ཤ་སྐོམ་ཤ་གསར་པ་ཆག་ཚེ། །སྐྱབས་དང་ཁུར་ཚོད་ཆབ་ཚ་ཆུ་བསིལ་དང༌། བསྐོལ་གྲང་མཁྲིས་པའི་ནད་ཀྱི་ཟས་སུ་བཤད། །ལུག་དང་གཡག་རྒོད་གཅན་གཟན་ཉ་ཡི་ཤ། །སྦྲང་རྩི་སྐམ་སའི་འི་འབྲུ་རྙིང་ཟན་དྲོན་དང༌། །འབྲི་ཡི་ཞོ་དར་གར་ཆང་ཆུ་སྐོལ་ནི། །བད་ཀན་ནད་གཞི་ཅན་གྱིས་བསྟེན་པར་བྱ། །༌རླུང་ལ་དྲོད་སར་རང་ཡིད་འོང་གྲོགས་བསྟེན་ཞིང་། །༌མཁྲིས་པའི་ནད་ལ་བསིལ་སར་དལ་བར་བསྡད། །བད་ཀན་ནད་ལ་རྩོལ་བཅག་དྲོད་སར་བསྟེན། །༌རླུང་ལ་མངར་སྐྱུར་ལན་ཚྭ་སྣུམ་ལྕི་འཇམ། །མངར་ཁ་བསྐ་བསིལ་སླ་རྟུལ་མཁྲིས་པའི་སྨན། །ཚ་སྐྱུར་བསྐ་རྣོ་རྩུབ་ཡང་བད་ཀན་ནོ། །རོ་ནུས་དེ་ལ་སྦྱོར་བ་ཞི་སྦྱང་གཉིས། །ཞི་བྱེད་རླུང་ལ་ཁུ་སྨན་མར་གཉིས། །མཁྲིས་པའི་ནད་ལ་ཐང་དང་བཅུར་ནིས་བསྟེན། །བད་ཀན་ནད་ལ་རིལ་བུ་ཏྲེས་སམ་སྦྱར། །ཁུ་བ་རུས་ཁུ་བཅུད་བཞི་མགོ་ཁྲོལ་ཏེ། །སྨན་མར་ཛཱ་ཏི་སྒོག་སྐྱ་འབྲས་བུ་གསུམ་མ། །རྩ་བ་ལྔ་དང་སྨན་ཆེན་དག་ལ་སྦྱར། །མ་ནུ་སླེ་ཏྲེས་ཏིག་ཏ་འབྲས་བུའི་ཐང་། །ག་བུར་ཙན་དན་གུར་གུམ་ཅུ་གང་ཕྱེ། །བཙན་དུག་ཚ་སྣ་རྣམས་ཀྱི་རིལ་བུ་དང་། །ཏྲེས་སམ་སེ་འབྲུ་དྭ་ལིས་རྒོད་མ་ཁ། །ཚྭ་དང་ཅོང་ཞི་བསྲེགས་པའི་ཐལ་སྨན་ནོ། །སྦྱོང་བྱེད་རླུང་གི་ནད་ལ་འཇམ་རྩི་སྟེ། །མཁྲིས་པ་བཤལ་ལ་བད་ཀན་སྐྱུགས་ཀྱིས་སྦྱངས། །འཇམ་རྩི་སླེ་འཇམ་བཀྲུ་འཇམ་བཀྲུ་མ་སླེན། །བཤལ་སྤྱི་བཤལ་སྒོས་བཤལ་དྲག་དང་འཇམ། །སྐྱུགས་ལ་དྲག་སྐྱུགས་འཇམ་སྐྱུགས་གཉིས་སུ་སྦྱར། །༌དཔྱད་དུ་བསྐུ་མཉེ་ཧོར་གྱིས་མེ་བཙའ་དང་། །རྔུལ་དབྱུང་གཏར་ག་ཆུ་ཡི་འཕྲུལ་འཁོར་དང་། །དུགས་དང་མེ་བཙའ་རིམ་བཞིན་དཔྱད་ཀྱིས་བཅོས། །དེ་ལྟར་གསོ་ཐབས་དགུ་བཅུ་རྩ་བརྒྱད་པོ། །ཡེངས་མེད་གུས་པར་བརྩོན་པས་བསྟེན་བྱས་ན། །ནད་ཀྱི་འདམ་ལས་མྱུར་དུ་ཐར་བར་འགྱུར། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །།

ལེའུ་དྲུག་པ། དཔེ་དོན་རྣམ་གྲངས་རྣམ་པར་བཀོད་པ། དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གནས་ལུགས་ངོས་འཛིན་གསོ་བའི་རྩ་བ་ལ། །རྣམ་འགྱུར་མ་འགྱུར་བལྟ་རེག་དྲི་བ་དང༌། ཟས་སྤྱོད་སྨན་དཔྱད་སྡོང་པོ་དགུ་རུ་འདྲིལ། །ཡལ་ག་ལུས་ལ་ནད་ཟུངས་དྲི་མ་གསུམ། །ནད་ལ་རྒྱུ་རྐྱེན་འཇུག་སྒོ་གནས་དང་ལམ། །ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོ་དོན་དགུ་བལྟ་བ་ལྕེ་ཆུ་རེག་པ་རྩ་ལ་གསུམ། །དྲི་བ་སློང་རྐྱེན་ན་ལུགས་གོམས་པ་དང་གསུམ་ཟས་ལ་ཟས་སྐོམ་དྲུག་སྟེ་སྤྱོད་ལམ་གསུམ་སྨན་ལ་རོ་དང་ནུས་པ་གཉིས་གཉིས་དྲུག་སྦྱར་ཐབས་ཞི་བྱེད་དྲུག་དང་སྦྱོང་བྱེད་གསུམ། །དཔྱད་གསུམ་བཞི་བཅུ་རྩ་བདུན་གྱེས་པ་ཡིན། །༌རྒྱས་པའི་ལོ་འདབ་དང་པོ་ཉི་ཤུ་ལྔ། ནད་ཀྱི་ཟིན་ཏིག་དྲུག་ཅུ་རྩ་གསུམ་དང༌། །བལྟ་བ་དྲུག་དང༌རེག་པའི་རྩ་རྒྱུད་གསུམ། དྲི་བ་ཉེར་དགུ་རླུང་ཟས་བཅུ་བཞི་དང༌། །མཁྲིས་ཟས་བཅུ་གཉིས་བད་ཀན་ཟས་སྐོམ་དགུ། །སྤྱོད་ལམ་དྲུག་དང་སྨན་གྱི་རོ་ནུས་དགུ། །ཁུ་བ་གསུམ་དང་སྨན་མར་རྣམ་པ་ལྔ། །ཐང་ཕྱེ་བཞི་བཞི་རིལ་བུ་རྣམ་པ་གཉིས། །ཏྲེས་སམ་ལྔ་དང་མི་འདའི་བཅོས་ཐབས་དགུ། །དཔྱད་སྡེ་བདུན་ཏེ་ནད་གཞི་བརྒྱད་ཅུ་བརྒྱད། །སུམ་ཅུ་རྩ་བརྒྱད་ངོས་བཟུང་བརྟག་པ་སྟེ། །བཅོས་པའི་ཐབས་ལ་དགུ་བཅུ་རྩ་བརྒྱད་དོ། སྤྱིར་བསྡོམས་ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན། །མེ་ཏོག་ནད་མེད་ཚེ་རིང་གསལ་བ་ལ། །འབྲས་བུ་ཆོས་འཕགས་པའི་ནོར་བདེ་བ་གསུམ་དུ་སྨིན། །དཔེ་དང་སྦྱར་ཏེ་རྣམ་གྲངས་བཀོད་པ་ཡི། སྙིང་པོ་ལྟ་བུར་བསྡུས་པའི་རྩ་རྒྱུད་འདི། །ཤེས་རབ་བློ་ལྡན་འགའ་ཡི་སྤྱོད་ཡུལ་ལས་བློ་རྨོངས་སྐྱེ་བོ་རྣམས་ཀྱིས་རྟོགས་མི་འགྱུར། །སྤྲོས་དགའ་རྒྱ་ཆེན་གཞུང་དུ་བལྟ་བར་གྱིས། །ཞེས་གསུངས་ནས་དྲང་སྲོང་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་ཐུགས་ཀར་ཐིམ་པར་འགྱུར་ཏོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་དྲུག་པའོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ། །། སྨན་པ་ཀརྨ་བསྟན་འཛིན་༼ཨ་མཚེ།༽དང་སྨན་པ་དཀོན་མཆོག་བུ་ཆུང་གཉིས་ནས་རྩིས་འཕྲུལ་ནང་དུ་བཅུག་ཅིང་དག་པར་བྱས་སོ།།