༄༅།། གཉེན་སྟོན་རྟེན་འབྲེལ་གྱི་གཏམ་བཤད་རྟ་བབ་རིན་ཆེན་བཅུ་གསུམ།
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲྭ་བ།
ད་དེ་རིང་ཉི་ཤར་གྱི་རྩེ་མོ། ནམ་ལངས་ཀྱི་དང་པོ། བསོད་ནམས་ལས་ཀྱི་མགོ་མ་ལ། གནམ་ལ་གཡུ་འབྲུག་མ་གྲགས་ན། དབྱར་དགུན་གཉིས་ཀྱི་མཚམས་མི་ཕྱེ། ས་ལ་ལྗང་ཆུང་མ་འཁྲུངས་ན། སྟོན་དཔྱིད་གཉིས་ལ་འབྲུ་མི་སྨིན་ཟེར་བའི་དཔེ་ལྟར། དང་པོ་གཏམ་གྱིས་མགོ་བཙུགས་ན། ནམ་མཁའི་གཡུ་འབྲུག་བཞིན་དུ་གྲགས་ཆེ། བར་དུ་གཏམ་གྱིས་ཁོགས་ཕུབས་ན། རྒྱལ་མོའི་དར་ཐག་བཞིན་དུ་ཁོགས་འཇམ། གསུམ་པ་གཏམ་གྱིས་མཐའ་དཔྱད་ན། རྨ་བྱའི་སྒྲོ་ཐིག་བཞིན་དུ་འཁྱིལ་ཡག་ཟེར་བའི་དཔེ་ལྟར། ད་རྟ་བབ་རིན་ཆེན་བཅུ་གསུམ་གྱི་རྟེན་འབྲེལ། གཉེན་ལམ་གཏམ་གྱི་བཤད་པའི་འགྲོ་ལུགས་རེ་བཤད་ན། ང་མི་ངན་གཏམ་ལ་དགའ་བ་གཏམ་གྱི་བརྩོན་འགྲུས་ཆེ་བ། རྟ་ངན་རྒྱུག་ལ་དགའ་བ་རྒྱུག་འདོད་ངར་ཁ་ཆེ་བ་མ་ཡིན་སྟེ། མི་རེས་གཏམ་རེ་འགྲུབ། བྱ་རེས་སྐད་རེ་མ་གཏོང་ན། བྱ་བརྒྱའི་ཚང་གི་གནས་མི་རྙེད་ཟེར་བའི་དཔེ་ལྟར།
ད་ངས་བཤད་ན་གཏམ་གྱི་བརྗོད་པ་རྒྱ་ཆེ་བ། ཚིག་གི་ལོ་མ་གྲངས་མང་བ། དེ་ཡི་མེ་ཏོག་མདངས་བཀྲ་བ། དོན་གྱི་འབྲས་བུ་རོ་མངར་བ་ཙམ་བཤད་ན། སྔོན་རྒྱ་ཡུལ་གྱི་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་པའི་སྐབས་སུ། རྒྱ་ནག་འཕྲུལ་གྱི་རྒྱལ་བློན་རྣམས་ཀྱིས་གཙོར་བྱས། བོད་ཁྲི་སྐོར་བཅུ་གཉིས་ཀྱིས་བསུ་བཞུས་ནས་ཡུལ་ལྷ་གཉན་ཆེན་ཐང་ལྷའི་མདུན་ཕྱོགས། བཀྲ་ཤིས་འོ་མའི་ཐང་ལ། རྟ་བབ་བཞག་ནས། མཚར་བའི་གཏམ་བཤད་དང་སླར་སྡུད། རྟེན་འབྲེལ་དར་ལམ་དང་བསུ་ཆང་། རྟ་བབ་རིན་ཆེན་བཅུ་གསུམ་གྱི་འགྲོ་ལུགས་ལ་འོས་པ་དེ། ད་སྡེ་པ་ཚང་ལ་ཡོད་ཟེར་བས། གདོང་འདི་ཚང་ལ་བབས་འོས་ཡོད་པ་ཞིག་ཡིན་ན། ད་དང་པོ་ནག་པོ་རྒྱ་ཡི་འགྲོ་ལུགས། ཆུ་རྩིས་ཁྲ་མོ་རྩི་སྐབས། རྩིས་གདན་ལ་འབྱུང་བཞི་འདུས་པའི་གསེར་གྱི་རུ་སྦལ་གྱི་སྟེང་དུ། ཟང་དཀར་ཆུ་ཡིས་བཀང་བའི་ཐོག་ཏུ། སྐུ་ཡི་རྟེན་ལ་རྒྱལ་བ་ཤྰཀྱ་ཐུབ་པ་ལ་དཀར་པོ་དངུལ་གྱི་དབུ་བརྒྱན་དང་མཛོད་གོས་སེར་པོའི་ན་བཟའ་དང་བཅས་པ། གསུང་གི་རྟེན་ལ་ཤེར་ཕྱིན་བརྒྱད་སྟོང་དུམ་པ་ལ། ཤིང་ཨ་ཀ་རུ་ཡི་གླེགས་ཤིང་དང་། རྒྱ་ནག་སྟོད་སྐུད་དགུ་སྒྲིལ་གྱི་ཚགས་སྐུད། གོས་ཆེན་སང་ལང་དམར་པོའི་གདོང་ཁེབས་དང་བཅས་པ། ཐུགས་ཀྱི་རྟེན་ལ་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་ཆོས་འཁོར་དང་གདུགས་ཏོག་ལ་གསེར་དངུལ་གྱི་ཉི་ཟླས་བརྒྱན་པ་དང་བཅས་པའི་རྒྱུ་མཚན། དེ་མིན་དེ་དང་འདྲ་བ་ཙམ་གྱི་རྟེན་འབྲེལ་གྱི་ཚུལ་ལ། བུ་ཚ་དཔོན་འདྲ་བ་ལ་ཕུལ་རྒྱུ་རེ་ལོས་ཡོད། མ་ཚད་རྟ་བབ་རིན་ཆེན་བཅུ་གསུམ་གྱི་དང་པོ། རྟ་གཡས་ལ་བབ་ན། གསེར་ཁྲི་སེར་བོའི་ཐོག་ཏུ། གསེར་གྱི་གཞོང་པའི་ནང་དུ། གསེར་བྱ་མ་བུ་འཕུར་ཤེས་པ། འཕུར་མ་ཤེས་ན་འགྲོ་ཤེས་པ་ལྟ་བུ། རྒྱན་དེ་ལ་འཁོར་བའི་ནོར་བུ་བཅུ་གསུམ་ནི། སྟེང་ལྷ་ཡི་ནོར་བུ་དཔག་བསམ་ལྗོན་ཤིང་། འོག་ཀླུ་ཡི་ནོར་བུ་དགོས་འདོད་ཀུན་འབྱུང་། བར་མི་ཡི་ནོར་བུ། རྒྱ་གར་གྱི་ནོར་བུ་དབང་གི་རྒྱལ་པོ། རྒྱ་ནག་གི་ནོར་བུ་མེ་ཤེལ་དང་ཆུ་ཤེལ། བོད་ཀྱི་ནོར་བུ་གཡུ་དང་བྱུ་རུ། ཁྲ་བོ་གཟི་ལ་ཆུ་མིག་དགུ་པ། བྱུ་རུའི་རྒྱལ་མོ་ལག་ཡ། སྤོས་ཤེས་སེར་པོའི་སྐྲ་འཐེན། བ་སོ་དཀར་པོའི་ལག་གདུབ། ས་ལེ་སྤྲམ་གྱི་དོ་ཤལ། སེར་པོ་གསེར་གྱི་རྡོ་ཚད་ལ་ཤོག་ཆ་མ་ཉམས་པ། དཀར་པོ་དངུལ་གྱི་རྡོ་ཚད་ལ་ཁ་ར་མ་ཉམས་པ། བཀྲ་ཤིས་ལྷ་དར་དཀར་པོ་ལ་དྲི་མས་མ་གོས་པ། དེ་རྣམས་ཐམས་ཅད་དགོས་ཟེར་བའི་ལོ་རྒྱུས། གཏམ་གྱི་ལོ་རྒྱུས་དེ་འདྲ་ཡིན་ན་ཡིན་པའི་ལོ་རྒྱུས་དང་མིན་ན་མིན་པའི་སླར་སྡུད་རེ་ཞུས་ཤོག
རྟ་གཡོན་ལ་བབ་ན། དངུལ་ཁྲི་དཀར་པོར་སྟེང་དུ་དངུལ་གྱི་གཞོང་པའི་ནང་དུ། དངུལ་བྱ་མ་བུ་འཕུར་ཤེས་པ། འཕུར་མ་ཤེས་ན་འགྲོ་ཤེས་པ་ལྟ་བུ། རྒྱན་དེ་ལ་འཁོར་བའི་ནོར་བུ་བཅུ་གསུམ་ནི། གོས་ཆེན་ཨ་འགའ་མཆོག་ལྡན་གྱི་ཕྱི་གོས། འཇའ་ཆེན་ནོར་བུ་གཡས་འཁྱིལ་གྱི་བར་གོས། དྲི་མེད་དར་འཕྲུག་དཀར་པོའི་ནང་གོས། སྲིབ་མེད་ཡད་ཤམ་ནག་པོའི་ཤམ་བུ། གོས་ལྭ་རིང་དང་ལྭ་ཐུང་བཅོ་བརྒྱད། ཟ་འོག་མཆོག་བརྒྱད་སྤྲས་པང་ཁེབས། གོས་ཆེན་ཆུ་ལངས་དམར་པའི་སྐ་རགས། འབྲུག་རིས་ཁ་སྤྲོད་འཛོམས་པའི་དངུལ་གྱི་ཆབ་མ། སེར་པོ་གསེར་གྱི་མེ་ལོང་ལ་རྒྱ་བྱུར་དཀྲུག་མས་མཐའ་སྐོར། གཡུ་ཆུང་དྲུག་དཀར་གྱི་བར་གཙབ་དང་བཅས་པའི་མགོ་རྒྱན། བྱུ་རུ་དཀྲུག་མ་ཆ་དྲུག་གིས་རྒྱན་པའི་དབྱིབས་བུམ་པ་ཅན་གྱི་གསེར་རྣ། བཀྲ་ཤིས་རྟགས་བརྒྱད་པ་ཊས་འཛིན་པའི་པད་མ་དགུ་སྐོར་གྱི་གའུ་ལ་གའུ་ལུང་འཇའ་ཚོན་སྣ་ལྔ། སྐར་ཚོགས་དགུང་ལ་ཤར་འདྲའི་ཆུ་མིག་དགུ་པའི་གཟི་ཞག་མེ་ཏོག་སྤང་ལ་བཀྲ་འདྲའི་གཡུ་དང་བྱུ་རུའི་མགུལ་རྒྱན་ཉི་ཟླ་སྐར་གསུམ་འཛོམས་འདྲའི་དྲུག་དཀར་གཡུ་ཡི་ཁྲ་རྒྱན་དང་བཅས་པའི་གསེར་དངུལ་བཀྲ་མའི་སྐེ་སྒྲོག སྟོང་སྐུད་དམར་པོའི་ཚར་ལོ་དང་མུ་ཏིག་དཀར་པོའི་བཅུ་ཚར་གྱིས་བརྒྱན་པའི་བྱུ་རུ་དམར་པོའི་ཕྲེང་བ། དེ་ལ་སོགས་པ་དགོས་པའི་རྒྱུ་མཚན། རྒྱུ་མཚན་དེ་འདྲ་ཡིན་ན་ཡིན་པའི་སླར་སྡུད་དང་མིན་ན་མིན་པའི་སླར་སྡུད་རེ་ཞུས་ཤོག མ་ཚད་དེ་རིང་སྐབས་སུ་རྟ་བབ་འདིར། རྟ་བབ་རྟ་དང་མཉམ་ལེ། ཚན་གྲས་མི་དང་མཉམ་པའི་རྟ་བབ་རེ་དགོས་པའི་རྒྱུ་མཚན་གོ་ན་གོ་བའི་སླར་སྡུད། མ་གོ་ན་གོ་བའི་སླར་སྡུད་རེ་ཁུ་བྱུག་སྔོན་མོའི་གསུང་སྐད་བཞིན་དུ་ཞུས་ཤོག་དང་། ངེད་ཞང་པོ་རྣམས་ཀྱིས་གཏམ་ལན་སྦྲང་ཆར་སིལ་མ་བབ་པ་བཞིན་གནང་འོང་།
ད་རུང་དེས་མ་ཚད་པར་འདོ་བ་རྟ་ཡི་རྟ་གདང་གི་འགོ་ནས་འདོ་བ་ཨ་འཛི་མོག་རོ་ལ། གསེར་སྒ་ཉི་མ་རང་ཤར། སྒ་སྔ་རུ་ཨ་ཡིག་རང་བྱུང་། ཕྱི་རུ་གྱི་རང་བྱུང་། ཨ་ཉི་ཟླ་ཁ་སྤྲོད་ཅན་ལ། དངུལ་གྱི་ཡོབ་ཆེན་དང་ལྡན་པ། གསེར་སྲབ་པད་མ་སྟོང་ལྡན་ལ། ཁ་དར་ཉིན་མོ་བདེ་ལེགས་ཀྱི་སྲབ་མདའ་སོགས་དགོས་པའི་རྒྱུ་མཚན། སྨུག་ཆུང་དྲེལ་གྱི་དྲེལ་གདང་གི་འགོ་ནས་རྒྱ་དྲེལ་ཁྲ་བོ་ལྕག་གི་རྨིག་བཞི་ཅན་ལ་དུང་གི་མཐུར་ལ་སྟོང་སྐུད་དགུ་སྒྲིལ་གྱི་མཐུར་ཐིག་དང་ལྡན་པ། ཁྱུང་དཀར་མཛོ་ཡི་མཛོ་གདང་གི་མགོ་ལ་མཛོ་གཡང་ཀ་མ་དུང་རྭ་ཅན་ལ། གསེར་གྱི་སྣ་ལྕི་ལ་དཀར་པོ་དར་གྱི་སྣ་ཐིག་དང་བཅས་པ། ཟེས་དཀར་འབྲི་ཡི་འབྲི་གདང་གི་མགོ་ལ། ལྷ་འབྲི་ཟེ་དཀར་དུང་ཐོད་ཅན་ལ། དུང་གི་བཞོ་ཟོ་དང་སྟོང་སྐུད་དཀར་ནག་གི་བཞོ་ཐག་བཅས་པ། གཡང་མོ་ལུག་གི་ལུག་གདང་གི་མགོ་ལ། ལྷ་ལུག་མ་མོ་གཡུ་རྣ་ཅན་ལ་དམར་པོ་དར་གྱི་རྣ་རྒྱན་དང་བཅས་པ། དགོས་ཟེར་བའི་རྒྱུ་མཚན། དཀར་པོ་ཚྭ་ཡི་ཚྭ་རྩིག་གངས་རི་དང་མཉམ་པ། ནག་པོ་ཇ་ཡི་ཇ་རྩིག་རྫ་རི་དང་མཉམ་པ། སེར་པོ་མར་གྱི་མར་རྩིག་སྤང་རི་དང་མཉམ་པ། བོད་ནོམ་ཕྲུག་དང་ཐེར་མ་ལ་ཁ་ཚར་མ་ཉམས་པ་རྫ་ཁྲོབ་སྤུང་བ་ལྟ་བུ། བྱ་ནོམ་དར་དང་གོས་ཆེན་ལ་མཐའ་རྟགས་མ་ཉམས་པ་རི་ལ་མེ་ཏོག་སྤུངས་འདྲ། གཡུ་བྱུ་རུ་བཀྱག་པའི་རྒྱ་གྲངས། མུ་ཏིག་དང་མུ་མེན་འཇལ་བའི་བྲེ་གྲངས། མགོ་རྭ་ཅོ་ཅན་གྱི་མགོ་གྲངས། རྐང་རྨིག་བཞི་ཅན་གྱི་རྐང་གྲངས། འདྲ་དགོས་པའི་རྒྱུ་མཚན་ཡོད་པ། དེ་བས་མ་ཚད་པའི་རིན་ཆེན་གསེར་གྱི་བུམ་པ་ལ། ཁ་ལ་བཀྲ་ཤིས་རྟགས་བརྒྱད། མགུལ་ལ་ལྷ་གོས་མཐིང་མདོག ནང་ལ་འཆི་མེད་བདུད་རྩི། དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ། བཀྲ་ཤིས་གཡང་གི་མདའ་དར་ལ། ཚིག་གསུམ་རྒྱ་སྨུག་དྲང་མོ་ལ། ཐང་དཀར་རྒོད་པོའི་མདའ་སྒྲོ་འཛོམས་པ། སྣ་ལྔ་དར་གྱིས་བརྒྱན་པ། གསེར་གྱི་མེ་ལོང་གིས་སྤྲས་པ། ནོར་རྒྱུན་མ་ཡི་སྒྲུབ་རྟེན། དཔལ་འབྱོར་འདུ་བའི་རྫས་མཆོག་བྱིན་རླབས་གཡང་གི་རྟེན་དར་རྣམས་དགོས་པའི་རྒྱུ་མཚན་ཡོད་ལགས། ད་གདུང་ཚང་ལ་དེ་ཙམ་གྱི་བདག་རིག་དང་དབང་ཐང་མེད་ལེ་ཨེ་རེད། ད་རྟ་བབ་རིན་ཆེན་བཅུ་གསུམ་གྱི་འགྲོ་ལུགས། རྟེན་འབྲེལ་ཚང་ཞིང་འཛོམས་པའི་སྨོན་ལམ་རེ་དང་བསྟོད་པ་རེད། ཁྱོད་བུ་ཚ་འགྲོ་ལུགས་ཤེས་པའི་དཔོན་འདྲ་བ་རྣམས་ཀྱིས། ཚིག་གསུམ་ཡར་ཞུ་རེ་ཕུལ་ཤོག་དང་།
ད་དེ་རིང་རྟགས་དང་རྟེན་འབྲེལ་གཉིས་ཀྱིས་མགོ་བཙུགས། ཆོས་དམ་ཚིག་གཉིས་ཀྱིས་གཞུག་བསྐྱང་། གང་བྱས་ཐམས་ཐད་རྟེན་འབྲེལ་དང་སྨོན་ལམ། ད་མིན་པ་ཐམས་ཅད་ཡིན་པ་རེ་བཤད་ན། མི་མགྱོགས་གྲུམ་པའི་པགས་པ་དེ། མགྱོགས་པ་རྟ་ཡིས་སོག་རྒྱན་བྱེད། སྒོམ་ཆེན་བྱི་བའི་པགས་པ་དེ། སྡིག་ཆེན་བུ་ཡིས་ཉ་ཤུབས་བྱེད། སྡར་མ་ཝ་ཡི་པགས་པ་དེ། བཙན་པོ་དཔོན་གྱིས་དབུ་ཞྭ་བྱེད། ཞེ་སྡང་དོམ་གི་པགས་པ་དེ། སྒོམ་ཆེན་བླ་མའི་བཞུགས་གདན་བྱེད་ཟེར་བའི་དཔེ་ལྟར། ད་དེ་རིང་གདུང་དང་སྡེ་པ་ཁག་གཉིས། བར་གྱི་ཉེ་ལམ་ཁྲ་མོ་འདིར། ཉེ་མགོ་དེ་གངས་ལས་མཐོ། གངས་དཀར་པོ་ལ་གཡོ་འཆུགས་མེད་པ། ཉེ་རྐེད་དེ་མཚོ་ལས་ཡངས། གཡུ་མཚོ་སྔོན་མོ་ལ་བྲི་གང་མེད་པ། ཉེ་མཐའ་དེ་ཆུ་ལས་རིང་། གཙང་ཆུ་སྔོན་མོ་ལ་རྒྱུན་ཆད་མེད་པ་ལྟ་བུ། དགུང་ལ་སྐར་མ་བཟང་བས་མི་རབས་དགུང་ལས་མཐོ། ས་ལ་དུས་ཚོད་ཡག་པས། དཔལ་དང་འབྱོར་བས་ས་གཞི་ཁྱབ། བར་སྣང་ལ་གཟའ་སྐར་དར་བས། ཁ་རྗེ་དང་དབང་ཐང་དར། བཀྲ་ཤིས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་འདི་ཚོ། ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་དང་སྨོན་ལམ། བཀྲ་ཤིས་དང་སྨོན་ལམ་བཟང་པོས་མཐའ་བརྒྱན་པ་ཡིན་པས། ནམ་མཁའ་བཀྲ་ཤིས་པ། དགུང་ཨ་སྔོན་ལ་དམར་རྒྱུ་མེད་པ་ལྟ་བུ། ས་གཞི་བཀྲ་ཤིས་པ། རི་རྒྱལ་ལྷུན་པོ་ལ་གཡོ་འགུལ་མེད་པ་ལྟ་བུ། བར་སྣང་བཀྲ་ཤིས་པ། ཉི་ཟླ་ལ་གསལ་སྒྲིབ་མེད་པ་ལྟ་བུ། ཚེ་མཐའ་བཀྲ་ཤིས་པ། ཚེ་རིང་རྣམ་དྲུག་ལྟ་བུ། བསོད་ནམས་བཀྲ་ཤིས་པ། རྒྱལ་པོ་བསོད་ནམས་སྟོབས་ལྟ་བུ། ཁ་རྒྱབ་བཀྲ་ཤིས་པ་ནམ་མཁའི་མཛོད་ལྟ་བུ། དབང་ཐང་བཀྲ་ཤིས་པ། སྲིད་པ་དབང་གི་རྒྱལ་པོའི་འཁོར་ལོ་ལྟ་བུ། རྟེན་འབྲེལ་བཀྲ་ཤིས་པ། རྒྱལ་སྲིད་སྣ་བདུན་ལྟ་བུ། ཚེ་བསོད་དཔལ་འབྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ་རྟེན་འབྲེལ་བསྒྲུབས་ཚད་ཐམས་ཅད་དངོས་སུ་འགྲུབ་པའི་སྨོན་ལམ་ལན་གྲངས་མང་དུ་བཏབ་པ་ཡིན་ལགས་སོ། །