ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བ།
འཕགས་པ་ཐོགས་མེད།
༄༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨ་ནུད་ཏ་ར་ཏན་ཏྲ་ཤཱསྟཱ། ཞེས་པ་འདི་བོད་སྐད་དུ་བསྒྱུར་ན་ཐེག་པ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བའི་རྒྱུད་འདི་ཉིད་གོང་ན་མེད་པས་བླ་མ་འདི་སྟོན་པར་བྱེད་པའི་བསྟན་བཅོས་ཕྱག་གི་ཡུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །
བསྟན་བཅོས་འདིས་དོན་གང་སྟོན་ཞེ་ན་དོན་བདུན་པོ་འདི་ལྟ་སྟེ་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང་ཚོགས་དགེ་འདུན་དཀོན་མཆོག་དང་ཁམས་དྲི་བཅས་དེ་བཞིན་ཉིད་དང༌།བྱང་ཆུབ་དྲི་བྲལ་དེ་བཞིན་ཉིད་དང༌། བྱང་ཆུབ་དེའི་ཡོན་ཏན་སྟོབས་སོགས་དང་སངས་རྒྱས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི། འཕྲིན་ལས་ནི་དོན་བདུན་གྱི་ཐ་མ་སྟེ། དོན་བདུན་པོ་འདི་སྟོན་པའི། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན། དོན་རྡོ་རྗེ་ལྟ་བུ་བདུན་པོ་འདི་ཡི་ནི་རྟོགས་པའི། གནས་རྗོད་བྱེད་ཚིག་གི་ཚན་པ་བདུན་པོ་འདི་དག་གོ །
བསྟན་བཅོས་ཀྱི་ཚིག་འདི་རྣམས་ནི། རྟོགས་པར་བྱ་བའི་དོན་རྡོ་རྗེ་ལྟ་བུའི་གནས་ཏེ། རྟོགས་པའི། གཞི་ཡིན་པའི་ཕྱིར་རྡོ་རྗེའི་གནས་སོ། །
དོན་དང་ཡེ་གེ་གཉིས་ཡོད་པ། དེ་ལ་དོན་བདུན་པོ་འདི་ལ་རྡོ་རྗེ་ཟེར་བའི་རྒྱུ་མཚན། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པ་སྤྲོས་བཅས་ཀྱི་ས། མཐའ་གཅིག་ཏུ་ཕིགས་པར་དཀའ་བའི་ཕྱིར་ན། མཐའ་ཅིག་ཏུ། བརྗོད་དུ་མེད་པའི་རང་བཞིན་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བའི་དོན་ནི་རྡོ་རྗེ་ལྟ་བུར་རིག་པར་བྱའོ། །
དོན་བདུན་པོ་དེ་རང་གི་རྒྱུད་ལ་ཐོབ་པ་དང་རྗེས་སུ་འཐུན་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ན། དོན་དེ་རྗོད་པའི་ཡི་གེ་གང་པ་ཡིན་དེ་དག་ནི་དོན་དེ་རྟོགས་པའི་གནས་ཞེས་བརྗོད་དེ། ཐོས་བསམ་གྱིས་དོན་རྟོགས་པ་དེའི་རྟེན་དུ་གྱུར་བའི་ཕྱིར་རོ། །དེ་ལྟར་བསྟན་བཅོས་འདི་ལྟ་བུ་ལ་མ་བརྟེན་པར་ཐོས་བསམ་གྱིས་ཕིགས་པར་དཀའ་བའི་དོན་དང༌། བསྟན་བཅོས་འདི་ལ་བརྟེན་ནས་རྟོགས་པའི། རྟེན་གྱི་དོན་གྱིས་ན་དོན་དང་ཡི་གེ་དག་རིམ་པ་ལྟར་དོན་རྡོ་རྗེ་ལྟ་བུ་དང་ཡི་གེ་རྟོགས་པའི། གནས་ཉིད་དུ་རྟོགས་པར་བྱའོ། །དག་རྒྱུ་སེམས་ཅན་ཅིག་དྲི་མ་དང་བྲལ་བའི་ཚེ་དག་འབྲས་དཀོན་མཆོག་གསུམ་འབྱུང་བའི་ཕྱིར་དཀོན་མཆོག་གསུམ་ནི་གང་ཟག་གཅིག་གི་སྐུ་གསུང་ཐུགས་ཡིན་ཞིང་དེ་དག་སྐུ་གསུམ་ཡིན་པའི་དོན་འཆད་པར་འགྱུར་ལ་ཐེག་ཆེན་གྱི་ས་དང་པོ་ནས་དབང་པོ་རེ་རེས་ཀྱང་ལུས་བརྒྱ་རེ་སྟོན་པ་དགེ་འདུན་དཀོན་མཆོག་དོན་དུ་ཤེས་པར་བྱའོ། །
ཚིག་དོན་གཉིས་ཡོད་པ། དེ་ལ་བརྗོད་བྱའི་དོན་ནི་གང་རྗོད་བྱེད་ཀྱི་ཡི་གེ་ནི་གང་ཞེ་ན། ཐོས་བསམ་སྒོམ་གསུམ་གྱིས་རྟོགས་པར་བྱ་བའི་དོན་རྣམ་པ་བདུན་པོ་ནི་དོན་ཅེས་བརྗོད་ཏེ། དོན་བདུན་པོ་རིམ་པ་ལྟར་དག་འབྲས་གསུམ་དག་རྒྱུ་ཅིག་དག་པར་བྱེད་པའི་སྐྱེན་གསུམ་གྱི་དོན། འདི་ལྟ་སྟེ། སངས་རྒྱས་ཀྱི་དོན་ཐུགས་དང་ཆོས་ཀྱི་དོན་གསུང་དང༌། དགེ་འདུན་གྱི་དོན་སྐུ་དང༌། བདེ་གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་ནི། ཁམས་ཀྱི་དོན་དང༌། དེ་གློ་བུར་གྱི་དྲི་མ་དང་བྲལ་བ། བྱང་ཆུབ་ཀྱི་དོན་དང༌། བྱང་ཆུབ་དེའི་ཡོན་ཏན་གྱི་དོན་དང༌། དེའི་མཛད་པ། འཕྲིན་ལས་ཀྱི་དོན་ཏེ། བསྟན་མ་ཐག་པ་བདུན་པོ། འདི་ནི་དོན་ཅེས་བྱའོ། །
དེ་སྟོན་བྱེད་ཀྱི་བསྟན་བཅོས་ཀྱི། ཡི་གེ་གང་དག་གིས་རྟོགས་པའི་དོན་རྣམ་པ་བདུན་པོ་འདི་དག་མདོར་བསྟན་གྱི་ངོ་བོ་ཙམ་སྟོན་པར་བྱེད། རྒྱས་བཤད་ཀྱིས་ཐམས་ཅད་ཤེས་པ་གསུམ་ལ། གསལ་བར་བྱེད་པ་ནི་ཡི་གེ་ཞེས་བྱའོ། །རྡོ་རྗེའི་གནས་བསྟན་པ་དེ་ཡང་ནི་ཤིན་ཏུ་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། མདོ་ལས། ཀུན་དགའ་བོ་དོན་དམ་གྱི་དེ་བཞིན་གཤེགས་པ་ཐུགས་ཆོས་ཀྱི་སྐུ་ནི་ཀུན་རྫོབ་ཀྱི་བློ་ལ་མངོན་སུམ་དུ། བསྟན་དུ་མེད་པ་སྟེ། དེ་ནི་ཀུན་རྫོབ་ཀྱི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་གསུང་ལོངས་སྤྱོད་རྫོགས་པའི་སྐུ། ནི་ཀུན་རྫོབ་ཀྱི་ཚིག་གིས་མཐའ་གཅིག་ཏུ། བརྗོད་པའི་དོན། དུ་གྲུབ་པ། མེད་པ་སྟེ་དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་སྐུ་སྤྲུལ་པའི་སྐུ། ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་རྡོ་རྗེའི་གནས་གསུམ་པོ་འདི་ནི་ལྷག་པའི་བསམ་པ་བརྟན་པའི་ལེའུ་ཡི་རྗེས་སུ་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས།འབྲངས་ཏེ་རིག་པར་བྱའོ། ། ཡང་མདོ་གཞན་ལས། ཤ་རིའི་བུ་དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོ་སངས་རྒྱས་ཐོག་མ་རང་ནས་དྲི་མའི་གསེབ་ན་ཡོད་པ་ནི་ཡིད་ཆེས་པར་དཀའ་བའི་ཕྱིར་ཇི་ལྟར་ཡོད་པའི་དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། ཤ་རིའི་བུ་དོན་འདི་ནི་རེ་ཤིག་དེ་བཞིན་གཤེགས་བའི་བཀའ། ཐེག་ཆེན་ལ་དད་པ་མ་རྟོགས་པའི་ཉན་ཐོས་དང༌། རང་སངས་རྒྱས་འཕགས་པ་ཐམས་ཅད་ཀྱིས་ཀྱང་རང་གི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་གཙང་བདག་བདེ་དང་རྟག་པའི་དོན། ཡང་དག་པར་ཤེས་པའམ། བལྟ་བའམ། བརྟག་པར་མི་ནུས་ན་བྱིས་པ་སོ་སོའི་སྐྱེ་བོ་དག་གི་ཤེས་རབ་ཀྱིས་ལྟ་ཅི་སྨོས་ཏེ། དེས་ན་ཤེས་རབ་ཀྱིས་མ་ཕིགས་པས་རང་གི་བློར་མ་ཤོང་བས་སྙིང་པོ་ཡང་དག་གི་ཆོས་འདི་དག་སྤངས་ན་ཅིར་འགྱུར་ཤིན་ཏུ་བརྟག་དགོས་སོ། །དེ་ལ། དེ་བཞིན་གཤེགས་པས་བསྟན། པ་ལ་དེ་ཁོ་ན་ཉིད་དུ་ཡིད་ཆེས་ཤིང༌། དད་པས་ཀྱང་ཉན་རང་དང་སོ་སྐྱེས་རྟོགས་པ་ནི་མ་གཏོགས་སོ། ། ཡང་མདོ་གཞན་ལས། ཤ་རིའི་བུ་དོན་དམ་པ་ནི་ཐེག་ཆེན་ལ་མོས་ཤིང༌། དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་དྲི་བཅས་ཀྱི་གནས་སྐབས་ན། སེམས་ཅན་གྱི་ཁམས་རང་བཞིན་གྱི་རྣམ་པར་དག་པ་ཉིད་ཀྱི་ཚིག་བླ་དྭགས་སོ། ། ཤ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་ཡང་ཡིན་སེམས་ཅན་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་པ་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དགས་སོ། །ཤ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་གློ་བུར་གྱི་དྲི་མ་དང་བྲལ་བའི་གནས་སྐབས་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་རྡོ་རྗེའི་གནས་བཞི་པ་འདི་ནི་འགྲིབ་པ་མེད་པ་དང༌། འཕེལ་བ་མེད་པ་ཉིད་བསྟན་པའི་མདོའི། རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །
ཡང་དཔལ་འཕྲེང་གི་མདོ་ལས་དྲི་བྲལ་གྱི་བྱང་ཆུབ་བསྟན་པ་ནི། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པའི་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཤེས་བགྱི་བ་འདི་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། ། ཞེས་རྡོ་རྗེའི་གནས་ལྔ་བ་འདི་ནི་འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །
ཡང་མདོ་གཞན་ལས་སྟོབས་སོགས་ཀྱི་ཡོན་ཏན་བསྟན་པ་ནི། ཤ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། ཆུ་བོ། གང་གཱའི་ཀླུང་གི་བྱེ་མ་ཆུའི་རྡུལ་ཕྲ་རབ་ཀྱི་གྲངས། ལས་འདས་པའི་དེ་བཞིན་གཤེགས་པ་ཡང་ཡིན་ཡོན་ཏན་གྱི་ཆོས་ཀྱང་ཡིན་པས། དེ་བཞིན་གཤེགས་པའི་ཆོས་དག་དང་ནི་ངོ་བོ། རྣམ་པར་དབྱེར་མེད་པའི་ཆོས་དང་དབྱེར་མེད་དུ་ཆུ་དང་བརླན་བཞིན་དུ། ལྡན་པ། མ་བྲལ་བའི་ཡེ་ཤེས་ཀྱང་ཡིན་ཡོན་ཏན་ཡང་ཡིན་པས། ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། ། ཞེས་རྡོ་རྗེའི་གནས་དྲུག་པ་འདི་ནི་འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོས་རྗེས་སུ་འབྲང་ནས་རྟོགས་པར་བྱའོ། །
ཡང་མདོ་གཞན་ལས་འཕྲིན་ལས་བསྟན་པ་འདི། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཙམ་དུ། རྟོག་པར་མི་མཛད། ཆོས་རྣམས་སོ་སོ་རང་གིས་དཀར་པོ་དང་ལྡན་པ་ལ་སོགས་པའི། རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ལྟ་ན་ཡང་སངས་རྒྱས། དེའི་སྤྲོས་བྲལ་གྱི་བྱ་བ་དང་བྱེད་པ། འདི་ལྟ་བུའི་རང་བཞིན་གྱི་མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གོ། ཞེས་རྡོ་རྗེའི་གནས་བདུན་པ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོའི། རྗེས་སུ་འབྲང་ནས་རྟོགས་པར་བྱའོ། ། གོང་དུ་བསྟན་པ་དེ་ལྟར༌། བསྟན་བཅོས་འདིའི་དོན་ཐམས་ཅད། མདོར་བསྡུས་ནས་རྡོ་རྗེའི་གནས་བདུན་པོ་འདི་ནི་མདོར་བསྟན་པའི་སྒོ་ཚིག་དོན་བསྡུས་པའི་དོན་གྱིས་ན། རྡོ་རྗེ་གནས་བདུན་པོ་འདི་ནི་བསྟན་བཅོས་འདི་མཐའ་དག་གི་ལུས་སུ་རིག་པར་བྱའོ། ། བདུན་པོ། འདི་དག་རང་རང་སོ་སོའི་མཚན་ཉིད་བསྟན་པ་དང་དེ་དག་ཉིད་ཀྱི་གཅིག་གི་རྗེས་སུ་གཅིག་འབྲེལ་པའང༌། གོ་རིམ་ཇི་བཞིན་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། གླེང་གཞི་ལས་ནི། གནས་དང་པོ། གསུམ་རིག་པརབྱ་སྟེ། ལྷག་མ་བཞི་ནི་བློ་ལྡན་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱེ་བ་དང༌། རྒྱལ་བའི་ཆོས་ཀྱི་དབྱེ་བ་ལས། རྡོ་རྗེའི་གནས་བདུན་པོ་འདི་དག་ལས། རང་གི་མཚན་ཉིད་བསྟན་པ་དང་རྗེས་སུ་འབྲེལ་བ་ནི། གོ་རིམ་ཇི་ལྟ་བར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། གླེང་གཞིའི་ལེའུ་ལས་གནས་གསུམ་རིག་པར་བྱ་ལ། དེའི་འོག་ཏུ་ལྷག་མ་བཞི་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱེ་བ་ལས་སོ།།
མདོ་དེ་ལས་འདི་སྐད་དུ། བཅོམ་ལྡན་འདས་ཞེས་བོད་ནས་ས་བརྒྱད་པར་དོན་དམ་གྱི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་སངས་རྒྱས་དཀོན་མཆོག་དང་དེ་ནས་རིམ་གྱིས་ས་དགུ་པར། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། ཆོས་དཀོན་མཆོག་དང་དེ་ནས་ས་བཅུ་པར། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་དགེ་འདུན་དཀོན་མཆོག་དཀོན་མཆོག་གསུམ་རིམ་གྱིས་སྐྱེ་བ་འགྲུབ་པ། ཞེས་གསུངས་པ་སྟེ། དཀོན་མཆོག་གསུམ་སྟོན་པའི། རྩ་བའི་ཚིག་འདི་གསུམ་གྱིས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་རིམ་གྱིས་སྐྱེ་བ་འགྲུབ་པ་རྣམ་པར་བཞག་པར་རིག་པར་བྱ་ལ། ལྷག་མ་ཁམས་བྱང་ཆུབ་ཡོན་ཏན་ཕྲིན་ལས་སྟོན་པའི་ གནས་བཞི་ནི་དཀོན་མཆོག་གསུམ་འབྱུང་པ་དང་རྗེས་སུ་མཐུན་པའི་རྒྱུ་འགྲུབ་པ་བསྟན་པ་རིག་པར་བྱའོ། །
གོང་དུ་དཀོན་མཆོག་གསུམ་རིམ་གྱིས་འགྲུབ་པར་བསྟན་པ་དེ་ལ་རིམ་གྱིས་འགྲུབ་པ་རྒྱུ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པ་ན། གཤིས་ལ་གྲུབ་པའི་ ཆོས་ཐམས་ཅད་ལ་དབང་ཐོབ་པར་གྱུར་པ་དེའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་གཤེགས་པ་དེ་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ། མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །དེ་ནས་ས་དགུ་པར་ཆོས་དཀོན་མཆོག་འགྲུབ་པའི་རྒྱུ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པ་ན། བྱང་སེམས་དེ། བླ་ན་མེད་པའི་ཆོས་སྨྲ་བ་ཉིད་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱིས་བསམ་པའི་ཚུལ་ལེགས་པར་ཤེས་པ་དང༌། བྱང་སེམས་དེ་དབང་པོ་མཆོག་གི་ཕ་རོལ་ཏུ་ཕྱིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་འཚམས་སྦྱོར་བ་འཇོམས་པ་ལ་མཁས་པར་གྱུར་པ་དེའི་ཕྱིར། ས་བརྒྱད་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ས་དགུ་པ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་ཞེས་བྱའོ།། དེ་ནས་ས་བཅུ་པར་དགེ་འདུན་དཀོན་མཆོག་འགྲུབ་པ་རྒྱུུ་གང་གི་ཕྱིར་ས་བཅུ་པ་ལ་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་གྱུར་པ་དེའི་ཕྱིར། ས་དགུ་པར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དེ་ས་བཅུ་པར་སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་བྱའོ། །སློབ་མའི་ཚོགས་ཉན་རང་དང་སངས་རྒྱ་ཀྱི་བྱང་ཆུབ་ལ་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་དེ་ཡང་དེ་མ་ཐག་ཏུ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐེག་པ་ཆེན་པོའི་ཆོས་འདི་ལྟ་བུ་ལ་བློ་ཕྱོགས་གཅིག་ཏུ་འདུན་པའི་ཐབས་ཀྱི་བློ་མི་མཐུན་པ་མེད་ཅིང་བྱ་བ་བྱེད་པ་ཐམས་ཅད་ཅིག་སྟེ། ཞེས་བྱ་བ་ནས་བྱ་ཆུབ་སེམས་དཔའི་ཚོགས་གཞལ་དུ་མེད་པ་དང་ཐབས་གཅིག་གོ་ཞེས་བྱ་བའི་བར་གྱི་གཞུང་འདིས་བསྟན་ཏོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ཞེས་བྱ་བ་ནི། གོ་རིམ་ཇི་ལྟ་བར་ཉན་ཐོས་ཀྱི་བྱང་ཆུབ་དང༌། སངས་རྒྱ་ཀྱི་བྱང་ཆུབ་ལ་ཤིན་ཏུ་྄དུལ་བའི་ཕྱིར་ན་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ངོ༌། །དེ་ནས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བསྔགས་པ་བསྟན་པའི་རྗེས་ཐོགས་ལ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་དེར་འཚོགས་པའི་ཁྱུའི་ མཆོག་ཏུ་གྱུར་པ་ལ་བརྟེན་ནས། ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི། རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་གྱི་ཁྱམས་རྒྱ་ཆེན་པོ་གྲུབ་པ་དང༌། དེ་བཞིན་གཤེགས་པའི་འཁོར་དཔག་ཏུ་མེད་པ། འདུས་པ་དང་ཀུན་ཏུ་བཟང་པོའི། ལྷ་རྫས་ཀྱི་མཆོད་པ་སྣ་ཚོགས་སྒྲུབ་པ་དང༌། སངས་རྒྱས་ལ་བསྟོད་པའི་སྤྲིན་གྱི་ཆར་བབ་པས་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་པར་བྱའོ། །སངས་རྒྱས་དཀོན་མཆོག དེའི་རྗེས་ལ་ཆོས་ཀྱི་གདན་གྱི་བཀོད་པ་རྒྱ་ཆེན་པོ་ཡེ་ཤེས་ལས་གྲུབ་པ་དང༌། སངས་རྒྱས་ཀྱི་འོད་དང་ཆོས་ཀྱི་རྣམ་གྲངས་ཀྱི་མིང་དང་ཆོས་ཀྱི་ ཡོན་ཏན་བསྒྲགས་པས་ཆོས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་པར་བྱའོ། །
ཆོས་དཀོན་མཆོག་དེའི་རྗེས་ལ་ཕན་ཚུན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐུ་རྨད་དུ་བྱུང་པ་བསྟན་པ་དང༌། བྱང་སེམས་དང་ཏིང་ངེ་འཛིན་དེའི་ཡོན་ཏན་གྱི་བསྔགས་པ་སྣ་ཚོགས་བསྟན་པས་དགེ་འདུན་དཀོན་མཆོག་གི་ཡོན་ཏན་གྱི་རྣམ་པར་དབྱེ་བ་བསྟན་པར་རིག་པར་བྱའོ། །
དགེ་འདུན་དཀོན་མཆོག་དེའི་རྗེས་ལ་ཡང་སངས་རྒྱས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་སྲས་རྣམས་ཀྱི་ཐུ་བོ་ས་བཅུ་པ་མི་འཇིགས་པ་དང༌། སངས་རྒྱས་ཀྱི་མཐུས། སྤོབས་པ་མཆོག་ཉེ་བར་བསྒྲུབས་པ་ལ་བརྟེན་ནས། ཡང་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་དོན་དམ་པའི་བསྟོད་པ་བསྟན་པ་སངས་རྒྱས་དཀོན་མཆོག་དང༌། ཐེག་པ་ཆེན་པོའི་ཆོས་མཆོག་གི་གཏམ་གྱི་དངོས་པོ་ཉེ་བར་བཀོད་པ་ཆོས་དཀོན་མཆོག་དང༌། ཆོས་དེ་རྟོགས་པར་བྱེད་པས་འབྲས་བུའི་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པ་བསྟན་པས་དགེ་འདུན་དཀོན་མཆོག་སྟེ། གོ་རིམ་ཇི་ལྟ་བར། དཀོན་མཆོག་གསུམ་པོ་དེ་རྣམས་ཉིད་ཀྱི་བླ་ན་མེད་པའི་ཡོན་ཏནགྱི་རྣམ་པར་དབྱེ་བ་རྣམ་པར་བཞག་པ་གླེང་གཞིའི་ལེའུ་ཡི་མཐའ་ཉིད་དུ་བལྟ་བར་བྱའོ། །
དཀོན་མཆོག་གསུམ་བསྟན་པ། དེ་ནས་མདོའི་གླེང་གཞིའི་ལེའུ་ཡི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ཁམས་དེ་ཡོངས་སུ་དག་པར་བྱེད་པའི་ཡོན་ཏན་གྱི་ཆོས་ཡོངས་སུ་སྦྱོང་བ་བྱང་ཆུབ་སེམས་དཔའི་རྒྱན་བཞི་ལ་སོགས་པ་རྣམ་པ་དྲུག་བཅུ་བསྟན་པས་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཡོངས་སུ་དག་པར་བྱ་བ་གློ་བུར་གྱི་དྲི་མས་མ་དག བའི་དོན་རང་བཞིན་གྱི། ཡོན་ཏན་དང་ལྡན་ན། དྲི་བཅས་དེ་ཡོངས་སུ་དག་པར་བྱེད་པའི་ཐབས་ཀྱིས་སྐྱོན་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་རོ། །
སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་སུ་བཞུགས་ཀྱང་དྲི་མས་མ་དག་པར་སྣང་བའི། དོན་གྱི་དབང་འདི་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་ཡང་ས་ལེ་སྦྲམ་གྱི་དྲི་མ། ཡོངས་སུ་སྦྱོང་བའི་དཔེར་བརྗོད་པ་དང༌། མདོ་དེ་ཉིད་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་བསྟན་པའི་རྗེས་ཐོགས་ཉིད་དུ་མ་དག་པའི་ནོར་བུ་བཻཌཱུར་དཔེར་མཛད་དེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་ཆུར་ཁུ། སྦངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་སྦྱོང་པར་བྱེད་དོ། །
དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་པས་སྦྱོང་པར་བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ན་བཻཌཱུརའི་རིགས་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཐམས་ཅད་ལ། ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་གསུམ་སྦྱོང་བའི་བཀའ་འཁོར་ལོ་གསུམ་ལ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོར་འཁོར་བའི་ཆོས་ཐམས་ཅད། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། གང་ཟག་གི། བདག་མེད་པ་དང༌། ཉོན་མོངས་པས། མི་གཙང་བ་འཁོར་བ་ལ། ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་འཁོར་བ་ལ། སྐྱོ་བ་བསྐྱེད་པར་མཛད་དེ། སྐྱོ་བ་སྐྱེས་ནས། འཕགས་པའི་ཆོས་འདུལ་བ་སོ་ཐར་གྱི་སྡོམ་པ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོར་གཤིས་ལ་དངོས་པོ་ཐམས་ཅད། སྟོང་པ་ཉིད་དང་གཟུགས་སུ་རུང་བ་ལ་སོགས་པའི་མཚན་མ་མེད་པ་དང༌། འཁོར་བ་པ་གང་ལ་ཡང༌། སྨོན་པ་མེད་པའི་ཆོས་ཀྱི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་ཤིང་ས་བཅུ་ལ་རིམ་གྱིས་འཇུག་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་གསུམ་པ་དོན་དམ་པ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོར་སྲིད་ཞིར། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས། ཁམས་དང་དབང་པོའི། རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ཐེག་ཆེན་འབའ་ཞིག་ཏུ་ངེས་པ་ལ་འཛུད་པར་མཛད་དོ།། ཐེག་ཆེན་འབའ་ཞིག་ཏུ་ངེས་པ་ལ་ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྫོགས་པར་རྟོགས་ན་ནི། དེའི་གོང་ན་གཞན་མེད་པས་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །
རང་བཞིན་གྱིས་ཡོངས་སུ་དག་པའི་རིགས་དེ་བཞིན་གཤེགས་པའི་ཁམས་འདི་ཉིད་ཡོད་པ་ལ་དགོངས་ནས། ཇི་ལྟར་རྡོའི་ཕྱེ་མ་ལ། ས་ལེ་སྦྲམ་ནི་ཡོད་ཀྱང་སྒྲིབ་པས་མི་མཐོང་བ། སྒྲིབ་པ། ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། འཇིག་རྟེན་ལ་སངས་རྒྱས་གདོད་ནས་རང་ཆས་སུ་ཡོད་ཀྱང་སྒྲིབ་པས་མི་མཐོང་བ་ནི་སྒྲིབ་པ་ཡོངས་སུ་སྦྱངས་པས་དེ་བཞིན་གཤེགས་པ་མཐོང་བའོ། །ཞེས་གསུངས་སོ། །ཁམས་ཀྱི་དྲི་མ་སྦྱོང་དགོས་པ་དེ་ལ་སངས་རྒྱས་ཀྱི་ཁམས་ཡོངས་སུ་དག་པའི་ཡོན་ཏན་གྱི་ཆོས་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དོན་ཤིན་ཏུ་རྣམ་པར་ངེས་པ་དང༌། གཟུངས་ཏེ་སྤྱོད་པ་སྤྱོད་པ་ན་བཞི་པོ་འདིས་མཛེས་པའི་ཕྱིར།དང༌། བྱང་ཆུབ་སེམས་དཔའི་སྙིང་རྗེ་རྣམ་པ་བཅུ་དྲུག་ནི་ལྟ་བ་སྣ་ཚོགས་དང་ཕྱིན་ཅི་ལོག་བཞི་དང་ཡིད་འཛིན་པ་སྒྲིབ་པ་ལྔ་སྐྱེད་བྱེད་དྲུག་གི་ཡུལ་ལ་ཆགས་པ་དང་ང་རྒྱལ་བདུན་དང་འཕགས་པའི་ལམ་དང༌། བྱང་ཆུབ་སེམས་དཔའི་སྣང་བ་རྣམ་པ་ནི་དྲན་པ་དང༌། བློ་གྲོས་དང༌། རྟོགས་པ་དང༌། ཆོས་དང༌། ཤེས་པ་དང༌། བདེན་པ་དང༌། མངོན་པར་ཤེས་པ་དང༌། སྒྲུབ་པའི་སྣང་བ་སྟེ་དེ་བརྒྱད་དང་ལྡན་པས་ཆོས་ཀྱི་སྣང་བ་ཐོབ་ཅིང་གཏི་མུག་གི་མུན་པ་དང་བྲལ་བས་ཆོས་ཀྱི་སྒོ་ཤིན་ཏུ་གསལ་བའི་ཕྱིར་བརྒྱད་དང༌། བྱང་ཆུབ་སེམས་དཔའི་སྙིང་རྗེ་རྣམ་པ་བཅུ་དྲུག་ནི་ལྟ་བ་སྣ་ཚོགས་དང་ཕྱིན་ཅི་ལོག་བཞི་དང་ང་ཡིར་འཛིན་པ་དང་སྒྲིབ་པ་ལྔ་དང་སྐྱེ་མཆེད་དྲུག་གི་ཡུལ་ལ་ཆགས་པ་དང་ང་རྒྱལ་བདུན་དང་འཕགས་པའི་ལམ། ལས་ཉམས་པ་དང་རང་དབང་མེད་པ་དང་ཁོང་ཁྲོ་བ་དང་སྡིག་པའི་གྲོགས་ཀྱིས་ཟིན་པ་དང༌། སྲེད་པའི་ལས་དང་འཕགས་པའི་ཤེས་རབ་མེད་པ་དང་རྟེན་འབྲེལ་ཟབ་མོ་མ་རྟོགས་པ་དང་ལྟ་བའི་བག་ཆགས་མ་སྤངས་པ་དང་སྡུག་བསྔལ་གྱི་ཁུར་དང་མ་བྲལ་བ་དང་གཡོ་དང་ང་རྒྱལ་སྤྱོད་པ་དང་མཐོ་རིས་དང་ཐར་པ་ལས་ཉམས་པ་དག་ལ་དམིགས་ནས་དེ་དག་དང་བྲལ་བར་འདོད་པའི་རྣམ་པ་ཅན་དང༌། བྱང་ཆུབ་སེམས་དཔའི་ལས་རྣམ་པ་སུམ་ཅུ་རྩ་གཉིས་ནི་གཏི་མུག་གི་གཉིད་སད་པར་བྱེད་པ་དང༌། མོས་པ་དམན་པ་རྒྱ་ཆེན་པོ་ལ་སྦྱོར་བ་དང༌། ཆོས་མིན་འདོད་པ་ཆོས་ལ་སྦྱོར་བ་དང༌། འཚོ་བ་མ་དག་པ་དག་པ་ལ་འགོད་པ་དང༌། ལྟ་བ་ངན་པ་ཡང་དག་པའི་ལྟ་བ་ལ་འགོད་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འགོད་པ་དང༌།ལོག་པའི་ཆོས་ལ་གནས་པ་ཡང་དག་པའི་ཆོས་ལ་འགོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དང་ལྡན་པ་ཕར་ཕྱིན་དྲུག་ལ་སྦྱོར་བ་དང༌། ཐབས་མི་མཁས་པ་ཐབས་ལ་སྦྱོར་བ་དང༌། ཉོན་མོངས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང༌། དམིགས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང༌། མ་དུལ་བ་འདུལ་བ་ལ་སྦྱོར་བ་དང༌། བྱས་པ་མི་བཟོ་བ་བཟོ་བ་ལ་སྦྱོར་བ་དང༌། ཆུ་བོ་བཞིར་ལྷུང་བ་དེ་ལས་ཐར་བ་ལ་སྦྱོར་བ་དང༌། བཀའ་བློ་མི་བདེ་བ་བདེ་བ་ལ་སྦྱོར་བ་དང༌། ཞེན་པ་མང་བ་དེ་མེད་པ་ལ་སྦྱོར་བ་དང༌། འཕགས་པའི་ནོར་མེད་པ་ལ་ནོར་ལ་སྦྱོར་བ་དང༌། ནད་པ་ནད་མེད་པ་ལ་སྦྱོར་བ་དང༌། ཤེས་པའི་སྣང་བ་མེད་པ་སྣང་བ་ལ་སྦྱོར་བ་དང༌། ཁམས་གསུམ་མི་ཤེས་པ་ཤེས་པ་ལ་སྦྱོར་བ་དང༌། གཡོན་ཕྱོགས་ཀྱི་ལམ་ལ་ཞུགས་པ་གཡས་ཕྱོགས་ཀྱི་ལམ་ལ་སྦྱོར་བ་དང༌། ལུས་དང་སྲོག་ལ་ཆགས་པ་དེ་མ་ཆགས་པ་ལ་སྦྱོར་བ་དང༌། དཀོན་མཆོག་གི་རིགས་རྒྱུན་མི་གཅོད་པ་ལ་སྦྱོར་བ་དང༌། ཆོས་ལས་ཉམས་པ་ཆོས་འཛིན་པ་ལ་སྦྱོར་བ་དང༌། རྗེས་སུ་དྲན་པ་དྲུག་ལས་ཉམས་པ་དྲན་པ་དྲུག་ལ་སྦྱོར་བ་དང༌། ཉོན་མོངས་པས་སྒྲིབ་པ་དེ་མེད་པ་ལ་སྦྱོར་བ་དང༌། མི་དགེ་བའི་ཆོས་དང་ལྡན་པ་དགེ་བའི་ཆོས་ལ་སྦྱོར་བའོ། །དེ་ལྟར་ཡོངས་སུ་སྦྱོང་བའི་བློ་ལྡན་གྱི་ཆོས་དྲུག་བཅུས་རྒྱུ་ཁམས་ཀྱི་དྲི་མ་སྦྱངས་པ་འབྲས་བུ་དཀོན་མཆོག་གསུམ་སྒྲུབ་པ་རྣམས་སོ། །
དེ་བསྟན་པའི་རྗེས་ཐོགས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་ནི་རྩ་བ་མེད་པ་དང༌། གནས་མེད་པ་དང༌། ཞི་བ་དང༌། ཉེ་བར་ཞི་བ་དང༌། རང་བཞིན་གྱིས་འོད་གསལ་བ་དང༌། བླང་དོར་མེད་པ་དང༌། མཚན་མ་མེད་པ་དང༌། དམིགས་པ་མེད་པ་དང༌། དུས་གསུམ་མཉམ་པ་ཉིད་དང༌། ལུས་མེད་པ་དང༌། འདུས་མ་བྱས་པ་དང༌། དབྱེར་མེད་པ་དང༌། ལུས་དང་སེམས་ཀྱི་ཡུལ་མ་ཡིན་པ་དང༌། གཟུང་དུ་མེད་པ་དང༌། གཞི་མེད་པ་དང༌། སྟོང་པ་ཉིད་དང༌། ནམ་མཁའ་དང་མཉམ་པ་དང༌། ཇི་ལྟ་བ་བཞིན་གྱི་གནས་དང༌། རྣམ་པ་ལ་འཇུག་པ་དང༌། རྣམ་པ་མེད་པ་ལ་འཇུག་པ་དང༌། ཟག་པ་མེད་པ་དང༌། ཉེ་བར་ལེན་པ་མེད་པ་དང༌། དག་པ་དང་དྲི་མ་མེད་པ་དང༌། ཉོན་མོངས་པ་མེད་པ་སྟེ། དེ་དག་དུ་མངོན་པར་བྱང་ཆུབ་ནས་དེ་མ་ཐོབ་པ་ལ་ཐུགས་རྗེ་ཆེན་པོ་བཅུ་དྲུག་འཇུག་པ་བསྟན་པས་སངས་རྒྱས་ཀྱི་བྱང་ཆུབ་སུམ་ཅུ་རྩ་གཉིས་པོ་དེ་གསལ་བར་མཛད་དོ། །
དེ་བསྟན་པའི་རྗེས་ཐོགས་སུ་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས། སངས་རྒྱས་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་དེ་གསལ་བར་མཛད་དོ། །དེ་བསྟན་པའི་རྗེས་ལ་དེ་བཞིན་གཤེགས་པའི་མཛད་པ་འཕྲིན་ལས་བླ་ན་མེད་པ་བསྟན་པས་སངས་རྒྱས་ཀྱི་འཕྲིན་ལས་རྣམ་པ་སུམ་བཅུ་རྩ་གཉིས་གསལ་མཛད་དོ། །དེ་ལྟར་རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་བསྟན་པའི་སྒོ་ནས་རྒྱས་པར་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །གནས་བདུན་པོ་འདི་དག་གི་འབྲེལ་བ་གང་ཞེ་ན། སངས་རྒྱས་ལས་ཆོས་འབྱུང་ཆོས་ལས་འཕགས་པའི་ཚོགས། འབྱུང་ཚོགས་ལས་སྙིང་པོ་ཡེ་ཤེས་ཀྱི་ ཁམས་ཐོབ་པ་འབྱུང་དེའི་མཐར། ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་དང་དེའི་ཡོན་ཏན་སྟོབས་སོགས། དང་ཡོན་ཏན་དེ་ཉིད། སེམས་ཅན་ཀུན་གྱི་དོན་བྱེད་པ་འཕྲིན་ལས་ཀྱི་ཆོས་རྣམས་དང་ལྡན་པར་བསྟན་པའི་ཚུལ་གྱིས། བསྟན་བཅོས་ཀྱི་འབྲེལ་བ་བཤད་ཟིན་ཏོ། །
ད་ནི་ལུས་རྣམ་བཞག་མདོར་བསྟན་པའི་ཚིགས་སུ་བཅད་པ་རྣམས་ཀྱི་དོན་ཡན་ལག་གི་རྒྱས་པར་བརྗོད་པར་བྱ་སྟེ། སེམས་ཅན་གང་དག་དེ་བཞིན་གཤེགས་པས་འདུལ་བ་དེ་དག་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ། །ཆོས་ཉིད་ཀྱི་རྒྱུ་མཐུན་པའི་དང་བས་ཆོས་དང་དགེ་འདུན་ལ་ཡང་སྐྱབས་སུ་འགྲོའོ། ། དེས་ན་སངས་རྒྱས་དཀོན་མཆོག དེ་དང་པོ་ཉིད་ཡིན་པས་ན། འདིར་སངས་རྒྱས་དང་བདེ་གཤེགས་སྙིང་པོ་འདུས་མ་བྱས་ཀྱི་དོན་ནི་རྒྱུ་རྐྱེན་གྱིས་མ་བྱས་པ་ཡིན་གྱི་ནམ་མཁའ་ལྟ་བུ་ནི་མ་ཡིན་ནོ།། རྟག་པའི་དོན་ཡང་སྒྱུ་མ་བཞིན་དུ་ཡེ་ཤེས་ཀྱི་རོལ་བ་ཐམས་ཅད་རྟག་ཏུ་ཡོད་པ་ཡིན་གྱི་འདུས་མ་བྱས་ཀྱི་ནམ་མཁའ་ལྟར་ཅི་ཡང་མི་རུང་བར་རྟག་པ་ནི་མ་ཡིན་ནོ།། དེས་ན་སངས་རྒྱས་དཀོན་མཆོག་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཡོན་ཏན་ཐམས་ཅད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་དག གི་དབང་དུ་བྱས་ཏེ་ཚིགས་སུ་བཅད་པ། འདུས་མ་བྱས་པ་གང་ཞིང་ཐོག་མ་སྐྱེ་བའི་དངོས་པོ་དང༌། དབུས་གནས་པའི་དངོས་པོ་དང་མཐའ་འགག་པའི་དངོས་པོ། མེད་ལ་སྤྲོས་པ་ཐམས་ཅད་ཞི་ཞིང་སངས་རྒྱས་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་རྣམ་པར་རྟོགས་ཏེ་སངས་རྒྱས། གཞན་གྱི་རྐྱེན་གྱིས་རྟོགས་མིན་པར་སངས་རྒྱས་ནས་ནི་མ་རྟོགས་པ་རྣམས་ཀྱི་རྟོགས་ཕྱིར་འཇིགས་མེད་རྟག་པ་འཇིག་རྟེན་ལས་འདས་པའི་ལམ་སྟོན་པའི་ཕྱིར།མཁྱེན་པའི་ཡེ་ཤེས་དང་ཐུགས། བརྩེ་བའི་རལ་གྲི་མཆོག་དང༌། རྡོ་རྗེ་མཆོག་གཉིས་བསྣམ་ནས་མཁྱེན་བརྩེའི་རལ་གྲིས་ཕུང་པོ་ལྔས་བསྡུས་པའི་སྡུག་བསྔལ་མྱུ་གུ་ལྟ་བུ་གཅོད་མཛད་གཅིག འཇིག་ཚོགས་ལ་ཞེན་པ། སྣ་ཚོགས་སྔོན་དུ་འགྲོ་བ་ཅན་གྱི་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རེ་ལྟ་བ་དང་ཐེ་ཚོམ་ནགས་ཐིབས་པོས་བསྐོར་བའི་བརྩིགས་པ་དང་འདྲ་བ་མཐོང་བས་སྤང་བར་བྱ་བ་ནི་མཁྱེན་བརྩེ་རྡོ་རྗེ་དང་འདྲ་བས། འཇིག་མཛད་དེ་ལ་འདུད། འདིས་ཅི་བསྟན་ཞེ་ན། ཐོག་མ་དང་དབུས་དང་མཐའི་དངོས་པོ་མེད་པས། འདུས་མ་བྱས་ཤིང་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཞི་བའི་ཕྱིར་ལྷུན་གྱིས་གྲུབ་པ་དང༌། གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་སངས་རྒྱས་པའི་ཕྱིར་གཞན་གྱི་རྐྱེན་གྱིས་རྟོགས་མིན་པ་གསུམ་རང་དོན་ཕུན་སུམ་ཚོགས་པ་དང༌། མཁྱེན་པ་དང་བརྩེ་བ་དང་ནུས་པར་ལྡན། པ་དང་གསུམ་གཞན་དོན་ཕུན་སུམ་ཚོགས་པ་སྟེ་དེས་ན་དོན་གཉིས་ལྡན་པའི་སངས་རྒྱས་ཉིད། འདིས་ནི་མདོར་བསྡུས་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ། །
ཡོན་ཏན་བརྒྱད་གང་ཞེ་ན། འདུས་མ་བྱས་པ་ཉིད་དང༌། ལྷུན་གྱིས་གྲུབ་པ་དང༌། གཞན་གྱི་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་གསུམ་དང༌། གཞན་དོན་གསུམ་ནི། ཡེ་ཤེས་དང༌། ཐུགས་རྗེ་དང༌། ནུས་པ་གསུམ་དང༌། རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ཉིད་རྒྱས་པར་བཤད་པ། ཐོག་མ་དབུས་མཐའ་འི་དངོས་པོ་མེད་པ་ཡི། རང་བཞིན་ཡིན་ཕྱིར་འདུས་མ་བྱས། སྤྲོས་པ་དང་རྣམ་རྟོག་ཐམས་ཅད། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། རྒྱུ་རྐྱེན་ལ་རག་མ་ལས་པར་བྱ་བ་ཐམས་ཅད་རང་འབྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར། ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། སོ་སོ་རང་གིས་རིག་པའི་རང་བྱུང་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། སློབ་དཔོན་གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། དེ་ལྟར་རང་དོན་རྣམ་གསུམ་རྟོགས་ཕྱིར་མཁྱེན་པའི་ཡེ་ཤེས་དང༌། མ་རྟོགས་པ་གཞན་གྱིས་རྟོགས་པར་བྱ་བའི་དོན་དུ་ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། ནུས་པ་དང༌། ཡེ་ཤེས་དང༌། ཐུགས་རྗེ་གསུམ་པོ་ཡིས། སྡུག་བསྔལ་གྱི་རྩ་བ་ཕུང་པོ་ལྔ་དང༌། ཉོན་མོངས་སྤོང་ཕྱིར་རོ།། གོང་དུ་བསྟན་པ་དྲུག་པོ་དེ་ལ། དང་པོ་གསུམ་གྱིས་རང་དོན་ཏེ། ཕྱི་མ་གསུམ་གྱིས་གཞན་དོན་ཡིན། རྒྱུ་རྐྱེན་གྱིས། འདུས་མ་བྱས་ནི་འདུས་བྱས་ལས་བཟློག་པར་རིག་པར་བྱའོ། །དེ་ལ་འདུས་བྱས་ནི་གང་ལ་ཐོག་མ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་ཡང་བློས་རབ་ཏུ་ཤེས་ཤིང༌། དབུས་སུུ་གནས་པ་དང༌། མཐའ་འཇིག་པ་ཡང་བློས་རབ་ཏུ་ཤེས་པ་ནི་འདུས་བྱས་ཤེས་བརྗོད་ལ། དེ་མེད་པའི་ཕྱིར་སངས་རྒྱས་ཉིད། རྒྱུ་རྐྱེན་ལ་བརྟེན་ནས་ཐོག་མ་སྐྱེ་བ་དང༌། དབུས་གནས་པ་དང༌། མཐའ་འཇིག་པ་ཡང་མེད་པ། འདུས་མ་བྱས་པ། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །སྐྱེ་འགག་སོགས་ཀྱི་སྤྲོས་པ་དང་དེ་ལ་ཞེན་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་བའི་ཕྱིར། སློབ་དཔོན་གྱི་སྒྲ་གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་པའོ། །ཨོ་ད་ཡ་འི་སྒྲ་ནི་སྐབས་གཞན་དུ་སྐྱེ་བ་ལ་འཇུག་ཀྱང་སྐབས་འདིར་མངོན་པར་རྟོགས་པ་ལ་འདོད་ཀྱི་སྐྱེ་བ་ལ་ནི་མ་ཡིན་ནོ། །
དེ་ལྟར་རང་བྱུང་ཡེ་ཤེས་ཀྱི་དོན་ནི་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལས་སོགས་པ་གང་ཅི་དགོས་པ་ཐམས་ཅད་བཞེད་པ་ཙམ་གྱིས་རྒྱུ་རྐྱེན་ལ་མ་ལྟོས་པར་ནི་དགོས་སུ་འབྱུང་བ་ཡིན་ལ་དེ་ཉིད་ཚེ་ལ་དབང་བ་ལ་སོགས་པ་དབང་བཅུ་ལ་རང་དབང་ཐོབ་པའི་ཕྱིར། རྒྱུ་རྐྱེན་ལ་རག་ལས་པའི་གཞན་དབང་དུ་མ་སོང་བས་རྟག་ཏུ་གང་དགོས་པ་ཐམས་ཅད་མེད་པ་མི་སྲིད་པ་ནི་རྟག་པ་དང་བདག་རང་དབང་ཅན་དང༌། ལྷུན་གྱིས་གྲུབ་པའི་དོན་ཡིན་ནོ། །དེས་ན་དགོངས་པ་དེ་བཞིན་དུ་མ་ཤེས་པས་སངས་རྒྱས་རྟག་པ་ལས་སོགས་པ་དང་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་དུ་གོ་ནས་བློར་མ་ཤོང་བས་སོ། །
དེའི་ཕྱིར་རྒྱུ་རྐྱེན་ལ་མ་ལྟོས་པར་དེ་བཞིན་གཤེགས་པ་ཉིད་འདུས་མ་བྱས་པ་དང་སྤྲོས་པ་དང་རྣམ་རྟོག་འཇུག་པ་མེད་པའི་མཚན་ཉིད་ལས་ཀྱང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡུན་འཁོར་བ་ཇི་སྲིད་ཀྱི་མཐར་ཐུག་པར་གང་ལ་ཡང་ཐོགས་པ་མེད་ཅིང་རྒྱུན་མི་འཆད་པར་རབ་ཏུ་འཇུག་གོ། དེ་ལྟར་རྒྱུ་རྐྱེན་དང་འབད་རྩོལ་ལ་མ་ལྟོས་པའི་སྐུ་གསུང་ཐུགས་ཀྱི་བྱ་བ་ཤིན་ཏུ་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཡུལ་སངས་རྒྱས་ཉིད་དེ་གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་མཐའ་གཅིག་ཏུུ་བརྗོད་པའི་དངོས་པོ་ཉིད་དུ་གྲུབ་པ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་རྗེས་སུ་རྟོགས་པ་ལ། རྟོགས་པ་དང་མི་ལྡན་པ་དམུས་ལོང་དུ་གྱུར་པ་གཞན་དག་གིས་ཀྱང་རྟོགས་པར་བྱ་བའི་ཕྱིར། དེ་རྗེས་སུ་རྟོགས་པའི་ལམ་སྟོན་པར་མཛད་པའི་ཕྱིར། བླ་ན་མེད་པའི་ཡེ་ཤེས་དང༌། ཐུགས་རྗེ་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །འཇིགས་པ་མེད་པའི་ལམ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་དང་འཇིག་རྟེན་ལས་འདས་པ་ཡང་འཇིག་རྟེན་དུུ་ཕྱིར་མི་ལྡོག་པའི་ཕྱིར་རོ། ། རལ་གྲི་དང་རྡོ་རྗེའི་དཔེས་ནི་གོ་རིམ་ཇི་ལྟ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། ཐུགས་རྗེ་འདི་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་དང༌། ཉོན་མོངས་པའི་རྩ་བ་འཇོམས་པར་ནུས་པར་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་རྩ་བ་ནི་མདོར་ན་གང་ཅི་ཡང་རུང་སྲིད་པ་རྣམས་སུ་མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ། མངོན་པར་འགྲུབ་པའོ། ། ཉོན་མོངས་པའི་རྩ་བ་ནི་གང་ཅི་ཡང་རུང་འཇིགས་ཚོགས་ལ་
མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་གྱི་བདག་ཏུུ་ལྟ་བ་དང་ཡིན་ལུགས་ཀྱི་དོན་ལ་ཐེ་ཚོམ་མོ། །
དེ་ལ་མིང་དང་གཟུགས་ཀྱིས་བསྡུས་པའི་སྡུག་བསྔལ་ནི། མངོན་པར་འགྲུབ་པའི་མཚན་ཉིད་ཀྱིས་ན་མྱུ་གུ་ལྟ་བུར་ཤེས་པར་བྱ་ལ། དེ་གཅོད་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་ཀྱི་ནུས་པ་ནི་རལ་གྲིའི་དཔེས་བསྟན་ཏོ། །ལྟ་བ་དང་ཐེ་ཚོམ་གྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི། འཇིག་རྟེན་པའི་ཤེས་པས་རྟོགས་པར་དཀའ་བ་དང༌། ཕིགས་པར་དཀའ་བའི་ཕྱིར་ནགས་ཐིབས་པོས་བསྐོར་བའི་རྩིགས་པ་དང་འདྲ་ལ་དེ་འཇིག་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དག་རྡོ་རྗེའི་དཔེ་དང་མཐུན་པར་རིག་པར་བྱའོ། །དེ་ལྟར་ན་ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་འདི་རྣམས་གོ་རིམ་འདི་ཉིད་ཀྱིས། རྒྱས་པར་རྣམ་པར་དབྱེ་བ་བསྟན་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །
དེ་ལས་ཇི་སྐད་དུ་འཇམ་དཔལ་ཐོག་མ་སྐྱེ་བ་མེད་ཅིང་དབུས་གནས་པ་མེད་ལ་མཐའ་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ། ཞེས་གསུངས་པ་སྟཻ། འདིས་ནི་རེ་ཤིག་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའི་མཚན་ཉིད་དོ། །ཞེས་བསྟན་ཏོ། གང་ཡང་དེའི་རྗེས་ཐོགས་ཉིད་ལ། བཻཌཱུརྱའི་ས་གཞི་དྲི་མ་མེད་པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་ཐོག་མར་བྱ་སྟེ། ཇི་སྲིད་དཔེ་དགུས་དོན་འདི་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ་འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་་་་་་་་་་རྫོགས་པའི་སངས་རྒྱས་ཀྱང༌། སྐུ་གསུང་ཐུགས་ཀྱི་བྱ་བ་ཐམས་ཅད་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་མེད་པར་ལྷུན་གྱིས་གྲུབ་པས། སྐུ་འབད་རྩོལ་གྱིས་གཡོ་བར་མི་མཛད། ཐུགས་རྣམ་རྟོག་གིས་སེམས་པར་མི་མཛད། ངག་བརྗོད་པ་ཅན་དུ་སྤྲོ་བར་མི་མཛད། དོན་གྱི་ངོ་བོར་རྟོག་པར་མི་མཛད། སྔོན་སོགས་ཀྱི་རྣམ་པར་རྟོག་པར་མི་མཛད་ཅིང༌། སྐུ་གསུང་ཐུགས་མི་རྟོག་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། རྣམ་ཤེས་ཀྱིས་སེམས་པ་མེད་པ། གཟུང་འཛིན་གྱིས་ཡིད་ལ་བྱེད་པ་མེད་པ། ཉོན་མོངས་པའི་ཚ་གདུང་དང་བྲལ་བའི་ཕྱིར་བསིལ་བར་གྱུར་པ། འདུས་བྱས་ཀྱི་སྐྱེ་བ་མེད་པ། འགག་པ་མེད་པ། གཟུང་འཛིན་གྱིས་བསྡུས་པའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རིམ་པ་ལྟར། བལྟར་མེད་པ། མཉན་དུ་མེད་པ། བསམ་དུ་མེད་པ། མྱང་དུ་མེད་པ། རེག་ཏུ་མེད་པ། གཟུང་འཛིན་གྱི་ཡིད་འདིས་འཛིན་པའི་དངོས་པོའི། མཚན་མ་མེད་པ། རྣམ་ཤེས་ཚོགས་བརྒྱད་ཀྱི། རྣམ་པར་རིག་པའི་འཛིན་པ་མེད་པ། བརྒྱད་པོ་དེས། རྣམ་པར་རིག་པར་བྱ་བའི་གཟུང༌།བ་མ་ཡིན་པ་ཞེས་གསུངས་ཏེ། དེ་ལ་སོགས་པས་ནི་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བའི་ཚིག་གི་རབ་ཏུ་དབྱེ་བ་བསྟན་པའོ། །
ཉེ་བར་ཞི་བར་བསྟན་པ་འདིས་ནི་སངས་རྒྱས་རང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་དག་ལ་རྣམ་པར་རྟོག་པ་དང༌། སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་ན། དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་ཉིད་དུ་བསྟན་ཏོ། །དེའི་འོག་ཏུ་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི། གཞུང་ལྷག་མ་ལས་དཔེ་དགུ་བསྟན་པས་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོ་ལ། གཞན་གྱི་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་ཉིད་དུ་བསྟན་ཏོ། །གང་ཡང་དེ་བཞིན་གཤེགས་པའི་བྱང་ཆུབ་སྔར་བཤད་པའི་སྙིང་རྗེ། རྣམ་པ་བཅུ་དྲུག་བསྟན་ནས་མཐར་འདི་སྐད་དུ། འཇམ་དཔལ་དེ་ལ་དོན་དམ་གྱི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་ནས། སེམས་ཅན་རྣམས་ལ་ཡང་མ་དག་པ་དྲི་མ་དང་མ་བྲལ་བ་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས་སེམས་ཅན་རྣམས་ལ་རྣམ་པར་རྩེན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ། ཞེས་གསུངས་ཏེ། འདིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དང་ལྡན་པ་ཉིད་བརྗོད་དོ། །
དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ཞེས་བྱ་བ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པ་འདུས་བྱས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དུའོ། །མངོན་པར་རྫོགས་པར་བྱང་ཆུབ་ནས་ཤེས་བྱ་བ་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པས་སོ།། སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུུ་ངེས་པའི་ཕུང་པོ་དང་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་རྣམས་ལའོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སངས་རྒྱས་རང་གི་ཆོས་ཉིད་ཀྱི་རང་བཞིན་དང་ངོ་བོ་དང་ཡོན་ཏན་ཐམས་ཅད་ཁྱད་པར་མེད་པ་སེམས་ཅན་ཐམས་ཅད་ལ་བཞུགས་པ། དེ་བཞིན་གཤེགས་པའི་སྙིང་པོའོ། །རང་བཞིན་གྱིས་གཙང་བདག་བདེ་དང་རྟག་པ་དམ་པ། གཟིགས་ནས་ཤེས་བྱ་ནི་ཡོན་ཏན་རྣམ་པ་ཐམས་ཅད་རང་ཆས་སུ་ཚང་པར་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་གཟིགས་ནས་སོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པས་མ་དག་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ་པས་དྲི་མ་དང་མ་བྲལ་བའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་དེ་གཉི་ག་གང་ཡང་རུང་བའི་ལྷག་མས་སྐྱོན་དང་བཅས་པའོ། །རྣམ་པར་རྩེན་པ་ཞེས་བྱའི་ཐུགས་རྗེ་ནི། གདུལ་བྱ་འདུལ་བའི་ཐབས་ཀྱི་སྒོ་སྣ་ཚོགས་པ་གྲུབ་པ་ལ་ཞུགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་རབ་ཏུ་འཇུག་པ་ནི། ཕྱོགས་ལྷུང་མེད་པར་མཉམ་པ་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྒྱུ་མཚན་དུ་མངོན་པར་བྱང་ཆུབ་པས་ན་སེམས་ཅན་ཐམས་ཅད་ཀྱིས། རང་གི་ཆོས་ཉིད་རྟོགས་པ་ཐོབ་པར་དགོངས་པའི་ཕྱིར་རོ། །
དེའི་འོག་ཏུ་བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་རབ་ཏུ་ཞུགས་པ་ལས་མཚུངས་པ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་འཇུག་པ་མངོན་པར་བསྒྲུབ་པའི་སྦྱོར་བ་རྒྱུན་མི་འཆད་པ་གང་ཡིན་པ་འདི་ནི་ཡེ་ཤེས་དང་ཐུགས་རྗེ། དེ་གཉིས་ཀྱིས་གཞན་གྱི་དོན་བྱེད་པའི་ནུས་པར་རིག་པར་བྱའོ། ། དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་དེ་དག་ཉིད་ལས་གོ་རིམ་ཇི་ལྟ་བར་འདུས་མ་བྱས་པ་ལས་སོགས་པ་དང་པོ་གསུམ་དང་ལྡན་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཡེ་ཤེས་ལས་སོགས་པ་ལྷག་མ་གསུམ་དང་ལྡན་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ཡང་ཡིན་ལ་ཡང༌། རང་དོན་གཞན་དོན་གཉིས་བཤད་ན་འདི་ཡང་ཡིན་ཏེ། ཡེ་ཤེས་ཀྱིས་ནི་མཆོག་ཏུ་རྟག་པ་དང་ཉེ་བར་ཞི་བའི་གནས་དང་རང་ཉིད་མངོན་པར་བྱང་ཆུབ་པ་ལ་གནས་པའི་ཡོན་ཏན་གྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ལ། ཐུགས་རྗེ་དང་ནུས་པ་དག་གིས་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན་ཏན་གྱིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའོ། །
༈ སངས་རྒྱས་དཀོན་མཆོག་དེ་ལས་ཆོས་དཀོན་མཆོག་འབྱུང་བའི་ཕྱིར། སངས་རྒྱས་དཀོན་མཆོག དེའི་རྗེས་ཐོགས་ལ་དེ་སྟོན་པའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ། ཆོས་དཀོན་མཆོག གང་ཞིག་འགོག་ལམ་གཉིས་ཡོད་པ་དེ་ལ་དང་པོ་འགོག་བདེན་མེད་པ་རི་བོང་གི་རྭ་ལྟ་བུ་མིན་ཡོད་པ་དངོས་པོ་མིན་ཡོད་མེད་དེ་གཉིས་ཀ་གཞི་མཐུན་པ་ཡང་མ་ཡིན་ཡོད་མེད་དེ་གཉིས་ལས་གཞན་དུའང༌། མཐའ་གཅིག་ཏུུ་བརྟག་པར་མི་ནུས་པ་དང་འདི་ཙམ་གཅིག་ཏུ་ངེས་པའི་ཚུལ་དུའང་མ་གྲུབ་པས། ངེས་ཚིག་དང་བྲལ་བ་དང་འཕགས་པ་རྣམས་ཀྱིས། སོ་སོ་རང་གིས་རིག་པའོ་གཉིས་དང་ཚུལ་མིན་གྱི་སྤྲོས་པ་ཐམས་ཅད་ཞི་བ་དང་གསུམ་ནི་འགོག་བདེན་ནོ། ། ལམ་བདེན་ནི། དྲི་མེད་དག་པ་དང་ཡེ་ཤེས་གསལ་བ་དང༌། འོད་ཟེར་སྣང་ལྡན་དུག་གསུམ་གྱི་གཉེན་པོའི་ཕྱོགས་ཉིད་ཀྱིས། དམིགས་པ་ཀུན་ལ་ཆགས་པ་དང༌། ཞེ་སྡང་དང་རབ་རིབ་གཏི་མུག་རྣམས། རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད།
༈ འདིས་ནི་ཅི་བསྟན་ཞེ་ན། འགོག་བདེན་ནི་རྟོག་གེས་བསམ་དུ་མེད་ལས་ཉོན་གཉིས་མེད་ཚུལ་གཞན་མ་ཡིན་པ་ཡིད་ལ་བྱེད་པའི་རྟོག་པ་མེད་པའོ།། ལམ་བདེན་ནི། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །འགོག་བདེན་གང་ཞིག་ལམ་བདེན་གང་གིས་ཆགས་སྡང་དང༌། བྲལ་བར་བྱས་པ་བ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས་དཀོན་མཆོག་ཡིན་ནོ།། འདིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་བརྗོད་དོ། །ཡོན་ཏན་བརྒྱད་གང་ཞེ་ན། བསམ་དུ་མེད་པ་ཉིད་དང༌། གཉིས་སུ་མེད་པ་ཉིད་དང༌། རྣམ་པར་རྟོག་པ་མེད་པ་ཉིད་དེ་འགོག་བདེན་གྱིས་གསུམ་དང༌། དག་པ་ཉིད་དང༌། མངོན་པར་གསལ་བར་བྱེད་པ་དང༌། གཉེན་པོའི་ཕྱོགས་ཉིད་དེ་ལམ་བདེན་གྱི་གསུམ་དང༌། འདོད་ཆགས་དང་བྲལ་བ་འགོག་བདེན་དང༌། འདོད་ཆགས་དང་བྲལ་བའི་རྒྱུ་ལམ་གྱི་བདེན་པའོ། །
ཆགས་བྲལ་ཆོས་དཀོན་མཆོག ཉིད་གང་གིས་བསྡུས་ན་ཆོས་སྐུ་སྤངས་པའི་ཕྱོགས་ནས་བསྟན་པ་ནི་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་དག་གིས་བསྡུས། གོ་རིམ་ཇི་བཞིན་འགོག་ལམ་དེ་དག་ཀྱང༌། རེ་རེའང་ཡོན་ཏན་གསུམ་གསུམ་གྱིས་རིག་པར་བྱའོ། །གོ་རིམ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དྲུག་པོ་དེ་རྣམས་ཉིད་ལས། བསམ་དུ་མེད་པ་དང༌། གཉིས་སུ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་ཏེ། ཡོན་ཏན་དང་པོ་གསུམ་གྱིས་ནི་འགོག་པའི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་དང་བྲལ་བ་བསྡུས་པར་རིག་པར་བྱ་ལ། དག་པ་དང༌། མངོན་པར་བསལ་བ་དང༌། གཉེན་པོའི་ཕྱོགས་ཉིད་ཏེ། ཡོན་ཏན་ལྷག་མ་གསུམ་གྱིས་ནི་ལམ་གྱི་བདེན་པ་བསྟན་པའི་ཕྱིར། འདོད་ཆགས་དང་བྲལ་བའི་རྒྱུ་བསྡུས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་གང་ཡིན་པ་འགོག་པའི་བདེན་པ་དང༌། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དེ་གཉི་ག་གཅིག་ཏུ་མངོན་པར་བསྡུས་ཏེ། རྣམ་པར་བྱང་པའི་འགོག་ལམ་གྱི་བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་འདོད་ཆགས་དང་བྲལ་བ་ནི་ཆོས་དཀོན་མཆོག་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་འགོག་པའི་བདེན་པ་ནི་མཐའ་གཅིག་ཏུ་ཡོད་མེད་ལ་སོགས་སུ། བརྟག་པ་མིན་པའི་ ཕྱིར་དང་མཐའ་གཅིག་ཏུ་ངེས་ཚིག་གིས་བརྗོད་མིན་ཕྱིར། འཕགས་པས་སོ་སོ་རང་རིག་ཡེ་ཤེས་ཀྱིས་མཁྱེན་པའི། ཕྱིར་བསམ་དུ་མེད་པ་ཉིད་དང༌། སྐྱོན་གཉིས་ཞི་བ་ཉིད་ནི་ལས་ཉོན་གཉིས་མེད་པ་དང་ཚུལ་གཞན་མིན་པའི་རྟོག་མེད་དེ། ལམ་བདེན་གྱི་དག་པ་དང་སོགས་པ་གསལ་བ་གཉེན་པོའི་ཕྱོགས།གསུམ་ནི་ཉི་མ་བཞིན་ནོ། །མདོར་བསྡུ་ན། འགོག་པའི་བདེན་པ་ནི། རྒྱུ་གསུམ་གྱིས་རྣམ་ཤེས་ཀྱིས་མཐའ་གཅིག་ཏུ། བསམ་དུ་མེད་པ་ཉིད་དུ་རིག་པར་བྱའོ། །གསུམ་པོ་གང་དག་གིས་ཞེ་ན། རི་བོང་རྭ་བཞིན་དུ་གཏན་མེད་པའི་མཐའ་དང༌། དངོས་པོ་ལྟར་ཡོད་པའི་མཐའ་དང༌། ཡོད་མེད་ཏེ་གཉིས་ག་ཡིན་པའི་མཐའ་དང༌། གཉིས་ག་མ་ཡིན་པའི་མཐའ་སྟེ། རྣམ་པ་བཞི་ཀ་ལྟར་ཡང་མཐའ་ཅིག་ཏུུ་རྟོག་གེའིཡུལ་དུ་གྲུབ་པ་མ་ཡིན་པའི་ཕྱིར་དང༌། རྗོད་བྱེད་ཀྱི་སྒྲ་དང་སྐད་དང་བརྗོད་པ་དང་ངག་གི་ཡུལ་དང་ངེས་ཚིག་དང༌། བརྡ་དང་ཐ་སྙད་དང་མངོན་པར་བརྗོད་པ་དག་གིས་བརྗོད་པའི་དོན་མཐའ་ཅིག་དུ་གྲུབ་པ་མེད་པའི་ཕྱིར་དང༌། དེ་ལྟར་ཡིན་ཡང་གཏན་མེད་པ་མ་ཡིན་ཏེ། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དུས་གསུམ་གྱི་རྒྱལ་བའི་ཡུམ་ཡིན་པའི་ཕྱིར་རོ། །གོང་དུ་བསྟན་པ་དེ་ལ་འགོག་པའི་བདེན་པ་ཇི་ལྟར་ན་གཉིས་སུ་མེད་པ་ཉིད་དང༌། རྣམ་པར་རྟོག་པ་མེད་པ་ཉིད་དུ་རིག་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་ཏེ། ཤ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་སྟེ། གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ། །ཞེས་སོ། །དེ་ལ་གཉིས་ནི་ལས་དང་ཉོན་མོངས་པ་ལ་བརྗོད་ལ། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ། །
ལས་ཉོན་དེ་རང་བཞིན་གྱིས་འགག་པའི་གཞི་ཆོས་ཀྱི་སྐུ་དོན་དམ་དུ་ཡོད། པར་སོ་སོར་རིག་པའི་ཕྱིར་རྣམ་པར་རྟོག་པ་དང་གཉིས་ཀུན་ཏུ་སྤྱོད་པ་མེད་པའི་ཚུལ་གྱིས་སྡུག་བསྔལ་འདུས་བྱས། གཏན་འབྱུང་བ་མེད་པ་གང་ཡིན་པ་གཤིས་ལུགས་ཀྱི་ཆོས་ཐམས་ཅད་ཀྱི་ཕུད་ཀུན་གཞི་རྣམ་ཤེས་འདི་ནི། སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ། །ལས་དང་ཉོན་མོངས་པའི་ཆོས་བདེན་པར་ཡོད་པ། འགའ་ཞིག་ལམ་གྱིས་ཕྱིས་ཞིག་པར་བྱས་པའི་ཕྱིར་དེ་མེད་པ་ཙམ་ནི་སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏེ། ཇི་སྐད་དུ་འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འགོག་བདེན་ཟབ་མོ་ནི་སེམས་ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་དང་རྣམ་པར་ཤེས་པ་འི་ཚོགས་དྲུག མི་འཇུག་གོ ཆོས་སྐུུ་གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་སྟེ་རྣམ་ཤེས་ཚོགས་བརྒྱད་མི་འཇུག་པ་དེ་ལ་ནི་ཀུན་ཏུ་རྟོག་པ་གང་ཞིག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བ། ཀུན་ཏུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་དེ་ནི། བདེན་གཉིས་ཀྱི་གནས་ལུགས་མ་རིག་པ་ཚོགས་བརྒྱད་ཀུན་ནས་སློང་པར་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི། སྲིད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་པར་མི་བྱེད་དོ། ། ཆོས་སྐུུ་དེ་ནི་མི་སྐྱེ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་པར་ཡིན་ནོ། །ཇི་སྐད་དུ་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་འཇིག་པ་མེད་པ་ཙམ་ནི་སྡུག་བསྔལ་འགོག་པའི་བདེན་པ་མ་ལགས་སོ། །
བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་དང་པོའི་སངས་རྒྱས་ཐོག་མ་ཐ་མ་མེད་པའི་དུས་ཅན། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་མ་སྐྱེས་པ་མ་བྱུང་བ་རང་གི་ངོ་བོ་ཟད་པ་མེད་པ། ཡོན་ཏན་ཐམས་ཅད་ཟད་པ་དང་བྲལ་བ། ནམ་ཡང་རྟག་པ་བརྟན་པ་ཞི་བ་འདུས་བྱས་ཀྱི་མཚན་ཉིད་ལས་འདས་པས། མི་འཇིག་པ། རང་བཞིན་གྱིས་ཡོངས་སུ་དག་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་རང་བཞིན་གྱིས་གྲོལ་བ། སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་རང་དང་དུས་ནམ་ཡང་རྣམ་པར་དབྱེར་མེད་པ་རྟོག་གེས་མཐའ་ཅིག་ཏུ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མའི་གྲངས།ལས་འདས་པའི་ཡོན་ཏན་དང་མེ་དང་ཚ་བ་བཞིན་དབྱེར་མེད་དུུ་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིདསེམས་ཅན་གྱི་གནས་སྐབས་སུ། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་རང་གི་ངོ་བོ་དེ་བཞིན་གཤེགས་པ་ཡིན་ལ་དེ་ཉིད་སེམས་ཅན་གྱི་སྙིང་པོར་བཞུགས་པ་ལ་དེ་བཞིན་དུ་གཤེགས་པའི་སྙིང་པོ་ཞེས་བགྱིའོ་ཞེས་གསུངས་པ་བཞིན་ཏེ། འགོག་བདེན་ཟབ་མོའི་ཆོས་ཐམས་ཅད་རྒྱས་པར་ནི་དཔལ་ཕྲེང་གི་མདོ་ཇི་ལྟ་བ་བཞིདུ་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་བཞག་པ་རྟོགས་པར་བྱའོ། །
སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ལམ་ནི་ཆོས་འཐུན་པ་རྣམ་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པར་ཆོས་འཐུན་པས་ནི་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་སྤངས་པ་ཕུན་ཚོགས་དང་ལྡན་པའི་ཕྱིར་རོ། །གཟུགས་གསལ་བར་བྱེད་པ་དང་ཆོས་འཐུན་པའི་ནི་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གསལ་བར་བྱེད་པའི་རྟོགས་པ་ཕུན་ཚོགས་དང་ལྡན་པའི་ཕྱིར་རོ། །མུན་པའི་གཉེན་པོར་ཆོས་འཐུན་པས་ནི། དེ་ཁོ་ན་ཉིད་ཆོས་ཀྱི་སྐུ་དག་པ་དང་རྫོགས་པར་མཐོང་བའི་གེགས་ཀྱི་རྣམ་པ་ཉོན་སྒྲིབ་དང་ཤེས་སྒྲིབ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །ཆོས་ཀྱི་སྐུ་གསལ་བ་དང་རྫོགས་པར་མཐོང་བའི་གེགས་ཀྱང་ཡང་དག་པ་མ་ཡིན་པའི་དངོས་པོའི་རྒྱུ་མཚན་གྱི་ཡུལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་ཅན། སྒྲིབ་གཉིས་བག་ལ་ཉལ་བ་དང་སྒྲིབ་གཉིས་མངོན་གྱུར་དུ། ཀུན་ནས་ལྡང་བ་དང་ལྡན་པ་ལས། འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་སྐྱེ་བའོ། ། བག་ལ་ཉལ་ལས་ནི་ཡང་དག་པ་མ་ཡིན་པ་དེའི་རང་བཞིན་མིན་པའི་དངོས་པོ་བྱས་པ་རྣམས་ལ་འདོད་ཆགས་བསྐྱེད་པས་ན་སྙིང་དུ་སྡུག་པའི་རྣམ་པར་རམ། ཞེ་སྡང་བསྐྱེད་པས་ན་ཁོང་ཁྲོའི་རྣམ་པར་རམ། ཆགས་སྡང་དེ་གཉིས་ལ་སྐྱོན་དུ་མ་མཐོང་བའི་གཏི་མུག་བསྐྱེད་པས་མ་རིག་པའི་རྣམ་པས་རྒྱུ་མཚན་དུ་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་མཚན་ཡང་དག་པ་མ་ཡིན་པ་དེ་ཡང་མི་བདེན་པའི་དངོས་པོ་ལ་དམིགས་པར་བྱེད་པ་ན། བརྫུན་པའི་ཚུལ་བཞིན་མ་ཡིན་པ་བདེན་པར་ཡིད་ལ་བྱེད་པས་ཆགས་སྡང་གི་སེམས་དང་དུུ་ཡོངས་སུ་ལེན་ཏོ། །ཆགས་སྡང་གི་སེམས་ཚུལ་བཞིན་མ་ཡིན་པཡིད་ལ་བྱེད་པར་གནས་པ་དེ་དག་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཆེས་ཆེར་རྒྱས་པ་ལས། ལས་གང་ཡང་རུང་པའི་ཉོན་མོངས་པ་ཀུན་ཏུ་ལོངས་སྤྱོད་པར་འགྱུར་རོ། །དེ་དག་གི་གཞི་དེ་ལས་ལུས་དང་ངག་དང་ཡིད་ཀྱིས་འདོད་ཆགས་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་ཞེ་སྡང་ལས་སྐྱེས་པ་དང༌། གཏི་མུག་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལས་ལས་ཀྱང་དེ་དང་རྗེས་སུ་མཐུན་པའི། སྐྱེ་བ་རྗེས་སུ་འབྲེལ་བ་ཁོ་ནར་འགྱུར་རོ། །དེ་ལྟར་བྱིས་པ་བག་ལ་ཉལ་དང་ལྡན་པ་དངོས་པོ་བདེན་པའི་མཚན་མར་འཛིན་པ་ཅན་དུ་དམིགས་པ་ལ། སྤྱོད་པ་དེ་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་བ་ལས་ཉོན་མོངས་པ་ཀུན་འབྱུང་ངོ༌། །ཉོན་མོངས་པ་ཀུན་འབྱུང་བ་ལས་ནི་ལུས་ངག་སེམས་ཀྱི་ལས་ཀུན་འབྱུང་པར་འགྱུར་རོ། །
ལས་ཀུན་འབྱུང་བ་ལས་ནི་རིགས་དྲུག་སྐྱེ་བ་ཀུན་འབྱུང་པར་འགྱུར་རོ། །བྱིས་པ་རྣམས་ཀྱི་ཆགས་སོགས་ཀྱི། ཉོན་མོངས་པ་དང་དེ་དང་མཐུན་པའི་ལུས་ངག་སེམས་ཀྱི་ལས་དང་དེ་དང་མཐུན་པའི་རིགས་དྲུག་གི སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་འདི་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་ཅིག་ཡང་དག་པ། གཙང་བདག་བདེ་དང་རྟག་པ་ཉིད། ཇི་ལྟ་བ་བཞིན་དུ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མ་ཤེས་པས་རབ་ཏུ་འཇུག་གོ ཁམས་དེ་ཡང་ཇི་ལྟར་སོར་རྟོག་ཡེ་ཤེས་ཀྱིས་ཡོངས་སུ་བཙལ་བ་ན་ཆགས་སོགས་དེའི་རྒྱུ་མཚན་ནམ་དམིགས་པའི་དངོས་པོ་འགའ་ཡང་མི་མཐོང་བ་དེ་ལྟར་ཤེས་རབ་ཀྱིས་བལྟ་བར་བྱའོ། །གང་ཟག་དེས་གང་གི་ཚེ་ཆགས་སོགས་ཀྱི་རྒྱ་མཚན་ནི་དམིགས་པ་མི་མཐོང་བ་དེའི་ཚེ་ཡེ་ཤེས་ཀྱིས་ཡང་དག་པ་ཁམས་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །
དེ་ལྟར་དོན་དམ་བདེན་པའི་ཆོས་དེ་དག་དེ་བཞིན་གཤེགས་པས་ཐམས་ཅད་བདེ་གཤེགས་སྙིང་པོར་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་ཞིག་དེ་ལྟར་གཤིས་ལ། མེད་པའི་རྒྱུ་མཚན་ཀུན་རྫོབ་ཀྱི་དམིགས་པ་མ་མཐོང་པའི་ཕྱིར་དང༌། གཤིས་ལ་ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ་ནི་ཡང་དག་ཡེ་ཤེས་ཀྱིས་མཐོང་བའི་ཕྱིར་སྐྱོན་ཡོན་དེ་གཉི་ག་སྐྱོན་སྔར་ཡོད་བསལ་བར་བྱ་བ་དང་ཡོན་ཏན་སྔར་མེད་བསྣན་པས་བཞག་དགོས།པ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དོན་དམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ནི་མི་རྟོག་ཡེ་ཤེས་གང་ཞིག་སྐྱེས་པས་གཅིག་ཤོས་ཉོན་མོངས་པ་གདོད་མ་ནས་གཏན་བྲལ་བ་དང་ཡེ་ནས་མེད་པར་རྟོགས་པར་འགྱུར་བ་མཐར་ཐུག་དེ་ཁོ་ན་འགོག་བདེན་ཟབ་མོ་མཐོང་བའི་གེགས་ཀྱི་རྣམ་པ་སྒྲིབ་གཉིས། འདི་མཐའ་དག་གི་གཉེན་པོ་ལམ་བདེན་ཡིན་པར། རིག་པར་བྱའོ། །ཆོས་ཀྱི་སྐུ་རང་གི་རྒྱུད་ལ་ངོ་བོ་དང་རྫོགས་པར་ཐོབ་པའི་རྒྱུ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ལམ་དེ་ཡང་རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲངས་ཏེ་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱའོ། །ད་ནི་ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་དེ་ལས་ཕྱིར་མི་ལྡོག་པའི་བྱ་ཆུབ་སེམས་དཔའི་ཚོགས་རིན་པོ་ཆེས་འབྱུང་བས་དེའི་རྗེས་ཐོགས་སུ་དགེ་འདུན་དེའི་སྟོན་པ་དབང་དུ་བྱས་ནས་ཚིགས་སུ་བཅད་པ། ས་དང་པོ་ཡན་ཆད་ཀྱི་འཕགས་པའི་དགེ་འདུན་ལ་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་གཉིས་ཡོད་པ་དེ་ལ་ཇི་ལྟ་བའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི། སེམས་དེ་རང་བཞིན་གྱི་འོད་གསལ་བར་མཐོང་བས་ན་གློ་བུར་གྱི་ཉོན་མོངས་ཀྱང་གདོད་ནས། ངོ་བོ་མེད་པར་གཟིགས་པས། ཆོས་དང་གང་ཟག་གང་དག་གི་འགྲོ་བ་ཀུན་བདག་མེད་པའི་མཐའ་གཟོད་མ་ནས། ཞི་བ་ཡང་དག་པར་རྟོགས་ནས་ཇི་སྙེད་པའི་ཡེ་ཤེས་ཀྱི་སེམས་ཅན་ཐམས་ཅད་ལ། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པའི་བློ་མངའ་བ། སེམས་ཅན་དང་དེའི་སེམས་རང་བཞིན་གྱིས་རྣམ་པར་དག་པ་མཐའ་ཡས་པའི། ཡུལ་ཅན་གྱི་ཡེ་ཤེས་གཟིགས་པ་མངའ་བ་ཐེག་ཆེན་འཕགས་པའི་དགེ་འདུན་དེ་ལ་འདུད། འདིས་ཅི་བསྟན་ཅེ་ན། ཇི་ལྟ་བ་བཞིན་དང༌། ཇི་སྙེད་མཁྱེན་པའི་ནང་གི་ནི་ཡེ་ཤེས་གཟིགས་པ་དག་པའི་ཕྱིར། བློ་ལྡན་བྱང་ཆུབ་སེམས་དཔའི་དགེ་འདུན་ཕྱིར་མི་ལྡོག་པའི་ཚོགས། ཉན་རང་ལ་ལྟོས་ནས་སྤངས་རྟོགས་བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་དོ། །
འདིས་ནི་མདོར་བསྡུ་ན་ཇི་ལྟ་བ་བཞིན་ཡོད་པ་དང་ནི་ཇི་སྙེད་ཡོད་པ་སྟེ། རྒྱུ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས་གཟིགས་པ་ཉན་རང་ལས་རྣམ་པར་དག་པའི་ཕྱིར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་དཀོན་མཆོག་བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་བསྟན་ཏོ། །
ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་བ་བདག་གཉིས་གདོད་ནས། ཞི་བའི་ཆོས་ཉིད་དུ། རྟོགས་ཕྱིར་ཇི་ལྟ་བ་ཉིད་མཁྱེན་པ་དེ་ཡང་རིག་པར་བྱའོ། །སེམས་རང་བཞིན་གྱིས་ནི་ཡོངས་སུ་དག་པའི་ཕྱིར། ཉེ་བའི་ཉོན་མོངས་ཀྱང་གསར་དུ་ཟད་པ་མ་ཡིན་གྱི་ཡེ་གདོད་མ་ནས་ཟད་པ་དེ་ཉིད་ཟད་པ་ཁོ་ནར་མཁྱེན་པའི་ཕྱིར་རོ། །ཡེ་ཤེས་གཉིས་ཡོད་པ་དེ་ལ་ཇི་ལྟ་བ་བཞིན་ཡོད་པ་ཉིད་ནི་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་ཐམས་ཅད་ཀྱི་བདག་མེད་པ་ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་རིག་པར་བྱའོ། །གཏན་དུ་གཟོད་མ་ནས་ཞི་བའི་ངོ་བོ་ཉིད་ཀྱིས་གང་ཟག་དང་སྒྲིབ་པའི། ཆོས་སྔར་ཡོད་འཇིག་པ་མེད་པའི་ཚུལ་དུ་རྟོགས་པ་དེ་ཡང༌། མདོར་བསྡུ་ན་རྒྱུ་གཉིས་ལས་སྐྱེ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང༌། དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ། །
དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་དོན་དམ་པའི་དགེ་བ་གང་ཡིན་པ་དང༌། དེའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་གང་ཡིན་པ་འདི་གཉིས་ཏིལ་དང་ཏིལ་མར་བཞིན་དུ་འདྲེས་ཤིང་ཉོན་མོངས་ཀྱིས་བསྒྲིབས་པ་ནི་འོད་གསལ་དགེ་བ་དང་ཉོན་མོངས་མི་དགེ་བའི་སེམས་དག་ལས་གང་རུང་གཅིག་མངོན་སུམ་དུ་གང་ཡིན་ཤན་མི་ཕྱེད་པར་རྒྱུ་བས་སེམས་གཅིག་པ་སྔ་རྟིང་རྒྱུན་གཅིག་ཏུ་འཚམས་སྦྱོར་བ་མེད་པའི་ཚུལ་གྱིས། ཉོན་མོངས་ལ་རང་བཞིན་མེད་པས་ཟག་པ་མེད་པའི་དབྱིངས་ལ་སེམས་གཉིས་པོ་མི་འགྲོགས་ཀྱང་གཅིག་གིས་ཉོན་མོངས་པར་བྱས་པ་ནི་མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ། ། དགེ་བའི་ཆ་གང་ཡིན་འོད་གསལ་དང་མི་དགེ་བའི་ཆ་གང་ཡིན་ཉོན་མོངས་ཡིན་ལ། དེའི་ཕྱིར་ན་དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་དགེ་བའི་སེམས་ནི་སྐད་གཅིག་མ་སྟེ། ཉོན་མོངས་པ་དག་གིས་ཉེ་བར་ཉོན་མོངས་པར་མི་འགྱུར་རོ། །མི་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ། དགེ་བའི་སེམས་དེ་ནི་ཉོན་མོངས་པ་མི་དགེ་བ་དག་གིས་ཉོན་མོངས་པ་མ་ལགས་པ་ཉིད་དོ། ། བཅོམ་ལྡན་འདས་ཉོན་མོངས་པས་ནི་དགེ་བའི་སེམས་ལ་མི་རེག་ལ་དགེ་བའི་སེམས་ཉིད་ཉོན་མོངས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་དགེ་བའི་སེམས་འདི་ལ་ཇི་ལྟར་རེག་པའི་མི་དགེ་བའི། ཆོས་ཅན་མ་ལགས་པའི་སེམས་མུན་པས་ཉོན་མོངས་པར་འགྱུར། བཅོམ་ལྡན་འདས་ཉེ་བའི་ཉོན་མོངས་པ་ཙམ་ནི་མཆིས་ལ་དེས། ཉེ་བར་གོས་པས།ཉོན་མོངས་པར་འགྱུར་བའི་སེམས་ནི་མ་མཆིས་སོ། །བཅོམ་ལྡན་འདས་གཅིག་གིས་ཅིག་ལ་མི་རེག་པ་དེ་ལྟ་ལགས་མོད་ཀྱི། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་གློ་བུར་གྱི་དྲི་མས་ཉེ་བར་ཉོན་མོངས་པའི་དོན་ནི་རྟོག་གེ་ཙམ་གྱིས་རྟོགས་ཤིང་ཕྱེད་པར་དཀའ་འོ། །ཞེས་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ཡོད་པ་ནས་བརྩམས་ཏེ༑ རྟོགས་པར་དཀའ་བའི་བར་རྒྱས་པར་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཤེས་བྱ་མཐར་ཐུག་རྟོགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ བློས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། སེམས་ཅན་ཐམས་ཅད་ལ་ཡོད་པ།མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ཇི་ལྟ་བ་དང་ཇི་སྙེད་པ་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེས་ཏེ། ས་དེར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པ་གང་ཡིན་ཏེ། སོ་སོར་རང་གི་ཡེ་ཤེས་ཀྱིས་མཐོང་བ་ཉིད་དེ། དྲི་མེད་ཆོས་ཀྱི་དབྱིངས་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་པ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་དེ་གཉིས་ཉན་རང་གི་ཡེ་ཤེས་ལས་དག་པ་ཡིན་ནོ། །དེ་ལྟར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང༌། ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པ་འདིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པ་སོ་སོ་རང་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཟིགས་པར་འདོད་དོ། །
དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ནི་བྱང་སེམས་ལས་གཅིག་ཤོས་ཉན་རང་གི་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་ཅེས་བརྗོད་དོ། །གཉིས་པོ་གང་དག་གིས་ཞེ་ན། ཇི་ལྟ་བ་མཐོང་བ་ཆགས་པ་མེད་པའི་ཕྱིར་དང༌། ཇི་སྙེད་པ་མཐོང་བ། ཐོགས་པ་མེད་པའི་ཕྱིར་རོ། །དེ་ལ་ཅི་ལྟ་བ་བཞིན་ཡོད་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཅན་གྱི་ཕྱིར་ནི་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས་ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་གྱི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ། །བྱང་སེམས་འཕགས་པའི་ཡེ་ཤེས་གཟིགས་པ་དག་པས་ན། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བར་གནས་པའི་ཕྱིར། ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པ་ནི།ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དེ་ནི། བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཟིགས་པ་རྣམ་པར་དག་པ་དང༌། ཉེ་བར་གནས་པར་འགྱུར་བའི་ཕྱིར་རམ། ཡེ་ཤེས་ཀྱི་གཟིགས་པ་གང་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཉིད་དུ་གྱུར་པ་དང་བྱང་སེམས་ཀྱི་ཡོན་ཏན་དེ་ལས་གཞན་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཉན་ཐོས་ལ་ལྟོས་ནས་བླ་ན་མེད་པ་ཉིད་དུ་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྗེས་སུ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ནི་ཐེག་ཆེན་གྱི་སྐྱབས་སྟོན་པའི་སྐབས་འདིར་མ་སྨོས་ཏེ། ཉན་ཐོས་དེ་བྱང་སེམས་དང་ཉན་ཐོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པའི་ཐེག་ཆེན་ལས་མཆོད་པར་འོས་པ་མ་ཡིན་པའི་ཕྱིར་རོ། །མཁས་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པ་ནི་ནམ་ཡང་བྱང་ཆུབ་ཆེན་པོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ། ཤེས་པ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་གཞལ་དུ་མེད་པའི་སེམས་ཅན་གྱི་ཁམས་སྣང་བ་ཉེ་བར་གནས་པ་བླ་ན་མེད་པ་དེ་བཞིན་གཤེགས་པ་ཟླ་བ་ཉ་བ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ། བྱང་ཆུབ་སེམས་དཔའི་ཟླ་བ་ཚེས་པ་དོར་ནས། ཉི་ཚེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པ་སྐར་མའི་གཟུགས་ལྟར་རང་གི་རྒྱུད་སྣང་བ་ཉེ་བར་གནས་པའི་ཉན་ཐོས་ལ་ཡང་ཕྱག་བྱེད་པ་ནི་མ་ཡིན་ཏེ། གཞན་ལ་ཕན་པར་བྱེད་པའི་བསམ་པ་ཐེག་ཆེན་གྱི་བརྩེ་བ་ཙམ་རྣམ་པར་མ་དག་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ཡང་དག་པར་རྟེན་པའི་ཡོན་ཏན་ཉིད་ཀྱིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་ཐེག་ཆེན་གྱི་རྗེས་སུ་བརྩེ་བ་ཙམ་མེད་པ་གཞན་གྱི་བདེ་སྐྱིད་རྒྱས་པར་བྱེད་པ་དང་མི་ལྡན་པ། འཕགས་པའི་ཉན་ཐོས་རང་དོན་ལ་དམིགས་པའི་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པའི་མཐར་ཕྱིན་པར་གྱུར་པ་ཡང་བརྩེ་བའི་ཡོན་ཏན་ཙམ་གྱིས་ཀྱང་ཟིལ་གྱིས་གནོན་ན། སྙིང་རྗེ་དེ་ལས་གཞན་པའི་ཡོན་ཏན་དབང་བཅུ་ལ་སོགས་པས་ལྟ་ཅི་སྨོས། གང་གི་ཕྱིར། མདོ་ལས་གང་ཞིག་ཉན་ཐོས་ཀྱི་ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང༌། ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ལ་ཐེག་ཆེན་གྱི་བརྩེ་ཆེན་དང་བྲལ་བ། བདག་ཉིད་ཀྱི་བདེ་བ་རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། ཉན་ཐོས་འཕགས་པ་དེ་ནི་ཐེག་ཆེན་འཕགས་པ་ལ་ལྟོས་ནས་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། བྱང་སེམས་འཕགས་པ་གང་ཞིག་གཞན་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི། ཐེག་ཆེན་གྱི་ཚུལ་ཁྲིམས་ཡང་དག་བླང་པ་བྱ་སྟེ་མེ་རླུང་དང༌། ཆུ་དང་ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ། དེ་ནི་གཞན་ལ་ཕན་པའི་ཁྲིམས་ལྡན་གཞན་ཉན་ཐོས་ལ་ཞུགས་པ་ནི་དེའི་གཟུགས་བརྙན་ཡིན། ཞེས་བཤད་དོ། །
དེ་ལ་སྐྱབས་ཀྱི་དོན་གང་གིས་མོས་པ་གང་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་ཀྱི་གྲངས་གསུམ་དུ་རྣམ་པར་བཞག་པ་མཛད་ཅེ་ན། སྟོན་པ་དང་བསྟན་པ་དང་སློབ་པའི་དོན་གསུམ་གྱིས། ཐེག་པ་གསུམ་པའི་གང་ཟག་གསུམ་དང་དགེ་བ་སྒྲུབ་པའི་བྱ་བ། བྱེད་གསུམ་པ། མོས་པ་རྣམས་ཀྱི་དབང་བྱས་ནས། སྐྱབས་གསུམ་རྣམ་པར་བཞག་པ་ཡིན། སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང༌། སངས་རྒྱས་ལ་བརྟེན་ནས་མཆོག་ཏུ་དགེ་བའི་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ནི་སྐྱབས་ཡིན་ཏེ་རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་གཞག་གོ །སྟོན་པའི་བསྟན་པའི་ཡོན་ཏན་བསྟན་པའི་དོན་དུ་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་མ་བརྟེན་པར་རང་ཉིད་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དང༌། དམ་པའི་ཆོས་ལ་བརྟེན་ནས་མཆོག་ཏུ་དགེ་བའི་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་སྐྱབས་ཡིན་ཏེ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། ། ཞེས་བསྟན་ཅིང་རྣམ་པར་བཞག་གོ། །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལས་ཐོས་པའི་སྒྲས་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང༌། འཕགས་པའི་དགེ་འདུན་ལ་བརྟེན་ནས་མཆོག་ཏུ་དགེ་བའི་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཅིང་རྣམ་པར་བཞག་གོ། །དེ་ལྟར་འདིས་ནི་མདོར་བསྡུ་ན་དོན་རྣམ་པ་གསུམ་གྱིས་གང་ཟག་རྣམ་པ་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་བཞག་པ་འདི་ནི་ཀུན་རྫོབ་ཀྱི་རྟེན་ལ་གནས་པས་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་ཡིན་ནོ། །
བསྟན་པའི་ཆོས་ནི་སྤང་ཕྱིར་འདུས་བྱས་ལམ་བདེན་ནི་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ཚུལ་གྱི་འགོག་བདེན་ནི་མེད་ཕྱིར་སློབ་ལམ་པའི་དགེ་འདུན་རྣམས་ཀྱང་འཇིགས་པ་དང་བཅས་པའི་ཕྱིར། ཉན་ཐོས་ཀྱི་ལུགས་ཀྱི་ཆོས་རྣམ་གཉིས་དང་འཕགས་པ་སློབ་པའི་ཚོགས། གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་སོ། །དེ་ལ་བསྟན་པའི་ཆོས་ནི། མདོ་ལ་སོགས་པ་བསྟན་པ་བརྗོད་པ་སྟེ། མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའོ། །དེ་ཡང་ལམ་མངོན་པར་རྟོགས་པ་མཐར་ཐུག་པའི་ཕྱིར་གཟིངས་ལྟ་བུ་ཞེས་བཤད་དོ། །རྟོགས་པའི་ཆོས་ནི་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ལམ་གྱི་བདེན་པ་རྒྱུ་དང༌། འགོག་པའི་བདེན་པ་འབྲས་བུ་སྟེ། ལམ་གང་གིས་རྟོགས་པ་དང་གང་རྟོགས་པ་ཞེས་བྱ་བས་སོ། །དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ལ་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་གང་ཡིན་པ་དེ་ནི་རྫུན་པ་བསླུ་བའི་ཆོས་ཅན། གང་རྫུན་པ་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ། གང་མི་རྟག་པ་དེ་ནི་གཏན་གྱི་སྐྱབས་མ་ཡིན་ནོ། །ལམ་དེས་རྟོགས་པའི་འགོག་པ་གང་ཡིན་པ་དེ་ཡང་ཉན་ཐོས་ཀྱི་ཚུལ་གྱིས་མར་མེ་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་དང༌། སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། རི་བོང་གི་རྭ་བཞིན་དུ་གཏན་མེད་པ་ནི་སྐྱབས་སམ་སྐྱབས་མ་ཡིན་པར་འགྱུར་བར་འོས་པ་མ་ཡིན་ནོ། །སྐབས་འདིའི་དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་ལ་སློབ་པ་དང་ལྡན་པའི་ཚོགས་ཀྱི་ཚིགས་བླ་དགས་སོ། །སློབ་པ་དེ་ཡང་རྟག་ཏུ་འཇིགས་པ་དང་བཅས་པ་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ། འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་བ། ལམ་ལ་སློབ་པའི་བྱ་བ་དང་དང་བཅས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་ཡིན་ནོ། །ཇི་ལྟར་འཇིགས་པ་དང་བཅས་ཞེ་ན། གང་གི་ཕྱིར་ཉན་རང་དགྲ་བཅོམ་པ་ཡང་སྲིད་པར་རང་དབང་མེད་པར་སྐྱེ་བ་སྤངས་པ་རྣམས་ཀྱང་ཉོན་མོངས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་རོ། །རྟག་ཏུ་རྒྱུན་མི་འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རལ་གྲི་གདེངས་པའི་གཤེད་མའི་སྐྱེས་བུ་ལ་འཇིགས་པར་བྱ་བ་བཞིན་ཏེ། དེས་ན་དེ་དག་ཀྱང་གཏན་དུ་བདེ་བ་དམ་པའི་བའི་ངེས་པར་འབྱུང་བ་ཐོབ་པ་ལ་ཡྀན་ནོ། །གཏན་གྱི་སྐྱབས་ཡིན་པ་ནི་སྐྱབས་གཞན་ཚོལ་བར་འོས་པ་མ་ཡིན་ནོ། །དཔེ་ཇི་ལྟར་སེམས་ཅན་སྐྱབས་མེད་པ་འཇིགས་པ་དེ་དང་དེས་འཇིགས་པ་དག འཇིགས་པ་དེ་དང་དེ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་བཞིན་དུ་དགྲ་བཅོམ་པ་ལ་ཡང་བག་ཆགས་ཀྱི་འཇིགས་པ་དེ་ཡོད་དོ། །གང་གི་ཕྱིར་དེ་དག་འཇིགས་པས་འཇིགས་ཏེ། དེ་བཞིན་གཤེགས་པ་ཉིད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །གང་ཞིག་དེ་ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབས་སུ་འགྲོ་བ་དེ་ནི་གདོན་མི་ཟ་བར་འཇིགས་པ་ལས་ངེས་འབྱུང་བ་ཚོལ་བ། དེའི་ཕྱིར་འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་བའི་ཕྱིར་ན་འཇིགས་པའི་གཞི་བག་ཆགས་སྤང་པའི་དབང་དུ་བྱས་ནས་སློབ་པ་བྱ་བ་དང་བཅས་པར་འགྱུར་རོ། །
སློབ་པའི་ཕྱིར་ནི་འཇིགས་པ་མེད་པ་ཁྱུ་མཆོག་གི་གནས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཞུགས་པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །དེའི་ཕྱིར་ཆོས་རྣམ་གཉིས་དང་འཕགས་པ་སློབ་པའི་ཚོགས་དེ་ཡང་དེའི་ཡན་ལག་གི་གནས་སྐབས་ཀྱི་སྐྱབས་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ལྟར་སྐྱབས་གཉིས་པོ་འདི་ནི་མཐར་ཐུག་པའི་དུས་ན་སྐྱབས་མ་ཡིན་པར་བརྗོད་དོ། །དམ་པའི་དོན་དུ་འགྲོ་བ་ཡི། གཏན་གྱི་སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། མཐར་ཐུག་གི་དཀོན་མཆོག་གསུམ་ནི་ཐུབ་པ་སངས་རྒྱས་དང་ཆོས་ཀྱི་སྐུ་ཅན་ཆོས་ཡིན་པའི་ཕྱིར། ཚོགས་ཀྱང་ཆོས་སྐུ་དེ་ཐོབ་པའི་མཐར་ཐུག་དེའི་ཕྱིར། འདིས་ནི་འདུས་མ་བྱས་ཀྱི་དཀོན་མཆོག་གསུམ་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང༌། འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་པའི་བདེན་པ་ལམ་དང་འགོག་པ་གཉིས་ཀྱི་་་་་་་་མཚན་ཉིད་ཀྱི་ནང་ནས་གང་ཞིག འདོད་ཆགས་དང་བྲལ་བའི་འགོག་བདེན་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཐེག་པ་གསུམ་པོའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ན། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འཇིག་རྟེན་ན་ཕྱི་མའི་མཐའི་མུ་དང་མཉམ་པར་ནམ་ཡང་མི་ཟད་པའི་སྐྱབས། འདུས་མ་བྱས་པས་རྟག་པའི་སྐྱབས། རྒ་བ་མེད་པས་གཡུང་དྲུང་གི་སྐྱབས། བསླུ་བ་མེད་པས་དོན་དམ་པའི་སྐྱབས་ནི་ཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་རྒྱས་པར་འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། ། གསུམ་པོ་དེ་ལ་དཀོན་མཆོག་ཟེར་བའི་རྒྱུ་མཚན་ཅི་ཞེ་ན་རྒྱུ་རྣམ་པ་དྲུག་སྟེ།འབྱུང་བ་དཀོན་པའི་ཕྱིར་དང་དྲི་མ་མེད་པའི་ཕྱིར་དང༌། མཐུ་དང་ལྡན་པའི་ཕྱིར་དང་འཇིག་རྟེན་གྱི། རྒྱན་དུ་གྱུར་པའི་ཕྱིར་དང་མཆོག་ཉིད་ཀྱི་ཕྱིར་དང༌། འཇིག་རྟེན་ཆོས་བརྒྱད་ཀྱིས་འགྱུར་བ་མེད་པའི་ཕྱིར་ན་དཀོན་མཆོག་ཉིད་དོ། །མདོར་བསྡུ་ན་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་དྲུག་གིས་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་དཀོན་མཆོག་གསུམ་པོ་འདི་རིན་པོ་ཆེ་དང་འདྲ་བར་བརྗོད་དེ། འདི་ལྟ་སྟེ། འབྱུང་བ་དཀོན་པར་ཆོས་མཐུན་པས་ནི་བསྐལ་པ་ཡོངས་སུ་འགྱུར་བ་མང་པོར་ཡང་དཀོན་མཆོག་དང་འཕྲད་པའི་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དེ་དང་་་་་འཕྲད་པ་མི་འཐོབ་པའི་ཕྱིར་རོ། །དྲི་མ་མེད་པར་ཆོས་མཐུན་པས་ནི་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པར་ཆོས་མཐུན་པས་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་གྱུར་པར་ཆོས་མཐུན་པས་ནི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགའ་ཞིང་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པས་ནི། འཇིག་རྟེན་ལས་འདས་པའི་ཕྱིར་རོ། །བསྟོད་པ་དང་སྨད་པ་ལ་སོགས་པས་རྣམ་པར་མི་འགྱུར་བར་ཆོས་མཐུན་པས་ནི་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དཀོན་མཆོག་གསུམ་བསྟན་པའི་རྗེས་ཐོགས་ལ། དཀོན་མཆོག་གསུམ་འབྱུང་བའི་རྒྱུ་དང་རྐྱེན་ཁམས་དང་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་ཏེ་གནས་ལྷག་མ་བཞི་པོ་གང་དག་ཡིན་པ་དེ་དག་ཡོད་ན་འཇིག་རྟེན་པའི་རྣམ་པར་དག་པ་བསམ་གཏན་གཟུགས་མེད་དང་འཇིག་རྟེན་ལས་འདས་པ་ཐེག་པ་གསུམ་པོའི་རྣམ་པར་དག་པ་སྐྱེ་བའི་གནས་དཀོན་མཆོག་གསུམ་དང་དཀོན་མཆོག་གསུམ་པོ་དེ་སྐྱེ་བར་འགྱུར་བ་དེའི་དབང་དུ་བྱས་ནས། ཚིགས་སུ་བཅད་པ། དྲི་བཅས་དེ་བཞིན་ཉིད་དག་རྒྱུ་ཁམས་དང་དང་དྲི་མ་མེད་པ་བྱང་ཆུབ་དང༌། དྲི་མེད་ཀྱི་སངས་རྒྱས་དེའི་ཡོན་ཏན་སྟོབས་སོགས་དང་རྒྱལ་བའི་མཛད། སྟེ་གནས་ལྷག་མ་བཞི་པོ་གང་ལས་དཀོན་མཆོག་དགེ་བ་གསུམ་བྲལ་འབྲས་སུ་འབྱུང་པ། བཞི་པོ་དེ་ཡང་རྒྱུ་མཚན་བཞིའི་སྒོ་ནས་དོན་དམ་གཟིགས་པ་རྣམས་ཐམས་ཅད་མཁྱེན་པ་རྣམས་ཀྱི་ཡུལ་ཉིད་དོ།། འདིས་ཅི་ཞིག་གསལ་བར་བྱས་ཤེ་ན། དཀོན་མཆོག་གསུམ་པོ་འདི་ཡི་རྒྱུའམ་རིགས། བཞི་པོ་འདི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ་རྒྱུ་རྐྱེན་བཞི་པོ་དེ་ཡང་རྣམ་བཞི་གོ་རིམ་བཞིན། རྒྱུ་མཚན་བཞི་ཡིས་ནི་བསམ་མི་ཁྱབ། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། གློ་བུར་གྱི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་གཞི་དང་ལམ་གྱི་གནས་སྐབས་ལ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི། སྔར་གྱི་དྲི་བཅས་དེ་ཉིད་དྲི་མ་དང་བྲལ་བ་འབྲས་བུའི་དུས་ན་སངས་རྒྱས་ཀྱི་སར་དྲི་བཅས་ཀྱི་གནས་དྲི་མེད་དུ་ཡོངས་སུ་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་འདུས་པ་ཉིད་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །
དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་གདོད་ནས་དབྱེར་མེད་དུ་ཡོད་པ་འཇིག་རྟེན་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་ཏེ། ཁམས་སམ་རྒྱུ་རིགས་གང་ཞིག་ལས་དག་རྒྱུ་ནམ་ཡང་མེད་པར་མ་གྱུར་ཅིང་དག་རྐྱེན་བྱང་ཆུབ་ཆད་པ་མེད་ལ་དག་རྐྱེན་ཡོན་ཏན་རྒྱུན་མ་ཆད་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་ལུང་བསྟན་པའི་གཏམ་དག་རྐྱེན་འཕྲིན་ལས་རྒྱུན་མི་འཆད་པའོ། །ལྷག་མའི་གནས་བཞི་པོ་འདི་དག་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱུ་མཚན་བཞིས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པའི་ཡུལ་ཡིན་ནོ། །ཞེས་བརྗོད་དོ། །རྒྱུ་མཚན་བཞི་པོ་གང་དག་གིས་ཞེ་ན། ཁམས་རང་བཞིན་གྱིས་དག་པ་དང་ཡང་ཉོན་མོངས་པ་དང་ལྡན་ཕྱིར། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་ཕྱིས་ཡང་དག་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཡོན་ཏན་ནི་སོ་སྐྱེའི་ས་ལ་ཡང་རྣམ་པར་དབྱེ་བ་མེད་པར་ཡོད་པའི་ཆོས་ཉིད་ཀྱི་ཕྱིར་དང༌། མཛད་པ་ཐམས་ཅད་ལྷུན་གྲུབ་དུ་མཛད་ཀྱང་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལ་ཏིལ་དང་ཏིལ་མར་བཞིན་དུ་དྲི་མ་དང་འདྲེས་པའི་སངས་རྒྱས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་གཅིག་ཆར་དུས་གཅིག་ཏུ་རང་བཞིན་པའི་ཉོན་མོངས་མེད་པས་རྣམ་པར་དག་པ་ཡང་ཡིན་ལ་གློ་བུར་གྱི་སྒྲིབ་པས་ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར་གནས་དྲི་མེད་དྲི་བཅས་འདི་རྟོག་གེས་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་རང་སངས་རྒྱས་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དཔལ་ཕྲེང་གི་མདོར་ལྷ་མོ་ཆོས་འདི་གཉིས་ནི་རྟོག་གེས་རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ་འདི་རྟོགས་པར་དཀའ་བ་དང༌། སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་ཅིང་ཕན་བྱེད་པའི་ཡེ་ཤེས་དང་ལྡན་པ་པ་ནི་ཁྱོད་དེ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་ཤན་ཕྱེད་ཅིང་རྟོགས་པར་བྱ་བ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །
དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་རང་བཞིན་གྱིས་ཡོད་པའི་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་ཕྱིས་ཀྱང་གློ་བུར་གྱི་དྲི་མ་རྣམ་པར་དག་པར་འགྱུར་རྒྱུ་ཅིག་བྱུང་བའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་པོ། །གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་སྔར་གྱི་དེ་ཁོ་ན་ཉིད་བཞིན་ཕྱིས་ཀྱང་ཤེས་པའོ། །ཡེ་ནས་སངས་རྒྱས་དེས་ན་སྐད་ཡང་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ཕྱིས་སངས་རྒྱས་སོ་ཞེས་བྱ་བ་གཅིག་ཀྱང་བྱུང་བར་གསུངས་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་རྣམ་པ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་གདོད་ནས་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་མ་སོ་སྐྱེ་དང་ཕྱི་མ་སངས་རྒྱས་པའི་ཚུལ་ལ་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། རྒྱུ་མཚན་གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་ཚང་བར་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་དྲུག་ན་འགའ་ཙམ་ཡང་མེད་དོ། །ཚང་བར་ཡོད་པ་འོན་ཀྱང་མཐོང་བ་ནི་འདུ་ཤེས་ཀྱི་བདག་གཉིས་སུ་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་བསྒྲིབས་པའི་ཕྱིར་སེམས་ཅན་རྣམས་ཀྱིས་རང་ལ་ཡོད་པར་མི་མངོན་ནོ། །འདུ་ཤེས་ཀྱིས་འཛིན་པ་དང་བྲལ་བ་ལས་ནི་གདོད་ནས་རང་ལ་ཡོད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་གང་ལ་ཡང་ཐོགས་པ་མེད་པ་མངོན་སུམ་དུ་རབ་ཏུ་འབྱུང་ངོ༌། །སེམས་ཅན་ལ་ཡེ་ཤེས་ཡེ་ནས་ཡོད་པའི་དཔེ་ཕལ་པོ་ཆེ་ལས་ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ།ཡེ་ཤེས་ལེའུ་མཆོག་མི་འགྱུར་ལས། སྟོང་གཅིག་ཅེས་བྱ་བ་ནི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་ནས་འོག་ཏུ་སྟོང་ཕྲག་རེ་རེ་སྟེ་འོག་དང་སྟེང་བཞིན་དུ་ཤར་དང་ནུབ་དང་བྱང་དང་ལྷོ་དང་བདེན་བྲལ་དང་དབང་ལྡན་དང་རླུང་དང་མེར་རོ། །དེ་བཞིན་དུ་སྟོག་ཕྲག་གཉིས་དང་གསུམ་མོ། །དེ་ནས་སྟོང་ཆེན་པོ་ཞེས་བྱ་བ་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ཏེ་མཐའ་ཡས་སོ། །འདི་དག་ས་བཅུ་པའི་མདོ་དང་ཆོས་མངོན་པར་གསུངས་པ་རྣམས་དང་མི་མཐུན་ཡང་མདོ་སྔགས་ཀྱི་ཁྱད་པར་ཡིན་པས་སྐྱོན་མེད་དོ། །དཔེར་ན་གླིང་བཞི་པ་སྟོང་ལ་སྟོང་གཅིག་སྟེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཆེན་པོ་ཞེས་པའི་ཚུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་ཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་དར་སྤར་མ་བཞིན་དུ་དང་པོ་ནས་རི་མོ་དོད་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་དང་པོ་ནས་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུའི་གླིང་གི་ཚད་དུ་འཛམ་བུ་གླིང༌། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང༌། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང༌། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། འདོད་པ་ན་སྤྱོད་པའི་ལྷ་དྲུག་པོའི་གཞལ་ཡས་ཁང༌། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །
གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་ཚད་དུ་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབས་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཅི་ལྟར་རྡུལ་ཕྲ་རབས་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབས་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཉིད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། ། དེ་ནས་དར་ཡུག་དེ་འབྱིན་པ་ལ་མཁས་པ་འཛངས་པ། ཤེས་རབ་གསལ་བ་ཡིད་རྩེ་གཅིག་ཏུ་གཞུངས་ཤིང་འགྲུས་པ་དེས་འབྱིན་པའི་ཐབས་ལ་འབད་པ་དེར་བློ་ཉེ་བར་ཞུགས་པའི་ཤེས་རབ་ཀྱི་དཔྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། སྐྱེས་བུ་དེའི་མིག་དར་ཡུག་ཡོད་པར་མཐོང་བའི་ལྷའི་མིག་ཏུ་གྱུར་ཅིང་རྡུལ་ཕྲན་ཀུན་ཏུ་དར་ཡུག་ཡོད་པར་མཐོང་བའི་མིག་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟ་སྟེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབས་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབས་ཀྱི་རྡུལ་འདི་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས་དེ་བརྩོན་པ་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབས་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་འཁོ་བར་བྱེད་ཅིང་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབས་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དཔེ་དར་ཡུག་དང་འདྲ་བར་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས། ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་རྡུལ་ཕྲན་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་སེམས་ཅན་རང་རང་གི་རང་བཞིན་དུ་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སྒྲིབ་བྱེད་དྲི་མའི་སེམས་རྒྱུད་ཀྱི་དེ་དག་ཀྱང་སྒྲིབ་བྱ་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །
སེམས་ཅན་རང་རང་གི་ངོ་བོ་ཡིན་པའི་སངས་རྒྱས་ཡེ་ནས་ཡོད་པ་དེ་ལྟ་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་རང་རང་གི་བདག་ཉིད་དུ་གདོད་ནས་ཡོད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ངོ་བོ་ཙམ་ཡང་མི་ཤེས་ཡོན་ཏན་ཐམས་ཅད་ཀྱང་རབ་ཏུ་མི་ཤེས་ཤིང༌། རང་གི་རྒྱུད་ལ་ཉམས་སུ་མི་མྱོང་མངོན་དུ་མི་བྱེད་དོ། །དེས་ན་དར་ཡུག་མཐོང་བའི་སྐྱེས་བུ་དང་འདྲ་བར་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་གནས་པ་རྣམ་པར་གཟིགས་ནས་དེ་ཉིད་སྟོན་པའི་སློབ་དཔོན་གྱི་འདུ་ཤེས་སུ་འགྱུར་ཏེ། ཀྱེ་མ་ཨ་ཙ་མ་ལ་སེམས་ཅན་འདི་དག་ནི་དྲི་མ་དང་ཡེ་ཤེས་གཉིས་ལས་མི་སྲིད་ཅིང་གང་རུང་ཅིག་རང་གི་ངོ་བོ་ཡིན་དགོས་པ་ལ་དྲི་མ་ནི་སྤང་རྒྱུ་ཡིན་ཞིང་ཡེ་ཤེས་ནི་དག་རྒྱུ་ཡིན་པས་དྲི་མ་བསལ་ནས་དག་པའི་ངོ་བོ་ཡིན་པ་ལས་འོས་མེད་པའི་ཕྱིར་རང་རང་གི་ངོ་བོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཚང་བ་མེད་པར་རང་བཞིན་དུ་ཡོད་ཀྱང་དྲི་མས་བསྒྲིབས་པས་རང་གིས་མི་ཤེས་པ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་གདོད་མ་ནས་རང་ཆས་སུ་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་འདི་དག་ལ་འཕགས་པའི་ལམ་རྡོ་རྗེ་ཕྲ་མོ་དང་འདྲ་བར་ཉེ་བར་བསྟན་པས། གང་ཟག་དང་ཆོས་ཀྱི་དངོས་པོར་ཞེན་པའི་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་སེལ་བར་བྱེད་པ་སྟེ། དཔེ་ཇི་ལྟར་སངས་རྒྱས་རང་ཉིད་སྔར་དྲི་མའི་སྦུབས་ན་གནས་པའི་ཚེ་དྲི་མ་སེལ་བའི་ལམ་ལ་ཞུགས་ནས་ལམ་བདེན་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་རང་གི་ངོ་བོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རང་ཉིད་རང་གི་གནས་ལུགས་གཙང་བདག་བདེ་དང་རྟག་པ་སོ་སོར་མངོན་པར་ཤེས་ཤིང་སངས་རྒྱས་དྲི་མ་བསལ་ཟིན་པའི་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་བཞིན་དུ། སེམས་ཅན་དེ་དག་ལ་རང་གི་ངོ་བོ་དེ་བཞིན་གཤེགས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་བསྒོམ་པའི་ལམ་བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལས་བཟློག་པར་བྱེད་དོ། །
འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི། ཐོག་མ་མེད་པ་ནས་རང་གི་བོ་བོར་གནས་པ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་རང་དོན་མཐར་ཕྱིན་པ་དེ་གཞན་དོན་ནི་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་རྒྱལ་བའི་མཛད་པ་ནི་དུས་ཅིག་ཆར་གདུལ་བྱའི་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ལ་དུས་གསུམ་པོ་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བག་ཆགས་ཀྱི་བསམ་པ་ཇི་ལྟ་བ་དང་གདུལ་བྱ་རབ་འབྲིང་ཐ་མ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཐབས་ཀྱི་རྣམ་པ་མ་ཚང་བ་མེད་ཅིང་རང་རང་གི་སྐལ་བ་དང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སེམས་ཅན་དག་རྒྱུ་རྣམས་དག་པ་ལ་གཞུག་པའི་དོན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་དག་པར་བྱེད་པའི་རྐྱེན་ནི་ཚད་མེད་པ་ཡིན་ཡང་མདོར་བསྡུས་པ་ཙམ་གྱི་སྒོ་ནས་ཚད་དང་ལྡན་པར་བསྟན་མོད་ཀྱི་རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཡང་དག་པའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི། རྟོག་གེས་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ཐམས་ཅད་ཀྱིས་མཐའ་གཅིག་ཏུ་ཤེས་པར་བྱ་བ་མ་ཡིན་པ་ཡི་གེས་མཐའ་དག་ཏུ་གྲུབ་པར་བརྗོད་དུ་མེད་པ། སངས་རྒྱས་ལས་གཞན་གྱིས་ལས་དེ་ལྟ་བུ་བསྒྲུབ་པར་དཀའ་བ། དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཁམས་དག་མ་དག་ཐམས་ཅད་གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གནས་པ། གློ་བུར་གྱི་དྲི་མ་དང་བྲལ་ཟིན་པའི་སངས་རྒྱས་ཐམས་ཅད་དང་འཕྲིན་ལས་མཉམ་པ་ཉིད་དུ་རྗེས་སུ་ཐོབ་པ། སྤྲོས་བཅས་ཀྱི་འབད་རྩོལ་དང་བྱ་བ་ཐམས་ཅད་ལས་འདས་པ་རྒྱ་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པ། ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཡིན་པ་ཉིད་ཀྱིས་ཆོས་དབྱིངས་ལས་ཐ་དད་དུ་དབྱེར་མེད་ཅེས་བྱ་བ་ནས་ནོར་བུ་བཻཌཱུརྱ་རྣམ་པར་དག་པ་དཔེར་མཛད་ནས་རྒྱས་པར་བསྟན་ཏེ། རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཐམས་ཅད་དུ་སྐྱོན་གྱིས་ཁ་ན་མ་ཐོ་བ་མེད་པ། དུས་གསུམ་དང་རྗེས་སུ་འབྲེལ་པ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ།། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུའི་རྣམ་འགྱུར་ནི་འདུས་མ་བྱས་པས་ནམ་མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཀུན་ཏུ་སྟོན་ཏོ། །གསུང་བྲག་ཆ་ལྟར་རྟོག་པས་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམ་པར་རིག་པ་རང་རང་གི་སྐད་རིགས་མི་འདྲ་བ་ཇི་སྙེད་ཡོད་པ་དེ་སྙེད་ཇི་ལྟ་བ་བཞིན་རང་རང་སོ་སོའི་སྐད་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །
སེམས་ཀྱི་དངོས་པོར་འཛིན་པའི་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་དང་དབང་པོ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །རྟོགས་བྱ་ཁམས་དང་རྟོགས་པ་བྱང་ཆུབ་དང་བྱང་ཆུབ་དེ་ཡི་ནི་ཡན་ལག་ཡོན་དང་གཞན་དག་རྟོགས་པར་བྱེད་པ་ཕྲིན་ལས་རྣམས་ཡིན་པའི་ཕྱིར་ཏེ། དེ་དག་གོ་རིམ་ཅི་བཞིན་གནས་གཅིག་ཁམས་ནི། དག་རྒྱུ་ལྷག་མ་གསུམ་ནི་དག་པར་བྱེད་པའི་རྐྱེན་ཡིན་ནོ། །བརྗོད་བྱ་དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང་བདེན་གཉིས་ཀྱི་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར། གནས་བཞིའི་དང་པོ་ཁམས་ནི་སྒྲིབ་པ་དང་བྲལ་ནས་རྟོགས་པར་བྱ་བ་དག་པར་བྱ་རྒྱུའི་གནས་སུ་བལྟ་བར་བྱའོ། །དེ་དྲི་མ་དང་བྲལ་ནས་རྗེས་སུ་རྟོགས་པ་ནི་རྟོགས་པ་ཡིན་པའི་ཕྱིར། གཉིས་པ་བྱང་ཆུབ་ཀྱི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་ནི། སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། གསུམ་པ་བྱང་ཆུབ་ཀྱི་ཡན་ལག་གི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཉིད་ཀྱིས་གཞན་དག་རྟོགས་པར་བྱེད་པའི་ཕྱིར་བཞི་པ་རྟོགས་པར་བྱེད་པའི་གནས་སོ། །དེ་ལྟར་གནས་བཞི་པོ་འདིའི་དབང་དུ་བྱ་སྟེ་ཁམས་དག་པར་བྱ་རྒྱུ་དང་གསུམ་དག་པར་བྱེད་པའི་རྐྱེན་གྱི་དངོས་པོས་རྒྱུ་རྐྱེན་དེ་དག་གིས་དྲི་མ་དང་བྲལ་བར་བྱས་པའི་བྲལ་འབྲས་དཀོན་མཆོག་གསུམ་གྱི་རིགས་རྣམ་པར་བཞག་པར་རིག་པར་བྱའོ། །རྒྱུ་ལ་དག་རྒྱུ་དང་རྐྱེན་བྱེད་ཀྱི་རྒྱུ་གཉིས་ཡོད་པ་ལྟར་ས་བོན་ལ་ཡང་དག་བྱའི་ས་བོན་དང་བསྐྱེད་བྱེད་ཀྱི་ས་བོན་གཉིས་སོ། །དེ་ལ་གནས་བཞི་པོ་འདི་དག་ལས། དང་པོ་དྲི་མ་དང་སངས་རྒྱས་ཚོགས་པའི་དོན་དག་རྒྱུ་སེམས་ཅན་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དག་པའི་བྱ་བའི་ས་བོན་ཡིན་པའི་ཕྱིར་སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ཀྱིས། དེ་རྣམ་པར་དག་པ་ལ་བརྟེན་ནས་དག་འབྲས་དཀོན་མཆོག་གསུམ་གྱི་དག་རྒྱུར་རྟོགས་པར་བྱ་སྟེ། འདིར་རྒྱུ་དང་ས་བོན་ནི་རྣམ་གྲངས་སོ། །དེ་ལྟར་གནས་གཅིག་ནི་དཀོན་མཆོག་གསུམ་གྱི་དག་རྒྱུ་ཡིན་ནོ། །ཇི་ལྟར་གསུམ་དཀོན་མཆོག་གསུམ་གྱི་དག་པའི་རྐྱེན་ཡིན་ཞེ་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་གཏི་མུག་གི་གཉིད་སད་པར་བྱེད་པ་ལ་སོགས་པ་རྣམ་པ་སུམ་བཅུ་རྩ་གཉིས་མཛད་པས། དག་རྒྱུའི་སེམས་ཅན་དེ་ཉིད་དག་པར་བྱེད་པའི་རྐྱེན་སློབ་དཔོན་གཞན་གྱི་སྒྲ་ཐོས་པ་ལ་བརྟེན་པས་ཁམས་དེ་རྣམ་པར་དག་པ་བྱང་ཆུབ་ཡོན་ཏན་ཕྲིན་ལས་རྣམས་ལ་བརྟེན་ནས། དག་འབྲས་དཀོན་མཆོག་གསུམ་དྲི་བྲལ་དུ་འབྱུང་བའི་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ནོ། །
འདི་ཕན་ཆད་ནི་གཞུང་ལྷག་མས་གནས་བཞི་པོ་འདི་དག་ཉིད་ཀྱི་མཐར་གྱིས་རྣམ་པར་དབྱེ་བ་རྒྱས་པར་སྟོན་པར་རིག་པར་བྱའོ། །བསྟན་བཅོས་འདིའི་བརྗོད་བྱ་དོན་གྱིས་གནས་བཞི་པོ་དེ་ལ་དང་པོ་ཁམས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་གནས་སྐབས་གསུམ་ལས་མི་འདའ་བས་མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་དག་པའི་གནས་སྐབས་ན་སེམས་ཅན་ཐམས་ཅད་ནི་དུས་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་མདོ་ལས་གསུངས་པ་གང་ཡིན་པ་དེ་གནས་སྐབས་གསུམ་གྱི་དོན་གང་ཡིན་ཞེ་ན། ཤིན་ཏུ་དགེ་བའི་གནས་སྐབས་སུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་འཕྲོ་བའི་ཕྱིར་དང༌། མ་དག་པ་སེམས་ཅན་གྱི་གནས་སྐབས་སུ་སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་ངོ་བོ་དབྱེར་མེད་པའི་ཕྱིར་དང༌། མ་དག་དག་པ་བྱང་ཆུབ་སེམས་དཔའི་སྐབས་སུ་དེ་བཞིན་གཤེགས་ཏེ་རིགས་ཡོད་པའི་ཕྱིར་ན་བདེ་གཤེགས་སྙིང་པོའི་གནས་སྐབས་གསུམ་གྱིས་བསྡུས་པའི་ལུས་ཅན་ཀུན། སངས་རྒྱས་དང་སེམས་ཅན་དང་བྱང་ཆུབ་སེམས་དཔའི་དུས་རྟག་ཏུ་སངས་རྒྱས་སྙིང་པོ་ཅན་ནོ་འདིར་ཚིགས་བཅད་གཅིག་པུ་འདི་ཉིད་དུ་གཏན་ཚིགས་གསུམ་གྱིས་དམ་བཅའ་གཅིག་སྒྲུབ་པ་འདི་གནས་སྐབས་གསུམ་དུ་མ་ཕྱེ་ན་ལེའུ་དང་པོ་འདིའི་སྐབས་སུ་གོ་བ་ལོག་པའི་བཤད་པ་མང་པོ་བྱུང་ཉེན་ཡོད་དེ་ལེའུ་དང་པོའི་འདི་མན་ཆད་ནི་ཚིགས་བཅད་གཅིག་པུ་འདི་འབའ་ཞིག་གི་རྒྱས་བཤད་ཡིན་པའི་ཕྱིར་རོ། །མདོར་བསྡུ་ན་ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱི་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་གཞི་ལམ་འབྲས་བུའི་སྐབས་ཀྱི་དུས་རྟག་ཏུ་དེ་བཞིན་གཤེཊ་པའི་སྙིང་པོ་ཅན་ནོ། །
ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ཡང་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དུས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་པའི་དུས་སུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འཕྲོ་བའི་དོན་དང༌། ལམ་ལ་མ་ཞུགས་པའི་སེམས་ཅན་གྱི་དུས་སུ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་སེམས་ཅན་གྱི་དེ་བཞིན་ཉིད་ཡ་ང་བ་དང་ཡོན་ཏན་ལ་རྣམ་པར་དབྱེ་བ་མེད་པའི་དོན་དང༌། ལམ་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་དུས་སུ་དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། ། གནས་སྐབས་གསུམ་གྱིས་བསྡུས་པའི་དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་དེ་མ་ཐག་ཏུ་འོག་ནས་རྒྱས་པར་སྟོན་པར་འགྱུར་རོ། །དེ་མ་ཐག་ཏུ་འོག་ནས་རྒྱས་པར་འཆད་པར་འགྱུར་བ་རྣམས་ཀྱི་སྡོམ་ནི། བདེ་གཤེགས་སྙིང་པོའི་ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། ལྡན་པ་དང༌། འཇུག་པ་དང༌། གནས་སྐབས་ཀྱི་དོན་དང་དེ་བཞིན་དུ་ཀུན་ཏུ་འགྲོ་ཞིང་ཁྱབ་པའི་དོན་དང༌། སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་དུས་རྟག་ཏུ་མི་འགྱུར་བའི་དོན་དང་ཕྱི་ཁྱད་མེད་པར་ཡོན་ཏན་དབྱེར་མེད་པའི་དོན་རྣམ་པ་བཅུ་ནི། དོན་དམ་དབྱིངས་ཀྱི་དགོངས་པའི་དོན་ཡིན་པར་ཤེས་པར་བྱའོ། །
འོག་ནས་འཆད་འགྱུར་རྣམས་སྐབས་འདིར་མདོར་བསྡུས་ན། བདེ་གཤེགས་སྙིང་པོའི་དོན་རྣམ་པ་བཅུ་ལ་དགོངས་ནས་དེ་ཁོ་ནའི་སོ་སོ་རང་རིག་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པ་དེ་བཞིན་གཤེགས་པའི་ཁམས་དོན་བཅུར་རྣམ་པར་བཞག་པར་རིག་པར་བྱའོ། །དོན་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་ཆོས་ཀྱི་དབྱིངས་ཕྱིར་རྒྱ་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་ཀྱི་ངོ་བོའི་དོན་དང༌། རྒྱུ་ཡིན་པའི་དོན་དང༌། འབྲས་བུ་ཡིན་པའི་དོན་དང༌། བྱེད་ལས་ཀྱི་དོན་དང༌། ཡོན་ཏན་དང་ལྡན་པའི་དོན་དང༌། གནས་སྐབས་གསུམ་གྱི་གང་ཟག་དེ་ལ་འཇུག་པའི་དོན་དང༌། སེམས་ཅན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གནས་སྐབས་ཀྱི་རབ་ཏུ་དབྱེ་བའི་དོན་དང༌། གནས་སྐབས་དེ་དག་ལ་ཀུན་ཏུ་འགྲོ་བའི་དོན་དང༌། སྔ་ཕྱི་ཁྱད་མེད་པར་རྟག་ཏུ་མི་འགྱུར་བའི་དོན་དང༌། དུས་ནམ་ཡང་ཡོན་ཏན་དབྱེ་བ་མེད་པར་ཡོད་པའི་དོན་ནོ། །དེ་ལ་སྔར་བསྟན་པའི་ངོ་བོའི་དོན་གསུམ་གྱི་དཔེ་དང༌། རྒྱུའི་དོན་བཞི་ལས་བརྩམས་ནས་ཚིགས་སུ་བཅད་པ། ཆོས་སྐུའི་དཔེ་རིན་ཆེན། དེ་བཞིན་ཉིད་ཀྱི་དཔེ་དང་རིགས་ཀྱི་དཔེ་ནི་ནམ་མཁའ། ཆུ་དག་པ་བཞིན་ནོ། །དོན་གསུམ་ཀ་ཡང་རྟག་ཏུ་རང་བཞིན་གྱི་ཉོན་མོངས་པ་དཔེ་གསུམ་བཞིན་ནོ་མེད། རྒྱུའི་དོན་བཞི་པོ་ཆོས་ལ་མོས་པ་དང་ལྷག་པའི་ཤེས་རབ་དང༌། ཏིང་ངེ་འཛིན་དང་སྙིང་རྗེ་བཞིས་སྒྲིབ་པ་བཞི་ལས་བྱུང་པའོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་སྟོན་ཞེ་ན། རིམ་པ་ལྟར་མཐུ་ཆེ་བ་དང༌། གཞན་དུ་མི་འགྱུར་བ་དང༌། སྙིང་རྗེས་བརླན་པའི་ངོ་བོ་གསུམ་པོ་དེའི་རང་བཞིན་ཡིན་པའི་ཕྱིར། ཆོས་སྐུ་དེ་བཞིན་ཉིད་དང་རིགས།་འདི་དག་ཡིད་བཞིན་གྱི་ནོར་བུ་དང་ནམ་མཁའ་དང༌། ཆུ་ཡི་ཡོན་ཏན་དང་ཆོས་མཐུན་ཉིད་དུ་བསྟན་ཏོ། །
འདིར་དཔེ་ལས་མི་བསྟན་པ་དོན་གསུམ་པོ་འདི་དག་ནི་འདིར་སྔར་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་ཞེས་པ་དེར། བསྟན་ཟིན་པ་དེ་ཡིན་སྟེ། དོན་གསུམ་པོ་འདི་དག་ལ་གོ་རིམ་ཇི་ལྟ་བ་བཞིན་ཁོ་ནར་དཔེ་རེ་རེ་ལ་རང་་རང་གི་མཚན་ཉིད་འདྲ་ལུགས་སོ་སོར་སྦྱར་བ་རེ་དང༌། སྤྱིའི་མཚན་ཉིད་དོན་རེ་རེ་ཡང་དཔེ་གསུམ་ཀ་དང་འདྲ་བ་ལས་བརྩམས་ནས། དེ་བཞིན་གཤེགས་པའི་ཁམས་ནི་སངས་རྒྱས་པའི་སྐབས་སུ་ཆོས་སྐུ་ཡིད་བཞིན་གྱི་ནོར་བུ་འདྲ་བ་དང༌། སེམས་ཅན་གྱི་སྐབས་སུ་དེ་བཞིན་ཉིད་ནམ་མཁའ་འདྲ་བ་དེ། བྱང་ཆུབ་སེམས་དཔའི་སྐབས་སུ་དེ་བཞིན་ཕྱེ་བའི་རིགས་ཆུ་རྣམ་པར་དག་པ་འདྲ་བའི་ཡོན་ཏན་དང༌། ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་རེ་ཤིག་འབྲས་བུ་མཐར་ཕྱིན་པའི་སྐབས་སུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ནི། རང་གཞན་གྱི་བསམ་པའི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པ་ལ་སོགས་པའི་མཐུ་ཤིན་ཏུ་ཆེ་བའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས། དགོས་འདོད་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །
གཞི་སེམས་ཅན་གྱི་སྐབས་སུ་དེ་བཞིན་ཉིད་ལ་ནི་ངོ་བོ་དང་ཡོན་ཏན་གཞན་དུ་འགྱུར་བ་མ་ཡིན་པ་ཉིད་ཀྱི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ནས་འདུས་མ་བྱས་པའི་ནམ་མཁའ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །ལམ་བྱང་ཆུབ་སེམས་དཔའི་སྐབས་སུ་དེ་བཞིན་གཤེགས་པའི་རིགས་གཙང་བ་དམ་པར་མོས་པ་ལ་སོགས་པ་ལ་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་བརླན་པའི་རང་གི་ངོ་བོ་ཉིད་ཀྱིས་རང་གི་མཚན་ཉིད་ལས་བརྩམས་ནས། ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །འདིར་དོན་གསུམ་པོ་ཐམས་ཅད་ཀྱང་རང་གི་རང་བཞིན་དུ་གྱུར་པའི་ཉོན་མོངས་པ་གདོད་ནས་ཡོད་མ་མྱོང་བས་རྟག་ཏུ་རང་བཞིན་གྱིས་ཤིན་ཏུ་ཉེ་བར་ཉོན་མོངས་པ་མེད་པ་རང་བཞིན་གྱིས་ཡོངས་སུ་དག་པའི་སྤྱིའི་མཚན་ཉིད་ལས་བརྩམས་ནས། དོན་གསུམ་པོ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་དང༌། ནམ་མཁའ་དང༌། ཆུ་རྣམ་པར་དག་པའི་ཡོན་ཏན་དང༌། ཆོས་མཐུན་པར་རིག་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་འདིའི་ཕྱེད་འོག་མས་ཅི་བསྟན་ཞེ་ན། ཆོས་པ་ལ་ཁོང་ཁྲོ་བའི་སྒྲིབ་པ་བདག་ཏུ་ལྟ་བའི་སྒྲིབ་པ་དང༌། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པའི་སྒྲིབ་པ་དང༌། སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པ་ཉིད་ཀྱི་སྒྲིབ་པ་སྟེ་རིམ་པ་ལྟར། འདོད་ཆེན་པ་དང་མུ་སྟེགས་པ་དང་ཉན་ཐོས་དང༌། རང་བྱུང་སྟེ་རང་སངས་རྒྱས་རྣམས་ཀྱི་སྙིང་པོ་སྒྲིབ་པར་བྱེད་པའི་སྒྲིབ་པ་རྣམ་པ་བཞི་པོ་འདི། དག་པར་བྱེད་པའི་རྒྱུ་ཐེག་ཆེན་ལ་གཙང་བདག་བདེ་དང་རྟག་པ་ཉིད་དུ་ལྷག་པར་མོས་པ་ལ། སོགས་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་ཆོས་དག་རྒྱུའི་ཡོན་ཏན་ནི་རྣམ་པ་བཞི་ཉིད་དོ།། སེམས་ཅན་ཐམས་ཅད་མདོར་བསྡུ་ན། སེམས་ཅན་གྱི་ཚོགས་ན་སེམས་ཅན་རྣམ་པ་འདི་གསུམ་ཡོད་དེ། སྲིད་པ་འདོད་པའི་ཚན་པ་དང༌། སྲིད་པ་དང་བྲལ་བ་འདོད་པའི་ཚན་པ་དང༌། དེ་གཉི་ག་མངོན་པར་མི་འདོད་པའི་ཚན་པའོ། །
སེམས་ཅན་ཐམས་ཅད་ཚན་པ་གསུམ་དུ་འདུས་པ་དེ་ལ་སྲིད་པ་འདོད་པ་དེ་ལ་ཡང་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐར་བའི་ལམ་དང་ཞེས་འགྲས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་གྱི་སེམས་ཅན་འཁོར་བ་ཉིད་འདོད་ཀྱི་མྱ་ངན་ལས་འདས་པ་ནི་མ་ཡིན་པའི་འདོད་ཆེན་པ་གང་དག་ཡིན་ཕྱོགས་པ་དང༌། དེར་ངེས་པར་ལྟུང་པའི་ནང་པའི་ཆོས་འདི་པ་ལ་བརྟེན་པའི་ཉན་ཐོས་ཉིད་དེ། ཉན་ཐོས་དེ་དག་ལས་ཁ་ཅིག་ཐེག་པ་ཆེན་པོ་བདེ་གཤེགས་སྙིང་པོའི་ཆོས་ལ་སྡང་བ་སྟེ། ཐེག་ཆེན་ལ་སྡང་བའི་ཉན་ཐོས་ནི་སྟོན་པའི་སློབ་མའི་ཁྱུ་ནས་བུད་པར་རིགས་པ་གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། ང་ནི་ཉན་ཐོས་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཤ་རིའི་བུ་དེ་དག་ནི་ཐེག་ཆེན་མི་འདོད་ཙམ་གྱི་མུན་པ་བས་ཀྱང་ཆེས་ཐེག་ཆེན་ལ་སྡང་བའི་མུན་པ། ཐེག་ཆེན་ལ་མི་འཇུག་པའི་མུན་པ་ནས་ཐེག་ཆེན་ལ་སྡང་བའི་མུན་པ་ཆེན་པོར་འགྲོ་བ། ཐེག་ཆེན་གྱི་སྣང་བ་དང་བྲལ་བའི་མུན་པ་ཆེན་པོ་དང་ལྡན་པའོ། །ཞེས་ང་སྨྲའོ། །ཞེས་རྒྱ་ཕུད་པའི་བཀའ་སྐྱོན་འཇིགས་པ་འདི་གསུངས་པ་ལ་དགོངས་པ་ཞུའོ། །དེ་ལ་སྲིད་པ་དང་བྲལ་བ་འདོད་པ་དེ་ལ་ཡང་ནི་རྣམ་པ་གཉིས་ཏེ། ཐབས་མ་ཡྀན་པ་ལ་ཞུགས་པའི་ཚན་པ་དང༌། ཐབས་ལ་ཞུགས་པའི་ཚན་པའོ། །དེ་ལ་ཐབས་མ་ཡྀན་པ་ལ་ཞུགས་པ་ཡང་རྣམ་པ་གསུམ་སྟེ། དེ་ལ་དང་པོ་ནི་ནང་པའི་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ། མུ་སྟེགས་ཀྱི་རིགས་ཙ་ར་ཀ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་ལ་སོགས་པ་རྣམ་པ་དུ་མའི་མུ་སྟེགས་པ་མང་པོ་དང༌། གཉིས་པ་མུ་སྟེགས་པ་དེ་རྣམས་དང་ལྟ་བ་མཐུན་པར་གྲུབ་མཐའ་ལ་སྤྱོད་པའི་ཆོས་ལུགས་འདི་པ་ཉིད་དུ་ཁས་ལེན་ཅིང་ནང་པ་ལ་དད་པ་ཙམ་ཡོད་ཀྱང་ཉེས་པར་གཟུང་པ་ལ་བདག་ཏུ་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་བདེ་གཤེགས་སྙིང་པོ་ལ་མི་མོས་པ་གང་ཟག་ལ་བདག་ཏུ་ལྟ་བ་སྟེ། གང་ལ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་པར་མེད་པ་ཡིན་ནོ།། ཞེས་གསུངས་པ་དང༌། གསུམ་པ་ནི་ཆད་སྟོང་ལ་ཡང་དག་ཏུ་རློམ་ཞིང་མངོན་པའི་ང་རྒྱལ་ཅན་དོན་དམ་ཡང་སྟོང་པ་ཉིད་དུ་ལྟ་བ་སྟེ། འདི་ལ་སྟོང་པ་ཉིད་དུ་ལྟ་བ་གང་དག་དོན་དམ་པར་གྲུབ་པ་བདེ་གཤེགས་སྙིང་པོ་དེའི་རྣམ་པར་ཐར་བའི་སྒོ་གཤིས་ལ་ཡོད་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་ཡང་སྟོང་པ་གང་ཡང་མེད་པ་ཉིད་དུ་ལྟ་བར་འགྱུར་བ་གང་གི་དབང་དུ་མཛད་ནས། དཀོན་བརྩེགས་ལས་འོད་བསྲུང་རྟག་ལྟ་བ་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་ཆད་ལྟ་བ་ལས་བླའི། ཡང་དག་གི་དོན་ཡང་གཤིས་ལ་མེད་སྙམ་དུ་འཛིན་པའི་ཆད་ལྟ་བ་མངོན་པའི་ང་རྒྱལ་ཅན་དོན་དམ་པར་ཐར་པ་ཡང་ཐར་བས་སྟོང་སྟོང་ཞིང་མེད་པ་ཉིད་དུ་ལྟ་བ་ནི་དེ་ལྟ་བུར་སླ་བ་མ་ཡིན་ནོ། །ཞེས་གསུངས་པའོ། །
དེ་ལ་སྲིད་པ་དང་བྲལ་བའི་ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་མཐུན་པ་ཡང་དག་པར་ཞི་བར་ངེས་པ་ཉིད་དུ་ཞུགས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ། །སྲིད་ཞི་དེ་གཉི་ག་མངོན་པར་མི་འདོད་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་པོའི་སེམས་ཅན་ཏེ། ཐེག་ཆེན་པ་གང་དག་འདོད་ཆེན་པ་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང༌། མུ་སྟེགས་པ་ལ་སོགས་པ་ལྟར་སྲིད་པ་དང་བྲལ་བར་བྱེད་པའི་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་མ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་ཞི་བ་འབའ་ཞིག་སྒྲུབ་པའི་ཐབས་དང་ལྡན་པར་གཏོགས་པ་ཡང་མ་ཡྀན་ཏེ། འོན་ཀྱང་འཁོར་བ་སྐྱོན་དུ་མི་རྟོག་པ་དང༌། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་མི་རྟོག་པས་སྲིད་ཞི་མཉམ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་སྟེ། དེ་དག་ནི་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པ་ལ་བསྟེན་པའི་བསམ་པ་ཅན། སེམས་ཉེ་བར་ཉོན་མོངས་པ་མེད་པའི་འཁོར་བར་བསམ་བཞིན་དུ་སྐྱེ་བ་ལ་བསྟེན་པའི་སྦྱོར་བ་ཅན། སྙིང་རྗེ་དང་ཉན་རང་ལས་ལྷག་པའི་བསམ་པ་བརྟན་པས་གཞན་དོན་ལ་རབ་ཏུ་གནས་པ་ཐབས་ཤེས་ཀྱི་རྩ་བ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཕུང་པོ་གསུམ་དུ་འདུས་པ་དེ་ལ་སེམས་ཅན་གང་དག་སྲིད་པ་འདོད་པ་འདོད་ཆེན་པ་དང༌། དེར་ངེས་པར་ལྟུང་པའི་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ།། གང་དག་སྲིད་པ་དང་བྲལ་བ་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །
གང་དག་སྲིད་པ་དང་བྲལ་བར་འདོད་པ། ཐབས་ལ་ཞུགས་པ་དང་ལྡན་པར་གཏོགས་པ་ཉན་རང་དང༌། སྲིད་ཞི་དེ་གཉི་ག་མངོན་པར་མི་འདོད་པ་འཁོར་འདས་མཉམ་པ་ཉིད་དུ་ཐོབ་པའི་ལམ་དུ་ཞུགས་པ་དེ་དག་ནི་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །སེམས་ཅན་གྱི་ཕུང་པོ་གསུམ་ཡོད་པ་དེ་ལ་ཐེག་པ་ཆེན་པོ་རང་གི་སྙིང་པོ་གཙང་བ་དམ་པ་ལ་སོགས་པ་ཤེས་པ་ལ་ཡང་དག་པར་རབ་ཏུ་གནས་པ་སངས་རྒྱས་འདོད་པའི་སེམས་ཅན་གཉེན་པོའི་ཆོས་བཞི་ཡོད་པས་སྤང་བྱའི་སྒྲིབ་པ་སྙིང་པོ་ལ་སྡང་བ་ལ་སོགས་པ་བཞི་མེད་པར་གཏོགས་པ་རྣམས་མ་གཏོགས་པ་བདེ་གཤེགས་སྙིང་པོ་རང་བཞིན་གྱིས་གཙང་བདག་བདེ་དང་རྟག་པར་ཤེས་ཤིང་མོས་པའི་བྱང་ཆུབ་སེམས་དཔའ་ལས་གཞན་དེ་ལྟར་མ་ཤེས་པ་དེ་ལྟར་ཡིད་མ་ཆེས་པའི་སེམས་ཅན་རྣམ་པ་བཞི་པོ་འདི་དག་འདི་ལྟ་སྟེ། འདོད་ཆེན་པ་དང༌། མུ་སྟེགས་པ་དང༌། ཉན་ཐོས་པ་དང༌། རང་སངས་རྒྱས་ཏེ། དེ་དག་ལ་ནི་རང་རང་གི་སངས་རྒྱས་ཀྱི་སྙིང་པོ་དེ་བཞིན་གཤེགས་པའི་ཁམས་ཇི་ལྟ་བ་བཞིན་དུ་གཙང་བདག་བདེ་དང་རྟག་པར་མི་རྟོགས་པ་དང༌། མངོན་སུམ་དུ་བྱེད་པར་མི་འགྱུར་བའི་སྒྲིབ་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྡང་བ་ལ་སོགས་པ་འདི་བཞི་ཡང་དག་པར་གནས་སོ། །སྒྲིབ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཐེག་ཆེན་ལ་སྡང་བའི་སྒྲིབ་པ་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་བདེ་གཤེགས་སྙིང་པོའི་ཆོས་ལ་གཙང་བ་དམ་པར་མོས་པ་བསྒོམ་པ། ཐེག་པ་ཆེན་པོའི་སྙིང་པོ་བྱང་ཆུབ་སྙིང་པོ་ཡེ་ཤེས་སྙིང་པོ་ཤེས་རབ་སྙིང་པོ་བདེ་གཤེགས་སྙིང་པོའི་ཆོས་ལ་སྡང་པ་འདོད་ཆེན་པ་རྣམས་ཀྱི་སྒྲིབ་པ་དང༌། བདག་ཏུ་ལྟ་བའི་སྒྲིབ་པ། གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཀུན་རྫོབ་ཀྱི་བདག་མེད་པ་རྟོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་གྱི་བདག་དམ་པ་བསྒོམས་པ། ཆོས་རྣམས་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་བྱེད་རྣམས་ཀྱི་སྒྲིབ་པ་དང༌། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པའི་སྒྲིབ་པ་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་སྙིང་པོ་བདེ་བ་དམ་པ་བསྒོམས་པ། འཁོར་བ་ལ་སྡུག་བསྔལ་བར་རབ་ཏུ་ཤེས་ཤིང༌། སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་དང༌། སེམས་ཅན་གྱི་དོན་ལ་མི་ལྟོས་པའི་སྒྲིབ་པ་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་རྟག་པར་དམ་པ་བསྒོམ་པ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ཤིང་སེམས་ཅན་གྱི་དོན་ལ་མི་ལྟོས་པ་ཉིད་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་སྟེ། དེ་ལྟར་བདེ་བར་གཤེགས་པའི་སྙིང་པོ་གཙང་བདག་བདེ་དང་རྟག་པ་དམ་པར་ཤེས་པའི་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་བཞི་པོ་གང་གི་གཉེན་པོར་གཙང་བ་དམ་པར་མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམས་ནས། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པའི་དོན་ཆོས་ཀྱི་སྐུ་གཙང་བདག་བདེ་དང་རྟག་པ་རྣམ་པར་དག་པ་མཐར་ཕྱིན་པ་ཐོབ་པར་འགྱུར་བ་ལས་བཟློག་པའི། སེམས་ཅན་རྣམ་པ་འདི་བཞིའི་སྒྲིབ་པ་ནི་རྣམ་པ་བཞི་པོ་འདི་དག་ཡིན་ནོ། །
སྒྲིབ་པ་བཞི་པོ་དེ་རྣམ་པར་དག་པའི་འབྲས་བུ་བཞི་འགྲུབ་པའི་རྒྱུ་མོས་པ་ལ་སོགས་པ་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་རིགས་སུ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་རོ།། ཅི་ལྟ་ཞེ་ན། བདེ་གཤེགས་སྙིང་པོའི་ཐེག་མཆོག་ལ་མོས་པ་ནི་ཆོས་སྐུའི་ས་བོན་དང་བདག་མེད་རྟོགས་པའི་ཤེས་རབ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་མ་དང་བསམ་གཏན་གྱི། བདེ་བའི་མངལ་དུ་གནས་པ་དང་སྙིང་རྗེའི་མ་མ་ཅན། གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སངས་རྒྱས་ཀྱི་སྲས་སོ། །དེ་ལ་མོས་སོགས་བཞི་པོ་དེའི་འབྲས་བུའི་དོན་དང་བདེ་གཤེགས་སྙིང་པོའི་བྱེད་ལས་ཀྱི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ། མོས་པའི་འབྲས་བུ་གཙང་བ་དང་ཤེས་རབ་ཀྱི་འབྲས་བུ་བདག་དང་བསམ་གཏན་གྱིས་འབྲས་བུ་བདེ་བ་དང་སྙིང་རྗེའི་འབྲས་བུ་རྟག་པ་ཉིད་ཀྱི། ཡོན་ཏན་ཕ་རོལ་ཕྱིན་པ་འབྲས་དག་རྒྱུའི་འཕྲིན་ལས། སྡུག་བསྔལ་གྱི་ཡིད་འབྱུང་ནས་ཞི་བ་ཐོབ་པར། འདུན་དང་སྨོན་པ་སྐྱེད་པའི་འཕྲིན་ལས་བྱེད་པར་ནུས་པ་ཅན་ནོ། །མོས་པ་ལ་སོགས་པ་བཞི་ནི་དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། མོས་པ་ལ་སོགས་པ་བཞི་པོ་འདི་དག་གི་འབྲས་བུ་ནི་མདོར་བསྡུ་ན། ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག རྣམ་པ་བཞི་ལས་བཟློག་པ་ཡྀ། གཉེན་པོས་རབ་ཏུ་ཕྱེ་བ་ཉིད། བྱང་ཆུབ་སེམས་དཔའ་གཙང་བ་དམ་པ་ལ་སོགས་པར་ཇི་ལྟ་བ་བཞིན་དུ་ཤེས་ནས་གཙང་བར་མོས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་རྒྱུར་བཤད་པའི་ཆོས་བཞི་པོ་གང་ཡིན་པ་དེ་དག་གི་སྒྲིབ་པ་བཞི་དང་བྲལ་བའི་་་་་་་་་འབྲས་བུ་ནི་མདོར་བསྡུ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའི་གཉེན་པོར་གྱུར་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་གཙང་བདག་བདེ་དང་རྟག་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞིར་བལྟའོ། །དེ་ལ་འཁོར་བའི་སེམས་ཅན་གང་ཞིག་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པའི་དངོས་པོ་མི་རྟག་པ་ལ་རྟག་གོ་སྙམ་པར་འདུ་ཤེས་པ་དང༌། སྡུག་བསྔལ་བ་ལ་བདེ་བའོ་སྙམ་པ་དང༌། བདག་གཉིས་མེད་པ་ལ་བདག་གོ་སྙམ་པ་དང༌། མི་གཙང་བ་ལ་གཙང་པའོ་སྙམ་པར་འདུ་ཤེས་པ་འདི་ནི་ཀུན་རྫོབ་ལ་ཕྱིན་ཅི་ལོག་རྣམ་པ་བཞི་ཞེས་བརྗོད་ལ། འདི་ལས་བཟློག་པ་ལ་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཞི་ཉིད་དུ་རིག་པར་བྱའོ། །རྣམ་པ་བཞི་གང་ཞེ་ན། འཁོར་བའི་གཟུགས་ལ་སོགས་པའི་དངོས་པོ་དེ་ཉིད་ལ་མི་རྟག་པའི་འདུ་ཤེས་དང༌། སྡུག་བསྔལ་བའི་འདུ་ཤེས་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་པའི་འདུ་ཤེས་དང༌། ཉོན་མོངས་པས་མི་གཙང་པའི་འདུ་ཤེས་གང་ཡིན་པ་སྟེ། འདི་ནི་ཕྱྀན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའོ། །མི་རྟག་ལ་སོགས་སུ་འཛིན་པ། དེ་ཡང་དོན་དམ་ཆོས་སྐུ་ལ་དེ་ལྟར་འཛིན་མི་རུང་སྟེ་རྟག་པ་ལ་སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བདག་བདེ་དང་རྟག་པ་དམ་པའི་དབང་དུ་བྱས་ཏེ། འདིར་མི་རྟག་ལ་སོགས་སུ་འཛིན་ན་ཕྱིན་ཅི་ལོག་ཏུ་འདོད་དོ། །
མི་རྟག་པ་ལ་སོགས་པ་གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལས་ཀྱང་མ་ཐོབ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་ལ་སོགས་པ་རྣམ་པ་བཞི་རྣམ་པར་གཞག་སྟེ། འདི་ལྟ་སྟེ། ཆོས་སྐུ་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་མེད་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཡིད་ཀྱི་ལུས་འགགས་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པའི་འདུས་བྱས་མེད་པ་དང༌། གཙང་པའི་ཕ་རོལ་ཏུ་ཕྱིན་པ་བག་ཆགས་མེད་པའོ། །གཞུང་འདི་ཡང་རྒྱ་ཆེར་ནི་ལྷ་མོ་དཔལ་འཕྲེང་གི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། མདོ་དེ་ལས་བཅོམ་ལྡན་འདས་སེམས་ཅན་རྣམས་ནི་སྲོག་གིས་ཟིན་པའི་གཟུགས་སོགས་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཀུན་རྫོབ་རྣམས་ལ། ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། སེམས་ཅན་དེ་དག་ནི་ཉེར་ལེན་གྱི་ཕུང་པོ་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་པ་ལ་གཙང་བར་འདུ་ཤེས་པ་ལགས་སོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང༌། ཀུན་རྫོབ་ཀྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་ཆོས་སྐུ་གཙང་བདག་བདེ་དང་རྟག་པར་མ་མཐོང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་མི་རྟག་པ་ལ་སོགས་སུ་འདུ་ཤེས་པས་ཉན་རང་དེ་དག་ཆོས་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ།། ཇི་ལྟ་བ་བཞིན་དུ་ལྟ་བས་ས་བཅུ་པའི་བྱང་སེམས་ཀྱང་འདི་ལྟར་མཐོང་བ་དཀའ་བར་གསུངས་པ། དེས་ན་འདི་ལྟར་འདུ་ཤེས་པའི་སེམས་ཅན་ནི་ཤིན་ཏུ་ཡོན་ཏན་ཆེ་ཞིང་ངོ་མཚར་ཆེ་བ་དེའི་ཕྱིར་བཅོམ་ལྡན་འདས་ཆོས་སྐུ་གཙང་བདག་བདེ་དང་རྟག་པར་ཤེས་ཤིང་ཡིད་ཆེས་པའི་སེམས་ཅན་ནི་ཨུ་དམ་ཝ་བའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པར་མདོ་སྡེ་དུ་མ་ལས་གསུངས་པ་དེ་བཞིན་དུ་འདིར་ཡང་ཆོས་སྐུ་རྟག་པར་འདུ་ཤེས་པ། བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །
བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཆོས་ཀྱི་སྐུུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཆོས་སྐུའི་ཡིན་ལུགས་ཡང་དག་པར་མཐོང་བ་ལགས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་བས་ཀྱང་རང་དོན་ལ་སོགས་དེ་བཞིན་གཤེགས་པ་ལ་འགྲན་པར་མི་ནུས་པ་དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་ས་བཅུ་བ་ལས་ཀྱང་དེ་བཞིན་གཤེགས་པ་ཡོན་ཏན་བཞི་པོ་འདི་ཁོ་ནས་ཁྱད་པར་དུ་འཕགས་དགོས་པར་ཤེས་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡིན་པའི་ཆོས་ཀྱི་སྐུ་ཁོ་ན་ཉིད་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །མ་རིག་བག་ཆགས་ཀྱིས་མ་སྤངས་པས་ས་བཅུ་པ་ཡང་དེ་དག་གི་ཕ་རོལ་ཏུ་མ་ཕྱིན་པའོ།། དེས་ན་བཅོམ་ལྡན་འདས་སེམས་ཅན་ཡང་དག་ལྟ་བ་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ལྟར་ཤེས་རབ་གསུམ་གྱིས་མཐོང་བ་དེ་དག་ནི་ཆོས་སྐུ་ཡང་དག་པར་ཡིན་ལུགས་བཞིན་མཐོང་བའོ། །ཡང་དག་པར་མཐོང་བ་གང་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ལགས་སོ། །ཞེས་རྒྱས་པར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡང་འདུས་བྱས་ཀྱི་ཡིད་ཀྱི་ལུས་ལ་སོགས་པའི་སྐྱོན་གྱིས་དེ་བཞིན་གཤེགས་པ་དང་ཁྱད་པར་ཤིན་ཏུ་ཆེའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་ལ་སོགས་པ་མདོ་ལས་བྱུང་པ་འདི་བཞི་ནི་ཆོས་སྐུ་དག་པར་བྱེད་པའི་རྒྱུའི་རིམ་པའི་གོ་རིམ་ལས་བཟློག་སྟེ་རིག་པར་བྱའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་བདེ་གཤེགས་སྙིང་པོ་ལ་སྡང་བ་འདོད་ཆེན་པ་རྣམས་ཀྱི་མི་གཙང་བའི་འཁོར་བ་ལ་གཙང་པར་འདུ་ཤེས་ཤིང་མངོན་པར་དགའ་བ་ལས་བཟློག་ནས། སྙིང་པོ་རང་བཞིན་གྱིས་གཙང་བར་མོས་པ་ལ་སོགས་པ་བསྒོམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་བདེ་གཤེགས་སྙིང་པོ་ལ་རྣམ་པར་དག་ཅིང་གཙང་བར་མོས་པ་བསྒོམས་པ་ལས་ནི་འབྲས་བུ་ཆོས་སྐུ་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་མེད་པ་དག་ལ་གང་ཟག་གི་བདག་ཏུ་བལྟ་བ་གཞན་མུ་སྟེགས་པ་དག་གི་བདག་ཏུ་ཡོད་པ་མ་ཡྀན་པ་བདག་ཏུ་འཛིན་པ་ལ་མངོན་པར་དགའ་བ་ལས་བཟློག་ནས། ཀུན་རྫོབ་ཀྱི་བདག་མེད་པའི་ཤུལ་དུ་དོན་དམ་གྱི་བདག་ཡོད་པ་མི་འགལ་བའི་ཕྱིར་དོན་དམ་གྱི་བདག་ལ་ཀུན་རྫོབ་ཀྱི་བདག་མེད་པར་རྟོགས་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ནི་འབྲས་བུ་ཆོས་སྐུ་གང་ཟག་དང་ཆོས་ཀྱི་བདག་མེད་པ་དོན་དམ་པའི་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཐམས་ཅད་ནི་གཟུགས་ལ་སོགས་པ་བདག་དེའི་རང་བཞིན་མ་ཡིན་པའི་དངོས་པོ་བདག་ཏུ་ཁས་ལེན་ལ། དེ་དག་གིས་མི་རྟག་དུ་མ་གཞན་དབང་ཅན་ལ་ཇི་ལྟར་བདག་ཏུ་གཟུང་བའི་དངོས་པོ་དེ་ཡང་རྟག་པ་གཅིག་པུ་རང་དབང་ཅན་གྱི་བདག་གི་མཚན་ཉིད་ཀྱིས་སྟོང་བས་བསླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་མེད་དོ། །
དེ་བཞིན་གཤེགས་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདག་མེད་པ་དོན་དམ་གྱི་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་ལ། ཡེ་ཤེས་དེས་ཇི་ལྟར་གཟིགས་པ་ཀུན་རྫོབ་ཀྱི་བདག་མེད་པ་དོན་དམ་གྱི་བདག་དེ་ཡང་ཀུན་རྫོབ་ཀྱི་བདག་ཡོད་པ་མ་ཡིན་པའི་དོན་དམ་གྱི་བདག་མཚན་ཉིད་ཀྱིས་བདག་གིས་མི་བསླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་དོན་དམ་པའི་བདག་ཏུ་ཡོད་པར་འདོད་དོ། ། ཀུན་རྫོབ་ཀྱི་བདག་མེད་པ་ཉིད་དོན་དམ་གྱི་བདག་ཏུ་བྱས་པ་སྟེ། ཇི་སྐད་དུ་རྟོག་པས་མི་གནས་པའི་ཚུལ་གྱིས་མི་རྟོག་ཡེ་ཤེས་ཀྱིས་ལེགས་པར་གནས་པ་ཞེས་གསུངས་པ་ལྟ་བུའོ།། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མངོན་པར་འདོད་པ་སྡུག་བསྔལ་ཕྲ་མོ་དེ་ལས་ཀྱང་བཟློག་ནས་ནམ་མཁའ་མཛོད་ལ་སོགས་པ་བདེ་བའི་ཏིང་ངེ་འཛིན་བསྒོམས་པ་ལས་ནི།འབྲས་བུ་ཆོས་ཀྱི་སྐུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ཀྱི་བདེ་བ་ལས་ཀྱང་ཁྱད་པར་དུ་འཕགས་པའི་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟ་བར་བྱའོ། །སེམས་ཅན་གྱི་དོན་ལ་མི་ལྟོས་པ་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་འདུ་འཛི་མེད་པར་གནས་པ་ལ་མངོན་པར་དགའ་བ་ལས་བཟློག་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་དུ་ལེན་པའི་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་ལ་མི་ལྟོས་པའི་སྒྲིབ་པ་ཡོངས་སུ་སྦྱོང་བ་སྒྲིབ་པ་དེ་ཡོངས་སུ་དག་པའི་ཕྱིར་འབྲས་བུ་ཆོས་ཀྱི་སྐུ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟ་བར་བྱའོ། །
གོང་དུ་བཤད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་ཆེན་ལ་མོས་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་དང་བདེ་བའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྒོམས་པ་རྣམས་ཀྱི་འབྲས་བུ་བཞི་ནི་གོ་རིམ་ཇི་ལྟ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་གཙང་བ་དང༌། བདག་
དང་བདེ་བ་དང་རྟག་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་འགྲུབ་པའོ། །དེ་བཞིན་གཤེགས་པ་ནི་འབྲས་བུའི་ཡོན་ཏན་བཞི་པོ་འདི་དག་གིས་གཙང་བ་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ། བདག་དང་བདེ་བ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། རྟག་ཏུ་ཕྱི་མའི་མཐར་མུར་ཐུག་པ་ཞེས་བརྗོད་དོ། །དེ་ཡང་རྒྱས་པར་བཤད་པ་འདི་ལྟར་ཐེག་པ་ཆེན་པོའི་ཆོས་དམ་པ་ལ་ལྷག་པར་མོས་པ་བསྒོམས་པས་ནི། དེ་བཞིན་གཤེགས་པ་ཤིན་ཏུ་གཙང་བའི་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་བརྙེས་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ཉིད་འགྲུབ་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་མཁའ་ལྟ་བུ་བདག་གཉིས་མེད་པའི་མཐར་ཐུག་པ་དེ་བཞིན་ཉིད་བདག་དག་པའི་བདག་ཉིད་དུ་རྟོགས་པའི་ཕྱིར་དང༌། ནམ་མཁའ་མཛོད་ལ་སོགས་པ་བདེ་བའི་ཏིང་ངེ་འཛིན་བསྒོམས་པས་ཆོས་ཀྱི་དབང་ཕྱུག་དམ་པ་ཐམས་ཅད་དུ་ཁྱབ་པ་ཀུན་ཏུ་སྟོན་པའི་ཕྱིར་ནམ་མཁའི་ཁམས་ཀྱི་མཐས་ཀླས་པའོ། །སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་དུས་མུ་མཐའ་མེད་པར་སྙིང་རྗེ་དང་ལྡན་པའི་ཕྱིར་ན་ཕྱི་མའི་མཐའི་མུར་ཐུག་པ་ཡིན་ནོ། །ཉོན་མོངས་པ་གསུམ་གྱི་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དབྱིངས་ཐོགས་པ་མེད་པ་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་དང༌། རང་སངས་རྒྱས་རྣམས་དང༌། དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱྀན་པ་རྟག་པ་ལ་སོགས་པ་རྣམ་པ་འདི་བཞི། ཐོབ་པའི་གེགས་སུ་གྱུར་པ་ནི་འདི་བཞི་ཡོད་དེ། བཞི་པོ་འདི་ལྟ་སྟེ། ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྐྱེན་གྱི་མཚན་ཉིད་དང༌། རྒྱུའི་མཚན་ཉིད་དང༌། ལུས་དེ་འབྱུང་བའི་མཚན་ཉིད་དང༌། ལུས་དེ་འཇིག་པའི་མཚན་ཉིད་དོ། །
དེ་ལ་རྐྱེན་གྱི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་ཀུན་གཞིའི་ས་སྟེ། འདུ་བྱེད་རྣམས་ཀྱི་རྐྱེན་མ་རིག་པ་བཞིན་ནོ། །རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་དགེ་བའི་ལས་ཉིད་དེ། ལུས་ངག་སེམས་ཀྱི་འདུ་བྱེད་བཞིན་ནོ། །ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་ཞེས་བྱ་བ་ནི། ཡིད་ལྟར་ཐོགས་པ་མེད་ཅིང་མགྱོགས་པར་འགྲོ་བའི་ཕྱིར་ཡིད་ཀྱི་ལུས་ཞེས་བྱ་སྟེ། ཞེས་གསུངས་པ། སྐྱེ་བ་འབྱུང་བའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་དང་ལྡན་པའི་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་འབྲས་བུ་ཡིད་ཀྱི་རང་བཞིན་གྱི་ལུས་དང་ཞིང་ཐོགས་པ་མེད་པ་རྣམ་པ་གསུམ་གྲུབ་པ་སྟེ། ཉེ་བར་ལེན་པ་མིང་གི་ཕུང་པོ་བཞིའི་རྐྱེན་དང་ལྡན་པ་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་གྱི་ལུས་མངོན་པར་འགྲུབ་པ་བཞིན་ནོ། །
ལུས་དེ་འཇིག་པའི་མཚན་ཉིད་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཕྱི་མ་རྣམ་པ་གསུམ་སྔ་མ་དང་མི་གཅིག་པར་བསྒྱུར་ནས་མངོན་པར་འགྲུབ་པའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ལུས་ངག་སེམས་གསུམ་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་སྟེ། སེམས་ཅན་རྣམས་ཀྱི་སྒོ་གསུམ་སྒྱུར་ནས་སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་བཞིན་ནོ། །དེ་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། མ་རིག་པའི་བག་ཆགས་ཐམས་ཅད་ཀྱི་ཀུན་གཞིའི་ས་མ་སྤངས་པས་ན། ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་དང་ལྡན་པའི་ཕྱིར་གཙང་པ་དམ་པའི་ཕ་རོལ་ཏུ་ཕྱྀན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་པོ། །མ་རིག་པའི་བག་ཆགས་ཀྱི་ས་དེ་ཉིད་ལ་བརྟེན་ནས། འདུས་བྱས་ཀྱི་མཚན་མའི་སྤྲོས་པ་འདུས་བྱས་ཀྱི་ཀུན་ཏུ་སྤྱོད་པ་ཕྲ་མོ་དང་ལྡན་པའི་ཕྱིར་དོན་དམ་གྱི་བདག་གི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མངོན་པར་འདུས་མ་བྱས་པ་མི་འཐོབ་པོ། །མ་རིག་པའི་བག་ཆགས་ཀྱི་ས་དེ་དང༌། མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བསླང་བ་ཟག་པ་མེད་པའི་ལས་ལ་བརྟེན་ནས། འདུས་བྱས་ཀྱི་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་གསུམ་འབྱུང་པའི་ཕྱིར་ཕུང་པོ་དེ་འགགས་པ་ཤིན་ཏུ་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་པོ། །ཇི་སྲིད་དུ་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་འགགས་པ་ལས་གྱུར་པ་དེ་བཞིན་གཤེགས་པའི་ཁམས་མངོན་དུ་མ་བྱས་པ་དེ་སྲིད་དུ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་དང་མི་འབྲལ་བའི་ཕྱིར་གཞན་དུ་འགྱུར་བ་མེད་པ་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་པོ། །
དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཀུན་ནས་སེམས་ཅན་རྣམས་ཀྱི་འཇིག་རྟེན་ཆོས་བརྒྱད་ལ་དམིགས་པ་ཉོན་མོངས་པ་བཞིན་ནོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ཉོན་མོངས་དེས་སྐྱེད་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་འགྲུབ་པ་དང༌། བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་ནི་ཉོན་མོངས་དང་ལས་དེའི་འབྲས་བུ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །གོང་དུ་བསྟན་པའི་གཞུང་འདི་ཡང་རྒྱས་པར་དཔལ་འཕྲེང་གི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་དཔེར་ན། ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་གྱི་ལུས་འབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་པ་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ནི་ས་གསུམ་པོ་དགྲ་བཅོམ་རང་རྒྱལ་བྱང་སེམས་ཀྱི་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང༌། ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ། །
ཞེས་རྒྱས་པར་འབྱུང་ངོ༌། །གང་གི་ཕྱིར་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ། གཙང་བ་དང་བདག་དང་བདེ་བ་དང་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་མེད་པས་རྟག་པའི་ཕ་རོལ་ཏུ་ཕྱིན་པ། ཡིད་ཀྱྀ་ལུས་སྐྱེ་བ་མེད་པས་བདེ་བའི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པའི་འདུས་མེད་པས་བདག་གི་ཕ་རོལ་ཏུ་ཕྱིན་པ། བག་ཆགས་མེད་པས་གཙང་བའི་ཕ་རོལ་ཏུ་ཕྱིན་་་་པའོ། །ཞེས་བྱའོ། །
ཆོས་སྐུ་དེ་ནི་རང་བཞིན་གྱིས་དག་ཕྱིར་དང༌། གློ་བུར་གྱི་བག་ཆགས་སྤངས་ཕྱིར་གཙང་བ་ཡིན། མུ་སྟེགས་པའི་བདག་དང་ཉན་ཐོས་པའི་བདག་མེད་དུ་འཛིན་པའི་སྤྲོས་པ་དག ཉེ་བར་ཞི་བས་དོན་དམ་པའི་བདག འབྲས་བུ་ཡིད་ཀྱི་རང་བཞིན་ཕུང་པོ་ལོག་པ་དང༌། དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། སྤངས་རྟོགས་མཉམ་པ་ཉིད་ནི་དོན་དམ་པར་འཁོར་བ་དང་ནི་མྱ་ངན་འདས། མཉམ་པ་ཉིད་དུ་རྟོགས་ཕན་ཚུན་སྣོལ་ནས་ཕྱིར་རྟག མདོར་བསྡུ་ན་རྒྱུ་རྣམ་པ་གཉིས་ཀྱིས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྤྱིའི་མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་དང༌། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་མེད་པའི་ཡོངས་སུ་དག་པས་སོ། །
རྒྱུ་རྣམ་པ་གཉིས་ཀྱིས་བདག་གི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གི་སྤྲོས་པ་དང་བྲལ་བའི་ཕྱིར་དང༌། ཉན་ཐོས་ཀྱི་མཐའ་སྤངས་པས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །རྒྱུ་སྤངས་པ་དང་དེའི་འབྲས་བུ་འགག་པའི་རྒྱུ་མཚན་རྣམ་པ་གཉིས་ཀྱིས་བདེ་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་པའི་རྣམ་པ་ཡིད་ཀྱི་ལུས་ཀྱི་རྒྱུ་ཐམས་ཅད་སྤངས་པས་བག་ཆགས་ཀྱི་འཚམས་སྦྱོར་བ་སྤངས་པའི་ཕྱིར་དང༌། སྡུག་བསྔལ་འགོག་པའི་རྣམ་པ་ཐམས་ཅད་མངོན་དུ་བྱས་པས་འབྲས་བུ་ཡིད་ཀྱི་རང་བཞིན་གྱི་ལུས་འགགས་པ་མངོན་དུ་བྱས་པའི་ཕྱིར་རོ། ། རྒྱུ་རྣམ་པ་གཉིས་ཀྱིས་རྟག་པའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། འཁོར་བ་མི་རྟག་ཀྱང་སྐུར་འདེབས་མིན་པས་འཁོར་བ་མི་རྟག་པ་ལ་རྟག་པ་མི་འབྲིད་པས་རྟག་པ་ལ་སྐུར་བ་བཏབ་པའི་ཚུལ་དུ་བརྟག་ཆད་པའི་མཐར་མ་ལྷུང་པའི་ཕྱིར་དང༌། མྱང་འདས་རྟག་པ་ཡིན་ཀྱང་སྒྲོ་འདོགས་མིན་པས་མྱ་ངན་ལས་འདས་པ་རྟག་པ་ཡིན་པའི་ཕྱིར་ན་མི་རྟག་ཀྱང་རྟག་གོ་ཞེས་སྒྲོ་འདོགས་མི་སྣོན་པས་རྟག་པར་སྒྲོ་བཏགས་པའི་ཚུལ་དུ་རྟག་པའི་མཐར་མ་ལྷུང་པའི་ཕྱིར་རོ། །
ཇི་སྐད་དུ་བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་བལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་་་གལ་ཏེ་མྱ་ངན་ལས་འདས་པ་རྟག་པ་ཞེས་བགྱི་བར་བལྟ་ན་དེ་ནི་དེའི་རྟག་པའི་ལྟ་བར་འགྱུར། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །
འདིར་མདོ་ཉིད་ན། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་ཐམས་ཅད་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པར་ལྟ་བ་ལགས་སོ།། བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པར་ལྟ་ན་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པར་ལྟ་བ་ལགས་སོ།། ཞེས་གསུངས་ཀྱང་འགྲེལ་པ་འདིར་དེ་དང་མི་མཐུན་པར་བྱུང་བ་ནི་འགའ་ཞིག་གིས་རང་གི་བློ་དང་མ་མཐུན་པས་ལུང་བཅོས་པར་ཤེས་པར་བྱའོ།། ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་འདིས་ནི། དོན་དམ་པར་གྲུབ་པའི་དོན་དམ་གྱི་འཁོར་བ་ཉིད་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ཏེ། དོན་དམ་གྱི་འཁོར་འདས་གཉི་ག་ལྟར་བཟང་ངན་དུ་རྣམ་པར་མི་རྟོག་པ་རྟོག་པས་འཁོར་འདས་གང་ལ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་མི་རྟོག་ཡེ་ཤེས་ཀྱིས་མངོན་དུ་བྱེད་པའི་ཕྱིར་རོ། །
དེ་ལྟ་མོད་ཀྱི་རྒྱུ་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་ཁྱད་མེད་པར་སེམས་ཅན་ཐམས་ཅད་ལ་ཉེ་བ་དང་རིང་བ་དང་བྲལ་བས་མི་གནས་པའི་གནས་ཐོབ་པ་ཙམ་བསྟན་པ་ཡིན་ནོ། །རྒྱུ་གཉིས་པོ་གང་དག་གིས་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་འཁོར་བར་སྲེད་པའི་སྒོ་ནས་ཉེ་བ་མ་ཡིན་ཏེ། ཤེས་རབ་ཀྱིས་སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་པའི་ཕྱིར་རོ།། སེམས་ཅན་བློས་བཏང་བའི་སྒོ་ནས་རིང་བ་ཡང་ཡོད་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོས་དེ་དག་ཡོངས་སུ་མ་བཏང་བའི་ཕྱིར་རོ། །
འདི་ནི་འཁོར་འདས་ལ་རྟོག་པས་མི་གནས་པའི་རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པའི་ཐབས་ཏེ། ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སྲིད་པ་ལ་སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་པས་ན། བྱང་ཆུབ་སེམས་དཔའ་བདག་ལ་ཕན་པའི་ཕྱིར་ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན་ཡིན་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་བཞིན་དུ་འཁོར་བ་ལ་སྲེད་པས་མི་གནས་ལ། སྙིང་རྗེ་ཆེན་པོས་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་མ་བཏང་པས་ནི། གཞན་ལ་ཕན་པའི་ཕྱིར་སྙིང་རྗེས་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན་ཡིན་པས། ཞི་བ་བགྲོད་པ་གཅིག་པའི་རིགས་ཅན་གྱི་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་རྟོག་པས་མི་གནས་སོ། །དེ་ལྟར་ན་ཤེས་རབ་དང་སྙིང་རྗེའི་ཆོས་འདི་གཉིས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བའི་གནས་སུ་བསྟན་པ་ནི། བདག་ལ་སྲེད་པ་མ་ལུས་པ་ཤེས་རབ་ཀྱིས་རྒྱུན་བཅད་དེ། སེམས་ཅན་གྱི་དོན་ལ་སྲེད་ཕྱིར་བརྩེ་ལྡན་རང་གཅིག་པུ་ཞི་བ་འཐོབ་པ་ཡིན། དེ་ལྟར་བློ་དང་བརྩེ་བ་སྟེ་བྱང་ཆུབ་ཐོབ་པའི་ཐབས་དེ་གཉིས་ལ་བསྟེན་ནས། ཐེག་ཆེན་གྱི་འཕགས་པ་འཁོར་བ་འམ་མྱ་ངན་ལས་འདས་པ་སྲིད་ཞི་ལ་གནས་པར་གློ་བུར་གྱི་དྲི་མ་དག་པར་བྱ་རྒྱུ་མི་འགྱུར་རོ།། རྒྱུ་དང་རྐྱེན་གྱི་འཕྲིན་ལས་གཉིས་ཡོད་པ་དེ་ལ་སྔར་མདོར་བསྟན་གྱི་དབང་དུ་བྱས་པ་དག་རྒྱུ་རང་གི་སྙིང་པོའི་འཕྲིན་ལས་ཀྱི་དོན་ལས་བརྩམས་པའི་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། རྒྱུ་དང་རྐྱེན་གྱིས་ལས་གཉིས་ལ་གལ་ཏེ་སངས་རྒྱས་ཀྱི་ཁམས་རྒྱུ་ཉིད་དུ་མེད་ཅེ་ན། འབྲས་བུ་སྡུག་བསྔལ་ལའང་སྐྱོ་བ་སྐྱེ་བར་མི་འགྱུར་ཞིང༌། མྱ་ངན་འདས་ལ་འདོད་པ་དང༌། དོན་གཉེར་སྨོན་པའང་སྐྱེ་བ་མེད་པར་འགྱུར། ཇི་སྐད་དུ། དཔལ་འཕྲེང་གི་མདོར་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་རྒྱུ་ཉིད་དུ་མ་མཆིས་སོ་ཞེ་ན་ནི། འབྲས་བུ་རྒྱུ་རྐྱེན་གཉིས་ལ་བརྟེན་དགོས་པ་ལ་དག་རྒྱུ་ལ་བརྟེན་ནས་སྡུག་བསྔལ་ལ་ཡང་སྐྱོ་བ་སྐྱེ་བར་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང༌། འདུན་པ་དང༌། དོན་དུ་གཉེར་བ་དང་སྨོན་པ་ཡང་སྐྱེ་བ་མེད་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །
རྒྱུ་མེད་ན་རྐྱེན་ཡོད་ཀྱང་འབྲས་བུ་མི་འབྱུང་བའི་ཕྱིར་རྒྱུ་སངས་རྒྱས་ཀྱི་ཁམས་གཞི་ལ་ཡོད་པ་དང་རྐྱེན་འཛོམས་ནས་འཁོར་འདས་ལ་སྐྱོན་ཡོན་གྱི་བླང་དོར་འབྱུང་ཞེས་པའི་དོན་ནོ།། དེ་ལ་མདོར་བསྡུ་ན་སངས་རྒྱས་ཀྱི་ཁམས་རང་བཞིན་རྣམ་པར་དག་པའི་རིགས་དེ་ལྟར་ཡོན་ཏན་དུ་མ་དང་ལྡན་ཞིང་ཉོན་མོངས་པའི་སྒྲིབ་པ་བསྲེགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱ་བའི་བདག་ཉིད་ཉོན་མོངས་པའི་སྒྲིབ་པ་ཆ་ཤས་ཙམ་ནི་སྐྱེ་བ་འཛིན་པའི་དོན་དུའོ།། རྣམ་པ་གཞན་དུ་ན་སེམས་ཅན་རྣམས་ལ་ལམ་སྟོན་པ་མེད་པར་འགྱུར་རོ།། ལམ་མེད་པར་ཐོག་མ་མེད་པའི་འཁོར་བ་ལས་སེམས་ཅན་རྣམས་ངེས་པར་འབྱུང་བར་མི་འགྱུར་ཏེ་བྱང་ཆུབ་སེམས་དཔའ་དང་འཕྲད་པ་མེད་པའི་ཕྱིར་རོ།།ནི། སྔར་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ཕྱིས་རིམ་གྱིས་དག་རྒྱུ་རྐྱེན་དང་ཕྲད་པའི་ཚེ་ཕྲིན་ལ་ཡང་ལས་རྣམ་པ་གཉིས་ཉེ་བར་གནས་པར་བྱེད་དེ། འཁོར་བ་ལ་སྡུག་བསྔལ་བའི་ཉེས་པ་མཐོང་བ་ལ་བརྟེན་ནས་དག་རྒྱུ་བདེ་གཤེགས་སྙིང་པོས་སྐྱོ་བ་སྐྱེད་པར་བྱེད་པ་དང༌། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་ལ་བརྟེན་ནས། འདུན་པ་དང་འདོད་པ་དང་དོན་དུ་གཉེར་བ་དང༌། སྨོན་པ་སྐྱེད་པར་བྱེད་པའོ། །དེ་ལ་འདུན་པ་ནི་མངོན་པར་འདོད་པའོ། །འདོད་པ་ནི་མངོན་པར་འདོད་པའི་དོན་ཐོབ་པ་ལ་ཕྱོགས་པའོ། །དོན་དུ་གཉེར་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའི་ཐབས་ཚོལ་བའོ།།
སྨོན་པ་ནི་གང་མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པ་སྟེ་སེམས་སྐྱེད་པའོ། ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རིམ་པ་ལྟར་དེའི། སྡུག་པ་དང་བདེ་བའི་སྐྱོན་དང་ཡོན་ཏན་མཐོང་བ་འདི། རྣམ་པར་དག་པའི་རིགས་རྒྱུར་ཡོད་པ་དེ་རྐྱེན་དང་འཛོམས་པ་ལས་ཡིན་གྱི་གང་གི་ཕྱིར་ན་སྐྱོན་ཡོན་མཐོང་བ་དེ། རིགས་རྒྱུ་དང་རྐྱེན་འཛོམས་པ་མེད་པ་དག་ལ་མེད་པའི་ཕྱིར་རོ། །རྒྱུ་དག་པའི་རིགས་དང་རྐྱེན་དཀར་པོའི་ཆ་དང་ལྡན་པའི་གང་ཟག་གིས། འཁོར་བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་བ་དང༌། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་གང་ཡིན་པ་འདི་ཡང་རིགས་རྒྱུར་ཡོད་པ་རྐྱེན་དང་འཛོམས་པ་ལས་སྐྱེ་བར་འགྱུར་བ་ཡིན་གྱི། གལ་ཏེ་ཁྱོད་འདོད་པ་ལྟར་དག་རྒྱུ་རིགས་མེད་ན་དེ་རྐྱེན་དང་ཕྲད་པ་མི་སྲིད་པའི་ཕྱིར་རྒྱུ་མེད་རྐྱེན་དཀར་པོའི་མེད་པར་ནི་འཁོར་འདས་ཀྱི་སྐྱོན་ཡོན་མཐོང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁོ་ན་རེ་གལ་ཏེ་སྡིག་ཏོ་སེལ་བའི་ཚུལ་གྱིས་རྒྱུ་རིགས་ཀྱང་གཞི་ལ་མེད་རྐྱེན་དང་འཛོམས་པ་ཡང་མེད་པར་སྡུག་བདེའི་སྐྱོན་ཡོན་མཐོང་བ་དེར་འགྱུར་རོ་ཞེ་ན་ནི་རྒྱུ་རྐྱེན་དང་མ་འཛོམས་པའི་ལོག་སྲེད་ཅན། ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་རྣམས་ལ་ཡང་དེར་འགྱུར་ཞེ་ན། ཇི་སྲིད་དུ་གློ་བུར་གྱི་དྲི་མ་རྣམ་པར་དག་པའི་རིགས། སྐྱེས་བུ་དམ་པ་ལ་བསྟེན་པ་ལ་སོགས་པ་དང་མཐུན་པའི་ཡུལ་ན་གནས་པ་དང་རང་གི་ལེགས་སྨོན་དང་སྔོན་ཡང་བསོད་ནམས་བྱས་པའི་དགེ་བའི་འཁོར་ལོ་བཞི་ཡང་དག་པར་འབྱོར་བའི་ཚུལ་གྱིས་ཐེག་པ་གསུམ་ལས་གང་ཡང་རུང་བའི་ཆོས་ལ་མོས་པ་སྐྱེད་པར་བྱེད་པ་མ་ཡིན་པར་དེ་སྲིད་དུ་ནི་སྡུག་བདེའི་སྐྱོན་ཡོན་མཐོང་བར་འགྱུར་བ་ཡང་མ་ཡིན་ནོ། །
དེའི་འོག་ཏུ་ནི་རིམ་གྱིས་ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་དག་རྒྱུ་དྲི་བཅས་ཀྱི་ལུས་ལ་ཡང་དག་པའི་རྐྱེན་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་ཕོག་ཅི་རྒྱུ་རྐྱེན་འཛོམས་པས་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང༌། མ་འོངས་པའི་དགེ་བའི་རྒྱུ་ཡང་དག་པར་བསྐྱེད་པས་ན་དགེ་བའི་ཆོས་རྣམས་ཀྱིས་གོང་ནས་གོང་དུ་རྣམ་པར་འཕེལ་བར་ཡང་འགྱུར་རོ་ཞེས་གསུངས་སོ། །
འདི་སྐད་དུ་ལོག་སྲེད་ཅན་རེ་ཞིག་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེའི་དགོངས་པ་ནི་ཐེག་པ་ཆེན་པོའི་ཆོས་བདེ་གཤེགས་སྙིང་པོ་ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ཇི་སྲིད་དུ་ཐེག་ཆེན་གྱི་ཆོས་ལ་སྡང་བ་དེ་སྲིད་དུ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ལ་ཡང་རང་བཞིན་གྱིས་རྣམ་པར་དག་པའི་རིགས་དག་རྒྱུ་གཞི་ལ་ཡོད་པའི་ཕྱིར། རྒྱུ་དེ་རྐྱེན་སྐྱེས་བུ་དམ་པ་ལ་བརྟེན་པ་སོགས་དང་འཛོམས་ན་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བའོ་འོས་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་སྒྲིབ་པ་སྦྱོང་བའི་རྐྱེན་དང་ཕྲད་ན་རྣམ་པར་དག་པར་རུང་བའི་རིགས་ཉིད་དག་རྒྱུར་ཡོད་པ་ལ་དགོངས་ནས། དྲི་བཅས་ལ་ཐོག་མེད་གྱུར་ཀྱང་ཐ་མ་དང་དྲི་བྲལ་ལྡན་པ། རང་བཞིན་གྱིས་དག་པའི་རིགས་དུས་རྒྱུན་དུ་རྟག་པའི་ཆོས་ཅན་ནི། ཐོག་མ་མེད་པའི་དྲི་མའི་སྦུབས་ཀྱིས་ཕྱི་བསྒྲིབས་པས་མི་མཐོང་སྟེ། དཔེ་ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་མི་མཐོང་བ་བཞིན་ནོ། །ཞེས་གསུངས་སོ། །
བདེ་གཤེགས་སྙིང་པོ་དེ་ལ་རྒྱུ་གསུམ་འབྲས་བུ་གསུམ་གྱི་ཡོན་ཏན་དང་ལྡན་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་རྒྱུའི་ཡོན་ཏན་གསུམ་གྱི་མདོར་བསྟན་རྒྱ་མཚོ་ཆེ་བཞིན་དཔག་མེད་པ། ཡོན་ཏན་རིན་ཆེན་མི་ཟད་གནས། འབྲས་བུའི་ཡོན་ཏན་གསུམ་གྱི་མདོར་བསྟན་དབྱེར་མེད་ཡོན་ཏན་དང་ལྡན་པའི། ངོ་བོ་ཉིད་ཕྱིར་མར་མེ་བཞིན་མདོར་བསྟན་གཉིས་ཡོད་པ། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། ཆོས་སྐུ་དག་པའི་རྒྱུ་མོས་པ་བསྒོམ་པ་དང་རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་བསྒོམས་པ་དང༌། སངས་རྒྱས་ཀྱི་ཐུགས་རྗེ་འཇུག་པའི་རྒྱུ་སྙིང་རྗེ་བསྒོམ་པ་སྟེ་དེ་རྣམས་ཀྱིས་རྒྱུའི་ཡོན་ཏན་དབྱེར་མེད་དུ་ལྡན་པའི་ཁམས་ནི་བསྡུས་པའི་ཕྱིར། རྒྱུ་གསུམ་པོ་ཡང་རིམ་པ་ལྟར་མོས་པ་ཆུའི་སྣོད་དང་ཤེས་རབ་དང་ཏིང་ངེ་འཛིན་རིན་ཆེན་དང་སྙིང་རྗེ་ནི་ཆུ་དང་འདྲ་བ་རྒྱུ་གསུམ་པོ་ཡིས་འདི། རྒྱ་མཚོ་དང་ནི་མཚུངས་པར་བསྟན། གོ་རིམ་ཇི་ལྟ་བར་རྒྱུའི་གནས་གསུམ་པོ་རྣམས་ཀྱི་ཡོན་ཏན་རྒྱ་མཚོ་ཆེན་པོ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིག་པར་བྱའོ། །གནས་གསུམ་པོ་གང་ཡྀན་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་ནི། ཐེག་པ་ཆེན་པོ་ལ་མོས་པ་བསྒོམ་པར་བལྟའོ། །སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་ནི། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་བསྒོམ་པའོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་བསྒོམ་པའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམ་པ་ནི་ཆུའི་སྣོད་དང་ཆོས་མཐུན་པ་སྟེ། དཔག་ཏུ་མེད་པ་ཟད་མི་ཤེས་པའི་ཤེས་རབ་དང༌། ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་རྣམས་སྣོད་དེར་འདུ་བའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་བསྒོམ་པ་ནི། རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། རང་གཞན་ལ་ཕན་པའི་མཐུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །
བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་བསྒོམ་པ་ནི། རྒྱ་མཚོའི་ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ལ་སྙིང་རྗེས་མཆོག་ཏུ་བརླན་པའི་རང་བཞིན་གྱི་རོ་གཅིག་དང་ལྡན་པའི་ཕྱིར་རོ། །སྣོད་དང་རིན་ཆེན་དང་ཆུའི་དཔེ་གསུམ་གྱིས་བསྟན་པའི་ཆོས་གསུམ་པོ་འདི་དག་མོས་པ་དང་ཤེས་རབ་ཏིང་འཛིན་དང་སྙིང་རྗེའི་རྒྱུ་གསུམ་པོ་འདིས་བདེ་གཤེགས་སྙིང་པོ་དེ་དང་འབྲེལ་པ་དང་ངོ་བོ་དབྱེར་མེད་དུ་ལྡན་པ་ནི་ལྡན་པ་ཞེས་བརྗོད་དོ། །དེ་ལ་མདོར་བསྟན་གྱི་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། དྲི་མེད་གནས་ལ་ལྡན་པའི་འབྲས་བུའི་ཡོན་ཏན་གསུམ་ནི་མངོན་ཤེས་དང༌། ཟག་མེད་ཀྱི་ཡེ་ཤེས་དང་ཟག་པའི་དྲི་མེད་དེ་ཉིད་དང༌། ངོ་བོ་རྣམ་དབྱེ་མེད་པར་ལྡན་པའི་ཕྱིར་དཔེར་ན་མར་མེ་ཡི། སྣང་བ་དང་དྲོ་བ་དང་མདོག་དང་ཆོས་མཚུངས་པ་ཅན་ནོ།། གོ་རིམ་ཇི་ལྟ་བར་འབྲས་བུའི་གནས་གསུམ་པོ་རྣམས་ཀྱི་ཡོན་ཏན་མར་མེ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཁམས་འབྲས་བུའི་ཡོན་ཏན།དང་ལྡན་པའི་དབང་དུ་བྱ་སྟེ་ལྡན་པའི་དོན་དུ་རིག་པར་བྱའོ།། གནས་གསུམ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་དང༌། ཟག་པ་ཟད་པའི་ཡེ་ཤེས་རྟོགས་པ་དང༌། ཟག་པ་ཟད་པ་སྤངས་པའོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་མར་མེའི་སྣང་བ་དང་ཆོས་མཚུངས་པ་སྟེ། དེ་དག་ནི་རང་གཞན་གྱི་དོན་ཉམས་སུ་མྱོང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །
ཟག་པ་མེད་པའི་ཡེ་ཤེས་ནི་དྲོ་བ་དང་ཆོས་མཐུན་པ་སྟེ། དེ་ནི་ལས་དང་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེག་པར་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་ཟག་པ་ཟད་པ་ནི་མདོག་དང་ཆོས་མཐུན་པ་སྟེ་དེ་ནི་ཤིན་ཏུ་ཉོན་མོངས་ཀྱི་དྲི་མ་མེད་པ་དང་ཤེས་སྒྲིབ་ཀྱིས་རྣམ་པར་དག་པ་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལ་དྲི་མ་མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་པར་དག་པ་ནི་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །འོད་གསལ་བ་ནི་སྒྲིབ་པ་དེ་གཉི་ག་གློ་བུར་བ་ཉིད་ཀྱིས་སེམས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་དང་སྤངས་པས་བསྡུས་པ་མི་སློབ་པའི་རྒྱུད་ཀྱི་ཆོས་མངོན་ཤེས་ལྔ་སྤངས་རྟོགས་གཉིས་ཏེ་བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ན་ཕན་ཚུན་ངོ་བོ་རྣམ་པར་དབྱེ་བ་མེད་པ་མངོན་ཤེས་ཉིད་སྤངས་རྟོགས་ཡིན་པའི་ཕྱིར་སོ་སོ་མ་ཡིན་པ་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དང་དབྱེར་མེད་དུུ་ལྡན་པ་ནི་ལྡན་པ་ཞེས་བྱའོ། །འབྲས་བུ་ལྡན་པའི་དོན་ལས་བརྩམས་པའི་མར་མེའི་དཔེ་འདི་ནི་རྒྱས་པར་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཤ་རིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ། སྣང་བ་དྲོ་བ་དང་མདོག་དག་གིས་མི་འབྲལ་བས་སམ། ནོར་བུ་སྣང་བ་དང་མདོག་དང་དབྱིབས་དག་གིས་ངོ་བོ་རྣམ་པར་དབྱེར་མེད་པའི་ཆོས་ཅན་དེ་དག་མ་བྲལ་བར་གནས་པ་བའི་ཡོན་ཏན་ཅན་ནོ། །
ཤ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་ནི། འདི་ལྟ་སྟེ། གང་གའི་ཀླུང་གི་ཆུ་རྡུལ་གྱི་བྱེ་མ་སྙེད་ལས་ཡོན་ཏན་གྱི་རྣམ་གྲངས་འདས་པ་དེ་བཞིན་གཤེགས་པའི་ངོ་བོར་གྱུར་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་གནས་སྐབས་ཐམས་ཅད་དུ་ནམ་ཡང་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་གསུངས་སོ། །དེ་ལ་མ་དག་པ་སེམས་ཅན་དང་མ་དག་དག་པ་བྱང་ཆུབ་སེམས་དཔའ་དང་ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པ་སྟེ་གནས་སྐབས་ཀྱི་གང་ཟག་གསུམ་འཇུག་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། སོ་སོའི་སྐྱེ་བོ་འཕགས་པ་སློབ་པ་དང་རྫོགས་པའི་སངས་རྒྱས་ཀྱི། དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་དུ་དབྱེ་བའི་འཇུག་ཚུལ་བསྟན་པ་ལས། དེ་ཉིད་གཟིགས་པས་གནས་སྐབས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། རྒྱལ་བའི་སྙིང་པོ་འདི་རྟག་ཏུ་ཡོད་པར་བསྟན་ཏོ། །
འདིས་ཅི་བསྟན་ཞེ་ན། གང་ཟག་གསུམ་གྱི་དེ་བཞིན་ཉིད་ཀྱི་དབྱེ་བ་ཇི་ལྟར་འཇུག་ན་སོ་སོའི་སྐྱེ་བོ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག བདེན་པ་མཐོང་བ་འཕགས་པ་དེ་ལས་བཟློག་པ་སྟེ། ཕྱིན་ཅི་ལོག་དེ་སྤངས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་ཡིན་ལུགས་ཇི་ལྟ་བ་བཞིན་ཏེ། གཙང་བདག་བདེ་དང་རྟག་པ་ལ་ཕྱིན་ཅི་མ་ལོག་ཅི་སྤྲོས་པ་མེད་པ་ཉིད་དོ།། དེ་བཞིན་གཤེགས་པའི་ཁམས་ལ། མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒོ་ལ་གདམས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་བཞིན་རྣམ་པར་དག་པ་གནས་སྐབས་སོ་སོར་མ་ཕྱེ་བའི་སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་གནས་སྐབས་གསུམ་དུ་གང་ཟག་རྣམ་པ་གསུམ་པོ་དེ་ཁོ་ན་གཙང་བདག་བདེ་དང་རྟག་པར་མ་མཐོང་བ་སོ་སོའི་སྐྱེ་བོ་དང༌། དེ་ཁོ་ན་སྤྲིན་མཐོངས་མཁའ་ལ་ཉི་བཞིན་མཐོང་བ་འཕགས་པ་དང༌། དེ་ཁོ་ན་མ་རིག་བག་ཆགས་ཀྱི་ས་སྤངས་པས་མཐོང་བ་རྣམ་པར་དག་པའི་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བློ་འཇུག་པ་མི་འདྲ་བ་རྣམ་པ་གསུམ་ཐ་དད་པར་རིག་པར་བྱ་སྟེ། དེ་དག་རིམ་པ་བཞིན་དུ་འདི་ལྟ་སྟེ། ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་དང༌། ཡང་དག་པར་ཕྱིན་ཅི་མ་ལོག་པ་སྤྲོས་པ་མེད་པ་སྟེ། གོ་རིམ་བཞིན་ནོ། །དེ་ལ་ཕྱིན་ཅི་ལོག་ནི་བྱིས་པ་རྣམས་ཀྱི་བློ་འཇུག་པ་སྟེ། བདེ་གཤེགས་སྙིང་པོ་མེད་ལ་སོགས་པར་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ། །བཟློག་པས་ཕྱིན་ཅི་མ་ལོག་པ་ནི་འཕགས་པ་རྣམས་ཀྱི་སྟེ། དེ་སྤངས་པའི་ཕྱིར་རོ། །ཡང་དག་པར་ཕྱིན་ཅི་མ་ལོག་པ་མ་རིག་བག་ཆགས་ཀྱི་ས་སྤངས་པས་སྤྲོས་པ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། །འདི་ཕན་ཆད་དེ་བཞིན་ཉིད་ཀྱི་དབྱེ་བ་འཇུག་པའི་དོན་འདི་ལས་བརྩམས་ཏེ། འཇུག་པ་དེ་ལས་གཞན་པའི་དོན་གནས་སྐབས་ཀྱི་དོན་དང་ཀུན་ཏུ་འགྲོ་བའི་དོན་དང་རྟག་ཏུ་མི་འགྱུར་བའི་དོན་དང་ཡོན་ཏན་དབྱེར་མེད་པའི་དོན་རྣམ་པ་བཞིའི་དབྱེ་བ་སྟོན་པར་རིག་པར་བྱའོ། །
དེ་ལ་གང་ཟག་གོང་དུ་བསྟན་པ་འདི་གསུམ་གྱི་གནས་སྐབས་ཀྱི་དེ་བཞིན་ཉིད་ཀྱི་རབ་ཏུ་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དྲི་མའི་ཕྱོགས་ནས་མ་དག་པ་དང་མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་རྣམས་གོ་རིམ་བཞིན། དུ་དྲི་མ་མ་དག་པ་དང་དག་པའི་ཆ་ནས་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །འདིས་ཅི་བསྟན་ཞེ་ན། ངོ་བོ་ཉིད་ལ་སོགས་པ་རྒྱུ་འབྲས་ལས་ལྡན་འཇུག་པའི་དོན། སྔར་བསྟན་པ་འདི་དྲུག་གིས་ནི་བསྡུས་པ་ཡི། ཁམས་ནི་མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་དག་པའི་གནས་སྐབས་གསུམ་དག་ཏུ། སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་པའི་མིང་གསུམ་གྱིས་ནི་བསྟན་པ་ཉིད། དེ་ལྟར་གང་ཅི་ཡང་རུང་སྟེ། བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་རྒྱས་པར་བསྟན་པའི་ཟག་པ་མེད་པའི་ཁམས་སྔར་བསྟན་པའི། ངོ་བོ་དང་རྒྱུ་དང་འབྲས་བུ་དང༌། ལས་དང་ལྡན་པ་དང་འཇུག་པའི་དོན་དྲུག་པོ་འདིས་བསྡུས་པ་དེ་ཐམས་ཅད་ནི་མདོར་བསྡུས་ཏེ། གནས་སྐབས་གསུམ་དུ་གོ་རིམ་བཞིན་དུ་མིང་གསུམ་གྱིས་བསྟན་པས་དྲུག་པོ་དེ་བསྡུས་ནས་བསྟན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རང་བཞིན་རྣམ་དག་གི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མས་མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཤེས་བྱ་བའི་མིང་གིས་བསྟན་པ་དང༌། དྲི་མ་ལ་ལ་མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གིས་བསྟན་པ་དང༌། དྲི་མ་བག་ཆགས་དང་བཅས་པ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་གིས་བསྟན་པ་བའོ། །
ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཏུམ་པ་ཐོག་མ་མེད་པ་ནས་དྲི་མའི་ཆ་ནས་ཐ་སྙད་དུ་འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་རིས་དྲུག་གི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་ཡང་དང་ཡང་དུ་འཁོར་བ་ནི་དྲི་མའི་ཕྱོགས་ནས་སེམས་ཅན་གྱི་ཁམས་ཞེས་བྱ་བའི་མིང་གིས་བརྗོད་དོ། །ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བྱང་ཆུབ་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་ལུས་ངག་སེམས་ཀྱིས་སྤྱོད་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །
ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། ཉོན་སྒྲིབ་ཀྱིས་དག་པ་ཤེས་སྒྲིབ་ཀྱིས་རྣམ་པར་དག་པ་བག་ཆགས་ཀྱིས་ཀྱང་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་ཆོས་སྐུའི་ས་ལ་བཞུགས་པ། ཤེས་བྱའི་ས་ཐམས་ཅད་ལ་ཤེས་མི་ཤེས་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཆོས་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་
ཐོགས་པ་མེད་པ་ཐོབ་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་དེ་དག་ཉིད་རེ་རེ་ཡང་གནས་སྐབས་ཐམས་ཅད་དུ་ཁྱབ་པར་ཀུན་ཏུ་འགྲོ་བའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། དཔེ་ཇི་ལྟར་རྟོག་མེད་བདག་ཉིད་ཅན། ནམ་མཁའ་ས་དང་ཟངས་དང་གསེར་གྱི་སྣོད་ཀུན་ཏུ་ཁྱབ་པར་རྗེས་སོང་ལྟར། ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། གཅིག་པུ་དེ་ཉིད་ནམ་མཁའ་དེ་བཞིན་དུ་གནས་སྐབས་ཀུན་ཏུ་ཁྱབ་པར་འགྲོ་བ་ཉིད། ཚིགས་བཅད་འདིས་ཅི་བསྟན་ཞེ་ན། སེམས་ཀྱི་རང་བཞིན་དེ་གང་ཟག་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་ཉེས་པ་དང༌། ཡོན་ཏན་དང་ཡོན་ཏན་མཐར་ཐུག་པ་ལ་ཁྱབ་པ་སྟེ། དཔེར་ན་གཟུགས་ཀྱི་རྣམ་པ་དམན་པ་སའི་སྣོད་དང༌། བར་མ་ཟངས་ཀྱི་སྣོད་དང་མཆོག་གསེར་གྱི་སྣོད་ལ་ནམ་མཁའ་བཞིན། སོ་སོའི་སྐྱེ་བོ་དང༌། འཕགས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་གང་ཟག་ཐམས་ཅད་ཀྱི་སྤྱྀའི་མཚན་ཉིད་ཡིན་པའི་ཕྱིར་ཉེས་པ་དང་ཡོན་ཏན་དང༌། ཡོན་ཏན་རྣམ་པར་དག་པའི་མཐར་ཐུག་པའི་གནས་སྐབས་གསུམ་ཀར་ཡང་སོ་སྐྱེ་ལ་རྗེས་སུ་ཞུགས་པ། འཕགས་པ་ལ་རྗེས་སུ་སོང་བ་སངས་རྒྱས་ལ་ཆོས་སྐུར་མཚུངས་པ། གསུམ་ཀ་ལ་ཡང་དུས་ཐམས་ཅད་དུ་ངོ་བོ་དང་ཡོན་ཏན་ཁྱད་པར་མེད་པར་ཁྱབ་པར་གྱུར་པ་སྟེ། གོ་རིམ་ཇི་ལྟ་བ་བཞིན་ས་དང༌། ཟངས་དང༌། གསེར་གྱི་སྣོད་ན་ནམ་མཁའ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་སྐུའི་གནས་སྐབས་གསུམ་བསྟན་པའི་དེ་མ་ཐག་ཏུ། ཤེས་བྱེད་ཀྱི་ལུང་ནི་ཤ་རིའི་བུ་དོན་གཅིག་ཉིད་གནས་སྐབས་གསུམ་དུ་མི་གསུམ་གྱིས་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་ཀྱི་རང་བཞིན་རྣམ་དག་གཞན་ལ་ཆོས་ཀྱི་སྐུ་རང་བཞིན་གྱིས་དག་པ་ཡང་དེ་ལས་དོན་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་རང་བཞིན་དག་པ་ཉིད་ཆོས་ཀྱི་སྐུ་ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱི་སྒོ་ནས། གཉིས་སུ་མེད་དེ། མིང་གི་ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །
ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཁམས་རང་བཞིན་རྣམ་དག་གི་གནས་སྐབས་གསུམ་པོ་འདི་ངོ་བོ་གཅིག་པའི་སྒོ་ནས་གཅིག་ཉིད་མ་དག་གི་གནས་སྐབས་ཐམས་ཅད་དུ་རང་བཞིན་རྣམ་དག་ཁྱད་མེད་དུ་ཁྱབ་པར་སོང་བ་ཡིན་ཡང་དེའི་གློ་བུར་གྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གིས་ངོ་བོའི་ཡོན་ཏན་རང་བཞིན་པ་མི་འགྱུར་བའི་དོན་ལས་བརྩམས་ཏེ་མདོར་བསྟན་གྱི་ཚིགས་སུ་བཅད་པ་གཅིག་པུ་འདི་མ་གཏོགས་པའི་ཚིགས་སུ་བཅད་པ་བཅུ་བཞིའོ། །
ཚིགས་བཅད་གཅིག་པུ་འདི་ནི་བཅུ་བཞི་པོ་དེ་དག་གི། བསྟན་རྒྱུ་རྣམས་མདོར་བསྡུས་པའི་དོན་དུ་རིག་པར་བྱ་བ་འདི་ལྟ་སྟེ། མ་དག་པ་དང་མ་དག་དག་པའི་གནས་སྐབས་ན་ཉེས་པ་གློ་བུར་བ་དང་ལྡན་པའི་ཕྱིར་དང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྟག་བརྟན་ལ་སོགས་པའི་དང༌། ཡོན་ཏན་དང་པོ་ནས་རང་བཞིན་ཉིད་དུ་ལྡན་པ་མངོན་དུ་གྱུར་བའི་ཕྱིར། རང་བཞིན་གྱི་ཡོན་ཏན་ཇི་ལྟར་སྔར་བཞིན་ཕྱིས་ཀྱང་དེ་བཞིན་དུ། འགྱུར་བ་མེད་པའི་ཆོས་ཉིད་དུ་ཡོད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ་ཞེས་པ་ནས་གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར་ཞེས་པའི་བར་ཚིགས་སུ་བཅད་པ་བཅུ་གཉིས་དང༌། སྐྱེ་འཆི་ན་དང་རྒ་བ་ལ་སོགས་གྲོལ་བ་ཞེས་མདོར་བསྟན་པའི་ཚིགས་བཅད། གཅིག་གིས་ནི་གོ་རིམ་བཞིན་དུ་མ་དག་པའི་གནས་སྐབས་གཞི་དུས་དང༌། མ་དག་པ་དང་དག་པའི་གནས་སྐབས་ལམ་དུས་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གློ་བུར་བ་དང་ལྡན་པའི་ཕྱིར་དང༌། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། ཞེས་མདོར་བསྟན་པའི། ཚིགས་སུ་བཅད་པ་བཅུ་བཞི་པ་རྒྱས་བཤད་དང་བཅས་པས་ནི་ཤིན་ཏུ་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པའི་ཡོན་ཏན་རྣམས་རང་དང༌།རྣམ་པར་དག་པའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པ་གང་གའི་ཀླུང་གི་ཆུ་རྡུལ་གྱི་བྱེ་མ་ལས་ཡོན་ཏན་གྱི་རིགས་འདས་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་དང་རང་བཞིན་ཉིད་ཀྱིས་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོའི་ཡོན་ཏན་གྱི་ཁམས་དུས་ནམ་ཡང་ནམ་མཁའ་བཞིན་སྔ་མ་དང་དྲི་བཅས་ཀྱི་དུས་དང་ཕྱི་མ་རྣམ་པར་དག་པའི་དུས་ན་ཡང་གཏན་འགྱུར་བ་མེད་པར་བསྟན་ཏོ། །
གནས་སྐབས་གསུམ་ཡོད་པ་དེ་ལ་མ་དག་པའི་གནས་སྐབས་ན་ངོ་བོ་ཡོན་ཏན་གྱི་ཕུང་པོ་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་པའི་ཚིགས་སུ་བཅད་པ་བཅུ་གཉིས་གང་དག་ཅེ་ན། ཇི་ལྟར་ནམ་མཁའ་དུས་གསུམ་ཀུན་ཏུ་ཁྱབ་པར་སོང་བ་ཡིན་ཡང༌། ཕྲ་ཞིང་རེག་ཏུ་མེད་པའི་ཕྱིར་སྤྲིན་དང་རྡུལ་སོགས་ཀྱིས་ཉེ་བར་གོས་ཤིང་ངོ་བོ་བསླད་དུ་པ་མེད། དཔེ་དེ་བཞིན་སེམས་ཅན་ཐམས་ཅད་ལ། ཁྱབ་པར་སོང་ཡང་གནས་འདི་སྐྱོན་གྱིས་ཉེ་བར་གོས་པ་མེད། དཔེ་ཇི་ལྟར་སྣོད་ཀྱི་འཇིག་རྟེན་འཆགས་པ་གནས་པ་འཇིག་པའི་དུས་ཐམས་ཅད་དུ། ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག དེ་བཞིན་འདུས་མ་བྱས་ཀྱི་ཆོས་དབྱིངས་ལ། བཅུད་སེམས་ཅན་གྱི་དབང་པོ་རྣམས་ནི་སྐྱེ་ཞིང་འཇིག ཡང་ཅི་ལྟར་ནམ་མཁའ་དམྱལ་བ་ཐ་མལ་གྱི་མེ་རྣམས་ཀྱིས། སྔོན་ཆད་ནམ་ཡང་ཚིག་པ་མེད། དེ་བཞིན་སེམས་ཀྱི་རང་བཞིན་འོད་གསལ་འདི་ནི་འཆི་བ་དང༌། ན་དང་རྒ་བའི་མེས་མི་འཚིག ཡང་སྣོད་ཀྱི་འཇིག་རྟེན་འཆགས་པའི་ཚེ་ས་ནི་ཆུ་ལ་གནས་ཆུ་རླུང་ལ་གནས། རླུང་ནི་མཁའ་ལ་རབ་ཏུ་གནས་ཀྱང༌། ནམ་མཁའ་ནི་རླུང་དང་ཆུ་དག་དང༌། ས་ཡི་ཁམས་ལ་གནས་མ་ཡིན། དཔེ་དེ་བཞིན་ཕུང་པོ་དང་ཁམས་དང་དབང་པོ་རྣམས། ལས་དང་ཉོན་མོངས་དག་ལ་གནས། ལས་དང་ཉོན་མོངས་ཡང་དག་པ་ནི་ཚུལ་བཞིན་ཏེ་དེ་མིན། ས་ཕྱིན་ཅི་ལོག་ཡིད་ལ་བྱེད་པ་ལ་རྟག་ཏུ་གནས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། སེམས་ཀྱི་དག་པ་ཆོས་ཉིད་ལ་རབ་ཏུ་གནས་ཀྱང༌།སེམས་ཀྱི་རང་བཞིན་གྱི་ཆོས་རྣམས་ནི། ཕུང་པོ་སོགས་འདུས་བྱས་ཐམས་ཅད་ཡང་གནས་པ་མེད་དོ། །དེ་གཉིས་རྒྱས་པར་བཤད་པ་ས་དང་འདྲ་བར་ཕུང་པོ་དང༌། སྐྱེད་མཆེད་ཁམས་རྣམས་ཤེས་པར་བྱ། ཆུ་ཁམས་དང་ལུས་ཅན་གྱི། ལུས་ངག་སེམས་ཀྱི་ལས་དང་ཆགས་སོགས་ཀྱི་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་བལྟ། །སེམས་ཀྱི་རང་བཞིན་ནམ་མཁའི་ཁམས་བཞིན་དུ། རང་བཞིན་དེ་དངོས་པོའི་གཞི་ཅན་མིན་ཏེ་དངོས་པོར་གནས་པ་མེད་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་རླུང་དང་འདྲ་བ་ཉིད་ཀྱིས། ལས་ཉོན་སྐྱེད་ཅིང་ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་དང་འདྲ་བ་དེ་ལས་ནི། ཕུང་པོ་སྐྱེ་འཆེད་ཁམས་ས་དང་འདྲ་བ་རྣམས་བྱུང༌། ནམ་མཁའ་ལ་རླུང་ཆུ་ས་དེ་རྣམས་འཇིག་པ་དང་ཆགས་པ་ལྟར། སེམས་ཀྱི་རང་བཞིན་ལ་ཚུལ་མིན་ཡིད་བྱེད་སོགས་སྐྱེ་དང་འཇིག་པར་འགྱུར་བ་ཡིན་ཀྱང༌། སེམས་ཀྱི་རང་བཞིན་ནི་དཔེར་ན་ནམ་མཁའ་ཡི། ཁམས་ལྟར་འདུས་མ་བྱས་ཡིན་པའི་ཕྱིར་རྒྱུ་མེད་རྐྱེན་མེད་དེ། རྒྱུ་རྐྱེན་ཚོགས་པ་མེད་ཅིང་སྐྱེ་བ་དང༌། འཇིག་དང་གནས་པ་ཡོད་མ་ཡིན། སེམས་ཀྱི་རང་བཞིན་གདོད་ནས་འོད་གསལ་གང་ཡིན་པ། རང་བཞིན་གྱི་སེམས་དེ་ནི་ནམ་མཁའ་བཞིན་དུ་ཡོན་ཏན་ལས་འགྱུར་བ་མེད་དེ། ཡང་དག་པ་མིན་རྟོག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་འདོད་ཆགས་སོགས་ཀྱི། གློ་བུར་དྲི་མས་སེམས་དེའི་ངོ་བོ་ཉོན་མོངས་ཤིང་བསླད་པར་མི་འགྱུར་རོ། །
དཔེ་ཇི་ལྟར་ནམ་མཁའི་དཔེ་འདིས་མ་དག་པའི་གནས་སྐབས་ན་རང་བཞིན་གྱི་ཡོན་ཏན། དེ་བཞིན་གཤེགས་པའི་སྙིང་པོ་སྐྱོན་དུ་རྣམ་པར་འགྱུར་བ་མེད་པའི་ཆོས་ཉིད་དུ་བསྟན་པ་དེའི་རྒྱུ་མཚན་བརྗོད་པ་ནི། ལས་དང་ཉོན་མོངས་དང་འདྲ་བའི་ཆུ་ཚོགས་ཀྱིས། སེམས་ཅན་གྱི་རང་བཞིན་འདི་ནི་དང་པོར་མངོན་པར་གྲུབ་ཅིང་སྐྱེ་བ་མིན་ཏེ། འཆི་དང་ན་དང་རྒ་བའི་མེ། མི་བཟད་པས་ཀྱང་མཐར་ཚིག་ཅིང་འཇིག་པར་ཡང་མི་འགྱུར་བའི་ཕྱིར་རོ།། ཇི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དཔེ་རླུང་གི་དཀྱིལ་འཁོར་ལས་བྱུང་བ་ལས་དང་ཉོན་མོངས་པའི་དཔེ་ཆུ་ལ་བརྟེན་ནས། ཕུང་པོ་དང་ཁམས་དང་སྐྱེད་མཆེད་ཀྱི་འཇིག་རྟེན་པ་དང་འདྲ་བ་སྐྱེས་པས་འདུས་བྱས་ཀྱི་སེམས་ཀྱི་རང་བཞིན་མ་ཡིན་པ་འོད་གསལ་བའི་དཔེ་ནམ་མཁའ་ཆགས་པར་འགྱུར་བ་མ་ཡིན་པ་དེ་བཞིན་དུ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལས་དང་ཉོན་མོངས་པའི་དཔེ་རླུང་དང་ཆུའི་ཕུང་པོ་ལ་གནས་པ་སའི་དཔེས་བསྟན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེད་མཆེད་ཀྱི་འཇིག་རྟེན་འཇིག་པར་བྱེད་པ་འཆི་བ་དང་ན་བ་དང་རྒ་བའི་ཚོགས་སྐྱེས་པས་ཀྱང་བདེ་གཤེགས་སྙིང་པོ་དེ་ནི་མི་འཇིག་པར་རིག་པར་བྱའོ། །
དེ་ལྟར་མ་དག་པའི་གནས་སྐབས་ན་སྣོད་ཀྱི་འཇིག་རྟེན་བཞིན་དུ་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མཐའ་དག་སྐྱེ་བ་དང་འཇིག་ཀྱང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ནམ་མཁའ་བཞིན་དུ་དང་པོ་སྐྱེ་བ་མེད་ལ་བར་དུ་གནས་པ་མེད་ཅིང་མཐར་འགག་པ་མེད་པ་ཡོན་ཏན་གྱི་རང་བཞིན་ལས་ཤིན་ཏུ་མི་འགྱུར་བའི་ཆོས་ཉིད་དུ་བསྟན་པ་ཡིན་ནོ། །རང་བཞིན་གྱི་རྣམ་པར་དག་པའི་སྒོའི་ཆོས་སྣང་བའི་སྒོ་ལས་བརྩམས་པ་ནམ་མཁའི་དཔེ་འདི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཞུ་བ་པོ་མ་གཏོགས་པ་ནམ་མཁའ་མཛོད་ཀྱི་མདོ་ནའང་འདི་ཉིད་ཡོད་དོ། །དྲང་སྲོང་ཆེན་པོ་གློ་བུར་བའི་ཉོན་མོངས་པ་ཀུན་གཞི་རྣམ་ཤེས་ནི་མ་རིག་པའི་མུན་པ། རང་བཞིན་རྣམ་པར་དག་པ་ཀུན་གཞི་ཡེ་ཤེས་ནི་སྣང་བའོ། །ཉོན་མོངས་པ་ནི་ལྷག་མཐོང་ལས་སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན་པའོ། །ཉོན་མོངས་པ་ནི་གློ་བུར་བ། རང་བཞིན་གྱིས་རྣམ་པར་དག་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་གནས་བརྟན་ཡིན་པའོ། ། ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པའི་རྟོག་ཀུན་ཏུ་ཏུ་སྒྲོ་བརྟགས་པ། རང་བཞིན་ནི་ཀུན་ཏུ་སྒྲོ་མ་བརྟགས་པའོ། ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་འཆགས་པའི་ཚེ་ས་ཆེན་པོ་འདི་ནི་ཆུ་ལ་རབ་ཏུ་གནས་པ། ཆུ་ནི་རླུང་ལ་རབ་ཏུ་གནས་པ། རླུང་ནི་མཁའ་ལ་རབ་ཏུ་གནས་པ་ཡིན་ལ། ནམ་མཁའ་ནི་དེ་རྣམས་ལ་གནས་པ་མེད་པའོ། །
དེ་བཞིན་དུ་ས་ཆུ་རླུང་ནམ་མཁའི་ཁམས་བཞི་པོ་འདི་རྣམས་ལས། སའི་ཁམས་དང༌། ཆུའི་ཁམས་དང༌། རླུང་གི་ཁམས་སས་ནི་ནམ་མཁའི་ཁམས་ཉིད་སྟོབས་དང་ལྡན་པ་བརྟན་པ་མི་གཡོ་བ་འགྲིབ་པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ་སྟེ། རང་གི་ངང་གིས་གནས་པའོ། །དེ་ལ་ས་ཆུ་རླུང་གི་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་དང་པོ་སྐྱེ་བ་དང་མཐར་འཇིག་པ་དང་ལྡན་པ་ངོ་བོ་ཉིད་ཀྱིས་མི་གནས་པ་རྒྱུན་ཡང་ཡུན་རིང་དུ་མི་གནས་པ་སྟེ། འདི་དག་ལ་ནི་རྣམ་པར་འགྱུར་བ་ཡོད་ཀྱི་ནམ་མཁའི་ཁམས་ལ་ནི་རྣམ་པར་འགྱུར་བ་འགའ་ཡང་མེད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པའོ། །
ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ལ་རབ་ཏུ་གནས་པ་སྟེ། དེས་ན་སེམས་ཀྱི་རང་བཞིན་འདུས་མ་བྱས་ཤིང་འོད་གསལ་བ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མ་མོངས་པའོ། །ཞེས་བརྗོད་དོ། །
དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གང་ཡིན་པ་དང༌། ལས་དང་ཉོན་མོངས་པ་གང་ཡིན་པ་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་གང་ཡིན་པའི་ཆོས་འདི་མཐའ་དག་ནི་རྒྱུ་རྐྱེན་གྱིས་བསྡུས་པས་སྐྱེ་བ། རྒྱུ་རྐྱེན་དང་བྲལ་ན་འགག་པར་འགྱུར་གྱི། རང་བཞིན་འོད་གསལ་གྱི་ཡོན་ཏན་གང་ཡིན་པ་དེ་ནི་རྒྱུ་མེད་པ་རྐྱེན་མེད་པ་རྒྱུ་རྐྱེན་ཚོགས་པ་མེད་པ་ཚོགས་ནས་སྐྱེ་བ་མེད་པ་རྒྱུ་རྐྱེན་དང་
བྲལ་བས་འགག་པ་མེད་པའོ། །
དེ་ལ་ནམ་མཁའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཡོན་ཏན་གྱི་རང་བཞིན་གྱི་སེམས་ཡིན་ནོ། །རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ལས་དང་ཉོན་མོངས་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་སོ། ། དེས་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་བརྟན་པའི་རྩ་བ་ཡོངས་སུ་ཆད་པ་སྟེ། སྙིང་རྗེའི་སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་པའི་རྩ་བ་ཅན། རང་རང་ངོ་བོས་དག་པའི་རྩ་བ་ཅན། རྟག་པའི་རྩ་བ་མེད་པའི་རྩ་བ་ཅན་ཀུན་གཞི་རྣམ་ཤེས་ཡིན་ནོ།།ནོ། །ཞེས་བརྗོད་དོ། །ཞེའོ། །མ་དག་པའི་གནས་སྐབས་ན་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་ཏེ། རང་བཞིན་ནམ་མཁའ་དང་ཆོས་མཚུངས་པ་དང༌། དེ་ལ་ཆུ་ལ་རྙོག་མ་བཞིན་དུ་བརྟེན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལས་དང་ཉོན་མོངས་པ་རྣམས་རྒྱུའི་མཚན་ཉིད་ལས་བརྩམས་ནས། རླུང་གི་ཁམས་དང་ཆོས་མཚུངས་པ་དང༌། ཆུའི་ཁམས་དང་ཆོས་མཚུངས་པ་དང༌། དེ་ལས་བྱུང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་སྨིན་པའི་མཚན་ཉིད་ལས་བརྩམས་ཏེ། སའི་ཁམས་དང་ཆོས་མཚུངས་པ་ནི་བཤད་ཟིན་ཏོ། །རྣམ་སྨིན་གྱི་ཕུང་པོ་དེ་འཇིག་པའི་རྒྱུ་འཆི་བ་དང་ན་བ་དང་རྒ་བའི་མེ་འགོ་ནད་ཀྱི་མཚན་ཉིད་ལས་བརྩམས་ཏེ། མེའི་ཁམས་དང་ཆོས་མཚུངས་པ་ནི་མ་བཤད་པས་ན་དེ་བརྗོད་པ། དུས་མཐའི་མེ་དང་དམྱལ་བ་ཐ་མལ་པའི། མེ་གསུམ་དང་འདྲ་བའི་འཆི་དང་ན་བ་དང༌། རྒ་བའི་མེ་གསུམ་རིམ་བཞིན་དུ། དེ་དང་འདྲ་བར་ཤེས་པར་བྱ། འཆི་བ་དང༌། ན་བ་དང༌། རྒ་བ་རྣམས་ནི་གོ་རིམ་བཞིན་དུ་རྒྱུ་མཚན་གསུམ་གྱིས་མེ་གསུམ་དང་འདྲ་བར་རིག་པར་བྱ་སྟེ། འཆི་བའི་མེས་སྐྱེ་མཆེད་དྲུག་བདག་གི་བ་དབང་པོ་རྣམས་མེད་པར་བྱེད་པ་དང༌། ན་བའི་མེས་སྡུག་བསྔལ་སྣ་ཚོགས་མྱོང་པར་བྱེད་པ་དང༌།རྒ་བའི་མེས་འདུ་བྱེད་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཁམས་མ་དག་པའི་གནས་སྐབས་ན་ཡང༌། འཆི་བ་དང་ན་བ་དང་རྒ་བའི་མེ་གསུམ་པོ་འདི་དག་གིས་འཇིག་པ་དང་ན་བ་དང་སྨིན་པར་གློ་བུར་དྲི་མའི་སྒོས་ཆོས་རྨི་ལམ་ལྟ་བུ་མི་འགྱུར་བ་ཉིད་ལས་་་་་་བརྩམས་ཏེ། འདི་སྐད་ཅེས་བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་སྐྱེ་བ་ཞེས་བགྱི་བ་གློ་བུར་དྲི་མའི་སྒོས་ཆོས་རྨི་ལམ་ལྟ་བུ་འདི་ནི་འཁྲུལ་སྣང་ཡིན་པས་འཇིག་རྟེན་གྱི་ཐ་སྙད་ཀུན་རྫོབ་པ་ཉིད་དོ། །བཅོམ་ལྡན་འདས་འདུས་བྱས་ཀྱི་སྐྱོན་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་ཐམས་ཅད་འགགས་པའོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་དབང་པོ་གསར་པ་རྣམས་ཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འདུས་བྱས་བཞིན་དུ་སྐྱེ་བའམ་རྒ་བའམ། འཆི་བའམ། འཆི་འཕོ་བ་དང་སྐྱེ་བ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ། སྐྱེ་བ་མེད་པས་རྟག་པ་འཆི་བ་མེད་པས་བརྟན་པ་ན་བ་མེད་པས་གནོད་པ་ཞི་བ་རྒ་བ་མེད་པས་གཡུང་དྲུང་ངོ༌། །ཞེས་གསུངས་སོ། །
དེ་ལ་མ་དག་པ་དང་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་ལས་བརྩམས་ཏེ། མདོར་བསྟན་པའི་ཚིགས་སུ་བཅད་པ། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། དེ་བཞིན་གཤེགས་པའི་སྙིང་པོ་འདི་ཡི་རང་བཞིན་རྟག་བརྟན་ཞི་བ་གཡུང་དྲུང་ཇི་བཞིན་ཉིད་མངོན་སུམ་དུ་རྟོགས་ཏེ། ལས་ཉོན་གྱི་དབང་གིས་སྐྱེ་འཆི་སོགས་ཀྱི་ཕོངས་དང་བྲལ་ཡང་བརྩེ་བ་དེ་ཡི་རྒྱུས། བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསམ་བཞིན་དུ་སྐྱེ་བ་སོགས་བསྟེན། འདིས་ཅི་བསྟན་ཞེ་ན་རྒྱས་པར་བཤད་པ། བྱང་སེམས་འཕགས་པས་འཆི་དང་ན་བ་དང༌། རྒ་བའི་སྡུག་བསྔལ་རྩད་ནས་སྤངས། ལས་དང་ཉོན་མོངས་དབང་གིས་རང་དབང་མེད་པར་སྐྱེ། བྱང་སེམས་དེ་ལ་དབང་མེད་དུ་སྐྱེ་བའི་དེ་མེད་པའི་ཕྱིར་སྡུག་བསྔལ་དེ་དག་མེད་དོ།། མ་དག་པའི་གནས་སྐབས་ཀྱི་འཆི་བ་དང༌། ན་བ་དང་རྒ་བའི་མེ་འདིའི་བུད་ཤིང་ལྟ་བུའི་ཉེ་བར་ལེན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལས་དང་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡིན་ཏེ། མ་དག་པ་དང་དག་པའི་གནས་སྐབས་ན་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཁམས་གང་ཞིག་སྐྱེ་འཆི་སོགས་ཤིན་ཏུ་སྣང་བ་མེད་པར་གྱུར་པས། དེ་ལས་གཅིག་ཤོས་ཀྱི་སྡུག་བསྔལ་གྱི་མི་སྐྱེ་རྒ་ན་འཆི་གཏན་ནས་འབར་བ་མེད་པར་གཏོཊ་པའོ། །སྐྱེ་འཆི་མེད་པའི་ཆོས་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་ཇི་བཞིན་ཡང་དག་མཐོང་པའི་ཕྱིར། སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང༌། འགྲོ་ལ་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང༌། འཆི་དང་རྒ་དང་ན་བར་ཡང་སྟོན། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་སྣ་ཚོགས་སྒྲུབ་་པ་ལ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་བ་ཅན་ཏེ། བསམ་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས། སྙིང་རྗེས་ཁམས་གསུམ་དུ་ཡང་དག་པར་སྦྱོར་རོ། །
སྐྱེ་བ་ཡང་ཉེ་བར་སྟོན་ལ། རྒ་བ་དང༌། ན་བ་དང༌། འཆི་བ་ཡང་ཉེ་བར་སྟོན་ཏོ། །དེ་དག་ལ་རང་དབང་མེད་པར། སྐྱེ་བ་ལ་སོགས་པའི་ཆོས་འདི་དག་ཀྱང་མེད་དེ། ཁམས་དེ་ཉིད་སྐྱེ་བ་མེད་པ་དང་འབྱུང་བ་མེད་པ་རྟག་བརྟན་ཞི་བ་གཡུང་དྲུང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གནས་སྐབས་འདི་རྒྱས་པར་ནི་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ཇི་ལྟ་བ་བཞིན་ཤེས་པར་བྱ་སྟེ། དེ་སྐད་དུ། བྱང་སེམས་དེ་དག་གི་འཁོར་བའི་རྒྱུན། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། བརྒྱད་ཡོད་པ་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང༌།དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང༌། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་སྐྱེ་བའི་རྒྱུ་གང་དག་གིས་བྱང་ཆུབ་སེམས་དཔའ་སྲིད་པར་ཀུན་ཏུ་སྦྱོར་བར་བྱེད་ཀྱང༌། རང་ལ་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ། ཡང་གསོལ་བ། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན། དེ་རྒྱུ་ཅིའི་སླད་དུ། ཉོན་མོངས་པ་ཞེས་བགྱི། བཀའ་བསྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་དགེ་བ་དེ་ལྟ་བུའི་རང་བཞིན། གྱི་ཉོན་མོངས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་པར་ཀུན་ཏུ་སྦྱོར་ལ་ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་སྲིད་པར་སྐྱེ་བའི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམ་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་མིང་དེ་སྐད་བྱའོ། །ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཉོན་མོངས་པ་ཞེས་མིང་བཏགས་པ་ཡིན་གྱི་རང་གི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་དཔེར་ན་བྱང་ཆུབ་སེམས་དཔའི་དཔེ་ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ་སེམས་ཅན་གྱི་དཔེ་བུ་གཅིག་པ་འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ན་འཁོར་བའི་དཔེ་མི་གཙང་བའི་དོང་དུ་ལྷུང་པར་གྱུར་ཏོ། །
དེ་ནས་ཉན་རང་གི་དཔེ་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ལ་མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཞིང་འཁོར་བར་སྐྱེ་བ་འཛིན་མི་ནུས་པའི་དཔེ་མི་གཙང་བའི་དོང་དེར་ཞུགས་ཏེ། ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་བསམ་བཞིན་དུ་སྐྱེ་བ་འཛིན་ནུས་པའི་དཔེ་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པོ་དེ་མི་གཙང་བའི་དོང་དུ་ལྷུང་བ་མཐོང་ངོ༌། །མཐོང་ནས་ཀྱང་རིངས་པ་རིངས་པར་བཏབས་པའི་ཚུལ་གྱིས་བུ་གཅིག་པོ་འདོན་པར་འདོད་པའི་སྲེད་པས་བྱ་སྟེ། སྐྱུག་བྲོ་བ་མེད་པར་མི་གཙང་བའི་གནས་དེར་བབས་ཏེ། བུ་གཅིག་པོ་དེ་ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་ཇི་སྲིད་དོན་དེ་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །དོན་གང་ཡིན་པར་ལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མི་གཙང་བའི་དོང་ཞེས་བྱ་བའི་དཔེས་བསྟན་པའི་དོན་འདི་ནི་ཁམས་གསུམ་པའི་ཚིག་བླ་དགས་སོ། །བུ་གཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་རྣམས་ཀྱི་ཚིག་བླ་དགས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །མ་དང་གཉེན་བཤེས་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྟུང་པའི་སེམས་ཅན་མཐོང་ནས་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། འདོན་པར་ནུས་པ་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ། །
ཚོང་དཔོན་ནམ་ཁྱིམ་བདག་ཅེས་བྱ་འདི་ནི་གང་ཞིག་ལུས་ལ་མ་ཆགས་པས་གཙང་བ། ངག་བདེན་པས་དྲི་མ་མེད་པ་གཡོ་སྒྱུ་སྤངས་པས་དྲི་མ་དང་བྲལ་བའི་སེམས་དང་ལྡན་པ་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་རྟོགས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་ཁམས་གསུམ་པར་འཚམས་སྦྱོར་བར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དགས་སོ། །བློ་གྲོས་རྒྱ་མཚོ་ལས་དང་ཉོན་མོངས་པའི་དབང་གིས་རང་དབང་མེད་པར་ཉིང་འཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྟེ། སེམས་ཅན་ལ་ཕན་པའི་ཐབས་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་དག་གིས་ཀྱང་རང་ལ་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ། །ཞེས་གསུངས་པ་བཞིན་ནོ། །
དེས་ན་མདོའི་དུམ་བུ་འདིས་ནི་གཞན་ལ་ཕན་པར་བྱ་བའི་དོན་དུ་ཚེ་ལ་དབང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དང་སྙིང་རྗེ་གཉིས་ཀྱི་སྟོབས་ཀྱིས་བསམ་བཞིན་དུ་སྐྱེ་བ་ལ་སྦྱོར་བའི་ཕྱིར་དང༌། ཐབས་དང་ཤེས་རབ་གཉིས་ཀྱི་སྟོབས་ཀྱིས་སྲིད་པ་དེར་རང་ཉིད་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་མ་དག་པ་དང་དག་པའི་གནས་སྐབས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཁམས་མ་སྐྱེས་་དང་མ་བྱུང་བ་རྟག་བརྟན་ཞི་བ་གཡུང་དྲུང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཐོབ་ནས་བྱང་ཆུབ་སེམས་དཔའི་ཆོས་ཉིད་འདི་རྗེས་སུ་ཐོབ་པ་དེ་ལྟར་རྒྱས་་་་་་་པར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་བདེ་བའི་སྙིང་པོ་མེད་པ་ཉིད་དང༌། བདག་གི་རང་དབང་དུ་བྱེད་པ་པོ་མེད་པ་ཉིད་དང༌། རང་དབང་ཐོབ་པའི་བདག་པོ་མེད་པ་ཉིད་དང༌། སེམས་ཅན་དུ་བདེན་པ་མེད་པ་ཉིད་དང༌། སྲོག་སྐྱེ་འཆི་དང་བྲལ་བ་མེད་པ་ཉིད་དང༌། གང་ཟག་མི་འགྱུར་བའི་ངོ་བོ་མེད་པ་ཉིད་དང༌། བདག་རྟག་པའི་ངོ་བོ་མེད་པ་ཉིད་ལ་ལྟོས།འདི་ལྟར་བདེ་གཤེགས་སྙིང་པོ་གང་ལ་གཙང་བདག་བདེ་དང་རྟག་པ་སྐྱེ་འཆི་མེད་པ་ལ་སོགས་པ་ཇི་ལྟར་འདོད་པ་དེ་ལྟར་འགྲུབ་པར་འགྱུར་ལ། གྲུབ་པ་ན་ཡང་རྟོག་པས་སེམས་པར་མི་བྱེད་རབ་ཏུ་རྟོགས་པར་མི་བྱེད་དོ། །བློ་གྲོས་རྒྱ་མཚོ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་ཁོང་ཁྲོ་བ་དང་ཆགས་པ་སྐྱེད་པར་མི་བྱེད་དོ། །འདི་ལ་འགའ་ཡང་ཕན་འདོགས་ཤིང་ཆགས་པའམ། གནོད་ཅིང་ཞེ་སྡང་བ་མེད་དོ་ཞེས་དེ་ལྟར་དེའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་དོན་དམ་གྱི་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། དེ་ལྟར་སྙིང་རྗེ་ཆེན་པོའི་གོ་ཆ་མི་འདོར་བ་ཡིན་ནོ། །
བློ་གྲོས་རྒྱ་མཚོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻཌཱུརྱ་རིན་ཐང་མེད་པ་རགས་པའི་དྲི་མ་ཤིན་ཏུ་སྦྱངས་པ། ཕྲ་བའི་དྲི་མ་ཤིན་ཏུ་ཡོངས་སུ་དག་པ་ཤིན་ཏུ་ཕྲ་བའི་དྲི་མ་ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ། ལོ་སྟོང་ཕྲག་གནས་པར་འགྱུར་ལ། དེ་ལོ་སྟོང་ཕྲག་འདས་ནས་འདམ་དེ་ནས་ཕྱུང་སྟེ། དྲི་མ་སྦྱངས་ཤིང་བྱི་དོར་བྱ་དགོས་ཏེ། རགས་པ་ལེགས་པར་བཀྲུས་ཕྲ་བ་ལེགས་པར་སྦྱངས་ཤིན་ཏུ་ཕྲ་བ་ལེགས་པར་བྱི་དོར་བྱས་པ་ན་དག་ཅིང་དྲི་མ་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་སེམས་དཔའ་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ཀྱང་དེ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་མཐོང་ངོ༌། །
དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སྙིང་པོའི་སེམས་ཀྱི་རིན་པོ་ཆེ་རང་བཞིན་འོད་གསལ་བར་ཞུགས་པ་མ་ཡིན་ནོ། །ཉོན་མོངས་པ་འདི་དག་ནི་གློ་བུར་བ་སྟེ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་བསྐྱེད་པའོ། །བདག་གིས་སེམས་ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ་དེ་ལྟར་དེ་ལ་ཞུམ་པའི་སེམས་མི་སྐྱེའོ། །དེ་ནི་སྒྲིབ་པ་སེལ་བའི་སླད་དུ་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་རབ་ཏུ་འགྲོ་བའི་སེམས་སྐྱེའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་ཡེ་ཤེས་ཀྱིས་མི་ཆོམས་པའི་སྟོབས་སམ་མཐུ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་ཡེ་ཤེས་ལས་སྟོབས་ཆུང་བ་ཡེ་ཤེས་ཀྱི་སྟོབས་ཙམ་མེད་པའོ། །
འདི་དག་ལ་ནི་ཡང་དག་པར་བདེན་པའི་གནས་འགའ་ཡང་མེད་དོ། །ཉོན་མོངས་པ་འདི་དག་ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་བཏགས་པ་སྟེ་དེ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཚུལ་བཞིན་དུ་ཡིད་ལ་བྱེད་པས་སོ་སོར་བརྟགས་པ་ན་ཁྲོ་བར་མི་འགྱུར་རོ། །ཉོན་མོངས་པ་དེ་ནི་ཁོ་བོས་རང་དང་ཅི་ནས་ཀྱང་ཡང་བྲེལ་བར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཉོན་མོངས་པ་རྣམས་དང་ནི་མ་འབྲེལ་པ་ལེགས་ཀྱི་འབྲེལ་བ་ནི་རང་མ་ཡིན་ནོ། །
གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འབྲེལ་ན་དེ་ཇི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ལ་ཉོན་མོངས་པའི་འཆིང་བ་སྤང་པར་བྱ་བའི་ཕྱིར་ཆོས་བསྟན། འོན་ཀྱང་ཤེས་རབ་ཀྱིས་ཁོ་བོ་རང་ཉོན་མོངས་པ་རྣམས་དང་ཡང་མ་འབྲེལ་ལ་སྙིང་རྗེས་ཉོན་མོངས་པའི་འཆིང་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །
འཁོར་བར་འབྲེལ་བར་བྱེད་པ་སྔར་བསྟན་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཡིན་པ་དེ་དག་དང་ནི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་མོ། །ཞེས་གསུངས་པ་ཡིན་ནོ། །འཁོར་བ་འདི་ན་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བས་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་དེ་ཉིད་དེ་གང་གི་དབང་དུ་བྱས་ནས། བཅོམ་ལྡན་འདས་དེའི་སླད་དུ་ཟག་མེད་ཀྱི་དགེ་བས་འདུས་བྱས་པ་དང་ཟག་བཅས་ཀྱིས་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ།འདུས་བྱས་པའི་མྱང་འདས་དང་རྒྱུ་རྐྱེན་གང་གིས་ཀྱང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ་ཞེས་གསུངས་པ་ཡིན་ནོ། །
དེ་ལ་ཟག་མེད་ཀྱིས་འདུས་བྱས་དང་ཟག་བཅས་ཀྱིས་འདུས་མ་བྱས་པ་གཉིས་འདྲེས་པའི་སེམས་དང་སེམས་ལས་བྱུང་བའི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་ཕྱིར་འདི་དག་པ་དང་ཟག་བཅས་ཀྱིས་མ་བྱས་པ་ལ་ལྟོས་ཏེ་མ་དག་པའི་གནས་སྐབས་ཞེས་བྱའོ། །དེ་ཡང་ཐོགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་དང༌། སྙིང་རྗེ་ཆེན་པོ་སྒོམ་པས། རིམ་པ་ལྟར་ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱབ་པའི་དོན་དུ་དེ་མངོན་དུ་མི་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་ལ་དག་པ་དང་མ་དག་པའི་གནས་སྐབས་འདྲེས་པ་འདི་གཙོ་
བོར་རྣམ་པར་བཞག་པ་ཡིན་ནོ། །
ཟག་པ་ཟད་པའི་ཤེས་པ་ལ་མཐའ་གཅིག་ཏུ་མི་གནས་པ་ལས་བརྩམས་ཏེ། སྔར་མིའི་དཔེ་བརྗོད་པ་ཇི་སྐད་དུ་གསུངས་པ་བཞིན་ཏེ། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་འབད་པ་ཆེན་པོ་དང་བརྩོན་པ་ཆེན་པོ་དང༌། ལྷག་པའི་བསམ་པ་བརྟན་པར་བསྒྲུབ་པས་མངོན་པར་ཤེས་པ་ལྔ་སྐྱེད་པར་བྱེད་དོ། །བསམ་གཏན་དང་མངོན་པར་ཤེས་པ་ལ་སེམས་ཡོངས་སུ་སྦྱང་བ་བྱས་པ་དེ་ལ་ཤེས་རབ་ཀྱིས་ཟག་པ་ཟད་པ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཟག་པ་ཟད་པའི་ཤེས་པ་ལ་མཐའ་གཅིག་ཏུ་གནས་པའི་དྲི་མ་ཡོངས་སུ་སྦྱང་བར་བྱ་སྟེ། སླར་ཡང་སེམས་ཅན་གྱི་དོན་དུ་ཕྱིན་ཕྱོགས་སུ་ལོག་སྟེ། སོ་སོ་སྐྱེ་བོའི་ས་ལ་ཡང་མཐོང་བར་འགྱུར་རོ་བྱ་བ་འབྱུང་བ་བཞིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ་བདག་གི་དོན་དུ་བརྩོན་འགྲུས་ཡང་དག་པར་བརྩོམ་ཞིང༌། གཞན་གྱི་དོན་དུ་བསམ་པ་བརྟན་པོའི་སྒོ་ནས་སྤྱོད་དེ། ས་ལྔ་པ་ལ་བརྟེན་པའི་མངོན་པར་ཤེས་པ་ལྔས་བདག་དང་གཞན་གྱི་དོན་དུ་ཡང་དག་པར་སྦྱོར་བའི་སེམས་དང་ལྡན་ཞིང་ས་དྲུག་པ་ལ་འཁོར་འདས་གང་ལ་ཡང་ཆགས་པ་མེད་པའི་ཤེས་རབ་སྐྱེད་པའི་ཕྱིར་ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་འདི་ལ་ཤེས་རབ་ཀྱིས་ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་དབང་ཐོབ་པ་ནི་རྣམ་པར་དག་པའི་གནས་སྐབས་བསྟན་པའོ། །དེ་ལྟ་བུའི་བདག་ཉིད་དུ་ཡང་དག་པར་ཞུགས་པ་དེ་གཞན་དག་ཀྱང་ཡང་དག་པར་རྟོགས་པ་འདི་ཉིད་ལ་བཞག་པར་བྱའོ། །
ཞེས་སྙིང་རྗེ་ཆེན་པོས་ལོག་པར་ཞུགས་པའི་སེམས་ཅན་ཡོངས་སུ་བསྐྱབ་པར་འདོད་པ་ཉན་རང་བཞིན་དུ་ཞི་བའི་བདེ་བའི་རོ་མི་མྱང་བར་སེམས་ཅན་སྐྱབ་པ་དེའི་ཐབས་ལ་བྱང་པར་བྱས་པ་འཁོར་བ་ལ་མངོན་དུ་ཕྱོགས་པའི་སེམས་ཅན་ཐ་མལ་པ་ལ་ལྟོས་ཏེ། མྱང་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། དག་པའི་གནས་སྐབས་དང་ཡང་བྱང་ཆུབ་ཀྱི་ཡན་ལག་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསམ་གཏན་དག་གི་གནས་ནས་སླར་འདོད་པའི་ཁམས་སུ་བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པས་ཇི་སྲིད་མྱུར་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམ་པ་དུ་མར་སྐྱེ་བའི་བྱེ་བྲག་གིས་སོ་སོའི་སྐྱེ་བོའི་ལུས་ཀུན་ཏུ་སྟོན་པ་ལ་དབང་འབྱོར་པ་ནི་མ་དག་པའི་གནས་སྐབས་བསྟན་པ་ཡིན་ནོ། །
སྔར་མདོར་བསྟན་པའི་ཚིགས་སུ་བཅད་པའི་དོན་གཞན་ཡང་རྒྱས་པར་བསྟན་པ་ནི། ས་དང་པོ་ལ་གནས་པའི་རྒྱལ་སྲས་ཀྱི་འགྱུར་བ་མེད་པའི་ཆོས་ཉིད་འདི། མངོན་སུམ་དུ་རྟག་བརྟན་ལ་སོགས་པར་རྟོགས་ནས་མ་རིག་པས་མདོངས་པའི་སེམས་ཅན་རྣམས་ཀྱིས། སྐྱེ་བ་འཆི་བ་ལས་སོགས་པ་དག་ཏུ་ནི། མཐོང་བ་གང་ཡིན་དེ་རྨད་དུ་བྱུང་བ་ཉིད་དོ།། ས་དང་པོར་འཕགས་པའི་སྤྱོད་ཡུལ་ཐོབ་པ་གང་ཡིན་པ་དེ། བྱིས་པའི་སྤྱོད་ཡུལ་དུ་སྐྱེ་བ་སྣ་ཚོགས་སྟོན་ཏེ། དེ་ཉིད་ཕྱིར་ན་འགྲོ་བ་ཡི། གཉེན་གྱི་ཐབས་ལ་མཁས་པ་དང་སྙིང་རྗེ་མཆོག་ལ་གནས་པའོ།། ས་གཉིས་པ་གསུམ་པ་བཞི་པ་ལྔ་བ་དྲུག་པ་བདུན་པ་དེ་ནི་འཇིག་རྟེན་གྱི་སྐྱོན་ཐམས་ཅད་ལས། འདས་ཀྱང་འཇིག་རྟེན་གྱི་རྣམ་འགྱུར་ལས་མ་གཡོས། འཇིག་རྟེན་ལ་ཕན་པའི་དོན་དུ་འཇིག་རྟེན་ན། འཇིག་རྟེན་གྱི་དྲི་མས་མ་གོས་སྤྱོད། དཔེ་ཇི་ལྟར་པད་མ་ཆུ་ནང་དུ། སྐྱེས་པ་ཆུ་ཡིས་གོས་པ་མེད། དེ་བཞིན་བྱང་སེམས་འདི་དག་ནི་འཇིག་རྟེན་དུ། སྐྱེས་ཀྱང་འཇིག་རྟེན་གྱི་སྐྱོན་གྱི་ཆོས་ཀྱིས་མི་གོས་སོ།། ས་བརྒྱད་པ་དང་དགུ་བ་ལ་བྱང་ཆུབ་ཆེན་པོ་ཐོབ་པའི་བྱ་བ་སྒྲུབ་ལ་རྟག་ཏུ་བློ། མེ་བཞིན་དུ་ནི་འབར་བ་དང༌། རྣམ་གཡེང་ཐམས་ཅད་ཞི་བའི་བསམ་གཏན་སྙོམས་འཇུག་ལ། རྟག་ཏུ་སྙོམས་པར་ཞུགས་པ་ཡིན་ནོ།། ས་བཅུ་པ་དེ་ནི་འབད་མེད་ལ་གོམས་པའི་སྔོན་གྱི་འཕེན་པའི་དབང་དང་ནི། རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། དེ་ནི་ལུས་ཅན་སྨིན་པ་ཡི། དོན་དུ་འབད་པ་བྱེད་མ་ཡིན། འདུལ་བའི་ཐབས་སྣ་ཚོགས་བསྟན་པ་དང་གཟུགས་སྐུ་གཉིས་པོ་དག་དང་ནི། གཞན་གྱི་དོན་སྤྱོད་པ་དང་རང་གི་སྤྱོད་ལམ་སྣ་ཚོགས་ཀྱིས་ཀྱང་རུང༌། སེམས་ཅན་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་པ་ནི་ས་བཅུ་པ། དེས་འདུལ་ལུགས་དེ་དེ་ལྟ་ཉིད་དུ་ཤེས། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། འགྲོ་བར་རྟག་ཏུ་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པར། ཐབས་གང་ལ་ཡང་ཐོགས་པ་མེད་པའི་བློ་དང་ལྡན་པའི་ས་བཅུ་པ་དེ་ཡིས་ནི། སེམས་ཅན་གྱི་དོན་ལ་ནི་ཡང་དག་པར་འཇུགས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཆུལ་འདི་ནི། རྗེས་ཐོབ་གཞན་དོན་ལ་དེ་བཞིན་གཤེགས་རྣམས་དང༌། སེམས་ཅན་ཡང་དག་སྒྲོལ་བ་གཞན་དོན་གྱི་ཡོན་ཏན་ལ། འཇིག་རྟེན་ན་ནི་མཉམ་པ་ཉིད་དུ་གྱུར་པ། དེ་ལྟ་མོད་ཀྱི་རང་དོན་གྱི་ཡོན་ཏན་ནི་བྱང་ཆུབ་སེམས་དཔའ་ལ་འོག་ནས་སྟོན་པའི་བག་ཆགས་ཕྲ་མོའི་ནད་དང་ཟག་མེད་ས་གཞི་དང་རྡུལ་དང༌། རྒྱ་མཚོ་དང་བ་ལ་རྨིག་རྗེས་ཀྱི་ཆུའི་ཁྱད་པར་གང་ཡིན་སངས་རྒྱས་དང༌། ས་བཅུ་པའི་བྱང་ཆུབ་སེམས་དཔའི་རང་དོན་གྱི་ཡོན་ཏན་གྱི་ཁྱད་པར་དེ་ཉིད་ཡིན་ནོ། །ཚིགས་སུ་བཅད་པ་བཅུ་པོ་འདི་རྣམས་ལས་གོ་རིམ་བཞིན་དུ། ཚིགས་སུ་བཅད་པ་དགུས་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་བའི་འོག་ཏུ་སྟེ་རྗེས་ལ་སྐྱེ་བ་སྣ་ཚོགས་པ་འཛིན་པའི་ཆ་ནས་མཆོག་ཏུ་ཀུན་ནས་ཉོན་མོངས་པ་ཉིད་ཅེས་བཏགས་པ་དང༌། ཚིགས་སུ་བཅད་པ་བཅུ་ས་དང་བཅས་པས་ནི་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་གྱི་སྟེང་སྟེ་སྔོན་དུ་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པའི་ཆ་ནས་རྣམ་པར་དག་པ་ཉིད་ལ་ལྟོས་ཏེ། མདོར་བསྡུ་ན། ས་བཅུ་ལ་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་པོ་རྣམས་དག་པ་དང་མ་དག་པ་ཉིད་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་བཞི་ནི། ས་དང་པོ་པ་སེམས་དང་པོ་བསྐྱེད་པ་དང༌། ས་གཉིས་པ་ནས་བདུན་པའི་བར་སྤྱོད་པ་ལ་ཞུགས་པ་དང༌། བརྒྱད་པ་དང་དགུ་པ་ཕྱིར་མི་ལྡོག་པ་དང༌། ས་བཅུ་པ་སྐྱེ་བ་གཅིག་གིས་ཐོགས་པའོ། །
དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པས་ནི། ས་དང་པོ་རབ་ཏུ་དགའ་བ་ལ་ཐོག་མ་མེད་པའི་དུས་ནས་སྔོན་མ་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང་བའི་ཕྱིར། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་བས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ། མི་གཡོ་བའི་བར་གྱི་ས་ལ་ཉེ་བར་མ་གོས་པའི་སྤྱད་པ་སྤྱོད་པའི་ཕྱིར། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་ལྔ་པས་ནི། ས་མི་གཡོ་བ་ལ་རྒྱུན་མི་འཆད་པར་བྱང་ཆུབ་ཆེན་པོ་ཐོབ་པའི་སྦྱོར་བའི་ཏིང་ངེ་འཛིན་ལ་ལེགས་པར་་་་་གནས་པའི་ཕྱིར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། །
ཚིགས་སུ་བཅད་པ་དྲུག་པ་དང༌། བདུན་པ་དང་བརྒྱད་པས་ནི། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་རང་དང་གཞན་གྱི་དོན་སྒྲུབ་པའི་ཐབས་མཐའ་དག་མཐར་ཕྱིན་པ་སངས་རྒྱས་ཀྱི་ས་ལ་ཡིད་ཀྱི་རང་བཞིན་གྱི་ལུས་སུ་སྐྱེ་བ་འཛིན་པ་ཐ་མ་གཅིག་གིས་ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་གཙང་བདག་བདེ་དང་རྟག་པ་དམ་པ་ཐོབ་པར་བྱ་བའི་ཕྱིར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། །
ཚིགས་སུ་བཅད་པ་དགུ་པ་དང་བཅུ་པས་ནི་གཞན་གྱི་དོན་མཉམ་པ་དང་རང་གི་དོན་ལ་ཟག་མེད་ཀྱི་འདུ་བྱེད་ཀྱིས་བསྐྱེད་པ་འདུས་བྱས་ཀྱི་ཡིད་ལུས་དང་དེ་ལ་བག་ཆགས་ཀྱི་ནད་དང་དེ་སྨིན་པའི་རྒ་བ་དང་དེ་འཇིག་པའི་འཆི་བ་རྣམས་ཡོད་མེད་ལས་བརྩམས་ཏེ་ས་བཅུའི་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་ལ་ད་དུང་མ་རིག་བག་ཆགས་ཀྱི་ས་དང་དེས་སྐྱེད་པའི་ཡིད་ཀྱི་ལུས་ཡོད་པ་དང་དེ་དག་འགགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་གཉིས་གཞན་དོན་ཁྱད་པར་མེད་པ་དང་རང་དོན་གཙང་བདག་བདེ་དང་རྟག་པ་ཐོབ་མ་ཐོབ་ཀྱི་ཁྱད་པར་དང་བཅས་པ་བསྟན་ཏོ། །དེ་ལ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་ཡོན་ཏན་རྣམ་པར་འགྱུར་བ་མེད་པ་ལས་བརྩམས་ཏེ་མདོར་བསྟན་པའི་ཚིགས་སུ་བཅད་པ། གཞན་འགྱུར་མིན་པའི་བདག་ཉིད་རྟག་པ་སྟེ་མི་ཟད་མི་ཟད་པའི་ཡོན་ཏན་གྱི་ཆོས་དང་ལྡན་པར་རྟག་པའི་ཕྱིར། འགྲོ་བའི་བསྟན་པའི་སྐྱབས་ཕྱི་མའི་མཐའ་མེད་པར་མུར་ཐུག་པར་གནས་པའི་ཕྱིར། དེ་ནི་རྟག་ཏུ་ཞི་བ་ནི་གཉིས་མེད་མི་རྟོག་ཕྱིར། འཇིག་མེད་ཆོས་ཀྱང་ཟག་མེད་ཀྱི་ལས་ཀྱིས་མ་བྱས་པ་གཡུང་དྲུང་གི་རང་བཞིན་ཕྱིར། འདིས་ཅི་བསྟན་ཞེ་ན། དེ་ཉིད་རྒྱས་པར་བཤད་པ་སྐྱེ་བ་མེད་ཅིང་འཆི་བ་མེད། གནད་མེད་རྒ་བ་འབྲས་བུ་སྨིན་པ་མེད་པ་སྟེ། རིམ་པ་ལྟར་དེ་ནི་བརྟག་དང་བརྟན་ཕྱིར་དང༌། ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། དེའི་རྒྱུ་མཚན་རྒྱས་བཤད་དེ་ནི་ཡིད་ཀྱི་རང་བཞིན་གྱི། ལུས་ཀྱིས་སྐྱེ་བ་མེད་དེ་རྟག་པའི་ཕྱིར། བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། འཆི་འཕོས་བརྟན་ཕྱིར་དེ་མི་འཆི། བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། ཟག་མེད་ཀྱི་ལས་ཀྱིས་མངོན་པར་འདུ་བྱེད་ཀྱིས། གཡུང་དྲུང་ཕྱིར་ན་འབྲས་བུ་སྨིན་པའི་རྒ་བ་མེད། རང་བཞིན་གྱིས་ཤིན་ཏུ་དྲི་མ་མེད་ཅིང་གློ་བུར་གྱི་དྲི་མ་རྣམ་པར་དག་པ་ངོ་བོ་འོད་གསལ་བ་རང་གི་རང་བཞིན་སངས་རྒྱས་ཀྱི་ས་ལ་རྣམ་པར་གནས་པ་དེ་བཞིན་གཤེགས་པའི་ཁམས་དེ་ནི་སྔོན་གྱི་མཐའ་ཉེ་བར་བཟུང་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །ཕྱི་མའི་མཐའ་ཉེ་བར་བཟུང་ནས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བས་འཆི་བ་མ་ཡིན་ཏེ་བསྟན་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཐའ་གཉིས་ཀྱི་བར་ཉེ་བར་བཟུང་ནས་མ་རིག་པའི་བག་ཆགས་ཀྱི་ཡོངས་སུ་འཛིན་པས་གནོད་པ་ཡང་མ་ཡིན་ཏེ་བག་ཆགས་དེ་ཞི་བའི་ཕྱིར་རོ། །དེ་ལྟར་དོན་མེད་པས་སྐྱེ་འཆི་ན་བ་མ་ཕོག་པ་གང་ཡིན་པ་དེ་ནི་གཡུང་དྲུང་ཉིད་ཀྱི་རྒྱུའི་ཕྱིར་ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཡོངས་སུ་སྨིན་པས་རྒ་བ་ཡང་མ་ཡིན་ནོ། ། དེ་ལ་སྐྱེ་བ་མེད་ཅིང་འཆི་བ་མེད་ཅེས་པའི་ཚིག་གཅིག་དེ་བཞིན་གཅིག གཅིག་དང་གཅིག་གིས་གོ་རིམ་བཞིན། ཟག་པ་མེད་པའི་ལས་ཀྱིས་ཀྱང་འདུས་མ་བྱས་པའི་དབྱིངས་ཉིད་ལ། རྟག་པ་དང་ལ་སོགས་པ་བརྟན་པ་ཞི་བ་གཡུང་དྲུང་ཞེས་པའི་དོན་ཤེས་པར་བྱ། དེ་ལ་དེ་ནི་ཡིད་ཀྱི་རང་བཞིན་གྱི་ཞེས་པའི་ཚིགས་བཅད་གཉིས་ཀྱི་ཚིག་གཉིས་དེ་བཞིན་གཉིས། གཉིས་དང་གཉིས་ཀྱི་གོ་རིམ་བཞིན། ཟག་པ་མེད་པའི་ལས་ཀྱིས་ཀྱང༌། འདུས་མ་བྱས་ཀྱི་དབྱིངས་ལ་ནི། རྟག་པ་ལ་སོགས་ཀྱི་རྒྱུ་མཚན་རྒྱས་པར་བཤད་པའི་དོན་ཤེས་བྱ། དེ་ལ་འདུས་མ་བྱས་ཀྱི་དབྱིངས་ལ་རྟག་པ་དང་བརྟན་པ་དང་ཞི་བ་དང་གཡུང་དྲུང་གི་ཚིག་འདི་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དང་པོའི་ཚིགས་བཅད་གཅིག་གིས་ཚིག་རེ་རེའི་དོན་ངོ་བོ་ཙམ་བསྟན་པ་དང་ཚིགས་བཅད་གཉིས་པས་བཤད་པའི་ཚིག་གཉིས་གཉིས་ཀྱི་རྣམ་པར་དབྱེ་བ་ནི་དེ་མ་ཐག་ཏུ་འོག་འདིར་དྲངས་པའི་མདོ་འདི་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །སྔར་མདོར་བསྟན་གྱི་ཚིགས་བཅད་ཀྱི་དོན་མི་ཟད་ཡོན་ཏན་དང་ལྡན་ཕྱིར། གཞན་འགྱུར་མིན་བདག་རྟག་པའི་དོན། མཐའི་མུ་དང་མཚུངས་པའི་ཕྱིར། སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན། རྣམ་པར་མི་རྟོག་རང་བཞིན་ཕྱིར། གཉིས་མེད་ཆོས་ཉིད་ཞི་བའི་དོན། ཟག་མེད་ཀྱི་ལས་ཀྱིས་མ་བཅོས་ཡོན་ཏན་ཉིད་ཕྱིར་ན། འཇིག་མེད་དོན་ནི་གཡུང་དྲུང་ཉིད། ཅི་སྐད་དུ་ཤ་རིའི་བུ་ཟད་ན་མི་རྟག་པར་འགྱུར་བ་ལས་ཡོན་ཏན་མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་་་་་་་་པའོ། །ཤ་རིའི་བུ་ཕྱི་མའི་མཐའི་མུ་དང་མཚུངས་པར་གནས་པ་ཉིད་ཀྱིས་བརྟན་པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ།། ཤ་རིའི་བུ་བག་ཆགས་ཕྲ་མོའི་དབང་གིས་རྣམ་པར་མི་རྟོགཔ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། །ཤ་རིའི་བུ་མ་ཟག་མེད་ཀྱི་ལས་ཀྱིས་བཅོས་པའི་ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ༌། །
ཞེས་གསུངས་པ་བཞིན་ནོ། །སངས་རྒྱས་ཀྱི་ས་ལ་ཤིན་ཏུ་རྣམ་པར་དག་པའི་མཐར་ཕྱིན་པའི་དེ་བཞིན་གཤེགས་པའི་སྙིང་པོའི་རྣམ་པར་དག་པའི་གནས་སྐབས་འདི་ཉིད་ལ་མིང་བཞིས་བསྟན་པའི་ངོ་བོ་དབྱེ་བ་མེད་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་གི་ཕྱིར་དེ་ནི་ཆོས་སྐུ་ཞེས་པ་དང་དེ་ནི་དེ་བཞིན་གཤེགས། དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། ཞེས་པ་མིང་བཞི་བྱུང་ཡང་དོན་གཅིག་པ། དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། ས་བཅུ་པ་མན་ཆད་ཆོས་དབྱིངས་དང་ཞིང་ཐོགས་པ་མེད་པ་ལ་གནས་ཀྱང་བག་ཆགས་མ་སྤངས་པའི་ཕྱིར། སངས་རྒྱས་ཉིད་ལས་མ་གཏོགས་པ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མཐར་ཐུག་གི་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ།། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། མདོར་ན་ཟག་མེད་དབྱིངས་ལ་ནི། དོན་གྱི་རབ་ཏུ་དབྱེ་བ་བཞིས། ཆོས་ཀྱི་སྐུ་ལ་སོགས་པའི་མིང༌། རྣམ་གྲངས་བཞིར་ནི་རིག་པར་བྱ། མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས་ནས་མིང་གི་རྣམ་གྲངས་བཞིར་རིག་པར་བྱའོ། །དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་དབྱེར་མེད་པ་ཆོས་སྐུ་དང༌། དེ་བཞིན་གཤེགས་པ་དེའི་རིགས་དེ་བཞིན་ཐོབ་པ་དང༌། དོན་དམ་འཕགས་པའི་བདེན་པ་རྫུན་མེད་བསླུ་མེད་ཆོས་ཉིད་དང༌། མྱ་ངན་ལས་འདས་པ་གདོད་ནས་རང་བཞིན་མྱ་ངན་ཞི་ཉིད་ཀྱི་སྟེང་དུ་ཇི་ལྟ་བ་བཞིན་ཕེབས་པ་ཉིད་དོ། །
སངས་རྒྱས་ཀྱི་ཆོས་རྣམ་པར་དབྱེར་མེད་པ་ཆོས་སྐུའི་དོན་ནི་གང་གི་དབང་དུ་མཛད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་པའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་རྫོགས་པར་ཐོབ་པའི་དོན་ནི་གང་གི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའི་སྐྱེ་བ་གཅིག་ནས་གཅིག་ཏུ་རྒྱུད་ནས་འོངས་པའི་ཐོག་མ་མེད་པའི་ཆོས་ཉིད་ཐོབ་པ་དེ་ནི་སྐྱེད་མཆེད་དྲུག་གི་ཁྱད་པར་བརྩེ་བ་དང་ཤེས་རབ་ཀྱི་བདག་ཉིད་དེ་འདྲ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །རྫུན་པ་མེད་པ་དང་བསླུ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། དེ་ལ་དོན་དམ་པའི་བདེན་པ་ནི་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་གྱི་རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་རྟག་པའོ། །ཞེས་གསུངས་པ་ཡིན་ནོ། །
གཏན་དུ་མྱ་ངན་ཐམས་ཅད་ཉེ་བར་ཞི་བའི་དོན་ནི་གང་གི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདོད་མ་ལས་ཡོངས་སུ་མྱ་ངན་ཐམས་ཅད་ལས་འདས་པ་ཉིད་དེ། ཡིད་ཀྱི་ལུས་སུ་ཡང་སྐྱེ་བ་མེད་པ་འགག་པ་མེད་པའོ་ཞེས་གསུངས་སོ། །དོན་བཞི་པོ་འདི་དག་ལ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་མིང་གི་རྣམ་གྲངས་འདི་བཞིར་འགྱུར་ཏེ་འདི་ལྟ་སྟེ་ཆོས་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། དོན་དམ་པའི་བདེན་པ་དང༌། མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ་གང་གི་ཕྱིར་འདི་སྐད་ཅེས། ཤ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་བྱ་བ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་མ་ལགས་ཀྱི་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་དོན་དམ་འཕགས་པའི་བདེན་པ་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཤེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །
དེ་ལ་སྔར་གྱི་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། རྣམ་ཀུན་མངོན་པར་བྱང་ཆུབ་སངས་རྒྱས་དང༌། དྲི་མ་བག་ཆགས་བཅས་སྤངས་པ་མྱང་འདས་ཏེ། སངས་རྒྱས་དང་མྱ་ངན་འདས་པ་གཉིས་ནི། དམ་པའི་དོན་དུ་གཅིག་པས་གཉིས་སུ་མེད་པ།་ཉིད་དོ།། གང་གི་ཕྱིར་བག་ཆགས་དང་བཅས་པའི་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ངོ་བོ་གཅིག་ཏུ་ཡང་དག་པར་འདུ་བ་དེའི་ཕྱིར།
འདི་དག་དོན་གཅིག་པས་གཉིས་སུ་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་དང༌། ལྷན་ཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་བག་ཆགས་དང་བཅས་པའི་དྲི་མ་སྤངས་པའི་ཕྱིར་མྱ་ལས་འདས་པ་ཞེས་བརྗོད་པ་གང་ཡིན་པ་འདི་གཉི་ག་ཡང་བག་ཆགས་ཀྱིས་ཟག་པ་ཡང་མེད་པའི་ཆོས་དབྱིངས་ལ་ངོ་བོ་དབྱེར་མེད་ཅིང་གཅད་དུ་མེད་དེ་གཉིས་སུ་མེད་དོ་ཞེས་བལྟ་བར་བྱའོ། །རྣམ་པ་ཐམས་ཅད་གྲངས་པ་མེད་པ་དང༌། བསམ་མེད་དྲི་མེད་ཡོན་ཏན་དང༌། དབྱེར་མེད་མཚན་ཉིད་ཐར་པ་སྟེ། ཐར་པ་གང་དེ་དེ་བཞིན་གཤེགས་ཤེས་བྱ་བ་འདི་ནི་ཇི་སྐད་དུ་ཉན་ཐོས་དགྲ་བཅོམ་པ་དང༌། རང་སངས་རྒྱས་ཀྱི་སྐྱེ་འཆི་ཙམ་གྱི་མྱ་ངན་ལས་འདས་པ་ནི་མཐར་ཐུག་མ་ཡིན་པའི་དབང་དུ་མཛད་ནས། ཀྱེ་བཅོམ་ལྡན་འདས་ཉན་རང་གི་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་མ་རིག་བག་ཆགས་ཀྱི་སའི་མྱ་ངན་ལས་འདས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་བརྩོན་འགྲུས་ཞན་པ་རྣམས་མཐར་ཐུག་གི་མྱང་འདས་ལ་དྲང་བའི་ཐབས་མཁས་པ་ལགས་སོ་ཞེས་གསུངས་པ་སྟེ། ཐབས་མཁས་པ་འདིས་ནི་དཔེར་ན་ལམ་རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་བ་བཞིན་དུ་འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཁོར་བར་ཕྱིར་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བག་ཆགས་ཀྱི་མྱ་ངན་ལས་འདས་པ་ཡང་དབང་ཐོབ་པའི་ཕྱིར། ཆོས་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་གཞལ་དུ་མེད་པ་དང༌། བསམ་གྱིས་མི་ཁྱབ་པ་དང་རྣམ་པར་དག་པའི་མཐར་ཕྱིན་པའི་ཡོན་ཏན་དང་བཞི་སྟེ་བཞི་པོ་དེ་ལྡན་པའོ་ཞེས་བྱ་བ་འདིས་ནི་ས་བརྒྱད་པ་དགུ་པ་བཅུ་བ་སངས་རྒྱས་ཀྱི་སར་ཡོན་ཏན་རྣམ་པ་བཞི་པོ་དེ་གྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པས་མྱང་འདས་དེའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཕྱིར། སངས་རྒྱས་དང་མྱ་ངན་ལས་འདས་པ་དག་ངོ་བོ་རྣམ་པར་དབྱེ་བ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ན་ས་བཅུ་པ་མན་ཆད་ལ་འདི་ལྟ་བུའི་སངས་རྒྱས་ཉིད་མེད་པར་ཉན་རང་འགའ་ཡང་མཐར་ཐུག་གི་མྱ་ངན་ལས་འདས་པ་གཙང་བ་དམ་པ་ཐོབ་པ་མེད་དོ། །
ཞེས་བསྟན་པ་ཡིན་ནོ། །དེ་ལ་ཟག་པ་མེད་པའི་དབྱིངས་ལ་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཕར་ཕྱིན་དྲུག་གིས་མངོན་པར་བསྒྲུབ་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་པ་ཉིད་ནི་རྒྱལ་པོའི་གཟུགས་ཅན་གྱི་རི་མོ་མཁན་གྱི་དཔེས་རིག་པར་བྱ་སྟེ། དཔེ་ཇི་ལྟར་གཟུགས་ཅན་གྱི་རི་མོ་འདྲི་བར་བྱེད་པ། དྲུག་ཡོད་པ་ལས་རེ་རེས་ཡན་ལག་རེ་རེ་ཤེས་ཤིང་ཅིག་གིས་ཐམས་ཅད་རྫོགས་པར་མི་ཤེས་པས་རེ་རེ་ཡན་ལག་མགོ་ལྟ་བུ་གཞན་དང་གཞན་ལ་མཁས་པ་དག ཏུ་གྱུར་པས་བྲི་མཁན་གང་ཞིག་ཡན་ལག་གང་ཤེས་པ། དེས་ཡན་ལག་གཞན་ངེས་ཟིན་པ་ནི་མེད་པར་གྱུར་ལ། དེ་ནས་རྒྱལ་པོས་རས་འདི་ལ་རི་མོ་མཁན་ཡན་ལག་གང་དང་གང་ལ་མཁས་པ་ཁྱེད་ཀུན་གྱིས། ཐམས་ཅད་ལོག་ནས་ང་ཡི་གཟུགས་ནི་གྱིས་ཤིག་ཅེས། མངའ་བདག་རྒྱལ་པོས་དེ་དག་ལ། རྒྱལ་པོའི་བཀའ་ཡིས་བྲིས་གཞིའི་རས་ནི་བྱིན་པ་དང༌། དེ་ནས་དེ་ནི་ཐོས་གྱུར་ཏེ། རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ལས། ཡན་ལག་ཤེས་པའི་རི་མོ་མཁན་གཅིག་ཅིག་ཡུལ་གཞན་དུ་སོང་གྱུར་ན། དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་རི་མོ་དེ། ཡན་ལག་ཐམས་ཅད་ཡོངས་རྫོགས་པ། མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །
དེ་རྣམས་འདྲྀ་བྱེད་ཀྱི་དཔེས་བསྟན་པའི་དོན་གང་དག་ཡིན་ཞེ་ན། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། རྣམ་པ་ཀུན་གྱི་མཆོག་ལྡན༌། སྟོང་པ་ཉིད་ནི་རྒྱལ་པོའི་གཟུགས་སུ་བརྗོད། ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་པའི་དཔེས་བསྟན་ཏོ།། དེས་ན་ཉན་རང་གི་མྱང་འདས་ནི་ཆོས་སྐུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་རྫོགས་པར་མ་ཚང་སྟེ་སྒྲུབ་བྱེད་ཀྱི་རྒྱུ་ཕ་རོལ་ཏུ་ཕྱིན་པ་མ་ཚང་བའི་ཕྱིར་རོ།། ཇི་སྐད་དུ། ཐབས་མེད་ཞེས་བྱས་སོ།། དེ་ལ་སྦྱིན་པ་ལ་སོགས་པ་འདི་དག་ཉིད་ལས། ཕར་ཕྱིན་རེ་རེ་ཡང་སངས་རྒྱས་ཀྱི་རྟོགས་པའི་ཤུགས་ལ་མཐའ་ཡས་པར་རྣམ་པའི་རབ་ཏུ་དབྱེ་བ་ཐ་དད་པའི་ཕྱིར་ཕར་ཕྱིན་རེ་རེ་ཡང་ཚད་མེད་པར་རིག་པར་བྱའོ། །གྲངས་དང་མཐུ་དག་གིས་ནི་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །སྤང་བྱ་སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ནི་སྤངས་པའི་ཡོན་ཏན་རྣམ་པར་དག་པ་མཆོག་ཉིད་དོ། །དེ་ལ་ལམ་ལ་ཞུགས་ནས་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོ་བསྒོམས་པས་མི་སྐྱེ་མི་འགག་བའི་ཡོན་ཏན་གྱི་ཆོས་ལྷུན་གྱིས་གྲུབ་པ་ཉིད་འཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པ་རང་གི་ངང་གིས་འཇུག་པའི་ལམ་ཤེས་པ་ལ་བརྟེན་པས་ན། ཟག་པ་མེད་པའི་དབྱིངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱྀ་ཡོན་ཏན་རྣམ་པ་ཐམས་ཅད་པ་ཉིད་ཡང་དག་པར་འགྲུབ་བོ། ། བྱང་ཆུབ་སེམས་དཔའི་ས་དགུ་པ་ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་རྒྱ་མཚོ་གྲངས་མེད་པ་དག་གིས་ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་པས་ན་ཡོན་ཏན་གྱི་རྣམ་པ་ཚད་མེད་པ་ཉིད་ཡང་དག་དག་པར་འགྲུབ་བོ། །བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་གནས་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ། བརྟེན་པས་ན་ཡོན་ཏན་གྱི་རྣམ་པ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་བོ། ། དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ས་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ཕྱིར། མ་རིག་བག་ཆགས་ཀྱི་ས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན་པས་ན་རྣམ་པར་དག་པ་གཙང་བ་དམ་པ་མཆོག་གི་ཡོན་ཏན་ཉིད་ཡང་པར་འགྲུབ་བོ། །གང་གི་ཕྱིར་བརྒྱད་པ་དགུ་པ་བཅུ་པ་སངས་རྒྱས་ཀྱི་སའི་ཡེ་ཤེས་ཀྱི་རྟེན་བཞི་པོ་འདི་དག་ལ་ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་གནས་པ་མཐོང་བ་མེད་པ་དེའི་ཕྱིར་ཉན་རང་དེ་དག་ནི་ས་བཞི་པོ་དེའི་ཡོན་ཏན་རྣམ་པ་བཞི་གྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་མ་རིག་གི་བག་ཆགས་ཀྱི་སའི་མྱ་ངན་ལས་འདས་པའི་དབྱིངས་ལས་རིང་དུ་གྱུར་པ་ཡིན་ནོ་ཞེས་བྱའོ།། ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་རྣམ་གྲོལ་སྤངས་པ་རྣམས། རིམ་པ་ལྟར་གསལ་དང་འཕྲོ་དང་དག་ཕྱིར་དང༌། ངོ་བོ། ཐ་དད་མེད་ཕྱིར་འོད་དང་ཟེར། ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། ཇི་ལྟ་བ་མཁྱེན་པའི་ཤེས་རབ་གང་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གང་དང་རྣམ་པར་གྲོལ་བ་སྤངས་པ་གང་གིས། ས་བཞི་པོ་དེར་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་དབྱེ་བ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་དེ་མཚོན་པར་བྱེད་པ་དེ་དག་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་དག་ནི་རྟོགས་པའི་ཡེ་ཤེས་གཉིས་སྤངས་པ་སྟེ་གསུམ་དང་གསུམ་ཀ་ཐ་དད་མེད་པའི་རྣམ་པ་གཅིག་གིས་ཉི་མ་དང་ཆོས་མཐུན་པ་རྣམ་པ་བཞི་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་ཡིད་ཀྱི་ལུས་ལ་སོགས་པའི་འཇིག་རྟེན་ལས་འདས་པ་སྤངས་པའི་ངོ་བོ་རྣམ་པར་མི་རྟོག་པའི་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར། འོད་གསལ་བ་དང་ཆོས་མཚུངས་སོ། །
དེའི་རྗེས་ལ་རྟོགས་པའི་ཡོན་ཏན་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་ལ་འཇུག་པས་ན། འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ་འདིར་ཆོས་ཅན་མཁྱེན་པའི་ཆ་ལ་རྗེས་ཐོབ་ཅེས་བྱའོ།། དེ་གཉི་གའི་རྟེན་སེམས་ཀྱི་རང་བཞིན་བག་ཆགས་ལས་ཀྱང་རྣམ་པར་གྲོལ་བ་ནི། ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བ་ཉིད་ཀྱིས། ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་ཀ་ཡང་ཆོས་ཀྱི་དབྱིངས་དང་དབྱེ་བ་མེད་པའི་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་རྣམ་པར་དབྱེ་བ་མེད་པ་དང་ཆོས་མཚུངས་སོ། །སངས་རྒྱས་ཀྱི་སྤངས་
རྟོགས་ཐམས་ཅད་མྱ་ངན་ལས་འདས་པ་དང་ཐ་དད་མེད་པ་དེས་ན་སངས་རྒྱས་མ་ཐོབ་པར། བག་ཆགས་དང་བཅས་པའི་མྱ་ངན་ཐམས་ཅད་ལས་འདས་པའི་གཙང་བ་དམ་པ་མི་འཐོབ་སྟེ། དཔེར་ན་འོད་དང་འོད་ཟེར་སྤངས་ནས་ནི།ཉི་མ་ལྟ་བར་མི་ནུས་བཞིན། གང་གི་ཕྱིར་ཐོག་མ་མེད་པ་ནས་རང་གི་ངོ་བོ་ཉེ་བར་གནས་པའི་རང་བཞིན་དོན་དམ་པའི་དགེ་བའི་ཆོས་དང་ལྡན་པའི་ཁམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དེའི་ཕྱིར་ཇི་ལྟ་བ་མཁྱེན་པ་ཆགས་པ་མེད་པ་ཇི་སྙེད་པ་མཁྱེན་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མངོན་དུ་བྱེད་པ་མི་འཐད་དེ། དཔེར་ན་འོད་དང་འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་བཞིན་ནོ། །
དེ་ཉིད་ཀྱི་ཕྱིར་ཀྱེ་བཅོམ་ལྡན་འདས་སྤངས་རྟོགས་དམན་པ་དང་གྱ་ནོམ་པ་བཟང་ངན་གྱི་ཁྱད་པར་ཡོད་པའི་ཆོས་འཇིག་རྟེན་པ་རྣམས་པ་ནི་མཐར་ཐུག་གི་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་ཆོས་མ་མཆིས་ལགས་སོ།། བཅོམ་ལྡན་འདས་མྱ་ངན་ཐམས་ཅད། ལས་འདས་པ་རྟོགས་པ་ནི་སངས་རྒྱས་ཀྱི་སྤངས་རྟོགས་མཚུངས་པའི་ཆོས་རྣམས་ཀྱི་མྱང་འདས་རོ་མཉམ་པ་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྟོགས་པ་མཚུངས་པ་དང༌། རྣམ་པར་གྲོལ་བ་སྤངས་པ་མཚུངས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྤྲིན་མཐོངས་མཁའ་ལ་ཉི་བཞིན་མིན་པར་མཚུངས་པ་རྣམས་ཀྱི་ཁྱད་ཆོས་ལགས་སོ། ། བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་དབྱིངས་ནི། རིགས་པར་རྟོགས་པ་རོ་གཅིག་པ་གྲོལ་བར་སྤངས་པ་རོ་མཚུངས་པ་ཞེས་བརྗོད་དོ། །འདི་ལྟ་སྟེ། རིག་པ་དང་རྣམ་པར་གྲོལ་བའི་རོས་སོ། ། ཞེས་གསུངས་སོ། །
ངོ་བོ་རྒྱུ་འབྲས་ལས་ལྡན་ལ་སོགས་པ་རྒྱས་པར་བཤད་པ་དེ་ལྟར་རྒྱལ་བའི་སྙིང་པོ་ནི། དོན་དམ་དབྱིངས་ཀྱི་དགོངས་དོན་གྱི་རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། ནས་སླར་ཡང་གློ་བུར་གྱི་ཉོན་མོངས་སྦུབས་ན་གནས་པ་དེ། དྲི་མ་དང་སྙིང་པོའི་དཔེ་དགུ་དགུ་དག་གིས་ནི་དྲི་མ་དང་སྙིང་པོའི་དོན་དགུ་དགུ་དེ་མ་ཐག་འོག་ནས་འབྱུང་བ་ཤེས་པར་བྱའོ།། དེ་ལྟར་ཕྱི་མའི་མཐའི་མུ་དང་མཚུངས་པ། གནས་གསུམ་ཀར་རྟག་པའི་ཆོས་ཉིད་དུ་རིག་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་ནས། ངོ་བོ་རྒྱུ་འབྲས་ལ་སོགས་པ་དོན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་པར་བཞག་པ་བཤད་པ་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་བདག་ཉིད་གཅིག་ཏུ་མ་འབྲེལ་བའི་རང་བཞིན་གྱི་ཉོན་མོངས་པའི་སྦུབས་ཉིད་དང༌། ཐོག་མ་མེད་པ་ནས་ཉེ་བར་གནས་ངོ་བོ་གཅིག་ཏུ་པ་འབྲེལ་བའི་རང་བཞིན་དག་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ནས། དྲི་མ་དང་སྙིང་པོའི་དཔེ་དགུ་དགུས་དེ་བཞིན་གཤེགས་པའི་སྙིང་པོ་གློ་བུར་གྱི་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཏུམས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་འདིར་བསྟན་པར་རྟོགས་པར་བྱའོ། །
དཔེ་དགུ་དགུ་གང་ཞེ་ན། དྲི་མ་དང་སྙིང་པོ་གཉིས་ཀའི་དཔེ་མདོར་བསྟན་པ་ནི་དྲི་མ་དང་འདྲེས་པའི་དཔེར་བཀོད་པ་འདི་ལྟ་སྟེ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་དང༌། སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། ས་ལ་གཏེར་དང་མྱུག་སོགས་འབྲས་ཤུན་དང༌། གོས་རུལ་ནང་རྒྱལ་བའི་སྐུ་དང་ནི། བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། ས་ནང་ན་རིན་ཆེན་གཟུགས་ཡོད་ཀྱང་སྒྲིབ་པ་དང་བྲལ་བ་དེ་སྲིད་བྱ་བ་མི་བྱེད་པའི་དཔེ་འདི་རྣམས་ཇི་ལྟ་བར། གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། སེམས་ཅན་སློབ་པ་མན་ཆད་རྣམས་ལ་དེ་བཞིན་ཁམས་འདི་གནས། སྒྲིབ་པ་སེལ་བའི་རྐྱེན་དང་འཛོམ་སྟེ་སྙིང་པོ་མི་ཤེས་པའི་དྲི་མ་ཅུང་ཟད་ནས་བྲལ་བས་སྔར་བཞིན་དུ་སྡུག་བདེའི་སྐྱོན་ཡོན་མཐོང་བ་ལ་སོགས་པའི་ལས་བྱེད་པའི་སངས་རྒྱས་དཔེ་དགུ་ཚན་གཉིས་བཀོད་པའི་དོན་ནི་སོ་སོར་ཕྱེ་ནས་བཤད་པ་ལ། དྲི་མ་ཀྱང་པའི་དཔེ་དགུ་ནི་པད་མ་སྲོག་ཆགས་སྦུན་པ་མི་གཙང་པ་འབྲས་གོས་རུལ་དང༌། སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་པའི་ཁམས་དང་མཚུངས་སོ། །སྙིང་པོའི་དཔེ་དགུ་ནི་དྲི་མ་དང་བྲལ་བའི་དཔེར་སྦྱར་བ་འདི་ལྟ་སྟེ་སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། གླིང་བདག་མཆོག་དང་རིན་ཆེན་གཟུགས་སྒྲིབ་བྱེད་དང་བྲལ་བ་དག་དང་གློ་བུར་གྱི་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། དེ་དག་དཔེ་དོན་སྦྱར་ནས་རྒྱས་པར་བཤད་པ་ནི་འདོད་ཆགས་ཀྱི་ཉོན་མོངས་པ་ནི་པད་མ་ངན་པའི་སྦུབས་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་སངས་རྒྱས་ལྟ་བུ་སྟེ། དཔེ་ཇི་ལྟར་མདོག་ངན་པད་མའི་ཁོང་ན་གནས་པ། མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། དྲི་མེད་ལྷའི་མིག་ལྡན་མིས་མཐོང་ནས། ཆུ་སྐྱེས་འདབ་མའི་སྦུབས་ནས་དེ་འབྱིན་པར་བྱེད་པ། དེ་བཞིན་བདེ་གཤེགས་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཆེ་བ་མནར་མེད་དུ་གནས་པའི་སེམས་ཅན་རྣམས་ལའང༌། སངས་རྒྱས་སྤྱན་གྱིས་རང་གི་ངོ་བོར་གྱུར་པའི་ཆོས་ཉིད་འདུག་པ་གཟིགས་ཏེ། སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། བདག་ཉིད་ཅན་གྱི་སེམས་ཅན་སྒྲིབ་པ་ལས་ནི་གྲོལ་བར་བྱེད། ཡང་དེ་ཉིད་བཤད་པ་ཇི་ལྟར་མི་སྡུག་པད་མ་ཟུམ་ལ་བདེ་བར་གཤེགས་པ་ནི། པད་མ་དེ་ཡི་ཁོང་ན་གནས་པ་ལྷའི་མིག་གིས་མཐོང་ནས་པད་མའི་འདབ་མ་གཅོད་བྱེད་ལྟར། ཆགས་སྡང་ལ་སོགས་ཀྱིས་དྲི་མའི་སྦུབས་ཀྱིས་བསྒྲིབས་པ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཡོད་པའི་འགྲོ་གཟིགས་ཏེ། ཐུགས་རྗེས་ཐུབ་པས་དེ་བཞིན་སྒྲིབ་པ་དེ་ནི་འཇོམས་པར་མཛད། ཡང་ཞེ་སྡང་གི་ཉོན་མོངས་པ་ནི་སྲོག་ཆགས་སྦྲང་མ་དང་འདྲ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སྦྲང་རྩི་ལྟ་བུ་སྟེ། ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་བསྐོར་བའི་སྦྲང་རྩི་ནི། སྐྱེས་བུ་མཁས་པ་སྦྲང་རྩི་དེ་དོན་དུ་གཉེར་བ་ཡིས། མཐོང་ནས་ཐབས་ཀྱིས་སྦྲང་རྩི། དེ་དང་སྲོག་ཆགས་སྦྲང་མའི་ཚོགས་པ། ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། རིག་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། གཏན་ནས་རབ་ཏུ་སྤོང་པར་མཛད་པ་ཡིན། ཡང་དེ་ཉིད་བཤད་པ་ཇི་ལྟར་སྦྲང་རྩི་སྲོག་ཆགས་སྦྲང་བུ་བྱེ་བ་ཁྲག་ཁྲིག་སྟོང་གིས། བསྒྲིབས་པ་དེ། སྦྲང་རྩི་དོན་གཉེར་མིས། སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཉོན་མོངས་སྦྲང་མ་དང་འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། ཡང་གཏི་མུག་གི་ཉོན་མོངས་པ་ནི་ཕྱིའི་སྦུན་པ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་ནང་གི་འབྲས་བུའི་སྙིང་པོ་བཞིན་ཏེ། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། མི་རྣམས་ཀྱི་ནི་ལོངས་སྤྱོད་རུང་བར་མི་འགྱུར་བས། ཟས་བཏུང་སོགས་དོན་དུ་གཉེར་བ་གང་ཡིན་པ། དེ་དག་གིས་ནི་སྦུན་ནས་འབྲུ་དེ་འབྱིན་པ་ལྟར། དེ་བཞིན་སེམས་ཅན་ལ་དག་རྒྱུ་ཡོད་པ་ཉོན་མོངས་ཀྱི། དྲི་མ་དང་འདྲེས་པའི་རྒྱལ་བ་འང་ཇི་སྲིད་དུ། དག་པར་བྱེད་པའི་རྐྱེན་དང་ཕྲད་ནས་ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། དེ་སྲིད་རྒྱུ་རྐྱེན་དག་གི་རྒྱལ་བའི་མཛད་པ་སྲིད་གསུམ་དུ་མི་བྱེད། ཡང་དེ་ཉིད་བཤད་པ་ཇི་ལྟར་ས་ལུ་བྲ་འོ་ནས་འབྲུའི་སྙིང་པོ་སྦུན་ལས་མ་བྱུང་བྲ་མ་ཅན། ལེགས་པར་སྦུན་དང་བྲལ་མ་བསྒྲུབས་ན་མི་རྣམས་ཀྱི་ནི་ལོངས་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུན་ལས་མ་གྲོལ་བ། ཉོན་མོངས་བཀྲེས་སྐོམ་གྱི་བྲུ་བས་ཉེན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་མིན། དུག་གསུམ་ཀུན་ནས་ལྡང་བའི་ཉོན་མོངས་པ་ནི་མི་གཙང་བ་ལྗན་ལྗིན་གྱི་གསེབ་གནས་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་གསེར་སྦྲམ་བཞིན་ཏེ། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར་སྦྲམ། ལྗན་ལྗིན་རུལ་བའི་གནས་སུ་ལྷུང་གྱུར་ལ། གསེར་གྱི་རང་བཞིན་མི་འཇིག་པའི་ཆོས་ཅན་དེ་ནི་དེར་དེ་བཞིན། ལོ་བརྒྱ་མང་པོ་དག་ཏུ་གནས་པ་དེ། ལྷ་མིག་རྣམ་དག་དང་ལྡན་ལྷ་ཡིས་དེར། མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། རིན་ཆེན་མཆོག་འདི་དྲི་མ་སྦྱངས་ཏེ་རིན་ཆེན་གྱིས། བསྒྲུབ་པར་བྱ་བ་གྱིས་ཤེས་སྨྲ་བ་ལྟར། དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། ཉོན་མོངས་འདམ་དུ་བྱིང་བའི་སེམས་ཅན་གྱི་རང་བཞིན་གྱི་ཡོན་ཏན་ནི། གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། སྐྱེ་དགུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། ཡང་དེ་ཉིད་བཤད་པ་ཇི་ལྟར་ལྗན་ལྗིན་རུལ་བའི་ནང་དུ་ལྷུང་པའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་རང་བཞིན་མཛེས་པ་དེ་མི་ལ་ནན་གྱིས་སྟོན་པ་ལྟར། དེ་བཞིན་རྒྱལ་བས་ཡང་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་ཀྱི་ངོ་བོ་རིན་པོ་ཆེ། སེམས་ཅན་རྣམས་ལ་འདུག་པ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། །
མ་རིག་བག་ཆགས་ཀྱི་སས་བསྡུས་པའི་ཉོན་མོངས་པ་ནི་སའི་མཐིལ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་རིན་པོ་ཆེའི་གཏེར་བཞིན་ཏེ། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། མི་ཟད་པའི་གཏེར་ནི་ཡོད་གྱུར་ཏེ། མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང༌། དེ་ལས་འདིར་ཡོད་ཅེས་མི་སྨྲ་ལྟར། དེ་བཞིན་དྲི་མའི་ཡིད་ཀྱི་ནང་ཆུད་སེམས་ཀྱི་རིན་ཆེན་གཏེར། ངོ་བོའི་དྲི་མེད་བཞག་དང་ངོ་བོའི་སྐྱོན་གསར་དུ་བསལ་དུ་མེད་པའི་ཆོས་ཉིད་ཀྱང༌། མངོན་སུམ་དུ་མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ༌། །
ཡང་དེ་ཉིད་བཤད་པ་ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི་ལ་ནི། རིན་ཆེན་གཏེར་བདག་འདི་ན་ཡོད་ཅེས་བརྗོད་པར་མི་བྱེད་པ་དེ་ནི་མི་ཡིས་ཤེས་མིན་ལྟར། དེ་བཞིན་ཆོས་གཏེར་རང་ལ་ཡོད་ཀྱང་སྒྲིབ་པའི་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། སེམས་ཅན་དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་སངས་རྒྱས་ཡང་དག་བལྟམས། མཐོང་སྤང་གི་ཉོན་མོངས་པ་ནི་ས་བོན་གྱི་ཤུན་པའི་སྦུབས་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་ས་བོན་གྱི་མྱུ་གུ་འབྱུང་དུ་རུང་བ་ལྟ་བུ་སྟེ། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། ཡོད་པའི་ས་བོན་མྱུ་གུ་འབྱུང་རུང་འཇིག་མེད་ཆོས། ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གི། རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང༌། དེ་བཞིན་དུ་ཕར་ཕྱིན་གྱི་དགེ་བ་དེ་དང་དེ་ལ་བརྟེན་ནས། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། ཡང་དེ་ཉིད་བཤད་པ་ཕར་ཕྱིན་དྲུག་གི་དཔེ་དྲུག་ནི། ཆུ་དང་ཉི་མའི་འོད་དང་རླུང་དང་ས་དང་དུས་དང་ནམ་མཁའི་རྐྱེན་རྣམས་ཀྱིས། ཏ་ལ་དང་ནི་ཨ་མྲའི་འབྲས་བུའི་ས་བོན་གྱི་ཤུན་པའི་སྦུབས་ཀྱི་གསེབ་ནས་ཤིང་སྐྱེས་ཇི་ལྟར་བར། སེམས་ཅན་ཉོན་མོངས་འབྲས་བུའི་ལྤགས་པའི་སྦུབས་ཀྱི་ནང་ཆུད་རྫོགས་སངས་ཀྱི་ས་བོན་རྐྱེན་དང་ཕྲད་ན་མྱུ་གུ་འབྱུང་དུ་རུང་བ་ཡང༌། དེ་བཞིན་ཕར་ཕྱིན་དྲུག་གི་དགེ་རྐྱེན་དེ་དང་དེ་ཡིས་རྒྱལ་པོའི་གཟུགས་རི་མོ་མཁན་གྱིས་བྲིས་པ་འདྲ་བ་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཆོས་མཐོན་ཞིང་འཕེལ་བར་འགྱུར་བ་ཡིན། སྒོམ་སྤང་གི་ཉོན་མོངས་པ་ནི་གོས་རུལ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་དེས་བཏུམས་པའི་རིན་པོ་ཆེའི་སྐུ་ལྟ་བུ་སྟེ། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། གོས་རུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། ལམ་ཁ་ན་གནས་པ་ལྷ་ཡིས་མཐོང་ནས་གོས་ཧྲུལ་དེ་ལས་གྲོལ་བྱའི་ཕྱིར། ལམ་ཁ་ན་གནས་པའི་དོན་དེ་མི་དེ་ལ་སྨྲ་བ་ལྟར། དེ་བཞིན་ཐོགས་མེད་རྣམ་པ་སྣ་ཚོགས་ཀྱི། ཉོན་མོངས་ཀྱིས་བཏུམས་བདེར་གཤེགས་དངོས་པོ་ཉིད། དུད་འགྲོ་ལ་ཡང་སྒོམ་ལམ་པ་དང་ཁྱད་མེད་པར་ཡོད་པ་གཟིགས་ནས་དེ་བཞིན་ཏེ། ཐར་བར་བྱ་བའི་དོན་དུ་ཐབས་སྟོན་མཛད། ཡང་དེ་ཉིད་བཤད་པ་ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་བཏུམས་པ། ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་ཐར་ཕྱིར་མི་ལ་སྟོན་པ་ལྟར། དེ་བཞིན་ཉོན་མོངས་གོས་རུལ་གྱིས་བཏུམས་འཁོར་བའི་ལམ་ན་གནས་པའི་ཁམས། དུད་འགྲོ་ལ་ཡང་ཁྱད་མེད་པར་ཡོད་པ་གཟིགས་ནས་ཐར་བར་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ། །མ་དག་པ་ས་བདུན་ལ་གནས་པའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རུང་བའི་སེམས་ཅན་ལྟོ་བར་ཞུགས་པའི་མི་མོ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་མེར་མེར་པོའི་འབྱུང་བ་ཆེན་པོ་ལ་གནས་པའི་འཁོར་ལོས་བསྒྱུར་བ་རུང་བ་ལྟ་བུ་སྟེ། ཇི་ལྟར་མི་མོ་གཟུགས་ངན་སྔར་མགོན་མེད་འགའ། ལྟོ་ན་དེ་ཡོད་ཚེ་འང་མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། མངལ་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔལ་ནི་སྐྱོང་ངེས་པ་འཛིན་བྱེད་པ་ཡིན་ཡང༌། རང་ལྟོ་ན་ཡོད་པ་དེས་མི་ཐམས་ཅད་ཀྱི་བདག་དང་མགོན་བྱེད་པ་མི་ཤེས་ལྟར། སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། གློ་བུར་གྱི་དྲི་མ་མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། དཔེ་དོན་གཉིས་པོ་དེ་ལ་གང་ཞིག་ཡོད་པས་མགོན་དུ་རུང་བ་དང༌། བཅས་པ། དྲི་མེད་ཁམས་ནི་དེའི་མངལ་གནས་བཞིན། ཡང་དེ་ཉིད་བཤད་པ་ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་སྡུག་གཟུགས་ལྡན་པ། ས་ཐམས་ཅད་ཀྱི་བདག་པོར་རུང་བ་མངལ་ན་གནས་ཀྱང་མགོན་དུ་རུང་བ་གཏན་ནས་མེད་སྙམ་པའི་ཁང་པར་མགོན་དང་བྲལ་བའི་སྡུག་བསྔལ་མཆོག་མྱོང་ལྟར། དེ་བཞིན་སེམས་ཅན་ཐམས་ཅད་ལ་བདག་དང་རང་གནས་མགོན་ཡོད་གྱུར་ཀྱང་ནང་ན་མགོན་དུ་རུང་བ་གཏན་ནས་མེད་སྙམ་པའི་བློ་ལྡན་པ། འགྲོ་བ་བདག་འཛིན་གྱི་ཉོན་མོངས་དབང་གིས་ཉོན་ཡིད་མ་ཞི་བ་སྡུག་བསྔལ་གཞི་ལ་གནས། དག་པའི་ས་ལ་གནས་པའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ནི་ལུགས་མ་མཁན་གྱིས་གསེར་གཟུགས་ལ་བྱུགས་པའི་སའི་འདམ་གོས་པ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ནི་གསེར་གྱི་གཟུགས་བཞིན་ཏེ། ཇི་ལྟར་ནང་གི་གསེར་ཞུན་གཟུགས་ཡོན་ཏན་རྒྱས་པ། སྐྱོན་ཞི་བ་ཕྱི་རོལ་པ་ཡི་རང་བཞིན་ཅན། མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། དྲི་མ་སྦྱང་ཕྱིར་ཕྱི་རོལ་གྱི་སྒྲིབ་པ་སེལ་བྱེད་ལྟར། རང་བཞིན་འོད་གསལ་བསྒྲིབས་པའི་དྲི་མ་རྣམས་ཀྱང་ནི། གློ་བུར་བར་ནི་རྣམ་པར་གཟུགས་གྱུར་ནས། རིན་ཆེན་གྱི་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག་བསྐྱེད་དོ། །ཡང་དེ་ཉིད་བཤད་པ་ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་པ་ཡི་ནང་དུ་ཆུད་གྱུར་གཟུགས། སྐྱོན་ཐམས་ཅད་ཞི་བ་གསེར་བདེའི་རང་བཞིན་མཁས་པས་ས་འདབ་མིན་པར་རིག་ནས་པ་དག་སེལ་བར་བྱེད་པ་ལྟར། དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་རང་བཞིན་གྱི་སྐྱོན་གདོད་ནས་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། ཆོས་འཆད་ཚུལ་གྱིས་བརྡེག་གཅད་སྒྲུབ་པས་སྒྲིབ་པ་དག་ནི་སེལ་བར་མཛད། དཔེ་རྣམས་ཀྱི་མཇུག་བསྡུས་ནས་བསྟན་པའི་དོན་ནི། དྲི་མའི་དཔེ་དགུ་པོ་པད་མ་སྲོག་ཆགས་བུང་པ་དང༌། སྦུན་པ་དང་ནི་མི་གཙང་པ། འབྲས་ཤུན་གོས་རུལ་བུད་མེད་ཀྱི། མངལ་དང་ས་ཡི་སྦུབས་ན་ཡང༌། སྙིང་པོའི་དཔེ་དགུ་པོ་སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། གསེར་བཞིན་གཏེར་བཞིན་ལྗོན་ཤིང་བཞིན། རིན་ཆེན་སྐུ་དང་འཁོར་ལོ་ཡིས། བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས་དང་སྙིང་པོ་གཉིས་རང་བཞིན། མ་འབྲེལ་ཡང་གཉིས་ཀ་ལ་ཐོག་མ་མེད་པ་དེས་ན། སེམས་ཀྱི་རང་བཞིན་དྲི་མེད་ནི། དྲི་མ་གློ་བུར་བའི་ཆོས་དང་ཐོག་མ་མེད་པ་ཡིན་པར་གཉིས་ཀ་ཁྱད་མེད་པར་བརྗོད་བརྗོད་དོ། །
མདོར་བསྡུ་ན། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དྲི་མ་དང་སྙིང་པོ་དགུ་དགུའི་དཔེར་བརྗོད་པ་བསྟན་པ་འདིས་ནི་སེམས་ཅན་གྱི་ཁམས་མ་ལུས་པའི་ཐོག་མ་མེད་པའི་སེམས་ཀུན་ནས་ཉོན་མོངས་པའི་ཆོས་གློ་བུར་བ་ཉིད་དང༌།ཐོག་མ་མེད་པའི་སེམས་རྣམ་པར་བྱང་བའི་ཆོས་ལྷན་ཅིག་སྐྱེས་པ་ལ་ཐོག་མ་གཅིག་སྔ་བ་དང་ཅིག་འཕྱི་བ་ཞེས་བྱ་བ་དེ་འདྲའི་རྣམ་པར་དབྱེ་བ་མེད་པ་ཉིད་དུ་བསྟན་ཏོ། ། གོང་དུ་བརྗོད་པ་དེས་ན་ཐོག་མ་མེད་པ་ནས་སེམས་ཀུན་ནས་ཉོན་མོངས་པའི་ཕྱིར། ཐོག་མ་མེད་པ་ནས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ལ་ཕྱིས་སེམས་རྣམ་པར་བྱང་བའི་ཕྱིར་ནི་སེམས་ཅན་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། ། དེ་ལ་དྲི་མ་གང་དང་གང་གི་དབང་དུ་བྱས་ནས་པད་མའི་སྦུབས་ལ་སོགས་པའི་དཔེ་དགུས་བསྟན་པ་སེམས་ཀྱི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདོད་ཆགས་བག་ལ་ཉལ་དང་ཞེ་སྡང་དང་རྨོངས་པ་གཏི་མུག་བག་ལ་ཉལ་དང་དུག་གསུམ་པོ་དེའི། ཀུན་ནས་སྡང་བ་དྲག་པོ་དང་མ་རིག་བག་ཆགས་ཀྱི་སས་བསྡུས་པ་དང༌། མཐོང་ལམ་གྱི་སྤང་བྱ་དང་བསྒོམ་ལམ་གྱི་སྤང་བྱ་དང་མ་དག་པའི་ས་ལ་བརྟེན་པ་དང༌། དག་པའི་ས་ལ་བརྟེན་པ་ཡི། དྲི་མ་རྣམ་དགུ་པད་མ་ཡི། སྦུབས་སོགས་དཔེས་ནི་རབ་བསྟན་ཏེ། ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། དབྱེ་བས་བྱེ་བ་མཐའ་ལས་འདས། མདོར་བསྡུ་ན་ཉོན་མོངས་པ་དགུ་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང༌། སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་པད་མའི་སྦུབས་ལ་སོགས་པ་ལྟར་གློ་བུར་བ་ཉིད་དུ་ཡོད་དོ། །དགུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང༌། ཞེ་སྡང་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང༌།གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་དང༌། མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་དང༌། མཐོང་བས་སྤང་པར་བྱ་བ་དང༌། བསྒོམ་པས་སྤང་པར་བྱ་བ་དང༌། མ་དག་པའི་ས་ལ་བརྟེན་པ་དང༌། དག་པའི་ས་ལ་བརྟེན་པའོ། །
དེ་ལ་འཇིག་རྟེན་པའི་འདོད་པའི་འདོད་ཆགས་ཀུན་ནས་ལྡང་བ་དང་བྲལ་བའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ། མི་གཡོ་བའི་འདུ་བྱེད་བསམ་གཏན་གྱི་ལས་སོགས་པའི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ། འཇིག་རྟེན་ལས་འདས་པ་ས་དང་པོ་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ། ། འདོད་ཆགས་ལ་སོགས་པ་དུག་གསུམ་ལ་ལུས་ངག་སེམས་སྤྱོད་བཞིན་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ། བསོད་ནམས་དང་བསོད་ནམས་མ་ཡྀན་པའི་འདུ་བྱེད་དགེ་མི་དགེའི་ལས་སོགས་པའི་རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་དང་ལ་སོགས་པ་བྱམས་པ་དང་རྟེན་འབྲེལ་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་ཅེས་བྱའོ། །ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལས་ལ་འཇུག་པའི་རྒྱུ། དྲི་མ་མེད་པའི་ཡིད་ཀྱི་ལུས་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་ཞེས་བྱའོ། །
ཐེག་པ་སོ་སོས་བསྡུས་པའི་སློབ་པ་ནི་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་དང་འཕགས་པའོ། །དེ་ལ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་པ། དང་པོ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །འཕགས་པའི་གང་ཟག་སློབ་པའི་རྒྱུད་ལ་ཡོད་པ། ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་བསྒོམ་པས་སྤང་པར་བྱ་བ་ཞེས་པའོ། །མཐར་ཐུག་པར་མ་གྱུར་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ཡེ་ཤེས་ཀྱི་ས་རྣམ་པ་བདུན་གྱི་མི་མཐུན་པའི་ཕྱོགས་ས་བརྒྱད་པ་ལ་སོགས་པ་ས་གསུམ་བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་དག་པའི་ས་ལ་བརྟེན་པ་ཞེས་བྱའོ། །མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ས་བརྒྱད་པ་ལ་སོགས་པ་ས་གསུམ་བསྒོམ་པའི་ཤེས་པའི་མི་མཐུན་པའི་ཕྱོགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་དག་པའི་ས་ལ་བརྟེན་པ་ཞེས་བྱའོ།། ཚིགས་སུ་བཅད་པ་ཅིག་པུ་འདི་ཚིགས་བཅད་སྔ་མའི་རྐང་པ་གཉིས་ཀྱི་འགྲེལ་པ་མ་རྫོགས་པའི་བར་འདིར་བྱུང་ཞིང་དགོས་པ་ལྷག་པོ་མི་འདུག་པས་བརྟག་པར་བྱའོ།། ཆགས་སོགས་ཉོན་མོངས་དགུ་པོ་འདི། མདོར་བསྡུས་ནས་ནི་གོ་རིམ་བཞིན། པད་མའི་སྦུབས་ལ་སོགས་པ་ཡི། དཔེ་དགུ་དག་གིས་ཡང་དག་བསྟན། གང་གིས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོགས་པ་ཞེས་བརྗོད་པ། རྒྱས་པར་ནི་ཉོན་མོངས་པ་འདི་དག་ཉིད་བརྒྱད་ཁྲི་བཞི་སྟོང་གི་རྣམ་པའི་རབ་ཏུ་དབྱེ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་ཡས་པ་དེ་བཞིན་དུ་མཐའ་ཡས་པར་འགྱུར་རོ། །
དྲི་འདི་དག་གིས(༡)བྱིས་རྣམས་དང༌། དགྲ་(༢)བཅོམ་(༣)སློབ་དང་(༤)བློ་ལྡན་རྣམས། གོ་རིམ་བཞིན་དུ་བཞི་(༡)དང་གཅིག་(༢)དང་ནི། (༣)གཉིས་དང་(༤)གཉིས་ཀྱིས་མ་དག་ཉིད། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ། སེམས་ཅན་ཐམས་ཅད་ནི་མདོར་སྡུ་ན་རྣམ་པར་བཞིན་བརྗོད་དེ། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དགྲ་བཅོམ་པ་དང༌། ཐེག་པ་སོ་སོའི་སློབ་པ་དང༌། བྱང་ཆུབ་སེམས་དཔའོ། །དེ་ལ་འདི་དག་ནི་ཟག་པ་མེད་པའི་དབྱིངས་སུ་གོ་རིམ་ཇི་ལྟ་བ་བཞིན་ཉོན་མོངས་པ་དང་བཞི་དང༌། གཅིག་དང༌། གཉིས་དང༌།གཉིས་ཀྱིས་མ་དག་པར་བསྟན་ཏོ། །
ཡང་ཇི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་པོ་འདི་དག་པད་མའི་སྦུབས་ལ་སོགས་པ་དྲི་མའི་དཔེ་དགུ་དང་ཇི་ལྟར་ཆོས་ཐད་ཐད་དུ་འདྲ་བར་རིག་པར་བྱ་ལ། དེ་བཞིན་གཤེགས་པའི་ཁམས་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་སྙིང་པོའི་དཔེ་དགུ་དང་སོ་སོར་ཆོས་མཐུན་པར་ཡང་ཇི་ལྟར་རིག་པར་བྱ་ཞེ་ན། དཔེ་དོན་ཆོས་མཐུན་སྦྱར་བ་ནི་ཇི་ལྟར་པད་མ་འདམ་སྐྱེས་དེ། དང་པོ་མདུན་དུ་གྱུར་ན་ཡིད་དགའ་དང༌། ཕྱི་ནས་རྙིངས་པ་དང་དགའ་བ་མེད་པར་འགྱུར་བ། འདོད་ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། ཞེ་སྡང་ཤིན་ཏུ་འཁྲུགས་ཏེ་མདུང་རྡེག་ལྟར། དེ་བཞིན་ཞེ་སྡང་སྐྱེ་བ་ན། རང་གཞན་གྱི་སྙིང་ལ་སྡུག་བསྔལ་བསྐྱེད་པར་བྱེད། ཇི་ལྟར་འབྲས་སོགས་སྙིང་པོ་ནི། ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། དེ་བཞིན་སྙིང་པོའི་དོན་མཐོང་བ། མ་རིག་སྒོང་ངའི་སྦུབས་ཀྱིས་བསྒྲིབས། ཇི་ལྟར་མི་གཙང་བ་གཙང་སྦྲ་ཅན་གྱི་བློ་དང་མི་མཐུན་པ་དེ་བཞིན་དཀའ་ཐུབ་ཅན་གྱི་བློ་དང་མི་མཐུན་ཡང་ཆགས་དང་བཅས་རྣམས་ཀྱི། འདོད་བསྟེན་པའི་རྒྱུ་ཡིན་ཕྱིར། ཀུན་ནས་ལྡང་བ་མི་གཙང་འདྲ། ཇི་ལྟར་ནོར་ནི་བསྒྲིབས་པས་ན། མི་ཤེས་གཏེར་མི་ཐོབ་པ་ལྟར། དེ་བཞིན་ཉན་ཐོས་དགྲ་བཅོམ་པའི་སྐྱེ་བོ་ལ་རང་བྱུང་ཉིད། མ་རིག་བག་ཆགས་ས་ཡིས་བསྒྲིབས། ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། ས་བོན་གྱི་ཤུན་པ་གཅོད་པ་ལྟར། དེ་བཞིན་ས་དང་པོར་དེ་ཉིད་མཐོང་བ་ཡིས། མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། འཕགས་པའི་ལམ་དང་འབྲེལ་བ་ལས། དང་པོར་འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱི། བསྒོམ་སྤང་ཡེ་ཤེས་སྤང་བྱ་རྣམས། གོས་རུལ་དག་དང་མཚུངས་པར་བསྟན། ས་བདུན་ལ་བརྟེན་དྲི་མ་ནི། མངའ་སྦུབས་དྲི་མ་དག་དང་མཚུངས། མངལ་སྦུབས་བྲལ་འདྲ་མི་རྟོག་པའི། ཡེ་ཤེས་རྣམ་པར་སྨིན་པ་བཞིན། ས་གསུམ་རྗེས་འབྲེལ་དྲི་མ་རྣམས། ས་འདམ་གོས་བཞིན་ཤེས་བྱ་སྟེ། བདག་ཉིད་ཆེན་པོའི་རྡོ་རྗེ་ལྟའི། ཏིང་འཛིན་གྱི་ནི་གཞོམ་བྱ་ཡིན། དེ་ལྟར་ཆགས་སོགས་དྲི་མ་དགུ། པད་མ་ལ་སོགས་དག་དང་མཚུངས། མ་དག་པའི་གནས་སྐབས་ན་དེ་བཞིན་ཉིད་དང་མ་དག་པའི་གནས་སྐབས་ན་རིགས་དང་ཤིན་ཏུ་རྣམ་དག་གི་གནས་སྐབས་ན་ཆོས་ཀྱི་སྐུའི་རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། སངས་རྒྱས་སོགས་དང་ཆོས་མཚུངས་སོ། །སེམས་ཀྱི་རྣམ་པར་བྱང་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ། སངས་རྒྱས་ཀྱི་གཟུགས་ལ་སོགས་པ་རྣམ་པ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ།། རང་བཞིན་རྣམ་པ་གསུམ་གང་ཞེ་ན། བདེ་གཤེགས་སྙིང་པོ་འདི་ཡི་རང་བཞིན་ཆོས་སྐུ་དང༌། དེ་བཞིན་ཉིད་དང་རིགས་ཀྱང་སྟེ། གསུམ་པོ་དེ་ནི་དཔེ་གསུམ་དང་དཔེ་གཅིག་དང་ནི། དཔེ་ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། སངས་རྒྱས་ཀྱི་གཟུགས་དང༌། སྦྲང་རྩི་དང་འབྲས་བུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཁམས་དེ་ཆོས་ཀྱི་སྐུའི་རང་བཞིན་དུ་ཤེས་པར་བྱའོ། །
གསེར་གྱི་དཔེ་གཅིག་གིས་ནི་ཁམས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །གཏེར་དང་ཤིང་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བ་དང་གསེར་གྱི་གཟུགས་ཀྱི་དཔེ་ལྔས་ནི་ཁམས་དེ་སངས་རྒྱས་ཀྱི་སྐུ་གསུམ་བསྐྱེད་པའི་རིགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཆོས་ཀྱི་སྐུ་གང་ཞེ་ན། དེ་བཞིན་གཤེགས་པའི་ཆོས་སྐུ་གསུང་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཆོས་དབྱིངས་ཡེ་ཤེས་ཤིན་ཏུ་དྲི་མེད་དང༌། ཆོས་དབྱིངས་དེ་ཡི་རྒྱུ་མཐུན་གསུང་ནི་ཟབ་པ་དང༌། སྣ་ཚོགས་ཚུལ་ནི་སྟོན་པའོ། །སངས་རྒྱས་ཀྱྀ་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །ཤིན་ཏུ་རྣམ་པར་དག་པ་དོན་དམ་པའི་ཆོས་ཀྱི་་་་་་་་་་་་
དབྱིངས་ཀྱི་ཡེ་ཤེས་ནི། རྣམ་པར་མི་རྟོག་པ་རང་གིས་རང་རིག་པའི་སྤྱོད་ཡུལ་གྱི་ཡུལ་ལོ། །
འདིར་ཡུལ་དང་ཡུལ་ཅན་གཅིག་པའི་ཕྱིར་རྣམ་པར་མི་རྟོག་པ་དང་ཆོས་དབྱིངས་གཉིས་སོ་སོར་མི་བསམ་མོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་དབྱིངས་ཡེ་ཤེས་ཉིད་སོ་སོར་རང་གིས་རིག་པར་བྱ་བའི་ཆོས་ཀྱི་དབང་དུ་བྱས་ཏེ་ཡུལ་ཡུལ་ཅན་གཅིག་ཏུ་རྟོགས་པར་བྱའོ། །ཆོས་དབྱིངས་དེ་གཞན་གྱིས་ཐོབ་པར་བྱེད་པའི་རྒྱུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་ཉིད་ཀྱི་རྒྱུ་མཐུན་རྒྱུ་དང་འདྲ་བ་པ་སངས་རྒྱས་ཀྱི་གསུང་ནི། གདུལ་བྱ་ཇི་ལྟ་བར་སེམས་ཅན་གཞན་ལ་ཆོས་ཀྱི་རྣམ་པར་རིག་པ་འབྱུང་བ་ཐམས་ཅད་ཆོས་ཀྱི་ཕུང་པོའོ། །དེ་ཡང་བསྟན་པའི་ཆོས་ཀྱི་དབང་དུ་བྱས་ཏེ་རིག་པར་བྱའོ། །བསྟན་པ་ཡང་རྣམ་པར་གཉིས་ཏེ། ཕྲ་བ་དང་རྒྱ་ཆེན་པོའི་ཆོས་རྣམ་པར་འཇོག་པའི་ཚུལ་གྱི་དབྱེ་བ་ལས་གཉིས་ཏེ། གཉིས་པོ་འདི་ཡང་སངས་རྒྱས་རང་ཉིད་ཀྱི་གསུང་ཆོས་སྐུ་ཡིན་པ་འདི་ལྟ་སྟེ། དོན་དམ་པའི་བདེན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཟབ་མོའི་ཆོས་ཀྱི་ཚུལ་སྟོན་པའི་ཆོས་སྐུ་དང༌། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང་ལ་སོགས་པ་དེ་ལྟ་བུ་བྱུང་བ་དང་སྐྱེས་པའི་རབས་དང་ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་གཏན་ལ་དབབ་པ་དང་རྟོགས་པ་བརྗོད་པའི་རྣམ་པ་དུ་མ་སྣ་ཚོགས་པའི་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པའི་ཆོས་སྐུའོ། །
འཇིག་རྟེན་ལས་འདས་ཕྱིར་འཇིག་རྟེན་ན། ཆོས་སྐུ་ཆོས་དབྱིངས་ཤིན་ཏུ་དྲི་མེད་འདི་ལ་དཔེ་ནི་མི་དམིགས་པས། དེ་བཞིན་གཤེགས་པ་ཉིད་དང་ཆོས་དབྱིངས་ཀྱི་ཁམས།འདྲ་བ་ཉིད་དུ་བསྟན་པ་ཡིན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕྲ་མོ་ཟབ་མོ་དོན་དམ་པའི་ཚུལ་བསྟན་པའི་ཆོས་སྐུ་ནི། སྦྲང་རྩི་རོ་གཅིག་པ་བཞིན་ཏེ། ཀུན་རྫོབ་ཀྱི་བདེན་པའི་རྣམ་པ་སྣ་ཚོགས་ཀྱི་ཚུལ་བསྟན་པའི་ཆོས་སྐུ་ནི། སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་དཔེ་གསུམ་གྱིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ཀྱང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ལ་ཁྱབ་པར་སོང་པའི་དོན་གྱི་དབང་དུ་བྱས་ནས་སེམས་ཅན་འདི་དག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡོད་པ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ཡོད་པ་ལས་ཕྱི་རོལ་ཏུ་གྱུར་པའི་གཟུགས་མི་སྲིད་པ་བཞིན་ནོ། །
དེ་སྐད་དུ། མདོ་སྡེ་རྒྱན་ལས། ཇི་ལྟར་ནམ་མཁའ་དུས་རྟག་ཏུ་དུས་གསུམ་ཀུན་ཏུ་ཁྱབ་པར་སོང་བར་འདོད། དེ་བཞིན་ཆོས་སྐུ་འདི་ནི་རྟག་ཏུ་ཀུན་སོང་འདོད། ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང༌། དེ་བཞིན་ཆོས་སྐུ་འདི་ཡང་སེམས་ཅན་མ་དག་པ་མ་དག་པ་ཤིན་ཏུ་དག་པའི་ཚོགས་ཀུན་ཏུ་ཁྱབ་པར་སོང༌། ཞེས་གསུངས་སོ། ། དུས་ནམ་ཡང་རང་གི་རང་བཞིན་འགྱུར་བ་མེད་པ་དང༌། རང་བཞིན་དགེ་བ་བ་དང་རང་བཞིན་གདོད་ནས་རྣམ་པར་དག་པའི་ཕྱིར། སེམས་ཅན་གྱི་གནས་སྐབས་ཀྱི་དེ་བཞིན་ཉིད་འདི་གསེར་གྱི་ནི། གཟུགས་དང་མཚུངས་པར་བརྗོད་པ་ཡིན། མ་དག་པའི་གནས་སྐབས་ན་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང་རྗེས་སུ་འབྲེལ་ཀྱང༌། ངོ་བོ་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རང་བཞིན་རྣམ་པར་འགྱུར་བ་ལ་མི་བསྟེན་པ་དེའི་ཕྱིར་གསེར་བཟང་པོ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན་གྱིས་དེ་བཞིན་ཉིད་ཅེས་བརྗོད་དོ། །དེ་བཞིན་ཉིད་ཀྱི་སེམས་དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུད་ཅན་གྱི་སེམས་ཅན་རྣམས་ལ་ཡང་སེམས་ཀྱི་རང་བཞིན་སངས་རྒྱས་དང་ཁྱད་པར་མེད་དུ་ཟིན་ཀྱང༌། གློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདི་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ལ་སངས་རྒྱས་དང་སེམས་ཅན་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །
སེམས་ཀྱི་རང་བཞིན་རྣམ་པར་དག་པ་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པའི་ཆོས་ཉིད་ཉེ་བར་བཟུང་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་བསྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་སངས་རྒྱས་རང་གི་བདག་གི་ཉེ་བར་ལེན་པའི་གཞི་རྩ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་མཁྱེན་པ་ཡོངས་སུ་བསྲུང་བར་མཛད་དེ། སངས་རྒྱས་ཀྱི་བདག་རང་བཞིན་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རང་བཞིན་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང༌། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡྀན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། ། ཞེས་སོ། །
དེ་སྐད་དུ། མདོ་སྡེ་རྒྱན་དུ་སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་ཉིད་འདི། ཁྱད་མེད་ཀྱང༌། དེ་བཞིན་ཉིད་གློ་བུར་གྱི་དྲི་མ་དག་པ་ལས་གྱུར་པ། དེ་བཞིན་གཤེགས་ཉིད་དེ་བཞིན་གཤེགས་པ་དེ་ཡི་ཕྱིར། འགྲོ་ཀུན་དེའི་སྙིང་པོ་ཅན། ཞེས་གསུངས་སོ། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། བྱང་ཆུབ་སེམས་དཔའི་གནས་སྐབས་ན་དེ་བཞིན་གཤེགས་པའི་རིགས་དེ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཐོགས་མེད་རང་བཞིན་གནས་པ་དང༌། ཡང་དག་བླངས་པ་གཉིས་ནི་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པའི་ནང་ནས་མཆོག་ཐེག་ཆེན་གྱི་རིགས་ཉིད་དོ། །
བྱང་ཆུབ་སེམས་དཔའི་རང་བཞིན་དང་རྒྱས་པའི་རིགས་འདི་གཉིས་ལས་སངས་རྒྱས་ཀྱི། སྐུ་གསུམ་ཐོབ་པར་འདོད་པ་ཡིན། རིགས་དང་པོས་སྐུ་ནི་དང་པོ་སྐུ་ཐོབ་སྟེ། གཉིས་པ་རྒྱས་པ་ཡིས་ནི་ཕྱི་མ་གཟུགས་སྐུ་གཉིས་པོ་དེ་ལ། ངོ་བོ་ཉིད་སྐུ་མཛེས་པ་ནི། གོས་རུལ་གྱིས་བཏུམས་པའི་རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། རང་བཞིན་གྱིས་ནི་བྱས་མིན་དང༌། ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། འདིར་རང་བཞིན་གྱི་རིགས་ནི་སེམས་ཅན་ལ་སྙིང་རྗེ་ཆེན་པོས་བརླན་པའི་ངོ་བོ་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ།། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པར་མ་གསུངས་སོ།། ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། རྫོགས་ལོངས་མི་མོའི་ལྟོ་ནས་བྱུང་བའི་འཁོར་ལོས་བསྒྱུར་བཞིན་ནོ། །
ཆོས་སྐུའི་གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། སྤྲུལ་པའི་སྐུ་ས་འདམ་གྱིས་གཡོགས་པའི་གསེར་གྱི་གཟུགས་ལྟ་བུ། དེའི་ཕྱིར་དེ་ལྟར་གཏེར་དང་ལྗོན་ཤིང་དང་རིན་པོ་ཆེའི་སྐུ་དང༌། འཁོར་ལོས་བསྒྱུར་བ་དང༌། གསེར་གྱི་གཟུགས་ཏེ། དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་སྐུ་རྣམ་པར་གསུམ་བསྐྱེད་པའི་རིགས་གཉིས་ཡོད་པའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཁམས་གཅིག་ཉིད་སེམས་ཅན་ལ་དེ་བཞིན་ཉིད་དང་བྱང་ཆུབ་སེམས་དཔའ་ལ་རིགས་དང་སངས་རྒྱས་ལ་ཆོས་སྐུའི་ངོ་བོར་བཞུགས་པའི་ཕྱིར་མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་དག་པའི་གནས་སྐབས་ཀུན་ཏུ་སེམས་ཅན་འདི་དག་ཐམས་ཀྱི་སྙིང་པོར་བསྟན་པ་ཡིན་་་་་་
ནོ། །དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་སྐབས་འདིར་དེ་བཞིན་གཤེགས་པའི་ཁམས་ནི་དེ་ཐོབ་པའི་རྒྱུ་ཡིན་པས་ཁམས་ཀྱི་དོན་ནི་བྱང་ཆུབ་སེམས་དཔའི་སྐབས་འདིར་རྒྱུའི་དོན་ཏོ། །གང་གི་ཕྱིར་དེ་ལ་ཡང་མ་དག་པའི་གནས་སྐབས་ཀྱི་སེམས་ཅན་དང་སེམས་ཅན་ལ་རིམ་པ་ལྟར། དེ་བཞིན་གཤེགས་པའི་ཁམས་གྲུབ་པ་དང་དེ་དག་གི་སྙིང་པོར་གྱུར་པ་ཡོད་མོད་ཀྱི། སེམས་ཅན་དེ་དག་གིས་མངོན་སུམ་དུ་ཤེས་པ་མ་ཡིན་ནོ་བྱང་ཆུབ་སེམས་དཔས་ནི་ཤེས་སོ།། ཞེས་གསུངས་སོ།། འདིར་སངས་རྒྱས་པའི་རིགས་ཀྱང་བྱང་ཆུབ་སེམས་དཔའི་རང་བཞིན་གྱི་རིགས་དེ་ཉིད་དྲི་མ་རིམ་གྱིས་ཟད་པས་སངས་རྒྱས་ཤིང་འཕེལ་བ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཚེས་པའི་ཟླ་བ་ནི། རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌། རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། ཟླ་བ་རྫོགས་ཤིང་གསལ་བ་ལྟར། དེ་བཞིན་ས་ཡི་མཐར་ཐུག་ན། ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། ཞེས་དང༌། དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང༌། ཚུལ་ཁྲིམས་སེམས་ཅན་དོན་བསྡུད་དང༌། སེམས་ཅན་ཕན་བྱེད་བཟོད་པ་སྟེ། གསུམ་པོ་འདིས་ནི་ཁམས་རྒྱས་འགྱུར། ཆོས་རྣམས་ཀུན་ལ་བརྩོན་འགྲུས་དང༌། བསམ་གཏན་ལ་སེམས་འཇུག་པ་དང༌། རྟག་ཏུ་ཤེས་རབ་བསྟེན་པ་སྟེ། འདི་ཡང་བྱང་ཆུབ་རྒྱས་བྱེད་ཡིན། ཐབས་དང་བཅས་པའི་ཤེས་རབ་དང༌། སྨོན་ལམ་རྣམ་པར་སྦྱངས་པ་དང༌། སྟོབས་ལ་གནས་དང་ཡེ་ཤེས་ཏེ། ཁམས་རྒྱས་བྱེད་པའི་ཆོས་བཞིཔོ།། ཞེས་རྒྱས་པའི་རིགས་ཀྱི་དཔེ་དོན་སྔར་གོང་དུ་བཤད་པའི་ཚེ་ཡང་ཕར་ཕྱྀན་དྲུག་གི་རྐྱེན་གྱིས་ཆོས་འཐོན་འཕེལ་ཞིང་རྒྱས་པར་གསུངས་པ་དང་དོན་གཅིག་གོ།། དེ་སྐད་དུ། ཐོག་མ་མེད་དུས་ཅན་གྱི་ཁམས། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། དེ་ཡོད་པས་ན་འགྲོ་ཀུན་དང༌། མྱ་ངན་འདས་པའང་ཐོབ་པ་ཡིན། ཞེས་གསུངས་སོ། །
དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ་ཞེས་བསྟན་ཅིང་རབ་ཏུ་བཞག་པ་གང་ཡིན་པའོ། ། ཁམས་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་ཡིན་སྙིང་པོ་ཡང་ཡིན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ་ཞེས་གསུངས་པའོ།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ནི། ཇི་སྐད་དུ་བཅོམ་ལྡན་འདས་དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རང་དང་ཅིག་ཏུ་འབྲེལ་བ་སོ་སོར་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ། དོན་དམ་པ་འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང༌། ཀུན་གཞི་ཡེ་ཤེས་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་རང་དང་ཅིག་ཏུ་མ་འབྲེལ་བ་སོ་སོར་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་ཤེས་པ། ཀུན་རྫོབ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་སོ། །ཞེས་གསུངས་པའོ། །
དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་དག་པའི་གནས་སྐབས་ན་དེ་བཞིན་ཉིད་ཀྱི་ངོ་བོ་འཁོར་བའི་ཆོས་ཐམས་ཅད་ཀྱི་རྟེན་དང་བྱང་ཆུབ་སེམས་དཔའི་སྐབས་ན་རིགས་ཀྱི་ངོ་བོ་སྒྲུབ་པ་ཐམས་ཅད་ཀྱི་རྟེན་དང་སངས་རྒྱས་ཀྱི་ཚེ་ན་ཆོས་སྐུའི་ངོ་བོ་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་ནོ།། དེ་ཡོད་པས་ན་འགྲོ་ཀུན་དང་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དྲི་མས་བཏུམས་པ་དེ་ལ་འཁོར་བ་ཞེས་བློ་འཁྲུལ་པའི་ངོར་ཚིག་གིས་ཐ་སྙད་བཏགས་པ་ལགས་སོ། །ཞེས་གསུངས་པའོ། །མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི། འདི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་རྒྱུ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན། དགེ་བའི་རྐྱེན་དང་འཕྲད་པའི་གང་ཟག་སྡུག་བསྔལ་ལ་ཡང་ཡིད་འབྱུང་པར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལ་འང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ། །ཞེས་རྒྱས་པར་གསུངས་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་ངོ་བོ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་ངེས་པའི་རིགས་ཀྱི་རང་བཞིན་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང༌། དུས་ཐམས་ཅད་ཀྱི་ཚེ་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་བྱ་བ་ནི། ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། སེམས་ཅན་ཐམས་ཅད་དུས་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡྀན་པ་ནི་རང་བཞིན་ཡིན་གྱི་གློ་བུར་དུ་སྔར་མེད་གསར་དུ་བྱུང་བ་དང་གཞན་གྱིས་དེ་ལྟར་བྱས་པ་མ་ཡིན་ཞེས་པའི་དོན་ཏེ་ཇི་སྐད་དུ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ནས་སྙིང་པོ་བསྟན་ཡང་རུང༌། མ་བྱུང་ཡང་རུང་སྟེ། བདེ་གཤེགས་སྙིང་པོའི་གནས་སྐབས་གསུམ་གྱིས་བསྡུས་པའི་སེམས་ཅན་འདི་དག་ནི་དྲི་མ་ཡོད་མེད་ཀྱི་དུས་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །
ཞེས་གསུངས་པ་བཞིན་ནོ། །ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་ཆོས་དེ་ཉིད་དེ་ལྟ་བུ་ཁོ་ནར་འགྱུར་གྱི། དེ་གཞན་དུ་མི་འགྱུར་རོ། །ཞེས་བྱ་བའི་ཆོས་ཉིད་ཀྱི་རིགས་པ་རིགས་པ་དེ་དང་སྦྱོར་བ་དང་དེ་ལྟར་སྦྱོར་བའི་ཐབས་ལ་མཁས་པ་ཚད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་རང་རང་གི་སེམས་ཡིན་ལུགས་དེ་ལྟར་ངེས་པར་རྟོག་པ་དང༌། སེམས་ཡང་དག་པར་རང་གིས་ཤེས་པ་ལ་ནི་ཆོས་ཉིད་ཉིད་ལ་བརྟེན་ནས་ཤེས་པ་དང༌། ཆོས་ཉིད་ཉིད་ལ་དེ་རིགས་པ་ཡིན་ནོ། །སེམས་དེ་ནི་རྟོག་གེས་མཐའ་གཅིག་ཏུ་བསམ་པར་མི་བྱ་རྣམ་པར་བརྟག་པར་མི་བྱའི། ལྷག་པར་སྙིང་པོའི་སེམས་དེ་ལ་མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །རང་བྱུང་སངས་རྒྱས་རྣམས་ཀྱི་དོན་དམ་ཆོས་ཀྱི་སྐུ་དེ། གཙང་བདག་བདེ་དང་རྟག་པར་དད་པའི་མིག་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན། ཏེ་དད་པའི་མིག་མེད་ན་མི་མཐོང་བ་དཔེར་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ། མིག་མེད་པས་ནི་མཐོང་བ་མེད་པ་བཞིན་ནོ།། མདོར་བསྡུ་ན་སྙིང་པོ་ལ་མ་དད་པའི་གང་ཟག་ལོག་ལྟ་ཅན་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་གཙང་བདག་བདེ་དང་རྟག་པར་མཐོང་བ་ལ་དད་པའི་མིག་དང་མི་ལྡན་པར་རྣམ་པར་བཞག་པ་ཡིན་ཏེ། ཆོས་སྐུ་གཙང་བདག་བདེ་དང་རྟག་པར་མི་མོས་ཤིང་དེ་ལྟ་བུའི་མི་མཐུན་ཕྱོགས་ལ་ཞུགས་པའི་གང་ཟག་བཞི་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གཙང་བདག་བདེ་དང་རྟག་པར་གནས་པའི་ཚུལ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་སོ་སྐྱེ་རྣམས་དང༌། ཆོས་སྐུའི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ཉན་རང་རྣམས་དང༌། དོན་དམ་སྟོང་པ་ཉིད་ཀྱི་ཡིན་ལུགས་ལས་སེམས་ཆད་སྟོང་ལ་རྣམ་པར་གཡེངས་པ་རྣམས་ཀྱི་དེ་ལྟར་ཤེས་པའི་ཚུལ་དུ་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །
དེ་ལ་འཇིག་ཚོགས་ལ་ལྟ་བར་ལྷུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྗོད་དེ། འདི་ལྟར་དེ་དག་ནི་གཏན་དུ་ཕུང་པོ་ལ་སོགས་པ་ཀུན་རྫོབ་པའི་ཆོས་ཟག་པ་དང་བཅས་པ་རྣམས་ལ་བདག་དང་བདག་གི་ཉིད་དུ་ཁས་བླངས་ནས། ངར་འཛིན་པ་དང༌། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པས། ཕུང་པོ་འཇིག་པའི་ཚོགས་འགགས་པ་ཟག་པ་མེད་པའི་དབྱིངས་ལ་བདག་དང་བདག་གི་བ་མེད་པའི་ཚུལ་དུ་ལྷག་པར་མོས་པར་མི་ནུས་པ་དག་སྟེ། དེ་དག་གིས་ཐམས་ཅད་མཁྱེན་པའི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་དད་པས་རྟོགས་པར་ལྟ་ག་ལ་འགྱུར་ཏེ། དེ་དག་གིས་མ་མོས་པར་རྟོགས་པ་འདི་ནི་གནས་མེད་དོ། །
དེ་ལ་ཆོས་སྐུའི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི། ཉན་ཐོས་དང་རང་སངས་རྒྱས་དག་ལ་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་རང་དེ་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་བསྒོམ་པར་བྱ་བ་ལས། སླར་དེ་བཞིན་གཤེགས་པའི་སྙིང་པོ་དེ་རྟག་པའི་འདུ་ཤེས་སུ་བསྒོམ་པ་ལས་བཟློག་ནས། ཤེས་བྱ་ཐམས་ཅད་ཕྱོགས་ཅིག་ཏུ་མི་རྟག་པའི་འདུ་ཤེས་སུ་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བདེ་བར་བསྒོམ་པར་བྱ་བ་ལས། སླར་དེ་བདེ་བའི་འདུ་ཤེས་བསྒོམ་པ་ལས་བཟློག་ནས། ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་སྡུག་བསྔལ་བའི་འདུ་ཤེས་སུ་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཏུ་བསྒོམ་པར་བྱ་བ་ལས། སླར་དེ་ལ་བདག་གི་འདུ་ཤེས་བསྒོམ་པ་ལས་བཟློག་ནས། ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་བདག་མེད་པའི་འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་གཙང་བར་བསྒོམ་པར་བྱ་བ་ལས། སླར་གཙང་བའི་འདུ་ཤེས་བསྒོམ་པ་ལས་བཟློག་ནས། ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་མི་གཙང་བའི་འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་གྲངས་འདིས་ནི་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལམ་ལ་མངོན་པར་དགའ་བའི་ཕྱིར་མཆོག་ཏུ་དོན་དམ་པར་རྟག་པ་དང༌། བདེ་བ་དང༌། བདག་དང་སྙིང་དུ་སྡུག་པའི་མཚན་ཉིད་ཀྱི་ཁམས་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡང་རྟག་པ་དང་བདེ་བ་དང་སྡུག་པར་ཤེས་པའི་ཆ་ནས་སྤྱོད་ཡུལ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ཆོས་སྐུ་དེ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ལྟར། རྒྱས་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར་བཅོམ་ལྡན་འདས་ཀྱིས་རྫིང་གི་ཆུའི་ནོར་བུའི་དཔེས་རབ་ཏུ་བསྒྲུབས་ཏེ། འདི་ལྟ་སྟེ། དགེ་སློང་དག་དཔེར་ན་སོ་གའི་དུས་ལ་བབ་པ་ན་སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། ཆུར་འཇུག་པའི་རང་གི་རྒྱན་དང་ཆུ་ལ་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས་རྫིང་བུ་དེར་གང་ཟག་གཅིག་གིས་ནོར་བུའི་རིགས་བཟང་པོ་དང་ལྡན་པའི་ནོར་བུ་དེ་བཻཌཱུར་ཆུའི་ནང་དུ་བཞག་པ་དང༌། དེ་ནས་བེ་བཻཌཱུརྱ་དེའི་དོན་དུ་ནོར་བུ་ཚོལ་བའི་ཐབས་ལ་མི་མཁས་པ་དེ་དག་ཐམས་ཅད་ཆུ་ལ་བརྩེ་བའི་རྒྱན་བཞག་ནས་ཞུགས་པར་གྱུར་ཏོ། །དེ་ནས་ཆུ་ནང་དེ་ན་ཡོད་པའི་གསེག་མ་འམ་གྱོ་མོ་དེ་དག་ནོར་བུ་མ་ཡིན་པ་ལ་ནོར་བུའོ་སྙམ་ནས་བཟུང་སྟེ། དང་པོ་འཁོར་བ་ལ་འཁྲུལ་བའི་དཔེ་བདག་གིས་ནོར་བུ་རྙེད་དོ་སྙམ་དུ་ཆུ་ནང་ནས་ཕྱུང་ངོ༌། །དེ་ནས་ཉན་རང་འཁྲུལ་བའི་དཔེ་ཕྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན་རྫིང་བུ་འདི་ན་ཡོད་པ་འདི་ནི་ཐམས་ཅད་ནོར་བུ་མ་ཡིན་ནོ། །སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ། །འཁོར་འདས་རྣམ་པ་འདྲ་བའི་དཔེ་རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུ་མ་ཡིན་པ་རྣམས་ཀྱང་ནོར་བུའི་འོད་དང་འདྲ་བར་སྣང་ངོ༌། །ཐབས་མི་མཁས་པ་དེ་དག་དང་པོ་ནོར་བུ་དེ་ལྟར་སྣང་བའི་ཆུ་དེ་མཐོང་ནས་ཨེ་མའོ། འདི་ཐམས་ཅད་ནོར་བུའོ་སྙམ་པའི་ཡོན་ཏན་གྱི་འདུ་ཤེས་རབ་ཏུ་ཞུགས་སོ། །བྱང་ཆུབ་སེམས་དཔའི་དཔེ་དེ་ནས་ཆུ་དེ་ལ་ནོར་བུ་ཚོལ་བའི་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་ཡིན་ངེས་པ་དེ་ཡང་དག་པར་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་ཆུ་ནང་གི་གསེག་མ་དང་གྱོ་མོ་ནོར་བུ་མ་ཡྀན་པར་མཐོང་ནས་དུ་ནོར་བུ་ཡིན་ངེས་པ་ཡང་ནོར་བུ་མ་ཡིན་ནོ་སྙམ་པ་ལྟར་བདེན་གཉིས་ཀྱི་ཆོས་ཀྱི་དེ་ཁོ་ན་མི་ཤེས་པ་ཁྱེད་ཀྱིས་བདེན་པ་གཉིས་ཀས་བསྡུས་པའི་ཆོས་ཐམས་ཅད་མི་རྟག་པ་དང༌། ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང༌། ཐམས་ཅད་མི་སྡུག་པའོ་ཞེས་འཛིན་པ་ཉན་རང་ཐམས་ཅད་ཀྱིས་བསྒོམས་ཤིང༌། བསྒོམས་ལ་མང་དུ་དྲན་འཛིན་བྱས་ཤིང༌། མང་དུ་བྱས་པས་དྲན་པ་ཉེ་བར་བཞག་པ་དེ་ཐམས་ཅད་ནི་དོན་དམ་ཆོས་ཀྱི་སྐུ་ལ་ལྟོས་ནས་དོན་མེད་དོ། །
དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་ནོར་བུ་མ་ཡིན་པར་རྣམ་པར་གནས་པ་མཐོང་ནས་ནོར་བུ་ཡང་ནོར་བུ་མ་ཡིན་པར་འཛིན་པ་ལྟར་མི་འགྱུར་བར་ཁྱེད་ཅག་ཆོས་སྐུ་རྟོགས་པའི་ཐབས་ལ་མཁས་པར་གྱིས་ཤིག ཁྱེད་ཀྱིས་ཀུན་རྫོབ་གང་ཡིན་ཐམས་ཅད་དང་དོན་དམ་གང་ཡིན་ཐམས་ཅད་ཕྱོགས་གཅིག་ཏུ་མི་རྟག་པ་དང༌། ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང༌། ཐམས་ཅད་མི་གཙང་བའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དེ་ལྟར་བསྒོམ་ཞིང་དོན་དམ་གྱི་ཆོས་ཀྱང་དེ་ལྟར་བསྒོམས་ལ་མང་དུ་དྲན་འཛིན་ཀུན་རྫོབ་བྱས་ཤིང་དོན་དམ་ལ་དྲན་འཛིན་མང་དུ་བྱས་པ་ཀུན་རྫོབ་དེ་དང་དོན་དམ་དེ་ཉིད་གཉིས་ཡོད་པ་དེ་ལ་དོན་དམ་ཆོས་སྐུ་ནི་རྟག་པ་དང༌། བདེ་བ་དང༌། སྡུག་པ་དང༌། བདག་ཉིད་དུ་ནམ་ཡང་ཡོད་པ་ཡིན་ནོ། ཞེས་རྒྱས་པར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་རྣམ་པར་བཞག་པ་ལས་བརྩམས་ཏེ་ཀུན་རྫོབ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །
དེ་ལ་དོན་དམ་སྟོང་པ་ཉིད་ལ། སེམས་ཆད་སྟོང་ལ་རྣམ་པར་གཡེངས་པ་ནི། ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དོན་དམ་པ་སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་བོ་སྐྱོན་ཐམས་ཅད་ཀྱིས་སྟོང་ཡང་རང་གི་ངོ་བོ་ཡོན་ཏན་ཐམས་ཅད་ཀྱིས་མི་སྟོང་བར་དུས་ནམ་ཡང་མེད་མི་སྲིད་པའི་ཚུལ་ཤེས་པ་ལས་ཉམས་པ་དག་ལ་བརྗོད་དོ། །ཡང་དག་པར་ཡོད་པའི་ཆོས་ཉིད་དུས་ཕྱིས་རྒྱུན་ཆད་ཅིང་ཞིག་པ་ཆོས་གང་ཡང་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་དང་པོ་བདེན་པར་ཡོད་པའི་དངོས་པོ་ཕྱིས་གཞིག་པའི་ཕྱིར་ཆད་པའི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་བའི་སྒོ་འདོད་པའམ། ཡང་ཆད་སྟོང་བ་གང་དག་ཆོས་གང་ཞིག་རྟོགས་པར་བྱ་བ་དང༌། བསྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཅན་གྱི་གཟུགས་ལ་སོགས་པ་ལས་ངོ་བོ་ཐ་དད་པའི་དངོས་པོ་ཕྱིས་སྤྲོས་བྲལ་ཞིག་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་གཟུགས་སོགས་ལས་དོན་གཞན་དུ་དམིགས་པས་སྟོང་པ་ཉིད་གཞན་ལ་བརྟེན་པའོ། །ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གཉིས་ཡོད་པ་དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱི་ཚུལ་ཡང་དག་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་གདོད་ནས་གྲུབ་པའི་སྐྱོན་བསལ་བྱ་ཅི་ཡང་མེད། རྣམ་བྱང་གི་ཡོན་ཏན་གསར་དུ་བསྣན་ནས་བཞག་པར་བྱ་བ་འང་ཅུང་ཟད་མེད། དྲི་མ་ཡང་དག་པར་མེད་པ་ཉིད་ལ་མེད་པར་ཡང་དག་ལྟ། ཡང་དག་པར་ཡོད་པ་ཉིད་ལ་ཡོད་པར་ཡང་དག་པར་མཐོང་ནས་རྣམ་པར་གྲོལ་བས་སོ། །
རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། ཉེས་པ་གློ་བུར་བ་དག་གིས་རང་བཞིན་གྱི་ཁམས་སྟོང་གི། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། བླ་མེད་ཆོས་ཀྱིས་ནམ་ཡང་སྟོང་མ་ཡིན། འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལ་རང་བཞིན་ཡིན་པའི་དྲི་མ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་ཡང་ཡྀན་འདིའི་རང་བཞིན་ཡང་ཡིན་པ་གདོད་ནས་མི་སྲིད་པས། གློ་བུར་བའི་དྲི་མ་དང་གདོད་ནས་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་སྔར་མེད་གསར་དུ་བཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རང་བཞིན་གྱི་ཡོན་ཏན་ཐམས་ཅད་རང་དང་རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ཀྱི་ཡོན་ཏན་སྟོབས་སོགས་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རང་དང་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་རང་བཞིན་སྟོང་པ་ཡིན་ལ། ཆུ་དང་རླན་བཞིན་དུ་རང་བཞིན་དུ་རང་དང་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པས་ནི་གདོད་ནས་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་སྐྱོན་གང་ཞིག་སྙིང་པོ་གང་ན་མེད་པའི་སྙིང་པོ་དེ་ནི་སྐྱོན་དེས་སྟོང་ངོ༌། །ཞེས་ཇི་ལྟ་བའི་ཡེ་ཤེས་ཀྱིས་ཉོན་མོངས་པ་མེད་པ་ལ་མེད་པར་ཡང་དག་པར་རྗེས་སུ་མཐོང་ལ། ཡོན་ཏན་གང་ཞིག་དེ་ལྟར་དབྱེར་མེད་དུ་ལྡན་པ་སྐྱོན་བསལ་བའི་ལྷག་མར་གྱུར་པ་ཡོན་ཏན་དེ་ནི་སྙིང་པོ་དེ་ལ་རྟག་པར་ཡོད་དོ་ཞེས་ཇི་སྙེད་པའི་ཡེ་ཤེས་ཀྱིས་ཡོད་པ་ལ་ཡོད་པར།ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་གྲོལ་བ་ལགས་སོ། །
འདི་ལ་བསལ་བྱ་ཅི་ཡང་མེད་ཅེས་པའི་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི། གཤིས་ལ་ཀུན་རྫོབ་ཡོད་པར་སྒྲོ་འདོགས་པ་དང་གཤིས་ལ་དོན་དམ་དང་དེའི་ཡོན་ཏན་མེད་པར་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། གཤིས་ལ་སྟོང་མི་སྟོང་གི་ཆོས་ཕྱིན་ཅི་མ་ལོག་པ་གཤིས་ལ་དོན་དམ་རང་གིས་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཀྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའོ། །དེ་ལ་དོན་དམ་ཡང་མེད་པར་འདོད་པ་གང་དག་སྟོང་པ་ཉིད་ཀྱི་དོན་དུ་སྔར་བསྟན་པའི་ཚུལ་འདི་ལས་སེམས་ཕྱིན་ཅི་ལོག་ཆད་སྟོང་དུ་ཏུ་རྣམ་པར་གཡེང་ཞིང་རྣམ་པར་འཕྲོ་ལ་སྔར་བསྟན་པའི་ཚུལ་འདིར་མཉམ་པར་མི་འཇོག་ཅིང༌། གཞན་སྟོང་ཟབ་མོ་ལ་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་དེ་དག་སྟོང་པ་ཉིད་ཡང་དག་ལས་སེམས་ཆད་སྟོང་དུ་རྣམ་པར་གཡེངས་པ་ཞེས་བརྗོད་དོ། །ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། ཞེས་གསུངས་པའི་དོན་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་རྣམ་པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་དུ་བྱ་བར་མི་ནུས་སོ། །
འདི་ལ་དགོངས་ནས་གསུངས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱོན་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ་དེ་བཞིན་གཤེགས་པའི་སྙིང་བོ་ཡང༌། ཆོས་སྐུའི་ཕྱིན་ཅི་ལོག་བསྒོམ་པ་ལ་དགའ་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཙང་བདག་བདེ་དང་རྟག་པར་སྔར་མ་མཐོང་ཞིང་རྒྱུན་དུ་དེ་ལྟར་མ་རྟོགས་པའོ། །ཞེས་རྒྱས་པར་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་སྐུའི་སྙིང་པོ་ཡིན་པ་དེ་ལྟར་ནི་ཆོས་དབྱིངས་ལ་རྒྱབ་ཀྱིས་ཕྱོགས་པ་འཇིག་ཚོགས་ལ་ལྟ་བར་ལྟུང་བ་སོ་སྐྱེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དེ། ཆོས་ཀྱི་དབྱིངས་ཀྱི་སྐུ་ནི་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡྀན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་མི་རྟག་ལ་སོགས་ཀྱི་འཇིག་རྟེན་ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི། ཆོས་ཀྱི་སྐུ་ལས་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ཉན་རང་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་དག་པའི་ཡོན་ཏན་ཐམས་ཅད་འདུས་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་ཡང་དག་པའི་སྟོང་པ་ཉིད་ལས་སེམས་ཆད་སྟོང་ལས་རྣམ་པར་གཡེངས་པ་དོན་དམ་ཆད་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། བདེ་གཤེགས་སྙིང་པོ་དེ་རྣམ་པར་དག་པ་སྟོབས་དང་མི་འཇིག་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་རང་དང་རྣམ་པར་དབྱེ་བ་མེད་པ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཕུང་པོའི་སྐུས་རབ་ཏུ་ཕྱེ་ཞིང་ནམ་མཁའ་གང་བ་རྣམས་ནི། གློ་བུར་གྱི་དྲི་མས་ཡེ་ནས་སྟོང་པ་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་ཐམས་ཅད་བདེ་གཤེགས་སྙིང་པོར་ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་སྒོ་མངོན་སུམ་དུ་བྱང་སེམས་འཕགས་པས་རྟོགས་ནས། ཟག་མེད་ཀྱི་ལས་ཀྱིས་བསྐྱེད་པའི་ཡིད་ལུས་སོགས་ཀྱིས་འཇིག་རྟེན་ཐམས་ཅད་ལས་འདས་གཙང་བདག་བདེ་དང་རྟག་པ་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་ཡོངས་སུ་དག་པ་ལ་མི་རྟོག་ཡེ་ཤེས་ཀྱིས་རྒྱུན་དུ་ལྟ་བ་གང་ཡིན་པ་འདི་ནི། འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་ལྟ་བ་དཀའ་བའི་རྒྱུ་མཚན་གང་གིས་ད་དུང་མ་རིག་བག་ཆགས་ཀྱི་ས་མ་འགགས་ཤིང་དེའི་སྒྲིབ་པས་སྒྲིབ་པ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་བོ་ལ་མཐའ་མེད་པས་སངས་རྒྱས་ལ་ལྟོས་ནས་གཙང་བ་དམ་པ་ལ་སོགས་པར་ཅུང་ཟད་མཐོང་ངོ་ཞེས་གསུངས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཅུང་ཟད་མཐོང་བར་འདོད་དོ། །དེ་སྐད་དུ་ནི། སྤྲིན་མཐོང་མཁའ་ལ་ཉི་མ་ཅུང་ཟད་མཐོང་ཡང་དུས་ཐམས་ཅད་དུ་རྫོགས་པར་མི་མཐོང་བ་བཞིན་གཙང་བ་ལ་སོགས་པར་ཅུང་ཟད་མཐོང་ཡང་སངས་རྒྱས་ཀྱི་ས་འདིར། ས་བཅུ་པ་ཁྱོད་ཕྱོགས་གཅིག་མ་རིག་བག་ཆགས་ཀྱི་སས་བསྒྲིབས་པའི་བློ་གྲོས་ཅན། །སྒྲིབ་པའི་འཁྲིས་ནད་ཕལ་ཆེར་བྱིང་བ་བློ་མིག་དག་པའི་འཕགས་པ་ས་བཅུ་པ་རྣམས་ཀྱིས་ཀྱང་དུས་དང་རྣམ་ཐམས་ཅད་དུ་ཐམས་ཅད་ཐམས་ཅད་རྫོགས་པར་གཙང་བ་དམ་པར་མཐོང་མ་ལགས། བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གཙང་བའི་མཐར་ཕྱིན་པ་གང་དག་བློ་གྲོས་དུས་གསུམ་མཐའ་ཡས་པ་དང་ཕྱོགས་བཅུའི། ཤེས་བྱ་མཐའ་མེད་མཁའ་དབྱིངས་སྒྲིབ་པའི་བག་ཆགས་སྤངས་པའི་མཁྱེན་པས་ཁྱབ་པ་དེ་དག་གིས་དུས་གསུམ་ཅིག་ཆར་དུ་གཙང་བདག་བདེ་དང་རྟག་པ་ཀུན་རྫོགས་པ་མཐོང༌། ཞེས་གསུངས་སོ། །
འདིར་འགའ་ཞིག་གིས་སྨྲས་པ། གལ་ཏེ་དེ་ལྟར་ཆགས་པ་མེད་པ་ས་བྱང་ཆུབ་སེམས་དཔའ་དེའི་མཐར་ཕྱིན་པའི་ས་བཅུ་པ་ལ་གནས་པའི་འཕགས་པའི་མཆོག་རྣམས་ཀྱི་ཡང་དུས་དང་རྣམ་པ་ཐམས་ཅད་དུ་གཙང་བདག་བདེ་དང་རྟག་པའི་ཡོན་ཏན་ཐམས་ཅད་རྫོགས་པར་ཡུལ་མ་ཡིན་ན། ཁམས་འདི་སོ་སོ་སྐྱེ་བོས་ཐམས་ཅད་རྫོགས་པར་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་འདིས་དགོས་པ་ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་བརྗོད་བྱར་བསྡུས་པའི་ཚིགས་སུ་བཅད་པ་གཉིས་ཏེ་གཅིག་གིས་ནི་དགོས་པ་དྲིས་ལ་གཉིས་པས་ནི་དགོས་པ་ཡོད་པའི་ལན་བསྟན་པའོ། །
འདི་བསྟན་པ་ལ་དགོས་པ་ཅི་ཡོད་དྲིས་པ་ནི་སྤྲིན་དང་རྨི་ལམ་སྒྱུ་མ་བཞིན་བཀའ་འཁོར་ལོ་དང་པོ་དེ་དང་བར་པ་དེར། ཤེས་བྱ་ཐམས་ཅད་རྣམ་པ་ཀུན་ཏུ་བདེན་པས་སྟོང་པ་ཡིན་ཞེས། གསུངས་ནས་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པ་འདིར་རྒྱལ་བ་རྣམས་སེམས་ཅན་ལ། སངས་རྒྱས་ཀྱི་སྙིང་པོ་དོན་དམ་དུ་བདེན་པ་ཡོད་ཅེས་དགོས་པ་ཅིའི་ཕྱིར་སྟེ་གསུངས། ལན་ནི་འདི་ཡོད་པར་མ་ཐོས་ན་རང་ཉིད་སེམས་ཞུམ་པ་དང་སེམས་ཅན་དམན་ལ་བརྙས་པ་དང༌། ཡང་དག་མིན་པ་ཡང་དག་ཏུ་འཛིན་པ་དང་ཡང་དག་གི་ཆོས་འདི་ལ་བསྐུར་པ་འདེབས་པ་དང༌། བདག་ལ་ཆགས་པ་ལྷག་པའི་སྐྱོན་དང་ལྔ་འདི་མ་ཐོས་པ་གང་དག་ལ། ཡོད་པ་དེ་དག་གི་སྐྱོན་ལྔ་པོ་དེ་སྤང་དགོས་པའི་དོན་དུ་གསུངས། དྲིས་ལན་གྱི་ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་ནི་མདོར་བསྡུས་ཏེ། ཚིགས་སུ་བཅད་པ་བཅུས་བསྟན་པར་རིག་པར་བྱ་སྟེ། ཡང་དག་གི་མཐའ་བདེ་གཤེགས་སྙིང་པོ་ནི་འདུས་བྱས་ཀྱི་རྣམ་པ་ཀུན་རྫོབ་ཐམས་ཅད་གདོད་ནས་དབེན་པ་སྟེ། རྒྱུ་མཚན་ཉོན་མོངས་ལས་དང་རྣམ་སྨིན་གྱི་དོན་ཀུན་རྫོབ་ཐམས་ཅད། སྤྲིན་ལས་སོགས་པ་བཞིན་དུ་སྔར་བརྗོད་པ་ནི་འདིར་སྙིང་པོ་ཡོད་པར་བསྟན་པར་དང་མི་འགལ་བ་འདི་ལྟ་སྟེ། ཉོན་མོངས་སྤྲིན་འདྲ་ལུས་ངག་སེམས་ཀྱི་བྱ་བ་ཡི། ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། ཉོན་མོངས་ལས་ཀྱི་རྣམ་པར་སྨིན་པའི། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན་ཞེས། སྔར་ནི་བཀའ་དང་པོ་གཉིས་སུ་ཀུན་རྫོབ་ཀྱི་ཆོས་རྣམས་དེ་ལྟར་རྣམ་པར་བཞག་ནས། སླར་ཡང་བླ་མའི་རྒྱུད་བཀའ་གསུམ་པ་འདིར་ནི། འདི་ཐོས་ན་ཉེས་པ་ལྔ་དག་སྤང་བའི་དགོས་པ་ཡོད་པའི་ཕྱིར། སངས་རྒྱས་ཁམས་དོན་དམ་བདེན་པ་ཡོད་པ་ཉིད་ཡིན་ནོ་ཅེས་བསྟན་པ་ཡིན་ནོ་དེ་ཡང༌། འདི་ལྟར་བསྟན་པ་དེ་ནི་མ་ཐོས་པས། བདག་རང་ལ་བརྙས་པའི་ཉེས་པ་ཡིས། སངས་རྒྱས་གཤིས་ལ་མེད་ན་གསར་དུ་མི་འགྲུབ་སྙམ་ནས་སེམས་ནི་ཞུམ་པ་འགའ་ཞིག་ལ། གཤིས་ལ་ཡོད་པའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་ནི་སྐྱེ་བར་མི་འགྱུར་བ་དང༌། གང་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། བདག་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཅེས་རློམ་པ་ན། བྱང་ཆུབ་ཐོབ་འདོད་ཀྱི་སེམས་མ་སྐྱེད་པ་ལ། སྙིང་པོ་ཡོད་པར་མ་ཤེས་ནས་དམན་པའི་འདུ་ཤེས་རབ་ཏུ་འཇུག་པ་དང༌། དེ་ལྟར་སེམས་དཔའ་དེ་ལ་ནི། བདེན་གཉིས་རིག་པའི་ཡང་དག་ཤེས་པ་མི་སྐྱེ་བ། དེས་ན་ཡང་དག་མིན་པ་ཀུན་རྫོབ་ཡང་དག་ཏུ་འཛིན་ཅིང་སྒྲོ་འདོགས་པ་དང༌། ཡང་དག་གི་དོན་འདི་ནི་རིག་པར་མི་འགྱུར། ཞིང་སྐུར་པ་འདེབས་སོ་དེས་ན་ཉོན་མོངས་ལས་དང་རྣམ་སྨིན་ནི་བཅོས་མ་གློ་བུར་བ་ཉིད་ཕྱིར། སེམས་ཅན་གྱི་སྐྱོན་དེ་ཡང་དག་ཏུ་བདེན་པ་མིན། ཡང་དག་པར་ཉེས་པ་དེ་རྣམས་བདག་ཏུ་བདེན་པར་གྲུབ་པ་མེད་པའོ།། ཡོན་ཏན་གྱི་རིན་ཆེན་དག་པའི་བདག་ཏུ་གྲུབ་པ་ཡིན་ནོ།། དེའི་ཕྱིར་ཡང་དག་པ་མིན་པའི་ཉེས་པ་ཡང་དབང་དུ་འཛིན་ཅིང་སྒྲོ་འདོགས་པ་དང་ཡང་དག་པར་གྲུབ་པའི་ཡོན་ཏན་ལ་སྐུར་པ་འདེབས་པས། བློ་ལྡན་བདག་དང་སེམས་ཅན་ནི། སྙིང་པོའི་ཡོན་ཏན་མཚུངས་པར་མཐོང་ནས་སེམས་ཅན་ལ་བྱམས་པ་ཐོབ་པར་མི་འགྱུར། བ་དེས་ན་སླར་ཡང་བཀའ་གསུམ་པ་འདི་ལས་སྙིང་པོ་དེ་ནི་ཡོད་པར་ཐོས་པ་ལས། བདག་ཉིད་བྱང་ཆུབ་སྒྲུབ་པར་སྤྲོ་བ་དང་སེམས་ཅན་ཐམས་ཅད་ལ་སྟོན་པ་བཞིན་དུ་གུས་པ་དང༌། གཤིས་ལ་ཀུན་རྫོབ་མེད་པར་ཤེས་པའི་ཤེས་རབ་དང་དོན་དམ་ཡོད་པར་ཤེས་པའི་ཡེ་ཤེས་དང་སེམས་ཅན་ཐམས་ཅད་ལ་མཚུངས་པར་བྱམས་ཆེན་སྐྱེ་བ་སྟེ། ཆོས་ལྔ་པོ་དེ་སྐྱེས་པའི་ཕྱིར་ལྔ་པོ་སྐྱེས་པ་དེ་ལས་ནི། རང་ལ་ཞུམ་པའི་ཁ་ན་མ་ཐོ་མེད་པ་དང་སེམས་ཅན་ལ་མི་བརྙས་ཤིང་མཚུངས་པར་ལྟ། བ་དང་ཉེས་པ་ཡང་དག་ཏུ་འཛིན་པའི་སྐྱོན་མེད་པ་དང་ཡོན་ཏན་ཡང་དག་པར་ལྡན་པར་རྟོགས་པ་དང༌། བདག་དང་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་མཚུངས་པར་བྱས་ཏེ། འདི་ཐོས་པ་ཐམས་ཅད་ཀྱིས་སངས་རྒྱས་ཉིད་ནི་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་ཆོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་ཞིང་བསྟན་པ་ལས་སེམས་ཅད་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་བོ་ཡོད་པར་སྟོན་པའི་སྐབས་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་འདི་སྟོན་པ་ལ་རྩ་བའི་ཚིགས་བཅད་གཉིས་ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་ཞེས་པ་མདོར་བསྟན་པ་དང༌། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་སྡོམ་གྱི་ཚིགས་བཅད་དེ་གཉིས་སོ།། དེ་ལ་ཚིགས་སུ་བཅད་པ་དང་པོ་རྫོགས་སངས་རྒྱས་སྐུ་ནི་འཕྲོ་ཕྱིར་ཞེས་པའི་དོན་གྱི་མདོར་བསྟན་པའི་འཆད་འགྱུར་རྣམས་སྡོམ་གྱི་ཚིགས་བཅད་ཀྱིས་དོན་བཅུར་བསྡུས་པའི་རྒྱས་པར་བཤད་པ་དང་བཅས་པ་རྫོགས་སོ། །དྲི་མ་དང་བཅས་པའི་དེ་བཞིན་ཉིད་དག་པར་བྱ་བའི་རྒྱུ་བཤད་ཟིན་ཏོ། །
ད་ནི་དྲི་བཅས་དེ་བཞིན་ཉིད་བཤད་ནས་དྲི་མེད་དེ་བཞིན་ཉིད་འཆད་པ་སྐབས་སུ་བབ་པ་དག་བྱེད་ཀྱི་རྐྱེན་དྲི་མ་མེད་པའི་དེ་བཞིན་ཉིད་བརྗོད་པར་བྱའོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་གྱི་ཟག་པ་མེད་པའི་དབྱིངས་ལ་གློ་བུར་གྱི་དྲི་མའི་རྣམ་པ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་བཅས་ཀྱི་གནས་ཡོངས་སུ་དྲི་མེད་དུ་གྱུར་པ་རང་བཞིན་དང་གློ་བུར་གཉིས་ཀ་དག་པ་རྣམ་པར་བཞག་པ་ས་བཅུ་པ་མན་ཆད་ཀྱིས་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་པར་དཀའ་བའི་སྐུ་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་གང་ཡིན་པའོ། །དེ་ཡང་གཙང་བ་ལ་སོགས་པའི་ཡོན་ཏན་མཐའ་ཡས་ཀྱང་མདོར་བསྡུ་ན་དོན་རྣམ་པ་བརྒྱད་ཀྱི་དབང་དུ་བྱ་སྟེ་མདོར་བསྟན་པར་རིག་པར་བྱའོ། །
དོན་གནས་གྱུར་གྱི་ངོ་བོ་སོགས་བརྒྱད་གང་ཞེ་ན། གནས་གྱུར་གྱི་ངོ་བོ་དག་ས་དང་རྒྱུ་ཐོབ་པ་དང་འབྲས་བུ་བྲལ་བ་དང་རང་གཞན་དོན་ལས་དང༌། དེའི་རྟེན་ལྡན་པ་དང་ཟབ་པ་རྒྱ་ཆེ་བ་དང༌། བདག་ཉིད་ཆེན་པོ་གསུམ་འཇུག་པ་དང་དེ་ཡང་ནི༑ ཇི་སྲིད་དུས་རྟག་པའི་དོན་དང་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་དོན་ཉིད་དོ། །ཚིགས་སུ་བཅད་པ་འདིས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གནས་གྱུར་གྱི་དོན་བརྒྱད་པོ་འདི་དག་བསྟན་ཏེ། འདི་ལྟ་སྟེ། གནས་གྱུར་གྱི་ངོ་བོའི་དོན་དང༌། རྒྱུའི་དོན་དང༌། འབྲས་བུའི་དོན་དང༌། ལས་ཀྱི་དོན་དང༌། ལྡན་པའི་དོན་དང༌། འཇུག་པའི་དོན་དང༌། གནས་གྱུར་རྟག་པའི་དོན་དང༌། གནས་གྱུར་བསམ་གྱིས་མི་ཁྱབ་པའི་དོན་ཏོ། །དེ་ལ་སངས་རྒྱས་ཀྱི་ཁམས་གང་ཞིག་གློ་བུར་གྱི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་སྔར་བརྗོད་པ་དེ་གློ་བུར་གྱི་དྲི་མ་རྣམ་པར་དག་ཅིང་གཙང་བ་དམ་པ་ཐོབ་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། གང་གི་ཕྱིར་དཔལ་ཕྲེང་གི་མདོ་ལས་བཅོམ་ལྡན་འདས་གང་ཟག་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་བ་སྙེད་མཐའ་དག་གིས་གཡོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དྲི་བཅས་ཀྱི་གནས་རང་བཞིན་ཡོན་ཏན་ཅན་ཡོད་པ་ལ་དོགས་པ་མ་མཆིས་པ་དེ་ནི་གློ་བུར་གྱི་ཉོན་མོངས་པ་བྱེ་བ་མཐའ་དག་གི་སྦུབས་ལས་གྲོལ་བ་གནས་ཡོངས་སུ་གྱུར་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡོད་པ་ལ་ཡང་དོགས་པ་མ་མཆིས་པ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །གནས་གྱུར་གྱི་ཡེ་ཤེས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པ་རྣམ་པར་རྟོག་པ་མེད་པ་ཇི་ལྟ་བ་མཁྱེན་པ་དང༌། དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་ཇི་སྙེད་པ་མཁྱེན་པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གནས་ཡོངས་སུ་གྱུར་པའི་རྒྱུ་ནི་ཐོབ་པའི་སྒྲས་བསྟན་ཏེ། འདིས་ཐོབ་པས་ན་ཐོབ་པའོ།། དེའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་དང༌། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་བྲལ་བ་རྣམ་པ་གཉིས་སོ། ། གོ་རིམ་བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པ་ནི་ལས་སོ། །
དེའི་རྟེན་དང་ལྡན་པ་ནི་ལྡན་པའོ། ། ཟབ་པ་དང་རྒྱ་ཆེ་བ་དང༌། བདག་ཉིད་ཆེན་པོས་རབ་ཏུ་ཕྱེ་བས་སངས་རྒྱས་ཀྱི་སྐུ་གསུམ་པོ་དག་གིས་འགྲོ་བ་ཇི་སྲིད་པར་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་པའི་རྣམ་པས་འཇུག་པ་ནི་འཇུག་པའོ། །སྡོམ་ནི་གནས་གྱུར་གྱིས་ངོ་བོ་རྒྱུ་དང་འབྲས་བུ་དང༌། ལས་དང་ལྡན་པ་འཇུག་པ་དང༌། གནས་གྱུར་དེ་རྟག་པ་དང་བསམ་མི་ཁྱབ་ཉིད་ཀྱིས། སངས་རྒྱས་པ་ནི་དོན་བརྒྱད་པོ་དེར་རྣམ་པར་གནས་སོ། །དེ་ལ་སངས་རྒྱས་ཉིད་དང༌། དེ་ཐོབ་པའི་ཐབས་སུ་གྱུར་པ་ལ་གནས་གྱུར་གྱི་ངོ་བོའི་དོན་དང༌། རྒྱུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་རྟོགས་པ་ཉི་མ་དང་སྤངས་པ་མཁའ་བཞིན་གློ་བུར་གྱི། ཉོན་མོངས་ཤེས་བྱའྀ་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་དྲི་བཅས་ཀྱི་གནས་ཡོངས་སུ་གྱུར་པའི་ངོ་བོ། དྲི་མེད་སངས་རྒྱས་ཀྱི་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། དེ་ནི་རྒྱུ་ཆོས་ལ་མི་རྟོག་པ་དང་རྣམ་འབྱེད་ཡེ་ཤེས་གཉིས་པོ་དག་ལ་བརྟེན་ནས་འཐོབ། ཚིགས་སུ་བཅད་པ་འདིའི་དོན་ནི་མདོར་བསྡུ་ན་ཚིགས་སུ་བཅད་པ་བཞིས་རིག་པར་བྱ་སྟེ། སངས་རྒྱས་ཉིད་ནི་རང་དང་དབྱེར་མེད་པ། ཡོན་ཏན་དག་པའི་ཆོས་ཀྱིས་རབ་ཕྱེ་བ། ཉི་མ་མཁའ་བཞིན་ཏེ་རིམ་པ་ལྟར་ཡེ་ཤེས་དང༌། སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །འོད་གསལ་ནི་འདུས་བྱས་པ་མིན་པ་རང་དང་ངོ་བོ་དབྱེར་མེད་པར། འཇུག་པ་ཅན་ཡོན་ཏན་གྱི་རྣམ་པ་གང་གའི་ཀླུང་གི་ནི། རྡུལ་ལས་འདས་པའི་སངས་རྒྱས་ཀྱི། ཆོས་རྣམས་ཀུན་དང་དབྱེར་མེད་དུ་ལྡན་པ་ཉིད་དོ། །རང་བཞིན་གྱིས་ནི་ནམ་མཁའ་བཞིན་དུ་མ་གྲུབ་དང༌། སེམས་ལ་ཁྱབ་དང་གློ་བུར་བ་ཉིད་ཀྱིས། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྟོན་པ་དེར། སྤྲིན་དང་འདྲ་བར་བརྗོད་པ་ཡིན། སྒྲིབ་པ་གཉིས་དང་བྲལ་བ་ཡི། རྒྱུ་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་ཏེ། མི་རྟོག་པ་དང་དེ་ཡི་ནི། རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། རྣམ་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཡྀན་ནོ། །
ཞེས་སྔར་བཤད་པ་གང་ཡིན་པ་དེ་ལ་རྣམ་པར་དག་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་དང༌། གློ་བུར་གྱི་དྲི་མ་མེད་པའི་རྣམ་པར་དག་པའོ། །དེ་ལ་རང་བཞིན་གྱིས་རྣམ་པར་དག་པ་ནི་གང་ཞིག་རྣམ་པར་གྲོལ་བ་ཡང་གཉེན་པོས་བྲལ་བ་མ་ཡིན་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་དང་མ་བྲལ་བའི་ཕྱིར་རོ། །དྲི་མ་མེད་པའི་རྣམ་པར་དག་པ་ནི། གློ་བུར་གྱི་རྡུལ་དང་གཡའ་ལ་སོགས་པ་ལས་གྲོལ་བའི་ཆུ་དང་གསེར་ལ་སོགས་པ་བཞིན་དུ་རྣམ་པར་གྲོལ་བ་དང་གཉེན་པོས་བྲལ་བ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་དང་མ་བྲལ་བའི་ཕྱིར་རོ། །དྲི་མ་མེད་པའི་རྣམ་པར་དག་པ་ནི། རྡུལ་ལ་སོགས་པ་ལས་ཆུ་ལ་སོགས་པ་བཞིན་དུ་རྣམ་པར་གྲོལ་བ་དང་བྲལ་བ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཕྱིར་རོ། །
དེ་ལ་དྲི་མ་མེད་པའི་རྣམ་པར་དག་པའི་འབྲས་བུའི་དོན་ལས་བརྩམས་ཏེ། དུག་གསུམ་དག་པ་མི་རྟོག་ཡེ་ཤེས་ཀྱི་འབྲས་བུ་དང་སངས་རྒྱས་དང་སྦྲང་རྩི་སྙིང་པོ་ལ་སོགས་པ་རྣམས་རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་ཡིན་པ་ཚིགས་སུ་བཅད་པ། དེ་ལ་འདོད་ཆགས་ཀྱི་རྡུལ་གྱི་དྲི་མེད་ཆུ་ལྡན་རིམ་རྒྱས་པད་མས་ཁེབས་པའི་མཚོ་བཞིན་དང༌། ཞེ་སྡང་གི་སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུ་དང༌། གཏི་མུག་གི་སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ནི། དུག་གསུམ་གྱི་དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་མི་རྟོག་ཡེ་ཤེས་ཀྱི་འབྲས་བུ་ཉིད་དོ། །རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་ནི་ཐུབ་པའི་ཁྱུ་མཆོག་དང་སྦྲང་རྩི་དང་སྙིང་པོ་དང༌། རིན་ཆེན་གསེར་དང་གཏེར་དང་ལྗོན་ཤིང་བཞིན། དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། ས་བདག་དང་གསེར་གྱི་གཟུགས་དང་འདྲ་བའི་རྒྱལ་བ་ཡིན། མདོར་བསྟན་པའི་ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་ནི། རྒྱས་པར་ཕྱེ་ན་མཐའ་ཡས་ཀྱང་མདོར་བསྡུ་ན། ཚིགས་སུ་བཅད་པ་བརྒྱད་ཀྱིས་བསྟན་པར་རིག་པར་བྱ་སྟེ། ཆུ་མཚོ་ཟླ་བ་ཉ་བ་ལ་སོགས་བཞིན་འདོད་ཆགས་སོགས། དུག་གསུམ་གྱི་གློ་བུར་ཉོན་མོངས་དག་པ་ནི། མདོར་ན་མི་རྟོག་ཡེ་ཤེས་ཀྱི། འབྲས་བུ་ཡིན་པར་རབ་ཏུ་བརྗོད། སངས་རྒྱས་སྦྲང་རྩི་སྙིང་པོ་ལ་སོགས་དང་འདྲ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི། སངས་རྒྱས་སྐུ་ནི་ངེས་ཐོབ་པ། དེ་ནི་རྗེས་ལས་ཐོབ་པ་ཡི། ཡེ་ཤེས་འབྲས་བུ་ཡིན་པར་བསྟན། རྒྱས་པར་བཤད་པ་མི་རྟོག་ཡེ་ཤེས་ཀྱི་འབྲས་བུ་འདོད་ཆགས་རྡུལ་ནི་སྤངས་ཕྱིར་དང༌། གདུལ་བྱ་ཡི་ནི་པད་མ་ལ། བསམ་གཏན་ཆུ་ནི་འབབ་ཕྱིར་འདོད་ཆགས་དག་པ་དེ། ཆུ་དག་པས་གང་པའི་རྫིང་དང་མཚུངས་པ་ཡིན། ཞེ་སྡང་སྒྲ་གཅན་ལས་གྲོལ་བས། སྙིང་རྗེ་བྱམས་ཆེན་འོད་ཟེར་གྱིས། འགྲོ་བ་ཁྱབ་པའི་ཕྱིར་ན་ཞེ་སྡང་དག་པ་དེ། སྒྲ་གཅན་གྱི་དྲི་མེད་ཟླ་བ་ཉ་བ་བཞིན། གཏི་མུག་སྤྲིན་ལས་རྣམ་གྲོལ་བས། འགྲོ་བར་ཡེ་ཤེས་འོད་ཟེར་གྱིས། མུན་པ་སེལ་ཕྱིར་སངས་རྒྱས་ཉིད། གཏི་མུག་དག་པ་དེ་ནི་སྤྲིན་གྱི་དྲི་མེད་ཉི་མ་བཞིན་ནོ།། རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་མི་མཉམ་པ་སངས་རྒྱས་དང་མཉམ་པའི་ཆོས་ཕྱིར་དང༌། དོན་དམ་པའི་ཆོས་ཀྱི་རོ་ནི་སྦྱིན་མཛད་དང༌། གཏི་མུག་གི་ཤུན་པ་དང་ནི་བྲལ་ཕྱིར་སངས་རྒྱས་ཏེ། བདེ་གཤེགས་དང་སྦྲང་རྩི་དང་སྙིང་པོ་བཞིན་དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། དབུལ་བ་སེལ་བར་བྱེད་ཕྱིར་དང༌། རྣམ་གྲོལ་དང་དོན་གཉིས་ཀྱི་འབྲས་བུ་སྦྱིན་བྱེད་ཕྱིར། སངས་རྒྱས་དེ་གསེར་དང་གཏེར་དང་ལྗོན་པ་བཞིན། རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང༌། རྐང་གཉིས་བདག་པོ་མཆོག་ཕྱིར་དང༌། རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། སངས་རྒྱས་དེ་ནི་རིན་ཆེན་གྱི་སྐུ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་གསེར་གྱི་གཟུགས་བཞིན་ནོ། །གནས་ཡོངས་སུ་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ཆོས་ཉིད་རྟོགས་པ་ཇི་ལྟ་བ་བཞིན་མཁྱེན་པ་དང༌། དེའི་རྗེས་ལས་ཐོབ་པ་ཆོས་ཅན་རྟོགས་པ་ཇི་སྙེད་པ་མཁྱེན་པ་སྟེ། ཡེ་ཤེས་རྣམ་པར་དག་པ་གང་ཡིན་པ་དེ་ནི། སྒྲིབ་པ་དང་བྲལ་བའི་འབྲས་བུའི་མིང་ཅན་གནས་ཡོངས་སུ་གྱུར་པའི་རྒྱུ་ཡིན་ལ། དེའི་གནས་གྱུར་བྱེད་ལས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པར་བརྗོད་དོ། །
དེ་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། གང་ཞིག་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ལས་ཐར་བའི་ཕྱིར། སྒྲིབ་པ་མེད་པའི་ཆོས་ཀྱི་སྐུ་ཐོབ་པ་འདི་ནི་རང་གི་དོན་ཕུན་སུམ་ཚོགས་པར་བརྗོད་ལ། གཞན་དོན་གང་ཞིག་ཡིན་ན་རང་དོན་དེའི་སྟེང་དུ་འཇིག་རྟེན་ཇི་སྲིད་པར་ལྷུན་གྱིས་གྲུབ་པས་གཟུགས་སྐུ་གཉིས་ཀྱིས་ཀུན་ཏུ་སྟོན་པ་དང༌། ཆོས་པ་བསྟན་པ་ལ་དབང་འབྱོར་པ་གཉིས་ཀྱིས་གཞན་དོན་ལ་འཇུག་པ་འདི་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ལ། བྱེད་ལས་ཀྱི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གསུམ་སྟེ། ཟག་པ་མེད་པ་དང་ཁྱབ་པ་དང་འདུས་མ་བྱས་པས་འཇིག་མེད་ཆོས་ཅན་ཏེ། བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་དང་དཀར་པོའི་ཆོས་ཀྱི་གནས་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་ཡང་མཁའ་བཞིན་དུ་དོན་དམ་པ་ཡི། དབང་པོ་དྲུག་གི་དོན་ཉམས་སུ་མྱོང་པའི་རྒྱུ། ཡིན་ཏེ་རྒྱུ་རྐྱེན་ལས་འབྱུང་བ་མེད་པ་དོན་དམ་གྱི་གཟུགས་དོན་མིག་པའི་སྙིང་པོས་ལྟ་བ་དང་དོན་དམ་གྱི་གཏམ་བཟང་ནི། གཙང་མ་རྣ་བ་ཕྱག་ན་རྡོ་རྗེས་ཉན་པ་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། དྲི་གཙང་མ་སྣ་ནམ་མཁའི་སྙིང་པོས་སྣོམ་པ་དང་འཕགས་ཆེན་དོན་དམ་པའི་ཆོས་ཀྱི་རོ། །ལྕེ་འཇིག་རྟེན་དབང་ཕྱུག་གིས་མྱོང་བ་དང་ཏིང་འཛིན་རེག་བདེ་ལུས་སྒྲིབ་པ་རྣམས་སེལ་གྱིས་ཉམས་སུ་མྱོང་བ་དང༌། དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་ཡང་རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། རྟོགས་པའི་རྒྱུར་འགྱུར་བ་འདི་ཡིས་ཀུན་ཏུ་བཟང་པོས་ཞིབ་མོར་བསམས་པ་ན། དོན་དམ་གྱི་བདེ་བ་ཐམས་ཅད་རང་བཞིན་གྱིས་མྱོང་བའི་རྒྱུ་མཛད་ཀྱང་དེ་བཞིན་གཤེགས་པ་ནི། འདུས་མ་བྱས་པས་ནམ་མཁའ་བཞིན་དུ་ཀུན་རྫོབ་འདུས་བྱས་ཀྱྀ་རྒྱུ་མཚན་རྣམ་དང་བྲལ་བར་ཤེས་སོ།། མདོར་བསྟན་གྱི་ཚིགས་སུ་བཅད་པ་གསུམ་པོ་འདིའི་དོན་ནི་རྒྱས་པར་བཤད་ན་དཔག་ཏུ་མེད་ཀྱང་མདོར་བསྡུ་ན། ཚིགས་སུ་བཅད་པ་བརྒྱད་ཀྱིས་བསྟན་པར་རིག་པར་བྱ་སྟེ། མདོར་བསྟན་ན་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་པོ་ཡི། བྱེད་ལས་སུ་འདི་ནི་རིམ་པ་ལྟར་ཤེས་པར་བྱ་སྟེ། སྒྲིབ་པ་ལས་གྲོལ་བའི་སྐུ་ནི་རྫོགས་པ་དང༌། རྟོགས་པའི་ཆོས་ཀྱི་སྐུ་ནི་སྦྱོང་སྟེ་བ་བྱང་བར་བྱེད་པའོ། །
རྒྱས་པར་བཤད་ན་རྣལ་གྲོལ་ཆོས་ཀྱི་སྐུ་དག་ནི། ཡོན་ཏན་ཟུང་རྣམ་པ་པ་གཉིས་ཡོད་པ་ལ་རིམ་པར་ལྟར་རྣམ་པ་གཅིག་ཏུ་ཤེས་པར་བྱ་བ་འདི་ལྟ་སྟེ། གྲོལ་བའི་སྐུ་ནི་ཟག་པ་མེད་ཕྱིར་ཆོས་ཀྱི་སྐུ་ནི་ཁྱབ་པའི་ཕྱིར། འདུས་མ་བྱས་ཕྱིར་ཆོས་ཀྱི་སྐུ་ནི་གནས་ཉིད་ཕྱིར། ཤིན་ཏུ་རྒྱས་པར་བཤད་ན་ཉོན་མོངས་རྣམས་ནི་བག་ཆགས་དང༌། བཅས་པ་འགགས་ཕྱིར་ཟག་མེད་དེ། ཆགས་མེད་ཐོགས་པ་མེད་པའི་ཕྱིར། རྟོགས་པའི་ཡེ་ཤེས་ཀྱི་སྐུ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཉིད་དུ་འདོད། གཏན་དུ་འཇིག་པ་མེད་པ་ཡི། རང་བཞིན་ཡྀན་ཕྱིར་འདུས་མ་བྱས། འཇིག་མེད་ཉིད་ནི་གང་ཡིན་ན་བརྟན་པ་སྟེ། བརྟན་སོགས་རྣམས་ཀྱིས་འཇིགས་མེད་དེ་རྒྱས་པར་བཤད་དོ། །
འཇིག་པ་ཡང་རྣམ་པ་བཞིར་ཤེས་པར་བྱ་སྟེ། བརྟན་སོགས་དག་ལས་བཟློག་ཕྱིར་རོ།། མྱགས་ཤིང་རྒ་བ་དང་ཁམས་ཀྱི་རྣམ་པར་འགྱུར་བ་ན་བ་དང་ཆད་ཅིང་སྐྱེ་པ་དང༌། བསམ་མི་ཁྱབ་བསྒྱུར་འཆི་འཕོ་བ་སྟེ། བཞི་པོ་དེ་མེད་ཕྱིར་ན་རིམ་པར་ལྟར་བརྟན་པ་དང་ཞི་བ་དང༌། རྟག་པ་དང་འཆི་འཕོ་མེད་པར་ཤེས་པར་བྱ་ལོ། །དྲི་མེད་ཡེ་ཤེས་ཏེ་དཀར་པོ་ཡི། ཆོས་ཀྱི་རྟེན་ཡིན་ཕྱིར་ན་གནས་སོ། །དཔེ་ཇི་ལྟར་རྒྱུ་རྐྱེན་མིན་པའི་ནམ་མཁའ་ནི། གཟུགས་མཐོང་བ་དང་སྒྲ་དང་དྲི། རོ་དང་རེག་དང་ཆོས་རྣམས་ཀྱི། ཐོས་པ་དང་སྣོམ་པ་ལ་སོགས་པའི་གོ་སྐབས་འབྱེད་པའི་རྒྱུ་ཡིན་པ་ལྟར། དེ་བཞིན་དུ་གྲོལ་བ་དང་ཆོས་ཀྱི་སྐུ་གཉིས་ནི་སྒྲིབ་པ་མེད་པའི། སྦྱོར་བས་མངོན་སུམ་དུ་བསྟན་པ་དོན་དམ་པའི་དབང་པོ་དང་དོན་ལ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ཡོན་ཏན་མཐའ་དག་མྱོང་ཞིང༌། སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །
ཇི་སྐད་དུ། སངས་རྒྱས་ནམ་མཁའི་མཚན་ཉིད་དོ། །ཞེས་མདོ་ལས་བཤད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འདུས་བྱས་དང་མ་འདྲེས་པ་དོན་དམ་པའི་མཚན་ཉིད་ལ་དགོངས་ནས་གསུངས་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་གལ་ཏེ་འདུས་བྱས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པར་བལྟ་བར་གྱུར་ན་ནི། དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་སོ། །
དེ་ལ་དོན་དམ་པའི་མཚན་ཉིད་ཀྱི་ཡོན་ཏན་ལྡན་པའི་མདོ་ལས་བརྩམས་ཏེ་མདོར་བསྟན་པའི་ཚིགས་སུ་བཅད་པ། རྟོག་གེས་བསམ་དུ་མེད་པ་དང་སྐྱེ་བ་མེད་ཕྱིར་རྟག་པ་དང་རྒ་བ་མེད་བརྟན་པ་དང་གཉིས་སུ་མེད་ཕྱིར་ཞི་བ་དང་ཆོས་ཉིད་གནས་ཕྱིར་གཡུང་དྲུང་ཉིད། འགོག་བདེན་ཡིན་ཕྱིར་རབ་ཏུ་ཞི་བ་དང་ཐམས་ཅད་རྟོགས་ཕྱིར་ཁྱབ་པ་དང་གནས་པ་མེད་ཕྱིར་རྟོག་བྲལ་ནམ་མཁའ་བཞིན། ཉོན་མོངས་སྤངས་ཕྱིར་ཆགས་མེད་དང་ཤེས་སྒྲིབ་དག་ཕྱིར་ཀུན་ཏུ་ཐོགས་མེད་དང་ལས་སུ་རུང་བའི་ཕྱིར་རྩུབ་རེག་སྤངས། ས་དང་ཀུན་རྫོབ་ཀྱི་གཟུགས་མེད་ཕྱིར་བལྟ་རུ་མེད་པ་དང་མཚན་མ་མེད་ཕྱིར་བཟུང་དུ་མེད་པ་དང་རང་བཞིན་དག་ཕྱིར་དགེ་བ་དང་སངས་རྒྱས་དྲི་མ་སྤངས་ཕྱིར་དྲི་མ་མེད་དོ། །ཚིགས་སུ་བཅད་པ་འདིའི་དོན་ནི། མདོར་བསྡུ་ན་ཚིགས་སུ་བཅད་པ་བརྒྱད་ཀྱིས་བསྟན་པར་རིག་པར་བྱ་སྟེ། རྣམ་གྲོལ་གྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་བསྟན་པ་དག་གིས། རང་དང་གཞན་གྱི་དོན་གཉིས་བསྟན་ཏེ། རང་དང་གཞན་གྱི་དོན་གྱི་རྟེན་སྐུ་གཉིས་པོ་དེ་ལ་ནི། བསམ་གྱིས་མི་ཁྱབ་པ་དང་རྟག་པ་ལ་སོགས་ཀྱི་ཡོན་ཏན་དང་ལྡན། པ་རྒྱས་པར་བཤད་ན་གཙང་བ་དམ་པ་ལ་སོགས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱྀ་ཡུལ་ཀྱང༌། འབྲས་བུའི་སངས་རྒྱས་ནི་རྟོག་གེའི་ཐོས་བསམ་སྒོམ་པའི་ཤེས་པ་གསུམ་གྱི་སྤྱོད་ཡུལ་མིན་པ་ཅིའི་ཕྱིར་ན་གཙང་བདག་བདེ་དང་རྟག་པ་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་པ་དཀའ་བའི་ཕྱིར་ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། རྟོག་གེས་ཡིན་ལུགས་བཞིན་དུ་བསམ་མི་ཁྱབ་པར་རྟོགས་པར་བྱ། དེ་ཉིད་བཤད་པ་ཕྲ་ཕྱིར་ཐོས་པའི་དོན་སྤྱི་ཙམ་གྱི་ཡུལ་ཡིན་ཡང་མངོན་སུམ་གྱི་ཡུལ་མིན་ཏེ། གཙང་བདག་ལ་སོགས་པའི་སྐུ་ནི་དོན་དམ་ཡིན་ཕྱིར་ཀུན་རྫོབ་ཀྱི་བསམ་པའི་ཡུལ་མིན། འཇིག་རྟེན་ལས་འདས་པའི་ཆོས་ཉིད་ཀྱི་སྐུ་ནི་ཟབ་པའི་ཕྱིར་འཇིག་རྟེན་པའི། བསྒོམ་པ་ལ་སོགས་པའི་མངོན་སུམ་གྱི་ཡུལ་མ་ཡིན། རྒྱུ་མཚན་གང་ཕྱིར་དག་པ་གཉིས་ལྡན་གྱི་ཆོས་སྐུ་ནི་གཟུགས་ལ་དམུས་ལོང་བལྟ་བ་བཞིན།
གཙང་བདག་བདེ་དང་རྟག་པར་བྱིས་པས་དེ་མངོན་སུམ་དུ་སྔར་མཐོང་མ་མྱོང་ངོ༌། །བུ་ཆུང་བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ཆུང་གིས། སྤྲིན་མཐོངས་མཁའ་ལ་ཉི་མའི་གཟུགས་ཅུང་ཟད་མཐོང་བ་བཞིན་དུ་ས་ལ་གནས་པའི་འཕགས་པས་ཀྱང་ཅུང་ཟད་ལས་མ་མཐོང་ངོ༌། །
བསམ་གྱིས་མི་ཁྱབ་པ་བཤད་ནས་རྟག་སོགས་ཀྱི་ཡོན་ཏན་བཤད་པ་སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། འགག་པ་མེད་ཕྱིར་བརྟན་པ་ཡིན། གཉིས་མེད་ཕྱིར་དེ་ཞི་བ་སྟེ། གཡུང་དྲུང་ཆོས་ཉིད་གནས་ཕྱྀར་རོ། །རབ་ཞི་འགོག་པའི་བདེན་པའི་ཕྱིར། ཤེས་བྱ་ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། རྟོག་པས་གནས་པ་མེད་ཕྱིར་རྟོག་མེད་དེ། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། ཐམས་ཅད་དུ་ནི་ཐོགས་པ་མེད། གཉིས་མེད་ལས་སུ་རུང་བའི་ཕྱིར། རྩུབ་པའི་རེག་དང་བྲལ་བ་ཡིན། དེ་ཀུན་རྫོབ་ཀྱི་གཟུགས་མེད་ཕྱིར་ཀུན་རྫོབ་ཀྱི་མིག་གིས་བལྟར་མེད་དེ། མཚན་མ་མེད་ཕྱིར་ཀུན་རྫོབ་ཀྱི་དབང་པོས་གཟུང་པའི་ཡུལ་དུ་མེད། དགེ་བ་རང་བཞིན་དག་པའི་ཕྱིར། དྲི་མེད་དྲི་མ་སྤངས་ཕྱིར་རོ། །
དེ་བཞིན་གཤེགས་པ་ཉིད་འདི་ནམ་མཁའ་ལྟ་བུར་འདུས་མ་བྱས་པའི་ཡོན་ཏན་དང་རྣམ་པར་དབྱེར་མེད་པར་འཇུག་པ་ཡང༌། སྲིད་པ་ཇི་སྲིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་ཐབས་ཆེན་པོ་དང་སྙིང་རྗེ་དང་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བའི་ཁྱད་པར་གྱིས་འགྲོ་བ་ལ་ཕན་པ་དང༌། བདེ་བ་སྒྲུབ་པའི་རྒྱུར་ངོ་བོ་ཉིད་ཀྱི་སྐུ་དང༌། རྫོགས་པར་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ་སྟེ། དྲི་མ་མེད་པའི་སྐུ་གསུམ་གྱིས་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པས་གཞན་དོན་ལ་འཇུག་པར་བལྟ་བར་བྱ་སྟེ། འདུས་བྱས་དང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ལ་སྐུ་གསུམ་འཇུག་པའི་དོན་ལས་བརྩམས་ནས་སངས་རྒྱས་ཀྱི་སྐུ་རྣམ་པར་དབྱེ་བའི་མདོར་བསྟན་པའི་ཚིགས་སུ་བཅད་པ་འདི་བཞི་སྟེ། ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་ནི་འདུས་བྱས་ཀྱི་ཐོག་མ་དབུས་མཐའ་མེད་དང་ཡོན་ཏན་ཅིང་རྣམ་དབྱེར་མེད། དང་མཐའ་གཉིས་མེད་དང་སྒྲིབ་པ་གསུམ་བྲལ་བག་ཆགས་ཀྱི་དྲི་མེད་རྣམ་རྟོག་མེད། ས་བཞི་དང་ལྡན་པའི་ཆོས་དབྱིངས་རང་བཞིན་གང་ཡིན་དེ་གང་གིས་རྟོགས་པ། ཡྀན་ན་མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་བ་དང་ལྔའོ།། ངོ་བོ་ཉིད་སྐུའི་ཡོན་ཏན་ལྔ་ནི་གཞལ་མེད་གང་གའི་བྱེ་མ་ལས་འདས་པ་དང༌། བསམ་མེད་དང་མཉམ་མེད་ཀྱི་ཡོན་ཏན་རྣམས་དང་ལྡན་པ་དང༌། དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། བག་ཆགས་བཅས་པའི་ཉེས་པ་རྣམས་སྤངས་པའི་ཡོན་ཏན་དང་ལྔའོ། །ལོངས་སྐུའི་ཆོས་སྣ་ཚོགས་རྣམ་པ་ལྔ་ནི་ཆོས་གསུང་བ་རྒྱུན་མི་འཆད་འོད་ཟེར་མངའ་བའི་སྐུས། སྟོན་པ་རྒྱུན་མི་འཆད་འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། མཛད་པ་རྒྱུན་མི་འཆད་གསུམ་དང་ཐམས་ཅད་ཡིད་བཞིན་ནོར་བུའི་རྒྱལ་པོ་བཞིན་འདུ་མི་བྱེད་པ་དང་བཞི་ཏེ། སྣ་ཚོགས་ཀྱི་དངོས་དང་པོ་ལྟ་བུར་སྣང་ཡང་དེའི་རང་བཞིན་མིན་པ་དང་ལྔའོ།། སྤྲུལ་བའི་སྐུ་ནི་འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། རབ་ཏུ་སྨིན་དང་ལུང་སྟོན་ཆོས་སྐུའི་རྒྱུ་ལས་བྱུང་བའི་གཟུགས། སྤྲུལ་སྐུ་དང་ལོངས་སྐུ་གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཚིགས་སུ་བཅད་པ་བཞི་པོ་འདིའི་དོན་རྒྱས་པར་བཤད་པ་ནི། ཚིགས་སུ་བཅད་པ་ཉི་ཤུས་བསྟན་པར་རིག་པར་བྱ་སྟེ། དེ་ལ་ཡང་བསྟན་བཤད་གཉིས་ལས་དང་པོ་ནི་རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན་པ་ལ། སངས་རྒྱས་ཉིད་ཅེས་གང་བརྗོད་པ། མཆོག་ཏུ་མྱ་ངན་འདས་པ་བསམ་གྱིས་མི་ཁྱབ་པ་མེད་པ། ཐེག་ཆེན་དགྲ་བཅོམ་སོ་སོ་རང་རིག་པའི་བདག་ཉིད་དུ་གྱུར་པ། དེ་ལ་དབྱེ་ན་ཟབ་པ་དང་རྒྱ་ཆེ་བ་དང༌། བདག་ཉིད་ཆེན་པོའི་ཡོན་ཏན་གྱི། ཆོས་ཀྱིས་རབ་ཕྱེ་རང་བཞིན་ལ། སོགས་པའི་སྐུ་གསུམ་དག་གིས་འཇུག རྒྱས་པར་བཤད་པ་དེ་ལ་སངས་རྒྱས་རྣམས་ཀྱི་ནི། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། མདོར་ན་ཡོན་ཏན་ལྔ་དང་ནི། ལྡན་པ་ཉིད་དུ་རིག་པར་བྱ། བ་ལ་དང་པོ་ལྔ་ནི་འདུས་མ་བྱས་པ་དང་ནི་རྣམ་དབྱེར་མེད་པ་དང༌། མཐའ་གཉིས་དག་ནི་རྣམ་པར་སྤངས་པ་དང༌། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གཉིས་ལས་ནི་ངེས་གྲོལ་ཏེ། དྲི་མེད་རྣམ་པར་རྟོག་མེད་དང༌། རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། དག་པའི་ཕྱིར་ན་འོད་གསལ་བ་དང་ལྔའོ།། ཕྱི་མ་ལྔ་ནི་གཞལ་མེད་དང་གྲངས་མེད་དང༌། བསམ་དུ་མེད་པ་དང༌། མཉམ་མེད་དང་དག་པའི་མཐར་ཐུག་པའི། ཡོན་ཏན་ལྔ་པོ་རྣམས་དང་ཡང་དག་པར། ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། ལྔ་པོ་དེའི་དོན་ཡང་རིམ་པ་ལྟར་རྒྱ་ཆེའི་ཕྱིར་དང་བགྲང་མེད་ཕྱིར། རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། འབའ་ཞིག་པའི་ཕྱིར་དང་བག་ཆགས་སྤངས་པའི་ཕྱིར། གཞལ་མེད་ལ་སོགས་གོ་རིམ་བཞིན་ནོ། །ལོངས་སྐུ་སྣ་ཚོགས་རྣམ་ལྔ་ནི་ཆོས་ལ་རྫོགས་པར་ལོངས་སྤྱོད། པ་རྒྱུན་མི་འཆད་པ་དང་རང་བཞིན་ཆོས་ལོངས་སྐུ་ནི་སྣང་བ་རྒྱུན་མི་འཆད་ཕྱིར་དང༌། ཐུགས་རྗེ་དག་པའི་རྒྱུ་མཐུན་པ། འགྲོ་དོན་རྒྱུན་མི་འཆད་ཕྱིར་དང༌། རྣམ་པར་རྟོག་མེད་ལྷུན་གྲུབ་པར། འདོད་པ་ཇི་བཞིན་ཡོངས་སུ་བསྐོང་བའི་ཕྱིར་དང༌། སྣ་ཚོགས་སྣང་ཡང་དེའི་རང་བཞིན་མིན་པ་ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། རྫོགས་པར་ལོངས་སྤྱོད་རྣམ་པར་གནས་པ་དང་ལྔའོ། །
དེ་ཡང་བརྗོད་པ་དང་སྐུ་སྟོན་པ་དང་མཛད་པ་རྒྱུན་མི་འཆད་པ་དང༌། མངོན་པར་འདུ་བྱེད་མེད་པ་དང༌། དེའི་ངོ་བོར་མིན་སྟོན་པ་དང་ལྔ་ལ། འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། སྣ་ཚོགས་སུ་སྣང་ཡང་དེའི་དངོས་པོར་མེད་པ་དཔེ་ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། སྣང་བ་བསྒྱུར་བའི་ནོར་བུ་དངོས་དེ་མིན་སྣང་ལྟར། དེ་བཞིན་འགྲོ་རྐྱེན་བག་ཆགས་སྣ་ཚོགས་པས། ཁྱབ་བདག་ཆོས་སྐུ་དེ་དངོས་མིན་པར་སྣང་ངོ༌།། སྤྲུལ་སྐུ་ནི་ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། འཇིག་རྟེན་ཀུན་ལ་ཉིན་མཚན་དང་ལན་དྲུག་ཏུ་སོ་སོར་གཟིགས་ནས་ནི། ཆོས་ཀྱི་སྐུ་ཉིད་ཀྱི་རྣམ་འགྱུར་ཡིན་པས་ངོ་བོ་དེ་ལས་མ་གཡོས་པར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། སྐྱེ་བའི་རབས་སྣ་ཚོགས་གང་ལ་གང་འདུལ་གྱི་ཚུལ་དུ་མངོན་པར་སྐྱེ་བ་དང༌། སྤྲུལ་པ་དེ་རྣམས་ཀྱི་གཙོ་བོ་མཆོག་གི་སྤྲུལ་པའི་མཛད་པ་བཅུ་གཉིས་ནི་དགའ་ལྡན་ནས་ནི་འཕོ་བ་དང་གཅིག ལྷུམས་སུ་འཇུག་པ་དང་གཉིས་བལྟམ་པ་དང་གསུམ། ཡི་གེ་ལ་སོགས་བཟོ་ཡི་གནས་ལ་མཁས་པ་དང་བཞི། བཙུན་མོའི་འཁོར་གྱིས་བསྐོར་ནས་རྒྱལ་པོའི་ཁབ་ཏུ་དགྱེས་པར་རོལ་བ་དང་ལྔ། ངེས་པར་འབྱུང་བ་དང་དྲུག་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་དང་བདུན། བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཤིང་དྲུང་དུ་གཤེགས་པ་དང་བརྒྱད། བདུད་ཀྱི་སྡེ་འཇོམས་པ་དང་དགུ་རྫོགས་པར་ནི། བྱང་ཆུབ་པ་དང་བཅུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བཅུ་གཅིག མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་དང་བཅུ་གཉིས་པོ་རྣམས། ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ། དུས་སྲིད་པ་ཇི་སྲིད་གནས་ཀྱི་པར་དུ་སྟོན། སྲིད་གསུམ་ཐམས་ཅད་མི་རྟག་སྡུག་བསྔལ་བདག་མེད་པ། སྐྱོན་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པའི་སྒྲ་ཡིས་གདུལ་བྱ་འདུལ་བའི་ཐབས་མཁྱེན་པ། དེས་སྲིད་པ་ལ་ཞེན་པའི་སེམས་ཅན་སྲིད་གསུམ་ལ་སྐྱོ་བ་བསྐྱེད་ནས། ཞི་བ་མྱ་ངན་འདས་ལ་རབ་འཇུག་མཛད། ཞི་བའི་ལམ་ལ་རབ་ཏུ་ཞུགས་པ། ཉན་རང་དགྲ་བཅོམ་མྱ་ངན་འདས་པ་ཐོབ་ཟིན་པའི་འདུ་ཤེས་ཅན། རྣམས་ལ་དམ་ཆོས་པད་མ་དཀར་ལ་སོགས། ཐེག་ཆེན་གྱི་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཡིས། ཉན་རང་དེ་དག་སྔར་གྱི་མྱང་འདས་ནི་ཐོབ་སྙམ་པའི་འཛིན་པ་ལས་བཟློག་སྟེ། ཐེག་པ་ཆེན་པོའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ལམ་ཡོངས་སུ་བཟུང་བས། ཐེག་པ་མཆོག་ལ་སྨིན་པར་མཛད་དེ། བྱང་ཆུབ་མཆོག་ཐོབ་པ་ཉིད་དུ་ལུང་སྟོན་ཏོ། །
ཆོས་སྐུ་ཟབ་པ་དང་ལོངས་སྐུ་མཐུ་ནི་སྣ་ཚོགས་དང༌། སྤྲུལ་སྐུ་བྱིས་པའི་དོན་འཐུན་པར་བྱས་ནས་རབ་ཏུ་འདྲེན་པའི་ཕྱིར། སྐུ་གསུམ་པོ་དེ་དག་གྲངས་བཞིན་ཟབ་པ་དང༌། རྒྱ་ཆེ་བ་དང་བདག་ཉིད་ཆེ་ཕར་ཤེས་པར་བྱའོ།། སྐབས་འདིར་ནི་དང་པོ་ཟབ་པ་ཆོས་སྐུ་སྟེ། ཕྱི་མ་ཆེ་བ་དང་བདག་ཉིད་ཆེ་བ་དག་ནི་གཟུགས་ཀྱི་སྐུ། ནམ་མཁའ་ལ་ནི་གཟུགས་གནས་བཞིན། དང་པོ་ཆོས་སྐུ་ལ་ནི་ཐ་མ་གཟུགས་སྐུ་གཉིས་གནས། སྐུ་གསུམ་པོ་འདི་ཉིད་ཀྱི་འགྲོ་བ་ལ་གནས་སྐབས་སུ་ཕན་པ་དང་མཐར་ཐུག་བདེ་བ་སྒྲུབ་པ་འཇུག་པ་རྟག་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ལས་བརྩམས་ནས་མདོར་བསྟན་པའི་ཚིགས་སུ་བཅད་པ། གཟུགས་ཀྱི་སྐུ་ཡིས་རྟག་པའི་རྒྱུ་བདུན་དང་ཆོས་ཀྱི་སྐུ་མི་རྟག་པའི་རྒྱུ་གསུམ་ཡོད་པ་ལ་རིམ་པ་ལྟར་དམ་ཆོས་འཛིན་པའི་རྒྱུ་མཐའ་ཡས་པ་དང་གཅིག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་གཉིས་དམ་བཅའ་ཟད་པ་མེད་པ་དང་གསུམ། བརྩེ་བ་དང་བཞི་རྫུ་འཕྲུལ་དང་ལྔ་མཁྱེན་པ་དང་དྲུག་ཕུན་སུམ་ཚོགས་ལྡན་དང་བདུན་ནི་གཟུགས་ཀྱི་སྐུ་ཡིས་སངས་རྒྱས་རྟག་པའི་རྒྱུའོ།། ཆོས་ཀྱི་དབང་ཕྱུག་དང་འཆི་བའི་བདུད་བཅོམ་དང་འདུས་བྱས་ཀྱི། ངོ་བོ་མེད་པ་དང་རྒྱུ་གསུམ་གྱི་ཕྱིར་འཇིག་རྟེན་མགོན་པོ་ཆོས་ཀྱི་སྐུ་ཡིས་རྟག་པའོ། །འདིའི་བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་དྲུག་གིས་བསྟན་པར་རིག་པར་བྱ་སྟེ། གཟུགས་ཀྱི་སྐུ་ཡིས་རྟག་པའི་རྒྱུ་བདུན་ནི་ལུས་དང་སྲོག་དང་ལོངས་སྤྱོད་རྣམས། བཏང་ནས་དམ་ཆོས་འཛིན་ཕྱིར་དང་གཅིག སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དང་གཉིས། དང་པོར་སེམས་ཅན་ཐམས་ཅད་སྐྱོབ་པར་དམ་བཅས་པ་དེ་མཐར་འབྱིན་པའི་ཕྱིར་དང་གསུམ། སངས་རྒྱས་ཉིད་ནི་གཙང་བ་དང༌།དག་པའི་ཐུགས་རྗེ་སེམས་ཅན་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱིར་དང་བཞི། རྫུ་འཕྲུལ་རྐང་པ་སྟོན་པ་ནི། དེ་ཡིས་གནས་པར་གཞན་དོན་སྤྱོད་པའི་ཕྱིར་དང་ལྔ། མཉམ་ཉིད་དུ་མཁྱེན་པས་འཁོར་དང་མྱ་ངན་འདས། སྐྱོན་ཡོན་གཉིས་སུ་འཛྀན་ལས་གྲོལ་བའི་ཕྱིར་དང་དྲུག རྟག་ཏུ་བསམ་ཡས་ཏིང་འཛིན་གྱི། བདེ་བ་དམ་པ་ཕུན་སུམ་ཚོགས་ལྡན་ཕྱིར། དང་བདུན་ནི་སངས་རྒྱས་གཟུགས་ཀྱི་སྐུ་ཡིས་རྟག་པའི་རྒྱུའོ། །འཇིག་རྟེན་ན་ནི་གཞན་དོན་སྤྱོད་པ་ན། འཇིག་རྟེན་ཆོས་བརྒྱད་ཀྱིས་གོས་མེད་ཕྱིར་དང༌། འཆི་མེད་ཞི་བའི་གནས་ཐོབ་ལ། འཆི་བདུད་ལས་རླུང་གི་དབུགས་རྒྱུ་བ་མེད་པའི་ཕྱིར་དང༌། འདུས་མ་བྱས་པའི་རང་བཞིན་གྱི། ཐུབ་པ་འདུས་བྱས་ཀྱི་ཆོས་མི་རྟག་པ་གདོད་ནས་རབ་ཏུ་ཞི་བའི་ཕྱིར་དང་གསུམ་ནི་ཆོས་ཀྱི་སྐུ་ཡིས་སངས་རྒྱས་རྟག་པའི་རྒྱུའོ་སྐུ་གཉིས་ཀྱི་སངས་རྒྱས་རྟག་པ་དེས་ན་འཁོར་བ་སྲིད་ཀྱི་བར་དུ་སྐྱབས་མེད་རྣམས་ཀྱི་ནི། སྐྱབས་དང་དཔུང་གཉེན་ལ་སོགས་པར་འཐད་ཕྱིར་རོ། ། དང་པོ་ཡི་ནི་རྒྱུ་བདུན་གྱིས། གཟུགས་ཀྱི་སྐུ་ཡིས་སངས་རྒྱས་རྟག་པ་ཉིད་དེ། རྒྱུ་ཕྱི་མ་གསུམ་གྱིས་སྟོན་པ་ཡི། ཆོས་ཀྱི་སྐུ་ཡིས་རྟག་པ་ཉིད་དོ།། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཡོངས་སུ་གྱུར་བས། རབ་ཏུ་ཕྱེ་བ་ཐོབ་པའི་ཚུལ་དེ་ཡང་རྟོག་གེས་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པས། གནས་གྱུར་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པའི་དོན་ལས་བརྩམས་ཏེ་མདོར་བསྟན་པའི་ཚིགས་སུ་བཅད་པ། ཆོས་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་ལྔ་ནི་ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། རྟོག་གནས་མིན་ཕྱིར་འཇིག་རྟེན་གྱི་དཔེ་ལས་འདས་པའི་ཕྱིར། བླ་ན་མེད་ཕྱིར་དང་ལྔའོ་གཟུགས་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་གཅིག་ནི། སྲིད་ཞིས་མ་བསྡུས་པའི་ཕྱིར་རོ། །དེས་ན་རྒྱལ་བའི་སྤྲུལ་སྐུ་གསུམ་ནི་ས་ལ་གནས་པའི་འཕགས་རྣམས་ཀྱིས་ཀྱང་མཐའ་གཅིག་ཏུ་གཙང་བ་དམ་པ་ལ་སོགས་པར་སངས་རྒྱས་རང་ཉིད་བཞིན་དུ་བསམ་མི་ཁྱབ། འདིའི་བསྡུས་པའི་དོན་ནི། ཚིགས་སུ་བཅད་པ་བཞིས་བསྟན་པར་རིག་པར་བྱ་སྟེ། སྔ་མ་སྔ་མ་དམ་བཅའ་དང་ཕྱི་མ་ཕྱི་མ་རྒྱུ་མཚན་དུ་བསྟན་པ་འདི་ལྟ་སྟེ་བསམ་དུ་མེད་པ་ནི་བརྗོད་དུ་མེད་ཕྱིར་ཏེ། བརྗོད་དུ་མེད་པ་ནི་དོན་དམ་ནི་ཡིན་ཕྱིར་རོ། །དོན་དམ་ནི་བརྟག་བྱ་མིན་ཕྱིར་ཏེ། བརྟག་བྱ་མིན་ཏེ་རྗེས་དཔག་བྱ་མིན་ཕྱིར། རྗེས་སུ་དཔག་བྱ་མིན་ཏེ་བླ་ན་མེད་པའི་ཕྱིར། བླ་ན་མེད་པ་ཡིན་ཏེ་སྲིད་ཞིས་མ་བསྡུས་ཕྱིར། མ་བསྡུས་པ་ཡིན་ཏེ་སྲིད་ཞི་ལ་རྟོག་པས་གནས་པ་མེད་བའི་ཕྱིར་གནས་པ་མེད་ཏེ། ཞི་བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་དུ་རྟོག་པ་མེད་པའི་ཕྱིར་རོ། །དེས་ན་རྒྱུ་ལྔ་དག་གིས་རྟོགས་པར་དཀའ་བས་ཕྲ་བའི་ཕྱིར། ཆོས་སྐུ་གཙང་བདག་བདེ་དང་རྟག་པར་བསམ་མི་ཁྱབ་སྟེ། དྲུག་པ་འདི་འདུས་བྱས་རྣམ་པར་སྣང་ཡང་དེའི་དངོས་མིན་ཕྱིར། གཟུགས་སྐུ་འདུས་མ་བྱས་ཡིན་པར་བསམ་གྱིས་མི་ཁྱབ་པའོ། །
དེའི་ཕྱིར་བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། གཙང་བ་དམ་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་མཐར་ཐུག་པར་ཕྱིན་པའི་རྒྱལ་བ་རྟོག་གེས་སྒྲོ་བསྐུར་མེད་པར་བསམ་མི་ཁྱབ། དེས་ན་རང་བྱུང་སངས་རྒྱས་རྣམས་ཀྱི་ཐ་མའི་ཚུལ་གནས་གྱུར་གྱི་སྐུ་གསུམ་པོ་འདི་ནི། ས་ལ་གནས་པའི་དྲང་སྲོང་ཆེན་པོ་མ་རིག་བག་ཆགས་ཀྱི་ས་མ་སྤངས་པར་དབང་བཅུ་ཐོབ་པ་རྣམས་ཀྱིས་ཀྱང་རྫོགས་པར་མངོན་སུམ་དུ་གཙང་བདག་བདེ་དང་རྟག་པར་སངས་རྒྱས་རང་ཉིད་ཀྱིས་རིག་པ་བཞིན་དུ་རིག་པ་ཡིན་ནོ།། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་བསྟན་པ་ལས་དག་བྱེད་ཀྱི་རྐྱེན་དང་པོ་བྱང་ཆུབ་ཀྱི་སྐབས་ཞེས་བྱ་སྟེ། ལེའུ་གཉིས་པའོ།། །།དྲི་མ་མེད་པའི་དེ་བཞིན་ཉིད་བཤད་ཟིན་ཏོ།། །།
ད་ནི་གང་དག་དྲི་བཅས་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པའི་དྲི་མེད་དེ་བཞིན་ཉིད་བྱང་ཆུབ་དེ་ལ་བརྟེན་པ་ནོར་བུའི་འོད་དང་མདོག་དང་དབྱིབས་བཞིན་དུ་རང་དང་ངོ་བོ་ཆུ་དང་རླན་བཞིན་དུ་དབྱེར་མེད་པའི་རང་བཞིན་གྱིས་ཤིན་ཏུ་དྲི་མ་མེད་པའི་ཡོན་ཏན་སྟོབས་ལ་སོགས་པ་དག་བྱེད་ཀྱི་རྐྱེན་གཉིས་པ་དེ་དག་བཤད་པར་བྱ་སྟེ། དེས་ན་བྱང་ཆུབ་བཤད་པ་དེའི་རྗེས་ཐོགས་སུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྣམ་པར་དབྱེ་བ་སྟོན་པ་ལས་བརྩམས་ཏེ་མདོར་བསྟན་པའི་ཚིགས་སུ་བཅད་པ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། དོན་དམ་དེ་ཉིད་སྣང་བ་ལ་བརྟེན་ནས་དངོས་པོར་འཛིན་པའི་གཞན་སྣང་ལ་ལྟོས་ཀུན་རྫོབ་སྐུ་ཉིད་དེ་རིམ་པ་ལྟར། བྲལ་བའི་འབྲས་བུ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། སྐུ་གཉིས་ཀྱི་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་འོག་ནས་འབྱུང་བ་འདི་དག་སྟེ་འདིས་ཅི་བསྟན་ཞེ་ན། སངས་རྒྱས་བདག་ཉིད་ཀྱི་དོན་ནི་ཕུན་སུམ་ཚོགས་པར་འབྱོར་པའི་གནས། རང་སྣང་ལ་སྐུ་གསུམ་པོ་དམ་པའི་དོན་གྱི་སྐུ་ཡིན་ཏེ། གཞན་སྣང་ལ་དྲང་སྲོང་སངས་རྒྱས་རྣམས་ཀྱི་ཀུན་རྫོབ་པའི་གཟུགས་སུ་སྣང་བ་བརྡ་ཡི་སྐུ། ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པའི་གནས་གཟུགས་ཀྱི་སྐུའོ།། དང་པོ་དོན་དམ་པའི་སྐུ་རང་དོན་ནི་ཡོན་ཏན་སྟོབས་ལ་སོགས། སྒྲིབ་པ་དང་བྲལ་བའི་ཡོན་ཏན་རྣམས་དང་ལྡན། གཉིས་པ་གཞན་དོན་ཀུན་རྫོབ་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན། དགེ་བ་རྣམ་པར་སྨིན་ཞིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་དག་དང་ལྡན། འདི་ཕན་བཅད་ཀྱི་གཞུང་ནི་སྟོབས་ལ་སོགས་པ་དེ་དག་གང་ཡིན་པ་དང་ཡོན་ཏན་དེ་དག་དཔེ་ཇི་ལྟར་རྟོགས་པར་བྱ་བ་དེ་ལྟར་དོན་རྟོགས་བྱ་ཡིན་པ་དེའི་དབང་དུ་བྱས་པའོ། །སྡོམ་ནི། སྟོབས་ཉིད་ནི་མ་རིག་པའི་སྒྲིབ་པ་གསུམ་འཇོམས་པ་ལ་རྡོ་རྗེ་བཞིན། མི་འཇིགས་པ་བཞི་ཉིད་ནི་འཁོར་གྱི་ནང་དུ་སེང་གེ་བཞིན། དེ་བཞིན་གཤེགས་པའི་མ་འདྲེས་བཅོ་བརྒྱད་ནི་མཁའ་བཞིན་ཏེ། ཐུབ་པའི་སྟོན་པ་གཟུགས་སྐུ་རྣམ་གཉིས་ནི་དངོས་པོར་སྣང་ཡང་དེའི་དངོས་པོར་མེད་པ་དཔེར་ན་ཆུ་ཟླ་བཞིན། སྟོབས་རྣམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་བཤད་པ་ནི། གནས་དང་གནས་མིན་མཁྱེན་པའི་སྟོབས་དང་ལས་རྣམས་ཀྱི། རྣམ་སྨིན་དང་ནི་དབང་པོ་དང༌། ཁམས་རྣམས་དང་ནི་མོས་པ་དང༌། ཀུན་འགྲོའི་ལམ་མཁྱེན་པའི་སྟོབས་དང་དྲུག་གིས་ཤེས་སྒྲིབ་གོ་ཆ་དང་འདྲ་བ་འབིགས་པ་དང་བསམ་གཏན་སོགས་ཀྱི། ཉོན་མོངས་དྲི་མ་མེད་པ་དང༌། སྔོན་གྱི་གནས་ནི་རྗེས་སུ་དྲན་པ་དང༌། ལྷ་ཡི་མིག་དང་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པ་དང་ཞི་བ་ཟག་ཟད་དག མཁྱེན་པའི་གཅིག་གིས་སྒྲིབ་པའི་བག་ཆགས་ཤིང་དང་འདྲ་བ་གཅོད་པའི་ཕྱིར་སྟོབས་སྟོབས་ནི་རྣམ་པ་བཅུ། རྡོ་རྗེ་བཞིན་ཞེས་བྱ་བ་དཔེ་དོན་སྦྱར་བ་ནི། གནས་དང་གནས་མིན་དང་རྣམ་སྨིན་དང་ཁམས་དང་འགྲོ་བའི་ལམ་དང་མོས་པ་སྣ་ཚོགས་དང༌། ཉོན་མོངས་རྣམ་བྱང་དང་དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་དང་ཟག་པ་ཟད་ཚུལ་བཅུས་མི་ཤེས་པའི་སྒྲིབ་པ་གསུམ་ནི་ཤེས་སྒྲིབ་གོ་ཆ་དང་འདྲ་ལ་སྙོམས་འཇུག་གི་སྒྲིབ་པ་བརྩིགས་བརྟན་དང༌། འདྲ་ཞིང་བག་ཆགས་ཤིང་དང་འདྲ་བ་རྣམས་རིམ་པ་ལྟར་སྟོབས་དྲུག་དང་གསུམ་དང་གཅིག་གིས་འབིགས་དང་འཇིག་དང་གཅོད་ཕྱིར་སྟོབས་བཅུ་གང་ཡིན་པ་རྡོ་རྗེ་བཞིན། མི་འཇིགས་པ་བཞི་བརྙེས་པ་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཆོས་ཀུན་རྫོགས་པར་བྱང་ཆུབ་ཡེ་ཤེས་སྟོན་པ་དང༌། གེགས་སྤང་བྱ་ནི་འགོག་པར་བྱེད་པ་སྟོན་པ་དང༌། ལམ་སྟོན་པ་དང་འགོག་པ་སྤངས་པ་སྟོན་པ་ལ། འཁོར་གྱི་ནང་དུ་མི་འཇིགས་པ་ནི་རྣམ་པ་བཞི། དེ་ཉིད་བཤད་པ་བདག་གཞན་ཤེས་བྱའི་དངོས་པོ་ཡེ་ཤེས་ཀྱིས་རྣམ་པ་ཀུན་ཏུ་རང་གིས་ཤེས་དང་གཞན་གྱིས་ཤེས་པར་མཛད་པའི་ཕྱིར། སྤང་དངོས་ཐམས་ཅད་རང་གིས་སྤོང་དང་གཞན་གྱིས་སྤོང་བར་མཛད་པའི་ཕྱིར་དང་ལམ་རང་གིས་བསྟེན་བྱ་དང་གཞན་གྱིས་བསྟན་པའི་པར་མཛད་ཕྱིར། ཐོབ་བྱ་བླ་མེད་ཤྀན་ཏུ་ཟག་པའི་དྲི་མེད་རང་གིས་ཐོབ་དང་གཞན་གྱིས་ཐོབ་པར་མཛད་པའི་ཕྱིར། རང་དོན་ཡེ་ཤེས་སྤངས་པ་གཉིས་དང་གཞན་དོན་སྤང་བྱ་ལམ་གཉིས་ཏེ་བཞི་པོ་དེ་བདེན་པ་གསུང་བའི་ཕྱིར་དུ་ནི་དྲང་སྲོང་དོན་གང་དུའང་བློ་གྲོས་རྟག་ཏུ་ཐོགས་པ་མེད། སེང་གེ་བཞིན་ཞེས་བྱ་བ་དཔེ་དོན་ནི། རི་དྭགས་དབང་པོ་ཇི་ལྟར་ནགས་མཐར་རྟག་འཇིགས་མེད། རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། དེ་བཞིན་འཁོར་གྱི་ཚོགས་ནང་ཐུབ་པའི་དབང་པོ་སེང་གེ་ཡང༌། མི་འཇིགས་པས་ལེགས་པར་གནས་པ་དང་རང་དང་མཉམ་པ་མེད་པས་ལྟོས་པ་མེད་པ་དང་ཆོས་ཐམས་ཅད་ལ་ཐུགས་བརྩེ་གཅིག་པས་བརྟན་པ་དང་མ་རིག་བག་ཆགས་ཀྱི་ས་ལས་བརྒལ་བས་འི་རྩལ་དང་ལྡན་པར་གནས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་རྒྱས་པར་བཤད་པ་ནི། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། སྟོན་ལ་དྲན་པ་ཉམས་མི་མངའ། མཉམ་པར་མ་བཞག་ཐུགས་མི་མངའ། འཁོར་འདས་ལ་སྐྱོན་ཡོན་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། སོ་སོར་མ་བརྟགས་བཏང་སྙོམས་མི་མངའ་བ་སྤྱོད་པས་བསྡུས་པ་དྲུག་སྟེ། འདུན་པ་དང་་བརྩོན་འགྲུས་དང་དྲན་པ་དང༌། ཏིང་འཛིན་དང་ཤེས་རབ་དང་རྣམ་གྲོལ་གྱི། ཡེ་ཤེས་གཟིགས་པ་ཉམས་མི་མངའ་བ་རྟོགས་པས་བསྡུས་པ་དྲུག་དང༌། ལས་གསུམ་པོ་རྣམས་ཡེ་ཤེས་སྔོན་འགྲོ་དང༌། དུས་གསུམ་ལ་ཡེ་ཤེས་བསྒྲིབས་པ་མེད། དེ་ལྟར་བཅོ་བརྒྱད་འདི་དང་གཞན་བྱང་ཆུབ་ཆེན་པོ་དང་ཆོས་འཁོར་བསྐོར་བ་སོགས། སྟོན་པའི་མ་འདྲེས་ཡོན་ཏན་ཡིན། དེ་ཉིད་བཤད་པ་འཁྲུལ་དང་ཅ་ཅོ་དང་བསྙེལ་དང་ཐུགས་མཉམ་བཞག་ལས་གཡོ་བ་དང་ཐ་དད་ཀྱི་ནི་འདུ་ཤེས་་་་་་་་་་
དང༌། ངང་གིས་སྐུ་གསུང་ཐུགས་བཏང་སྙོམས་དྲང་སྲོང་ལ་མེད་པ་དང་འདུན་པ་དང་ནི་བརྩོན་འགྲུས་དང༌། དྲན་དང་ཏིང་ངེ་འཛིན་རྣམ་དག་དྲི་མེད་དང་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང༌། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། ལས་གསུམ་མ་འདྲེས་པའི་རྒྱུ་གང་གིས་ཀྱི་ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་དང༌། འདས་མ་འོངས་ད་ལྟར་གྱི་དུས་གསུམ་རྟག་ཏུ་ཐོགས་མེད་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། བྱང་ཆུབ་ཆེན་པོ་གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་བ། ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས་རྣམས་ཀྱིས་བརྙེས། ནམ་མཁའ་བཞིན་ཞེས་བྱ་བ་དཔེ་དོན་སྦྱར་བ་ནི། ས་སོགས་ལ་ཡོད་སྲ་བ་བརླན་པ་ཚ་བ་གཡོ་བའི་ཆོས་ཉིད་གང་ཡིན་དེ་ནི་ནམ་མཁའ་མིན། ནམ་མཁའི་མཚན་ཉིད་སྒྲིབ་མེད་དང་འདུས་མ་བྱས་པ་ལ་སོགས་མཚན་ཉིད་གང་དེ་གཟུགས་ལ་མེད་ཀྱང༌། ས་ཆུ་མེ་རླུང་ནམ་མཁའ་ཐམས་ཅད་མཚུངས་པ་འཇིག་རྟེན་ན་ནི་ཐུན་མོང་དུ་ཡོད་པ་སྟེ། སངས་རྒྱས་ཀྱི་ཆོས་གཞན་དང་མ་འདྲེས་པ་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་སུ་དང་ཡང་ཐུན་མོང་མིན་ནོ། །སྐྱེས་བུ་ཆེན་པོར་མཚོན་པའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་གཟུགས་མངའ་བ་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཕྱག་ཞབས་ལེགས་པར་གནས་པའི་མཐིལ་འཁོར་ལོས་མཚན་པ་དང༌། རྟིང་པ་ཡངས་ཤིང་ཞབས་ཀྱི་ནང་གི་ལོང་བུ་མི་མངོན་པ་དང༌། སོར་མོ་རིང་དང་ཕྱག་ཞབས་ཀྱི་སོར་མོ་རྣམས་ནི། དྲ་བ་ཡིས་ནི་འབྲེལ་བ་དང༌། ལྤགས་པ་འཇམ་པ་དང་གཞོན་ཤ་ཅན་ལེགས་པ་ཉིད་དང༌། སྐུ་ནི་བོལ་གོང་གཉིས་ལག་པ་གཉིས་ཕྲག་པ་གཉིས་ལྷག་པ་སྟེ་བདུན་དག་མཐོ་བ་དང༌། བྱིན་པ་ཨེ་ན་ཡ་ཤ་བའི་འདྲ་དང་གསང་གནས། གླང་པོ་བཞིན་དུ་སྦུབས་སུ་ནུབ། རོ་སྟོད་སེང་གེའི་དང་འདྲ་དང༌། ཐལ་གོང་སྟེ་ཐོང་ཁ་བར་མེད་རྒྱས་པ་དང༌། དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་ལ། སོར་མོ་ཟླུམ་ཞིང་མཐོ་དམན་མེད་པ་དང༌། ཕྱག་རིང་བ་དང་ཡོངས་སུ་དག་པའི་སྐུ། འོད་ཀྱི་དཀྱིལ་འཁོར་དང་ལྡན་དང༌། མགྲིན་པ་ཨོལ་མདུད་མི་མངོན་པ་དྲི་མེད་དུང་འདྲ་དང༌། འགྲམ་པ་རི་དྭགས་རྒྱལ་པོའི་འདྲ། ཚེམས་ནི་བཞི་བཅུ་ཚང་བ་དང༌། རབ་ཏུ་དཀར་བ་དང་ཚེམས་ཐགས་བཟང་བ་དང༌། རྣམ་པར་དག་པའི་ཚེམས་མཉམ་ཉིད་དང་ནི། མཆེ་བ་རབ་མཆོག་དཀར་བ་ཉིད་དང༌། ལྗགས་རིང་མཐའ་མེད་པ་དང་་བསམ་མེད་པ། རོ་བྲོ་བའི་མཆོག་ཉིད་དང༌། རང་བྱུང་ཀ་ལ་བིང་ཀ་ཡི། སྒྲ་དང་ཚངས་པའི་དབྱངས་ཉིད་དང༌། སྤྱན་བཟང་ཨུད་དཔལ་འདྲ་བ་དང་ཁྱུ་མཆོག་རྫི་འདྲ་དང༌། ཞལ་མཆུ་སྒྲོས་མཛེས་པ་དང་དྲི་མེད་མཛོད་སྤུ་སུམ་ཅུ་རྩ་གཉིས་གཡས་སུ་འཁྱིལ་ཞིང་དཀར་བ་དང་ལྡན་པ་དང༌། གཙུག་གཏོར་དབུར་ལྡན་པ་དང་དག་ཅིང་ལྤགས་པ་སྲབ་པ་དང༌། ལྤགས་པ་གསེར་གྱི་མདོག་འདྲ་སེམས་ཅན་གྱི་མཆོག བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་དང༌། དབུ་སྐྲ་དྲི་མེད་རིན་ཆེན་མཐོན་འཐིང་བཞིན། ཤིང་ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། སྲེད་མེད་བུའི་སྟོབས་མངའ་མཁྲེགས་པའི་སྐུ། བསམ་གྱིས་མི་ཁྱབ་པའི་གཟི་བརྗིད་འབར་བའི་མཚན་སུམ་ཅུ་རྩ་གཉིས་སོ།།
འདི་དག་སྟོན་པས་མིའི་དབང་པོར་མཚོན་པའི་མཚན་ཉིད་དུ་གསུངས་སོ། །ཆུ་ཟླ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས་གཅིག་ཉིད་ཀྱང༌། སྟོན་ཀའི་ཆུ་སྔོན་མཚོ་དུ་མར་ར་ནི་དུ་མར་མཐོང་བ་ཟླ་བར་སྣང་ཡང་ཟླ་བའི་དངོས་པོ་མིན་པ་ལྟར། དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་སངས་རྒྱས་ཀྱི་ཆོས་སྐུ་གཅིག་གི་གཟུགས། རྫོགས་སངས་རྒྱས་ཀྱི་གཟུགས་སྐུའི་དཀྱིལ་འཁོར་ནང་དུ་དུ་མར་མཐོང་ཡང་དེ་དང་དེའི་དངོས་པོ་ཡིན་བར་མི་འགྱུར་ཏེ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་རོ། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ། འདི་དག་སོ་སོར་རྒྱུར་བཅས་ཏེ། གོ་རིམ་ཇི་བཞིན་བུ་མོ་རིན་ཆེན་གྱི། མདོའི་རྗེས་སུ་འབྲེང་ནས་ཤེས་པར་བྱའོ།། ཇི་སྐད་བཤད་པ་ཉིད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་གི་རྣམ་པར་དབྱེ་བ་གོ་རིམ་འདི་ཉིད་ཀྱིས་བསྟན་པ་ནི་བུ་མོ་རིན་པོ་ཆེའི་མདོའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། ། གནས་འདི་དག་ལ་གོ་རིམ་བཞིན་དུ་རྡོ་རྗེ་དང༌། སེང་གེ་དང༌། ནམ་མཁའ་དང༌། ཆུ་ཟླའི་དཔེས་བརྗོད་པ་གང་ཡིན་པ་དེའི་བསྡུས་པའི་དོན་ནི། ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་རིག་པར་བྱ་སྟེ། མི་ཕྱེད་པ་དང་མི་ཞན་དང༌། མཚུངས་མེད་པ་དང་རྣམ་རྟོག་གཡོ་བའི་དངོས་པོ་མེད་པའི་ཕྱིར། རིམ་པ་ལྟར་རྡོ་རྗེ་དང་སེང་གེ་དང་ནམ་མཁའ་དག་པ་དང༌། གཟུགས་སྐུ་ནི་ཇི་ལྟར་སྣང་བ་དེའི་དངོས་པོར་མེད་པ་ཆུའི་ཟླ་བའི་དཔེས་བསྟན་ཏོ། །སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། ། ཤེས་བྱ་སྙོམས་པར་འཇུག་པ་དང༌། །སྒྲིབ་པའི་བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་དང་བརྩིགས་པ་དང་ཤིང་བཞིན་དུ། །ཕུག་དང་གཞིག་དང་གཅད་ཕྱིར་རོ། །རླིང་དང་སྙིང་བརྟན་མི་ཕྱེད་པས། ། དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་རླིང་པ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་པོ་བརྟན་པའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །འཇིགས་མེད་ཕྱིར་དང་ལྟོས་མེད་ཕྱིར། །བརྟན་ཕྱིར་བརྩལ་ནི་ཕུན་ཚོགས་པས། །ཐུབ་པ་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། །ཀུན་མངོན་མཁྱེན་པ་གང་ལས་ཀྱང༌། །འཇིགས་མེད་པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་བདག །མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། ། ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱི། །ས་ལས་བརྒལ་ཕྱིར་རྩལ་ལྡན་ནོ། །
འཇིག་རྟེན་པ་དང་ཉན་ཐོས་དང་མཐའ་གཅིག་ཏུ། །སྤྱོད་པ་རང་སངས་རྒྱས་དང་བློ་ལྡན་བྱང་ཆུབ་སེམས་དཔའ་དང་རང་འབྱུང་སངས་རྒྱས་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེ་ནི་རྣམ་པ་ལྔ། །འཇིག་རྟེན་ཕལ་པ་ཀུན་གྱི་ཉེར་འཚོའི་ཕྱིར། །འཇིག་རྟེན་པའི་བློ་ས་དང་ཉན་རང་བྱང་སེམས་རྣམས་ཆུ་མེ་རླུང་རྣམས་དང་མཚུངས།། འཇིག་རྟེན་པ་གཅིག་འཇིག་རྟེན་འདས་པ་གསུམ་པོ་ཡི། །མཚན་ཉིད་ལས་འདས་པ་སངས་རྒྱས་ནི་ནམ་མཁའ་བཞིན། །ཆོས་སྐུ་དང་གཟུགས་སྐུ་དེ་དེ་དག་གི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་བྲལ་བའི་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང༌། །དབྱིབས་བཞིན་ཆོས་སྐུ་དང་དབྱེ་བ་མེད་ཕྱིར་རོ། །མཐོང་ན་ཚིམ་བྱེད་རྣམ་སྨིན་གྱི་ཡོན་ཏན་གང་ཡིན་པ་མཚན།། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། ། སྤྲུལ་པ་དང་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། །གདུལ་བྱ་དག་པ་ལས་རིང་དང་འདུས་བྱས་སུ་མཐོང་བ་ཉེ་རྣམས་ལ། །འཇིག་རྟེན་དུ་སྤྲུལ་སྐུ་དང་རྒྱལ་བ་ཚོགས་བའི་དཀྱིལ་འཁོར་དུ། ། ལོངས་སྐུ་ནི་རིམ་པ་ལྟར་དཔེར་ན་གཟུགས་ཅན་དངོས་པོར་འཛིན་པ་སོགས། ཆུའི་ཟླ་གཟུགས་དེའི་དངོས་པོར་མེད་པ་ལ་དེའི་དངོས་པོར་འཛིན་པ་དང་ནམ་མཁའ་ཟླ་གཟུགས་དངོས་ཇི་ལྟ་བར་མཐོང་བ་བཞིན། །གཟུགས་སྐུ་དེ་མཐོང་བའི་གདུལ་བྱ་ནི་རིང་བ་དང་ཉེ་བ་རྣམ་པ་གཉིས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་བསྟན་པ་ལས། ཡོན་ཏན་གྱི་སྐབས་ཏེ་ལེའུ་གསུམ་པའོ། །དྲི་མེད་ཀྱང་ཡིན་སངས་རྒྱས་ཀྱང་ཡིན་ཡོན་ཏན་དེ་རྣམས་ཀྱང་ཡིན་པས་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དག་བྱེད་ཀྱི་རྐྱེན་གཉིས་པ་བཤད་ཟིན་ཏོ། །
གནས་གཅིག་ནི་དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ་ཞེས་པའི་དོན་ད་ནི་སངས་རྒྱས་དེའི་སྐུ་གསུང་ཐུགས་ཀྱི་ལས་དག་བྱེད་ཀྱི་རྐྱེན་གསུམ་པ་རྒྱལ་བའི་མཛད་པ་དག་བྱའི་རྒྱུ་ལ་དག་བྱེད་ཀྱི་རྐྱེན་གསུམ་འཇུག་ཚུལ་བརྗོད་པར་བྱའོ། །རྐྱེན་གྱི་མཛད་པ་དེ་ཡང་མདོར་བསྡུ་ན་རྣམ་རྟོག་མེད་པས་ལྷུན་གྱིས་གྲུབ་པ་དང༌། འཁོར་བ་སྲིད་དུ་ནམ་ཡང་རྒྱུན་མི་འཆད་པ་རྣམ་པ་གཉིས་ཀྱིས་རྒྱུ་སེམས་ཅན་ལ་འཇུག་སྟེ། རྒྱུ་དང་རྐྱེན་གྱི་མཛད་པ་གཉིས་འཁོར་བ་ཇི་སྲིད་དུ་འཇུག་པ་དེས་ན་བྱང་ཆུབ་ཀྱི་ཡོན་ཏན་དེའི་རྗེས་ལ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཉིད་ལས་བརྩམས་ཏེ་མདོར་བསྟན་གྱི་ཚིགས་སུ་བཅད་པ། དག་པར་བྱ་བའི་རྒྱུ་ནི་གདུལ་བྱའི་ཁམས་སྣ་ཚོགས་དང་དག་པར་བྱེད་པའི་རྐྱེན་འདུལ་བའི་ཐབས་དང་ནི། གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང༌། ཡོད་པ་དེའི་ཡུལ་དང་འདུལ་བའི་དུས་ལ་བབ་པའི་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་རྣམ་རྟོག་མེད་པས་ལྷུན་གྱིས་གྲུབ་པར་འཇུག ཡོན་ཏན་རིན་ཆེན་མཆོག་གི་ཚོགས་དང་ལྡན་པ་ས་བཅུའི་ཡེ་ཤེས་ནི་ཆུའི་རྒྱ་མཚོ་དང་འདྲ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཉི་མ་དང་འདྲ་བ་དེའི་འོད་ཅན། ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེ་བ་བྱང་ཆུབ་ནི་ནམ་མཁའ་ལྟར་ཁྱབ་པ་དང༌། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་པའི་ཆོས་ཉིད་ཀྱི་ཕྱིར་དེ་ཡོད་པས་གཏེར་དང་འདྲ་བའི་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤྲིན་གྱི་དྲ་བ་དང་འདྲ་མེད་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྐྱེན་རླུང་དང་འདྲ་བ་དག་གིས་རྣམ་པར་གཏོར། ཚིགས་བཅད་འདི་གཉིས་ཀྱི་བསྡུས་པའི་དོན་ནི་གོ་རིམ་བཞིན་དུ་ཚིགས་སུ་བཅད་པ་གཉིས་དང་བརྒྱད་ཀྱི་བསྟན་པར་རིག་པར་བྱ་སྟེ། གདུལ་བྱ་གང་ཞིག་གི་ཐབས་མང་གང་དག་གིས་འདུལ་བ་ཡི་བྱེ་བ་གང་ཡུལ་གང་དུ་དུས་གང་གི་ཚེ། གཤེགས་པ་དེ་དང་དེའི་རྣམ་རྟོག་སྐྱེ་བ་མེད་པའི་ཕྱིར།ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། དེ་ཉིད་བཤད་པ་གདུལ་བྱའི་ཁམས་ནི་གང་ཞིག་གི། གདུལ་བའི་ཐབས་མང་གང་དག་གིས། གདུལ་བྱའི་བྱ་གང་གང་དུ་ནི། གང་ཚེ་ཡུལ་དང་དུས་དེ་དག་གོ། །དག་རྒྱུ་སྒྲིབ་པ་ལས་ངེས་འབྱིན་ས་བཅུུ་དུང་དེའི་རྟེན་པ་ཚོགས་གཉིས་དང༌། དེ་འབྲས་བྱང་ཆུབ་དང་དེའི་སེམས་ཅན་ཡོངས་འཛིན་དང༌། དེའི་སྒྲིབ་པ་དང་དེ་གཅོད་
པའི་དག་རྐྱེན་བྱང་ཆུབ་ལ་ནི། རྣམ་པར་རྟོག་པ་མེད་ཕྱིར་རོ། །
དེ་ཉིད་བཤད་པ་དག་རྒྱུ་ལམ་ལ་ཞུགས་ནས་ངེས་པར་འབྱིན་པ་ས་བཅུ་སྟེ། ཚོགས་གཉིས་དག་ནི་དེའི་རྒྱུ། དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། བྱང་ཆུབ་སེམས་ཅན་གཞན་རྣམས་ཡོངས་སུ་འཛིན། དེའི་སྒྲིབ་མཐའ་ཡས་ཉོན་མོངས་དང༌། ཉེ་བའི་ཉོན་མོངས་བག་ཆགས་སོ། །དུས་ཀུན་དུ་ནི་དེ་འཇོམས་ཤིང་དག་པར་བྱེད་པའི། རྐྱེན་ནི་བྱང་ཆུབ་ཀྱི་ཐུགས་རྗེ་ཆེན་པོ་ཡིན། གནས་དྲུག་པོ་ནི་འདི་དག་རྣམས། ཚུལ་འདིས་སྲིད་པ་ཇི་སྲིད་དུ་འཇུག་པའི་ཕྱིར་གོ་རིམ་ཅི་བཞིན་ས་བཅུ་རྒྱ་མཚོ་དང༌། ཚོགས་གཉིས་ཉི་མ་དང་ནི་བྱང་ཆུབ་ནམ་མཁའ་དང་སེམས་ཅན་གཏེར་དང་སྒྲིབ་པ། སྤྲིན་དང་ཐུགས་རྗེ་རླུང་བཞིན་ཤེས་པར་བྱ། ངོས་ཀྱི་ཆུ་དང་ཡོན་ཏན་གྱི་རིན་ཆེན་དང༌། ལྡན་ཕྱིར་ས་བཅུ་པོ་རྣམ་རྒྱ་མཚོ་བཞིན། སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། ཚོགས་གཉིས་དག་ནི་ཉི་མ་བཞིན། རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར། བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། སེམས་ཅན་ཁམས་ནི་གཏེར་དང་འདྲ། གློ་བུར་དུ་སེམས་ལ་ཁྱབ་དང་སེམས་ཀྱི་རང་བཞིན་དུ་མ་གྲུབ་ཕྱིར། སེམས་ཅན་དེའི་ཉོན་མོངས་སྤྲིན་ཚོགས་བཞིན། དེ་འཐོར་བར་ནི་ཉེར་གནས་ཕྱིར། ཐུགས་རྗེ་མི་བཟད་རླུང་དང་འདྲ། གདུལ་བྱ་གཞན་གྱི་དབང་གིས་ཐེག་པ་གསུམ་གྱི་ངེས་འབྱུང་དང༌། སྣ་ཚོགས་འཁོར་བ་སྲིད་དུ་ཡང་ཡང་སྟོན་པ་བདག་དང་སེམས་ཅན་མཚུངས་གཟིགས་དང༌། འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་མཛད་པ་ཡོངས་སུ་མ་རྫོགས་ཕྱིར། འཁོར་བ་ཇི་སྲིད་དུ་མཛད་པ་རྒྱུན་མི་འཆད་དོ།། སྐྱེ་བ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བ་ཞེས་བརྗོད་པའི་སངས་རྒྱས་ཉིད་གང་ཡིན་པ་དེ་འདིར་ཅི་ལྟར་ན་འདུས་མ་བྱས་པ་ལ་འཇིག་པའི་དངོས་པོ་མེད་པའི་མཚན་ཉིད་ཀྱིས་སངས་རྒྱས་ལ་དེ་མི་འགལ་བ་ཉིད་ལས་ལྷུན་གྱིས་གྲུབ་པར་འཇིག་རྟེན་ཇི་སྲིད་དུ་རྣམ་པར་རྟོག་པ་མེད་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་འཇུག་ཅེས་ཟེར་ན་གཞན་ལ་དེ་དག་འགལ་ཡང་སངས་རྒྱས་ལ་མི་འགལ་བ་སངས་རྒྱས་ཀྱི་ཡོན་ཏན་གཞན་ལས་ལྷག་པ་ཆེ་བའི་བདག་ཉིད་ཀྱི་ཆོས་ཉིད་ལས་བརྩམས་ཏེ། དེའི་དངོས་པོ་དང་རྣམ་རྟོག་མེད་པར་བྱ་བ་བྱེད་པ་མི་སྲིད་སྙམ་པའི་ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས་འདུས་མ་བྱས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་རྣམ་རྟོག་གིས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེ་དགུའི་བདག་ཉིད་ཆེན་པོ་ལས་མདོར་བསྟན་པའི་ཚིགས་སུ་བཅད་པ། སྐུ་གསུང་ཐུགས་སྤྲུལ་པ་ཡེ་ཤེས་ཐུགས་གསུང་སྐུའི་གསང་བ་གསུམ་ཡོན་ཏན་གྱི་གཞི་བྱེད་ཀྱང་རྣམ་རྟོག་མེད་པའི་དཔེ་དགུ་ནི་བརྒྱ་བྱིན་དང་རྔ་དང་སྤྲིན་དང་ཚངས་པ་དང༌། ཉི་མ་དང་ཐུགས་ཀྱི་གསང་བ་ནོར་བུ་རིན་ཆེན་བཞིན། དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྒྲ་བརྙན་བཞིན། སྐུའི་གསང་བ་ནམ་མཁའ་དང་ནི་དཀར་པོ་ཐམས་ཅད་ཀྱི་གཞི་བྱེད་པ་ས་བཞིན་ནོ། །
མདོར་བསྟན་པའི་གནས་ལྟ་བུའི་ཚིགས་སུ་བཅད་པ་འདིའི་རྣམ་པར་དབྱེ་བ་རྒྱས་པར་བསྟན་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གཞུང་ལྷག་མས་རིག་པར་བྱའོ། །རྣམ་རྟོག་མེད་ཀྱང་སྐུ་སྟོན་པ་བརྒྱ་བྱིན་དུ་སྣང་བ་བཞིན་ན། །ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་བཻཌཱུར་དག་པ་ཡི། རང་བཞིན་ས་སྟེང་འདི་གྱུར་ཏེ། ས་འདི་དག་ཕྱིར་ལྷ་ཡི་དབང་པོའི་གཟུགས་བརྙན་དེར། ཤར་བ་ནི་ལྷའི་བུ་མོའི་ཚོགས་དང་བཅས། རྣམ་པར་རྒྱལ་བའི་ཁང་བཟང་དང་ལྷ་གནས་ཁང་བཟང་དེ་ལས་གཞན་དག་དང༌། ལྷ་དེ་དང་དེའི་གཞལ་ཡས་སྣ་ཚོགས་དང༌། ལྷ་རྫས་རྣམ་མང་སྣ་ཚོགས་དེ་མཐོང་ངོ༌། །མཐོང་བ་དེ་ནས་སྐྱེས་པ་བུད་མེད་ཚོགས། བཻཌཱུརའི་ས་འདི་ཡི་སྟེང་ན་གནས་པ་རྣམས། ལྷའི་དབང་པོའི་ཚོགས་ཀྱི་སྣང་བ་དེ་ནི་མཐོང་གྱུར་ཏེ། ཇི་ལྟར་སྣང་བ་དེའི་དངོས་པོར་གཟུང་ནས་ངེད་ཀྱང་ཡུན་རིང་པོར་མི་ཐོགས་པར། ལྷ་དབང་བཟང་པོ་དངོས་ཡིན་སྙམ་ནས་འདི་འདྲར་གྱུར་ཅིག་ཅེས། དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང༌། ལྷ་ཚོགས་དེ་འདྲ་ཐོབ་པར་བྱ་བའི་དོན་དུ་དགེ་བའི་དམ་བཅའ་ནི། ཡང་དག་བླངས་ཏེ་ལུས་ངག་སེམས་གསུམ་དགེ་བ་བཅུ་ལ་གནས་པར་གྱུར། དེ་དག་སྣང་བ་དེ་ལ་བརྟེན་ནས་དགེ་བའི་ལས་བསགས་པ་དེས་ན། འདི་ལྷའི་གཟུགས་ཅན་སྣང་ཙམ་ཞེས་དེ་ལྟ་བུར། སྣང་བ་དེའི་དངོས་པོ་མེད་པར་ཤེས་པ་མེད་ཀྱང་ས་འདིའི་སྟེང་ནས། མཐོ་རིས་སུ་ནི་འཕོས་ཏེ་ལྷར་ནི་སྐྱེ་བར་འགྱུར། གཟུགས་བརྙན་གྱི་སྣང་བ་དེ་ནི་ཤིན་ཏུ་ཡང༌། འདི་དག་དགེ་བ་ལ་དགོད་སྙམ་པའི་རྟོག་པ་མེད་ཅིང་འབད་རྩོལ་གྱིས་ལུས་ངག་སེམས་གཡོ་བ་མེད་པ། དེ་ལྟ་མོད་ཀྱི་སྣང་བརྙན་དེ་ས་སྟེང་འདི་ན། དོན་ཆེན་གྱིས་ནི་ཉེ་བར་གནས། དེ་བཞིན་དུ་དཀོན་མཆོག་ལ་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ལ་སོགས་དད་པ་སོགས་ཀྱི་དྲི་མེད་ཅན་གྱིས། དད་སོགས་ཡོན་ཏན་བསྒོམས་པ་ཡིས། རང་གི་དད་སོགས་ཀྱི་སེམས་ལ་སྣང་བ་རྫོགས་པའི་སངས་རྒྱས། སྣང་བ་དེ་དང་དེའི་དངོས་པོར་མེད་པ་འདུས་མ་བྱས་ཡིན་ཀྱང་སེམས་ཅན་ཕྱིར་ནི་ཉིན་མཚན་དུ་ལན་དྲུག་ཏུ་ནི་སོ་སོར་གཟིགས་པ་ཅན། སྐུ་མཚན་དང་དཔེ་བྱད་དང་ལྡན་པ། སྐུའི་སྤྱོད་ལམ་འཆག་པ་དང་ནི་བཞེངས་པ་དང༌། བཞུགས་པ་དང་ནི་གཟིམས་པ་དང༌། སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། གསུང་གི་སྤྱོད་ལམ་སྐྱོན་ཐམས་ཅད་ཞི་བར་བྱེད་པའི་ཆོས་ནི་གསུང་བ་དང༌། རེས་འགའ་མི་གསུང་བར་ཐུགས་ཀྱི་སྤྱོད་ལམ་མཉམ་པར་བཞག་གྱུར་པ། དེས་ན་སྐུ་རྫུ་འཕྲུལ་དང་གསུང་རྗེས་སུ་བསྟན་པ་དང་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག མཛད་པ་གཟི་བརྗིད་དང་མདངས་ཆེན་པོ་ཅན། དད་སོགས་བསྒོམས་པའི་སེམས་ཅན་རྣམས་ཀྱིས་དེ་དང་དེའི་དངོས་པོར་མཐོང་ཞིང་གཟུང་པར་གྱུར། སངས་རྒྱས་དེ་མཐོང་ནས་ཀྱང་དེ་ཐོབ་པར་འདོད་པ་དང་ལྡན་པ། རྣམས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་སྦྱོར་ཏེ། དེ་ཐོབ་པའི་རྒྱུ་ལམ་ཡང་དག་ཉམས་སུ་བླངས་ཤིང་ཚོགས་གཉིས་རྫོགས་ནས་ནི། སྔར་ཐོབ་པར་འདོད་པའི་གོ་འཕང་སངས་རྒྱས་དེ་ཐོབ་པར་བྱེད། རང་གི་དོན་དམ་གྱི་སེམས་སངས་རྒྱས་སུ་སྣང་བ་ཕྱི་རོལ་ན་འདུག་པ་ལྟ་བུར་ཤར་བ་དེ་ནི་ཤིན་ཏུ་ཡང༌། འདི་དག་དགེ་བ་ལ་དགོད་སྙམ་པའི་རྟོག་མེད་འབད་རྩོལ་གྱི་ལུས་ངག་སེམས་གཡོ་བ་མེད་པ་ཉིད་ཡིན་པ། དེ་ལྟ་ན་ཡང་དད་སོགས་ཀྱི་འཇིག་རྟེན་ན། དོན་ཆེན་པོས་ནི་ཉེ་བར་གནས། སངས་རྒྱས་འདི་ནི་རང་སེམས་ཉིད་དད་སོགས་ལ་སངས་རྒྱས་སུ་སྣང་བ་ཡིན་ཞེས། བྱ་བར་འཕགས་པས་ཤེས་ཀྱང་སོ་སོའི་སྐྱེས་བོས་མི་ཤེས་མོད། དེ་ལྟ་ན་ཡང་ཕྱི་རོལ་གྱི་སངས་རྒྱས་ཀྱི་གཟུགས་ལྟ་བུར་མཐོང་བ་དེ། སོ་སྐྱེ་དེ་དག་ལ་ནི་དོན་ཡོད་འགྱུར། རིམ་གྱིས་རང་སེམས་ཆོས་སྐུ་དེ་ཕྱི་རོལ་གྱི་སངས་རྒྱས་ལྟ་བུར་མཐོང་བ་ལ་བརྟེན་ནས། རང་སེམས་ཆོས་སྐུའི་ཐེག་པ་ཆེན་པོ་འདི་ལ་གནས་པའི་སོ་སྐྱེ་རྣམས། ཀྱིས་ཀྱང་རང་གི་ནང་གི་དོན་དམ་པའི་ཆོས་སྐུ་ཡིན་པར་ནི། མཐོང་སྤང་ལས་གྲོལ་ནས་འཕགས་པའི་ཡེ་ཤེས་མིག་གིས་མཐོང་བར་འགྱུར། དེ་ཉིད་བཤད་པ་ཇི་ལྟར་ས་གཞི་འདི་ཀུན་ཉམ་ངའི་གནས་གཞན་གཡང་ས་ངམ་གྲོག་སོགས་དང་བྲལ་བ་དྲི་མེད་བཻཌཱུརྱ། གཟུགས་བརྙན་ཐམས་ཅད་གསལ་ཞིང་མཛེས་པ་ནོར་བུ་བཻཌཱུརྱའི་ཡོན་ཏན་དྲི་བྲལ་དཔལ་ལྡན་པ་སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ། བཻཌཱུརྱ་དག་ཕྱིར་དེར་ནི་ལྷ་བདག་གནས་ཚོགས་ལྷ་དབང་ལྷ་ཡི་གཟུགས་བརྙན་སྔར་ཤར་ཏེ། ཕྱིས་རིམ་གྱིས་ས་ཡི་ཡོན་ཏན་བཻཌཱུརྱ་དང་བྲལ་ཕྱིར་ལྷ་དབང་ཡོད་ཀྱང་གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་འགྱུར། ལྷ་ཚོགས་དེ་དངོས་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་ལ། བུད་མེད་སྐྱེས་ཚོགས་སྐྱེ་བ་ལ་སྨོན་པའི་སེམས་ཀྱིས་དཀོན་མཆོག་ལ་མཆོད་པའི་མེ་ཏོག་ལ་སོགས་འཐོར་བ་ལྟར། སྐྱོན་དག་པའི་བཻཌཱུརྱ་འདྲའི་དད་སོགས་ཀྱི་སེམས་ལ་སྣང་བ་དེའི་དངོས་པོར་མེད་ཀྱང་དེའི་དངོས་པོ་ཡིན་སྙམ་ནས་དེ་འདྲ་བའི་ཐུབ་དབང་ཐོབ་བྱའི་ཕྱིར། སངས་རྒྱས་ལ་རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སངས་རྒྱས་ཐོབ་འདོད་ཀྱི་སེམས་རབ་སྐྱེད་པར་བྱེད། དེ་ཉིད་བསྡུས་ནས་བསྟན་པ་ཇི་ལྟར་བཻཌཱུརྱ་ས་གཞི་གཙང་མ་ལ། ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་འགྲོ་སེམས་དད་སོགས་ཀྱི་ས་གཞི་མ་དད་པ་སོགས་ཀྱི་དྲི་མ་མེད་པས་གཙང་མ་ལ། ཇི་ལྟར་སྣང་བའི་དངོས་པོར་མེད་པ་ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར་རོ། །
འགྲོ་བར་སངས་རྒྱས་ཀྱི་གཟུགས་བརྙན་འཆར་བ་འཇུག་པ་དང་ནུབ་པ་འཇུག་པ་ནི་རིམ་པ་ལྟར་མ་དད་པ་སོགས་ཀྱི་རྙོག་པ་མེད་པ་དང༌། མ་དད་པ་སོགས་ཀྱི་རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག་པ་དེའི་ཕྱིར། ཇི་ལྟར་འཇིག་རྟེན་དག་ན་གང་ཟག་ཕལ་བ་སྐྱེ་འཆི་བྱེད་པའི་གཟུགས་སྐྱེ་འཆིར་སྣང་བ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱང་དང་པོར་སྐྱེས་ནས་དངོས་པོར་ཡོད་པ་དང་ཕྱིས་ཤི་ནས་ཞིག་ཅེས་སངས་རྒྱས་དེ་མེད་པར་མི་བལྟ་སྟེ་སངས་རྒྱས་ལ་སྐྱེ་འཆི་མེད་པའི་ཕྱིར་རོ།། ལྷའི་རྔ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་ལྷའི་ནང་ན་ལྷ་རྣམས་ཀྱི། སྔོན་གྱི་ཆོས་ལ་དད་པ་སོགས་དཀར་པོ་དཀར་པོ་དགེ་བ་བསགས་པའི་མཐུ་ཡིས་ནི། རྟོག་པའི་འབད་པ་དང་གནས་དང་ཡིད་དང་གཟུགས་དང༌། རྣམ་པར་རྟོག་པ་མེད་བཞིན་དུ། འཁོར་བ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང༌། མྱ་ངན་ལས་འདས་པའི་སྐྱོན་དེ་དག་ཞི་བའོ་ཞེས་བའི་སྒྲ་ཡིས་བག་མེད་པའི། ལྷ་རྣམས་ཐམས་ཅད་ཡང་ནས་ཡང༌། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་ཞེས་པའི་དོན་ཆོས་ཀྱི་རྔས་ནི་བསྐུལ་བྱེད་ལྟར་དབྱིབས་རྔར་ཡོད་ཅིང་ཆོས་དེ་དག་སྟོན་པས་ཆོས་ཀྱི་རྔ་སྟེ་གསེར་འོད་དམ་པར་གསེར་གྱི་རྔས་ཆོས་སུ་མ་བསྟན་པ་ལྟར་རོ། །
དེ་བཞིན་ཁྱབ་བདག་རྣམ་རྟོག་གིས་བསླང་བའི་འབད་པ་དང་སོགས་ས་གནས་དང་ཡིད་དང་གཟུགས་དང༌། བྲལ་ཡང་འགྲོ་བ་མ་ལུས་པ་སངས་རྒྱས་གསུང་གིས་ཁྱབ་མཛད་དེ། སངས་རྒྱས་ཀྱི་གསུང་ཐོས་སུ་རུང་བའི་སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །དེ་ཉིད་བཤད་པ་ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། ཆོས་ཀྱི་རྔ་སྒྲ་རང་གི་དད་སོགས་ཀྱི་ལས་ལས་འབྱུང༌། དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། གསུང་བ་རང་གི་དད་སོགས་དགེ་བའི་ལས་ལས་འབྱུང༌། ཕལ་ཆེར་དུ་རྔ་རབ་དེ་ནི་གཟུགས་མེད་མི་མཐོང་ཡང༌། དོན་ཆེན་རྔ་ཡི་སྒྲ་ནི་སྒྲོག་བྱེད་ན། ཞེས་པ་ལྟར་རྟོག་པས་བསླང་བའི་འབད་པ་དང་གནས་དང་ལུས་དང་སེམས་དང་བྲལ་བའི། རྔ་སྒྲ་དེ་ཇི་ལྟར་བག་མེད་ཞི་བ་སྒྲུབ་པ་ལྟར། དེ་བཞིན་རྟོག་པས་བསྐྱེད་པའི་འབད་པ་གནས་པ་ལུས་སེམས་དེ་བཞི་དང་བྲལ་བའི། ཆོས་ཀྱི་གསུང་འདི་ཞི་བ་སྒྲུབ་པར་བྱེད། ཡང་དེ་ཉིད་བཤད་པ་ཇི་ལྟར་ཕལ་ཆེར་ལས། ལྷ་དང་ལྷ་མིན་འཐབ་པའི་ཚེ་རྔས་ལྷ་རྣམས་ལ་མ་འཇིགས་ཞེས་བསྐུལ་བས་ལྷ་རྣམས་འཇིགས་པ་མེད་པར་ཤིན་ཏུ་སྟོབས་ལྷ་ཡི་གྲོང་ན་རྔ་སྒྲས་དགེ་བ་ལ་བསྐུལ་བའི་རྒྱུས་འབྲས་བུ་གཉིས་བྱུང་མི་འཇིགས་པ་སྦྱིན་པ་དང་ནི། གནོད་པ་ཆེ་བ་ཞེ་སྡང་གི་ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དཔུང་རྒྱལ་བ་ལྷ་རྣམས་ཀྱི་རྩེད་མོ་ཙམ་གྱིས་སེལ་བ་བཞིན། དེ་བཞིན་འཇིག་རྟེན་དག་ན་སངས་རྒྱས་ཀྱི་གསུང་གིས་བསམ་གཏན་གཟུགས་མེད་ལ་སོགས་ལ་བསྐུལ་བའི་རྒྱུས་འབྲས་བུ་གཉིས་བྱུང་པ། ཡང་གནས་སྐབས་སུ་སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་ཏུ་འཇོམས་ཤིང་མཐར་ཐུག་ཞི་བ་བླ་ན་མེད་པ་ཐོབ་པའི་ལམ་ཚུལ་རྒྱུའི་དུས་སུ་བརྗོད་པས་སོ། །ཅིའི་ཕྱིར་འདིར་གསུང་གི་དཔེ་ཆོས་ཀྱི་རྔ་ཉིད་ཀྱི་དབང་དུ་བྱས་ཀྱི། ལྷའི་སིལ་སྙན་གྱི་རྣམ་པ་དེ་ལས་གཞན་པ་དག་ཀྱང་དཔེ་མ་ཡིན་ཏེ་པ་ཅེས། དེ་དག་ཀྱང་ལྷ་རྣམས་ཀྱིས་སྔོན་དགེ་བ་བྱས་པའི་ལས་ཀྱི་དབང་གིས་སིལ་སྙན་དེ་དག་ཐོས་པའི་མདོ་ཁོ་ནར་ལྷའི་རྣ་བར་ཡིད་འཕྲོག་པའི་སྒྲའི་རྗེས་སུ་འབྲས་བུ་བདེ་བ་འབྱུང་པར་འགྱུར་རོ། །དེ་བཞིན་གཤེགས་པའི་དབྱངས་དང་སིལ་སྙན་དེ་དག་ཆོས་མི་མཐུན་པའི་ཡོན་ཏན་རྣམ་པ་བཞིའོ། །
བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དུས་ངེས་པ་ཅན་དུ་རྒྱུན་དུ་མི་འབྱུང་བས་ཉི་ཚེ་བ་ཉིད་དང༌། འཕྲལ་བདེ་བ་ཅུང་ཟད་འབྱུང་ཡང་དེ་བག་མེད་དུ་གྱུར་ནས་ལྷ་མིན་ལ་སོགས་ཀྱིས་གནོད་པས་ཚེ་འདིར་ཕན་པ་མ་ཡིན་པ་ཉིད་དང༌། དེ་ལ་ཆགས་པའི་རྣམ་སྨིན་གྱིས་ཚེ་ཕྱི་མ་བདེ་བ་མ་ཡིན་པ་ཉིད་དང༌། འཁོར་བ་ལ་རྟག་སོགས་སུ་ཞེན་པའི་སྐྱོན་ལས་ངེས་པར་འབྱིན་པར་བྱེད་པ་མ་ཡིན་པ་ཉིད་དོ།། ཆོས་ཀྱི་རྔ་ནི་བག་མེད་འདོད་ཡོན་ལ་ཆགས་པ་པའི་ལྷའི་ཚོགས་མཐའ་དག་སྐྱོ་ཤས་བསྐུལ་བ་ཉིད་དང༌། ཉིན་རེ་བཞིན་དེའི་དུས་ལས་མི་འདའ་བས་ན་ཉི་ཚེ་བ་མ་ཡིན་པ་ཉིད་དུ་བསྟན་ཏོ། །
དགེ་བ་བསྐུལ་བས་དང་ལྡན་ལ་ལྷ་མིན་དབང་པོ་འཇིགས་ནས་བྲོས། ཞེས་པའི་དོན་ལྷ་མ་ཡིན་ལ་སོགས་པའི་ཕ་རོལ་ཚོགས་ཀྱི་ཉེ་བར་འཚེ་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཉིད་དང༌། བག་ཡོད་པ་དགེ་བ་སྒྲུབ་པའི་གནས་ལ་རབ་ཏུ་སྦྱོར་བས་ན་ཚེ་འདི་ལ་ཕ་ཕན་པ་ཉིད་དོ། །དམ་པ་མ་ཡིན་པའི་འདོད་ཡོན་ལ་ཞེན་པའི་དགའ་བདེ་ལས་སེམས་རྣམ་པར་འབྱེད་པ་ཉིད་དང༌། ཆོས་ཀྱི་ཀུན་དགའི་དགའ་བདེ་ཉེ་བར་བསྒྲུབས་པས་ན་ཕྱི་མ་བདེ་བ་ཉིད་དོ། །མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་སྒྲ་སྒྲོགས་པ་ཉིད་དང༌། ཉེ་བར་འཚེ་བའི་འཕོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པས་ན། ངེས་པར་འབྱིན་པར་བྱེད་པ་ཉིད་དུ་བསྟན་ཏོ། །
མདོར་བསྡུས་ན་ཉི་ཚེ་མ་ཡིན་པ་དང་ཕན་པ་དང་བདེ་བ་དང་ངེས་པར་འབྱིན་པ་དང་རྣམ་པ་བཞི་པོ་འདི་དག་གིས། ཆོས་ཀྱི་རྔ་དང་ཆོས་མཐུན་པས་ན་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་སིལ་སྙན་གཞན་ལས་ཁྱད་པར་དུ་འཕགས་སོ། །དེས་ན་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་སིལ་སྙན་རྣམས་ལས་འཕགས་པ་ལས་བརྩམས་ནས་ཚིགས་སུ་བཅད་པ། གང་ཕྱིར་སྐྱེ་ཀུན་ས་ཉིད་ཁྱབ་པས་རྔ་ལས་ཀྱང་འཕགས་པ་དང༌། ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ། དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱི། སིལ་སྙན་རྣམས་ལས་ཁྱད་པར་འཕགས། ཐམས་ཅད་ལ་ཁྱབ་པ་དང་ཕན་པ་དང་བདེ་བ་དང་ཆོ་འཕྲུལ་གསུམ་དང་ལྡན་པ་དང་རྣམ་པ་བཞི་པོ་འདི་དག་གིས་ངེས་པར་བསྟན་པ་ནི་མདོར་བསྡུ་ན་ཚིགས་སུ་བཅད་པ་བཞིས་གྲངས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ལྷར་ནི་རྔའི་སྒྲ་ཆེན་པོ། སར་གནས་མི་རྣམས་ཀྱི་ཡང་རྣར་མི་འགྲོ། སངས་རྒྱས་རྔ་སྒྲ་འཁོར་བ་ཡི། ས་འོག་ས་བླ་ས་སྟེང་འཇིག་རྟེན་དག་ཏུ་འགྲོ། ལྷར་ནི་ལྷའི་སིལ་སྙན་བྱེ་བ་མང༌། འདོད་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས། པས་ཕན་པ་མ་ཡིན་པ་དང་ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང༌། སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག་པས་ཕན་པའོ།། ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། སེམས་ཀྱི་རྒོད་པ་འཕེལ་བར་བྱེད་པའི་རྒྱུ་ཡིན་པས་བདེ་བ་མ་ཡིན་པ་དང༌། ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང༌། ཏིང་འཛིན་སེམས་གཏོད་བསམ་པ་བསྐུལ་བ་ཡིན་པས་བདེ་བར་བྱེད་ཅིང༌། མདོར་ན་མ་ལུས་འཇིག་རྟེན་ཁམས་སུ་ཡང༌། ལྷ་དང་ས་ལ་གནས་པ་ཡི་བདེ་བའི་རྒྱུ་གང་ཡིན།དེ་ནི་མ་ལུས་འཇིག་རྟེན་ཐམས་ཅད་ཁྱབ་པར་སྣང་བ། ཆོ་འཕྲུལ་གསུམ་ལྡན་གྱི་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། ལུས་ཀྱི་ཆོ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པས་ནི། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བསྟན་ཏེ། སེམས་ཀྱི་རྣམ་གྲངས་མཁྱེན་པས་དེར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཟབ་མོ་སྣང་བ་འདི་ནི་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །
ངག་གི་དབྱངས་བརྗོད་པས་ངེས་པར་འབྱིན་པའི་ལམ་ལས་བརྩམས་ཏེ་དེ་འདོམས་པ་དང་རྗེས་སུ་བསྟན་པ་ནི་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་ལྟར་ཐོགས་པ་མེད་པར་ཐམས་ཅད་དུ་ཁྱབ་པར་འགྲོ་བའི་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་ནམ་མཁའི་ཁམས་ལྟར་ཡོངས་སུ་ཆད་པ་མེད་པར་འཇུག་ཀྱང༌། ཡུལ་དུས་ཐམས་ཅད་དུ་གང་ཟག་གི་རྣམ་པ་ཐམས་ཅད་ཀྱིས་མངོན་སུམ་དུ་དམིགས་པར་མ་རྟོགས་པ་གང་ཡིན་པ་དེར། སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཉེས་པ་ནི་མ་ཡིན་ནོ། ། ཞེས་བསྟན་པའི་དོན་དུ། དེ་མ་རྟོགས་པ་རྣམས་ཀྱི་བདག་ཉིད་ཀྱི་སྐལ་བ་མེད་པའི་ཉེས་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཇི་ལྟར་རྣ་བའི་དབང་པོ་དང་བྲལ་བས། ཕྲ་མོའི་སྒྲ་ནི་མངོན་སུམ་དུ་མི་མྱོང་བཞིན། ཕྲ་མོའི་སྒྲ་ཐམས་ཅད་ལྷ་ཡི་རྣ་བ་ལ་ལར་འགྲོ་ཡང༌། ལྷ་ཡི་རྣ་བ་ཐམས་ཅད་ཀྱི་རྣ་ལམ་དུ་ནི་མི་འགྲོ་བཞིན། དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང༌། ཞིབ་མོའི་ཡེ་ཤེས་དང་བྲལ་བ་རྣམས་ཀྱིས་མི་མྱོང་ལ་ཉོན་མོངས་ཡིད་མེད་ཉན་རང་བྱང་ཆུབ་སེམས་དཔའ་རྣམས་ལས་བྱང་ཆུབ་སེམས་དཔའ་འགའ་ཞིག་གི། རྣ་བའི་ལམ་དུ་འགྱུར་བ་ཡིན་ནོ། །སྤྲིན་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། ཆུ་ཡི་ཕུང་པོ་རྣམ་རྟོག་གི་འབད་མེད་པར། ས་ལ་ཆར་བབ་པའི་དུས་རྒྱུན་དུ་འབེབས་པ་ལྟར། དེ་བཞིན་སངས་རྒྱས་ཀྱི་ཐུགས་ཀྱི་ཐུགས་རྗེའི་སྤྲིན་ལས་ནི། རྒྱལ་བའི་དོན་དམ་པའི་ཆོས་ཆུ་ཡི་ཆར། འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། རྣམ་པར་རྟོག་པ་དང་འབད་པ་མེད་པར་འབེབས། དེ་ཉིད་བཤད་པ་ཇི་ལྟར་འཇིག་རྟེན་པ་རྣམས་བསམ་པ་དགེ་བའི་ལམ་དུ་འཇུག་ན། ཆར་བ་གཡོ་ཞིང་སྤེལ་བའི་རླུང་སྐྱེས་ནས་ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར། དེ་བཞིན་ཐུགས་བརྩེ་བའི་རླུང་གིས་འགྲོ་བའི་དགེ་བ་མངོན་པར་སྤེལ་བའི་ཕྱིར། སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་འབེབས། སྲིད་ཞི་ལ་མཁྱེན་དང་བརྩེ་ཆེན་གཉིས་ཀྱིས་རིམ་པ་ལྟར་འགྱུར་བ་སྲིད་པ་དང༌། མི་འགྱུར་ཞི་བ་གཉིས་ཀྱིས་མ་གོས་ཞིང་མི་གནས་པའི་ནམ་མཁའི་དཀྱིལ་ན་གནས་པ་ཏིང་འཛིན་དང་གཟུངས་ཀྱི་ཆུ་དྲི་མ་མེད་པའི་སྙིང་པོ་ཅན། ཐུབ་དབང་སྤྲིན་ནི་འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། སྣོད་མི་འདྲ་བ་སྣ་ཚོགས་པ་ཉིད་ལས་རྫས་གཅིག་ཀྱང་སྣ་ཚོགས་སུ་འགྱུར་བ་ནི། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང༌། ཡང་བའི་ཆུ་རོ་དང་ཡོན་ཏན་ཁྱར་མེད་པ་ཅིག་ནི་སྤྲིན་ལས་དེ་འཐོན་པ། ས་ལ་བ་ཚ་དང་ལ་སོགས་པ་ས་བོན་སྣ་ཚོགས་པའི་གནས་དང་འབྲེལ་བ་ལས། ཤིན་ཏུ་མང་པོའི་ཁ་བ་མངར་སྐྱུར་བ་ལ་སོགས་པའི་ཕུང་པོ་རོར་ནི་འགྱུར་བ་བཞིན། དེ་བཞིན་སངས་རྒྱས་འཕགས་པའི་དབྱངས་ཀྱི་ཡན་ལག་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་བྱང་ཆུབ་ཀྱི་སེམས་མི་ཟད་པ་ལ་སོགས་པ་བརྒྱད་བཅུ་ལྟར་མི་ཟད་པ་བརྒྱད་བཅུའི་ཆར། རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། ཉན་རང་དང་བྱང་ཆུབ་སེམས་དཔའི་འགྲོ་བའི་བག་ཆགས་ཀྱི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་མི་འདྲ་བ་ལས། ཐེག་པ་མཐོ་དམན་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། ཆགས་སྡང་གི་ངོ་བསྲུང་ལ་ལྟོས་པ་མེད་པར་འཇུག་པ་ལས་ནི། ཐེག་པ་མཆོག་ལ་དང་བའི་ཕུང་པོ་དང༌། བར་མའི་ཕུང་པོ་དང་ནི་སྡང་བ་ཡི་ཕུང་པོ་སྟེ། ཕུང་པོ་གསུམ་ནི་དཔེར་ན་ཆར་བབ་པ་ན་མི་དག་དང༌། ཙ་ཏ་ཀ་རྨ་བྱ་དང་གཟུངས་མོ་ཟེར་ནི་ཡི་དྭགས་འདྲ། དེ་ཉིད་བཤད་པ་དཔྱིད་མཐར་སོ་ཀ་སྤྲིན་མེད་པ་ན་ཆར་མི་འབབ་པ་ན་མི་སྡུག་པ་དང་མཁའ་མི་རྒྱུ་བའི་བྱ་བཏང་སྙོམས་དག་དང༌། དབྱར་ཚེ་ས་ལ་ཆར་བབ་ན། ཡི་དྭགས་དག་ནི་སྡུག་པ་ལྟར། སངས་རྒྱས་ཀྱི་སྙིང་རྗེའི་འཕྲིན་ཚོགས་དག་གིས་དམ་པའི་ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང༌། རིམ་པ་ལྟར་ཆོས་འདོད་པ་དགའ་བ་དང་ཆོས་ལ་སྡང་བ་རྣམ་སྡུག་པའི་འཇིག་རྟེན་ན་ནི་དཔེ་དེ་ཉིད། ཆར་གྱིས་མི་ལ་ཐིགས་པ་རགས་པ་འབེབས་པ་དང་ཡི་དྭགས་ལ་རྡོ་ཚན་དང་ནི་འགའ་ཞིག་ཏུ་རྡོ་རྗེའི་མེ་ཐོག་ནི་འབེབས་པས་ན། སྲོག་ཆགས་ཕྲ་མོ་ལ་གནོད་པ་དང་རི་སུལ་དང་བྲག་འོག་ཏུ་སོང་བ་དག་ལ་མི་གནོད་ཀྱང་ཇི་ལྟར་སྤྲིན་ནི་དེ་དག་ལ་ལྟོས་པ་མེད། དེ་བཞིན་ཆོས་ཕྲ་དང་རྒྱ་ཆེ་བའི་ཐིགས་ཐབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། སྐལ་ལྡན་ལ་ལའི་ཉོན་མོངས་དག་འགྱུར་ལ་ལའི་བདག་ལྟའི་བག་ལ་ཉལ་བ་དག་པ་ལ་མི་ཕན་ཡང་དེ་འདྲ་ལ་རྣམ་ཀུན་ལྟོས་པ་མེད། ཆོས་ཀྱིས་སྡུག་བསྔལ་གྱི་མེ་རབ་ཏུ་འཇིལ་བ་ལས་ཚིགས་སུ་བཅད་པ་ནི། འཁོར་བ་སྐྱེ་འཆི་ཐོག་མཐའ་མེད་དེར་སྐྱེས་པའི་འགྲོ་བའི་ལམ་ནི་ངན་སོང་གསུམ་ལྷ་དང་མི་སྟེ་རྣམ་པ་ལྔ་ཡོད་པ་ལ། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་གཏན་གྱི་བདེ་བ་ཐོབ་པ་མེད། དེ་རྣམས་ཀྱི་སྡུག་བསྔལ་རྟག་ཏུ་རྨ་གསར་པ་ལ་མེ་རེག་པ་དང་མཚོན་ཁ་བ་རྒྱ་ཚྭ་ལ་སོགས་པ་གོས་རྩུབ་མོ་རེག་པས་སྐྱེས་པ་དམྱལ་བ་ཡི་དགས་དུད་འགྲོ་མི་ལྷ་རྣམས་ཀྱི་སྡུག་བསྔལ་གྱི་དཔེ་རིམ་པ་བཞིན། ཐུགས་རྗེའི་སྤྲིན་ལས་དམ་ཆོས་ཆར་ཆེན་སྡུག་བསྔལ་དེ་རབ་ཏུ་ཞི་བྱེད་རབ་ཏུ་འབེབས། ལྷ་ལ་ཡང་འཆི་འཕོའི་སྡུག་བསྔལ་དང་མི་ལ་རྫས་ཡོངས་སུ་ཚོལ་བའི་སྡུག་བསྔལ་ཞེས་བྱར་རྟོགས་པའི་ཕྱིར། ཤེས་རབ་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷ་དང་མིའི་དབང་ཕྱུག་མཆོག་ལྷའི་དབང་པོ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལའང་མངོན་པར་འདོད་པ་མེད་དེ། རང་གི་ཤེས་རབ་དང་ནི་རྒྱལ་བས་བསྟན་པའི་ཆོས་ལ་རྟོན་པའི་དེ་བཞིན་གཤེགས་པའི་གསུང་རབ་ལ་དད་པའི་རྗེས་སུ་འབྲེངས་པ་ལས། འཁོར་བ་འདི་ནི་སྡུག་བསྔལ་ལས་ཉོན་ནི་སྡུག་བསྔལ་འདིའི་རྒྱུ་སྡུག་བསྔལ་རྒྱུར་བཅས་འགགས་པ་འདི་ནི་འགོག་པ་ཅེས་ལམ་གྱི་ཤེས་པས་མཐོང་ཕྱིར་རོ། །
དཔེར་ན་ནད་ནི་ཤེས་བྱ་དང་་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། ནད་ལས་གྲོལ་བའི་བདེར་གནས་ཐོབ་བྱ་དང་ནད་དེའི་གཉེན་པོ་སྨན་ནི་བསྟེན་པར་བྱ་བ་ལྟར། སྡུག་བསྔལ་དང་དེའི་རྒྱུ་དང་རྒྱུ་དེ་འགོག་པ་དང་དེ་བཞིན་དུ་རྒྱུ་དེའི་གཉེན་པོ་ལམ། རྣམས་རིམ་པ་ལྟར་ཤེས་བྱ་དང་སྤང་བྱ་དང་རེག་པར་བྱ་ཞིང་བསྟེན་པར་བྱ་བ་ཡིན་ནོ།། ཚངས་པ་ཆེན་པོ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་ཚངས་པ་ཚངས་པ་ཡི། གནས་གཞལ་ཡས་ཁང་ནས་འཕོ་བ་མེད་པར་གཞལ་ཡས་ཁང་དང་བཅས་པ་གང་འདོད་དུ་འགྲོ་ཞིང་སྣང་བ་བཞིན་དུ། འདོད་ལྷའི་གནས་ནི་ཐམས་ཅད་དུ། ཚངས་པ་གཞལ་ཡས་ཁང་དང་བཅས་པའི་སྣང་བ་འབད་མེད་སྟོན་པ་ལྟར། དེ་བཞིན་དུ་ཆུ་རླན་ལས་མི་བསྐྱོད་པ་ལྟར་ཐུབ་པ་ཆོས་སྐུ་ལས། བསྐྱོད་པ་མེད་པར་གདུལ་བྱའི་ཁམས་ཀུན་ཏུ། སྐལ་ལྡན་རྣམས་ལ་འབད་མེད་པར། ཆོས་སྐུའི་སྤྲུལ་པ་རྣམ་འགྱུར་དག་ནི་སྟོན་པར་མཛད། དེ་ཉིད་བཤད་པ་དཔེ་ཇི་ལྟར་ཚངས་པ་དུས་རྟག་ཏུ་གཞལ་ཡས་ཁང་ལས་མི་གཡོ་ཞིང་གཞལ་ཡང་ཁང་དང་བཅས་པ་འདོད་ཁམས་ཞུགས་པ་དེར། འདོད་པའི་ལྷ་རྣམས་ཀྱིས་མཐོང་བ་དང་ཚངས་པའི་ཕུན་ཚོགས་དེ་ཡང་མཐོང་ནས་དེ་ཡང་འདོད་ལྷའི་ཕུན་ཚོགས་ཟིལ་གྱིས་མནན་པས་ཡུལ་ལ་འདོད་ལྷའི་དགའ་བ་སྤོང་བྱེད་ལྟར། དེ་བཞིན་བདེ་གཤེགས་ཆོས་ཀྱི་སྐུ་ལས་མི་བསྐྱོད་ཀྱང་འཇིག་རྟེན་ཀུན་ཏུ་ཆོས་སྐུའི་རྣམ་འགྱུར་སྤྲུལ་པ་དེ་སྐལ་ལྡན་གྱིས་མཐོང་སྤྲུལ་པ་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། སྔོན་གྱི་ཚངས་པ་རང་ཉིད་ཀྱི་སྨོན་ལམ་དང༌། འདོད་ལྷ་རྣམས་ཀྱི་ནི་ཚངས་པ་མཐོང་རུང་གི་དགེ་བ་བསགས་པའི་མཐུས། ཇི་ལྟར་ཚངས་པ་རྣམ་རྟོག་དང་འབད་པ་མེད་པར་སྣང༌། རང་བྱུང་ཆོས་སྐུའི་སྤྲུལ་སྐུ་ཡང་དེ་བཞིན་སྐལ་མེད་ལ་མི་སྣང་བ་ལས་ནི། དགའ་ལྡན་ནས་འཕོ་དང་ཡུམ་གྱི་ལྷུམས་སུ་འཇུག་པ་དང་སྐུ་བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང༌། བཙུན་མོའི་འཁོར་དགྱེས་རོལ་དང་ངེས་པར་འབྱུང་བ་དང་དབེན་པར་དཀའ་བ་སྤྱོད་དང་བྱང་ཆུབ་སྙིང་པོར་གཤེགས་པ་བདུད་བཅོམ་དང༌། བྱང་ཆུབ་ཆེ་བརྙེས་དང་ཞི་བའི་གྲོང་ཁྱེར་ལམ་སྟོན་ཆོས་འཁོར་དག བསྟན་ནས་མྱ་ངན་ལས་འདས་པའི་ཚུལ་གྱིས་ཐུབ་པ་སྐལ་བ་མེད་པའི་མིག་གི་ལམ་དུ་མི་འགྱུར་རོ།། ཉི་མ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་ཉི་མས་གདུངས་པས་དུས་གཅིག་ཚེ་ཉིད་ལ། གདུལ་བྱའི་དཔེ་པད་སོགས་རྒྱས་དང་གདུལ་བྱ་མ་ཡིན་པའི་ཀུ་མུ་ཏ་ནི་རབ་ཟུམ་པ། ཆུ་སྐྱེས་མེ་ཏོག་དེ་དག་ཉི་མས་བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ། ཉི་མ་ལྟོས་མེད་འདིར་ནི་སངས་རྒྱས་འཕགས་པའི་ཉི་དེ་བཞིན། སེམས་ཅན་གྱི་ཁམས་ནི་རྣམ་པ་གཉིས་ཏེ། གདུལ་བྱ་དང་གདུལ་བྱ་མ་ཡིན་པའོ། །
དེ་ལ་གདུལ་བྱ་ནི་དེའི་དབང་དུ་བྱས་ཏེ། པད་མ་ལྟ་བུ་དང༌། ཆུ་དང་སའི་སྣོད་ལྟ་བུའོ། །ཇི་ལྟར་ཉི་མ་འདི་ལ་འོད་སྤྲོ་འདི་ལ་མི་སྤྲོ་སྙམ་པའི་རྟོག་མེད་པར། རང་འོད་ཅིག་ཅར་སྤྲོ་བ་ཡིས། པད་མ་རྒྱས་པར་བྱེད་པ་དང༌། ལོ་ཐོག་གཞན་དག་སྨིན་པར་བྱེད་པ་ལྟར། དེ་བཞིན་དེ་བཞིན་གཤེགས་པ་ཡི། ཉི་མ་དམ་ཆོས་འོད་ཟེར་དག གདུལ་བྱའི་སྐྱེ་བོའི་པད་མ་ལ། རྣམ་པར་རྟོག་པ་མེད་པར་འཇུག ཆོས་དང་གཟུགས་ཀྱི་སྐུ་དག་གིས། བྱང་ཆུབ་སྙིང་པོའི་མཁར་ཤར་བ། ཀུན་མཁྱེན་ཉི་མ་འགྲོ་བར་ནི། ཡེ་ཤེས་འོད་ཟེར་སྤྲོ་བར་མཛད། ཆོས་ཀྱི་སྐུ་ཉིད་དུ་མར་སྣང་བ་ཡང་གང་ཕྱིར་གདུལ་བྱ་དག་པ་ཡི། ཆུ་ཡི་སྣོད་ནི་ཐམས་ཅད་ལ། བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། དཔག་ཏུ་མེད་པ་ཅིག་ཅར་འཆར། དེ་ལྟར་སངས་རྒྱས་རྣམས་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ཡང་སེམས་ཅན་གྱི་ཚོགས་སྐལ་བ་རབ་འབྲིང་ཐ་མ་རྣམ་པ་གསུམ་ལ་ཆོས་སྟོན་པ་དང་གདམ་ངག་འདོམས་པ་འཇུག་པའི་ཚུལ་གྱི་དབང་དུ་བྱ་སྟེ་རི་མཐོ་བ་འབྲིང་བ་དམའ་བ་གསུམ་དང་འདྲ་བ་ཉིད་ནི། རྟག་ཏུ་སེམས་ཅན་གྱི་ཚོགས་ཐམས་ཅད་ལ་ཁྱབ་པ། ཆོས་དབྱིངས་ཀྱི་སྐུ་ནམ་མཁའ་དང་འདྲ་བའི་དཀྱིལ་དུ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཉི་མ་དང་འདྲ་བ་གདུལ་བྱ་ཡི། རི་ལ་ཇི་ལྟར་འོས་ཤིང་རང་རང་གི་སྐལ་བ་དང་འཚམ་པར་འབབ། དེ་ཉིད་བཤད་པ་ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདིར། འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། མཆོག་དང་བར་མ་དམན་པའི་རི་ལ་འབབ་དེ་བཞིན། རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། ཉི་མ་ལས་སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས་པར་གྱུར་པ་སྟོན་པ་ནི། ཞིང་ཀུན་ལ་ཁྱབ་ཅིང་ནམ་མཁའི་མཐར་ཐུག་པར་འོད་སྤྲོ་བ་ཉི་མ་ལ་མེད་ལ། འགྲོ་བ་མི་ཤེས་མུན་པས་བཀབ་པ་རྣམས་ལ་བདེན་གཉིས་ཀྱི་ཤེས་བྱའི་དོན་སྟོན་པ་ཡང་མིན། ཐུགས་རྗེའི་བདག་ཉིད་ནམ་མཁའི་མཐར་ཐུག་པར་སྣ་ཚོགས་མདོག་བཀྱེ་འོད་ཚོགས་ཀྱིས། གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད་དོ་དེ་ཡང་འདི་ལྟར་སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ལོང་བ་རྣམས། མིག་ཐོབ་ནས་གཟུགས་མཐོང་ཞིང་དོན་མེད་སྡིག་པའི་ཚོགས་བྲལ་དགེ་བའི་དོན་སངས་རྒྱས་དེ་མཐོང་བ་ལས་ནི་ཕུན་ཚོགས་མྱོང་བ་དང༌། གཏི་མུག་གིས་མདོངས་སྲིད་པའི་མཚོར་ལྷུང་བདག་ཏུ་ལྟ་བའི་མུན་པས་བསྒྲིབས་པ་རྣམས། སངས་རྒྱས་ཉི་མའི་འོད་ཀྱིས་ཤེས་རབ་ཀྱི་བློ་སྣང་ཞིང་སྔར་མ་མཐོང་བ་ཡི་གནས་ཆོས་སྐུ་མཐོང་བར་འགྱུར་རོ།། ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་ཡིད་བཞིན་ནོར་བུ་ནི། རྟོག་པ་མེད་ཀྱང་དུས་ཅིག་ཅར་དུ། ནོར་བུ་ལ་ལོངས་སྤྱོད་ཡུལ་པའི་ཡུལ་ན་གནས་པ་རྣམས་ཀྱི་ནི། གང་འདོད་ཀྱི་བསམ་པ་ཀུན་སོ་སོར་རྫོགས་པར་བྱེད་པ་ལྟར། དེ་བཞིན་སངས་རྒྱས་ཡིད་བཞིན་ལ། བརྟེན་ནས་སེམས་ཅན་བསམ་པ་ཐ་དད་རྣམས། སྣ་ཚོགས་ཆོས་འདི་ཐོས་གྱུར་ཡང༌། སངས་རྒྱས་དེ་ནི་སེམས་ཅན་དེ་ལ་རྣམ་མི་རྟོག དེ་ཉིད་བཤད་པ་ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། རྣམ་རྟོག་གི་འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། དེ་བཞིན་ཐུབ་པ་ཡང་རྣམ་རྟོག་གི་འབད་མེད་ཇི་ལྟར་འོས་པར་ནི། གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། དེ་བཞིན་གཤེགས་པ་འབྱུང་བ་རྙེད་པར་དཀའ་བ་ཞེས་བྱ་བ་ནི། ཇི་ལྟར་རྒྱ་མཚོ་ས་ན་འོག་ཡོད་པའི་ནང་ན་གནས་པའི་ནོར་བུ་དེ་ལྟ་བུ་སྙིང་ལ་འདོད་པས། བཙལ་ཡང་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་བཟང་པོ་དེ་འདྲ་འགྲོ་འདིར་རབ་རྙེད་དཀའ། དེ་བཞིན་འགྲོ་བ་ཤིན་ཏུ་སངས་རྒྱས་མཐོང་བའི་སྐལ་ངན་ཉོན་མོངས་སྣ་ཚོགས་ཀྱིས་ཟིན་པའི། ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀའ་ཤེས་པར་བྱའོ།། གསུང་གི་གསང་བ་སྒྲ་བརྙན་གྱི་སྒྲ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ་གཞན་གྱི་རྣམ་རིག་ལས་དོན་གོ་བར་བྱེད་པ་བྱུང་བ། སྒྲ་དེ་ལ་རྣམ་རྟོག་མེད་ཅིང་འབད་རྩོལ་གྱི་རང་བཟོ་མེད་པ། ལུས་ཀྱི་ཕྱི་དང་ནང་ན་མི་གནས་ལྟར། དེ་བཞིན་དེ་བཞིན་གཤེགས་པའི་གསུང༌། འདུས་བྱས་ཀྱི་དངོས་པོ་མེད་ཀྱང་སེམས་ཅན་གཞན་གྱི་རྣམ་རིག་ལས་དོན་གོ་བར་བྱེད་པ་བྱུང་པ། གསུང་དེ་རྣམ་པར་རྟོག་པ་མེད་པ་དང་རང་གཟོ་མེད་ཅིང༌། གདུལ་བྱའི་ལུས་ཀྱི་ཕྱི་དང་ནང་ན་ཡོད་པའི་དངོས་པོར་གནས་པ་མ་ཡྀན་ནོ།། སྐུའི་གསང་བ་ནམ་མཁའ་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། དཔེ་ནི་དངོས་པོ་ཅུང་ཟད་མེད་ཅིང་དབང་ཤེས་ལ་སྣང་བ་མེད། དངོས་པོར་དམིགས་པ་མེད་ཅིང་དངོས་པོའི་རྟེན་མེད་པ། གཟུགས་སུ་མེད་པས་མིག་གི་ལམ་ལས་རབ་འདས་པ། གཟུགས་མེད་ཅིང་དངོས་པོར་བསྟན་དུ་མེད་པ་ཡི། མཁའ་ལ་ཇི་ལྟར་མཐོ་དང་དམའ་བའི་དངོས་པོ་ལྟ་བུར་མཐོང་ཡང་དེ་ནི་འདུས་མ་བྱས་ཀྱི་ནམ་མཁའ་དེ་ལྟ་མིན། དེ་བཞིན་དུ་གདུལ་བྱ་ཐམས་ཅད་ཀྱིས་སངས་རྒྱས་ཆོས་ཀྱི་སྐུ་ལ། གཟུགས་སྐུ་སྣ་ཚོགས་ཀྱི་དངོས་པོར་མཐོང་ཡང་དེ་ནི་དེ་ལྟ་མིན་ནོ། ། དངོས་པོར་མ་གྲུབ་ཀྱང་སྐུ་གསུང་ཐུགས་དགེ་བ་ཐམས་ཅད་འཕེལ་ཞིང་གནས་པའི་རྟེན་ས་བཞིན་ཞེས་བྱ་བ་རྒྱས་པར་བཤད་པ་ནི། ཇི་ལྟར་ས་ལས་སྐྱེས་པ་ཀུན། རྟོག་མེད་ས་ལ་རྟེན་ནས་ནི། རྟེན་ནས་སྐྱེ་ཞིང་འཕེལ་བ་དང༌། རྒྱས་དང་བརྟན་དང་ཡངས་པར་འགྱུར་བ་ལྟར། དེ་བཞིན་རྫོགས་པའི་སངས་རྒྱས་པ། རྣམ་རྟོག་མེད་པ་ལ་བརྟེན་ནས་འགྲོ་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ནི། མ་ལུས་པར་ནི་འཕེལ་བ་དང་བརྟན་པ་དང་ཡངས་བར་འགྱུར་རོ། །དཔེ་རྣམས་ཀྱི་མཇུག་བསྡུས་པའི་དོན་ནི། འཇིག་རྟེན་འདི་ན་རྣམ་རྟོག་གི་འབད་རྩོལ་མེད་པར་སུས་ཀྱང་བྱ་བ་འགའ་ཡང༌། བྱེད་པ་མཐོང་བ་མེད་དོ་སྙམ་ནས་ལོག་པར་འཛིན་པ་དེ་བས་ན། གདུལ་བྱའི་རྣམ་རྟོག་མེད་པར་བྱ་བ་བྱེད་པ་མི་སྲིད་སྙམ་པའི་ཐེ་ཚོམ་དེ་དག་བཅད་པའི་ཕྱིར། རྣམ་རྟོག་དང་འབད་རྩོལ་མེད་ཀྱང་དགེ་བ་སྒྲུབ་པ་དང་མི་དགེ་བ་སེལ་བའི་བྱ་བ་སྣ་ཚོགས་ལྷུན་གྲུབ་ཏུ་བྱེད་པའི་དཔེ་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པ་རྣམས་དགུ་ནི་བསྟན་པ་ཡིན། མདོ་སྡེ་གང་དུ་དཔེ་དགུ་པོ་འདི་དག རྒྱས་པར་རབ་ཏུ་བསྟན་གྱུར་པ། མདོ་སྡེ་ཡི་ནི་མིང་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཞེས་པ་དེ་ཉིད་ཀྱིས། དཔེ་དེའི་དགོས་པ་བསྟན་པ་དག་གང་ཡིན་ན་ཐོས་པ་ལས་བྱུང་བའི་ཤེས་པ་ཀུན་གྱི། སྣང་བ་རྒྱ་ཆེན་འདིས་བརྒྱན་པའི། བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། སྤྱོད་ཡུལ་ཟབ་མོ་ཀུན་ལ་འཇུག་པར་འགྱུར། དཔེ་དེ་རྣམས་ཀྱི་ངོ་བོའི་དོན་བཻཌཱུར་བརྒྱ་བྱིན་གྱིས། གཟུགས་བརྙན་ལ་སོགས་དཔེ་དག་ནི། རྣམ་པ་དགུ་བརྗོད་དེ་ལ་ནི། དཔེ་དེ་ཡི་བསྡུས་དོན་ངེས་པར་གཟུང༌། སྐུ་སྟོན་དང་གསུང་དང་ཐུགས་ཁྱབ་པ་དང༌། སྤྲུལ་དང་ཡེ་ཤེས་སྤྲོ་བ་དང༌། ཐུགས་གསུང་སྐུ་ཡི་གསང་བ་དང༌། ཐུགས་རྗེ་བདག་ཉིད་ཐོབ་པས་དང་འདྲ་བ་ཉིད། (འདི་ནས་ཡིག་འབྲི་ཁ་ཤས་མི་གསལ།)ལོངས་སྤྱོད་ཀྱི་རྒྱུན་དུས་ཀུན་ཏུ་གནས་ཤིང་སྐྱོན་ཐམས་ཅད་རབ་ཏུ་ཞི་བ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཐུགས། ཡིན་པའི་ཕྱིར་ནི་དཔེ་དྲི་མེད་བཻཌཱུར་བརྒྱ་བྱིན་གྱི། གཟུགས་བརྙན་ཤར་བ་ལ་སོགས་བཞིན། དེ་ལ་དམ་བཅའ་དང་གཏན་ཚིགས་དང་དཔེ་གསུམ་ནི་རིམ་པ་ལྟར་ལོངས་སྤྱོད་ཞི་བ་དམ་བཅས་ཏེ། རྟོག་མེད་ཐུགས་ནི་གཏན་ཚིགས་སོ། །དམ་བཅའི་རང་བཞིན་གྱི་དོན་ནི་གཏན་ཚིགས་ཀྱིས་གྲུབ་དོན་དུ། དཔེ་བཀོད་པ་ནི་བརྒྱ་བྱིན་གཟུགས་སོགས་བཞིན། འདིར་ནི་སྐབས་སུ་བབ་པའི་དོན་འདི་ཡིན་ཏེ། སྐུ་སྟོན་པ་ལ་སོགས་རྣམ་དགུ་ནི། སྐུ་སྟོན་པ་སྐྱེ་འཆི་དང་བྲལ་བ། རྣམ་རྟོག་གི་འབད་པ་མེད་པར་རབ་འཇུག་པའོ།། དོན་འདི་སྟོན་པ་ཉིད་ཀྱི་དབང་དུ་བྱས་ཏེ། དཔེ་བསྡུས་པ་ལ་ཚིགས་སུ་བཅད་པ་བཞི་སྟེ། གང་ཞིག་བརྒྱ་བྱིན་དང་རྔ་དང་སྤྲིན་བཞིན་དང༌། ཚངས་པ་དང་ཉི་མ་དང་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། སྒྲ་བརྙན་དང་ནམ་མཁའ་དང་ས་གཞི་བཞིན་དུ་སྲིད་པའི་བར། རྣམ་རྟོག་གི་འབད་མེད་ལྷུན་གྲུབ་ཏུ་གཞན་དོན་བྱེད་དེ་གང་གིས་རིག་ན་སྤྲོས་མེད་ཀྱི་རྣལ་འབྱོར་གྱིས་རིག་གོ། །སྐུ་རྟོག་པ་མེད་ཀྱང་རིན་ཆེན་བཻཌཱུར་ལ་ལྷ་དབང་གི་གཟུགས་སྣང་བ་བཞིན་དུ་སྟོན་པ་སྟེ། གསུང་རྟོག་པ་མེད་ཀྱང་ཆོས་ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། ཐུགས་རྟོག་པ་མེད་ཀྱང་ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་དང་འདྲ་བ་ནི། མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། རྟོག་པ་མེད་ཀྱང་ཆོས་སྐུའི་རྣམ་འགྱུར་ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། རྟོག་པ་མེད་ཀྱང་་ཉི་མ་བཞིན་དུ་ཡེ་ཤེས་སྣང་བ་འཕྲོ་བ་གང༌། རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་འདུས་བྱས་ཀྱི་ཡི་གེ་མེད། སྐུ་ནི་དང་ཞིང་ཐོགས་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་དང་གཟུགས་ཀྱི་དངོས་མེད་རྟག་པ་འདུས་མ་བྱས་པ་ཉིད་ཡིན་ཀྱང༌། ས་བཞིན་འགྲོ་བའི་དཀར་པོ་དགེ་བའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་པ་ཡིན་ནོ། །
ཡང་འགའ་ཞིག་ན་རེ་ཇི་ལྟར་ན་དཔེ་བརྗོད་པ་དགུ་པོ་འདིས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་འདུས་མ་བྱས་པས་སྐྱེ་བ་མེད་ཅིང་སྣ་ཚོགས་སོགས་སུ་སྣང་བས་འགག་པ་མེད་པ་ཡིན་ཡང་སེམས་ཅན་གྱིས་སྐྱེ་བ་དང་འགག་པར་མཐོང་བ་དང༌། འདི་དག་གིས་སངས་རྒྱས་ཀྱི་ཕྲིན་ལས་འགྲོ་བ་ཐམས་ཅད་དུ་རྣམ་རྟོག་མེད་པར་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་ཇི་ལྟར་བསྟན་པ་ཡིན་ཞེ་ན། དད་སོགས་ཀྱི་དགེ་བ་བཻཌཱུརྱ་འདྲ་ཡི། སེམས་ལ་སངས་རྒྱས་མཐོང་བའི་རྒྱུ་ནི་སངས་རྒྱས་དེ་དག་ལ་ནི་མི་བཟློགས་པའི། དད་པའི་དབང་པོ་རྟས་པ་ཉིད། དད་སོགས་ཀྱི་དགེ་བ་ལ་ལ་ལ་སྐྱེ་དང་ལ་ལ་ལ་འཇིག་པས་ན་རིམ་པ་ལྟར་སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག་པར་སྣང་ཡང་རང་གི་ངོ་བོ་གཟུགས་བརྙན་མེད་ཀྱང་བརྒྱ་བྱིན་ཡོད་པ་བཞིན་དུ་ཤཱཀྱ་ཐུབ་པ་ནི། ཆོས་ཀྱི་སྐུ་ཡིས་སྐྱེ་འཇིག་གི་དངོས་པོ་མེད། དེ་བཞིན་དུ་ནི་རྟོག་པ་དང་དེས་བསྐྱེད་པའི་འབད་པ་མེད་པར། སྐུ་གསུམ་ནི་སྐུ་གསུང་ཐུགས་ཡིན་པའི་ཕྱིར་སྐྱེ་མེད་འགག་མེད་ཆོས་སྐུ་ཐུགས་ལས། སྲིད་པ་ཇི་སྲིད་གནས་བར་དུ། སྐུ་སྟོན་པ་དང་གསུང་རྗེས་སུ་བསྟན་པ་ལ་སོགས་མཛད་པ་འཇུག དཔེ་འདི་རྣམས་ཀྱིས་བསྡུས་པ་ཡི། དོན་ནི་འདི་ཡིན་དཔེ་དོན་ཆོས་མཐུན་པའི་ཆ་དང་མི་མཐུན་པའི་ཆའི་རིམ་པ་ཡང༌། རྣམ་རྟོག་མེད་པའི་སྒོ་ནས་སྔ་མ་མཐུན་པའི་ཆ་དང་ཕྱི་མས་ཆོས་མི་མཐུན་པའི་ཆ་ནི་དབྱངས་དང་མི་ལྡན་པ་སྤངས་པ་ལ་སོགས་པའི་སྒོ་ནས་བརྗོད་པ་ཡིན། ལྷུམས་སུ་ཞུགས་པར་ལ་སོགས་པར་སྣང་ཡང་དེ་དང་དེའི་དངོས་པོར་མེད་པའི་ཕྱིར་སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། དབྱངས་དང་མི་ལྡན་དེ་འདྲ་མིན། ལྷའི་རྔ་བཞིན་ཡུལ་དུས་ཐམས་ཅད་དུ། དོན་བྱེད་མིན་པ་དེ་འདྲ་འང་མིན། སྤྲིན་ཆེན་དང་མཚུངས་དོན་མེད་པ་ཉོན་མོངས་པའི། ས་བོན་སྤོང་མིན་དེ་འདྲ་འང་མིན། ཚངས་ཆེན་བཞིན་དུ་དུས་གཏན་དུ་ནི། སྨིན་པར་བྱེད་མིན་དེ་འདྲ་མིན། ཉི་མའི་གཟུགས་བཞིན་དུས་གཏན་དུ་ཉིན་མཚན་ཀུན་དུ་ནི། མ་རིག་པའི་མུན་པ་འཇོམས་མིན་དེ་འདྲ་མིན། ཡིད་བཞིན་ནོར་འདྲ་འབྱུང་བ་ནི། སངས་རྒྱས་ལ་ལྟོས་ནས་རྙེད་པར་མི་དཀའ་དེ་འདྲ་མིན། སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། བྱུང་བ་དེ་དང་འདྲ་བའང་མིན། ནམ་མཁའ་དང་འདྲ་དགེ་བ་འཕེལ་བ་བརྟེན་པ་ཡངས་པ་ཡི། གཞི་བྱེད་པ་མེད་པ་དེ་དང་འདྲ་བའང་མིན་ནོ། །དེའི་ཕྱིར་འཇིག་རྟེན་འཇིག་རྟེན་ལས་འདས་པ། འགྲོ་བའི་ཕུན་ཚོགས་མ་ལུས་པ། དེ་རྣམས་གནས་པ་དང་རྒྱས་པ་དང་ཡངས་པར་འགྱུར་པ་ཡི་རྟེན་ཡིན་ཕྱིར། ས་ཡི་དཀྱིལ་འཁོར་དག་དང་འདྲ། དག་རྒྱུ་དྲི་བཅས་ཀྱི་སངས་རྒྱས་དང་དག་པའི་རྐྱེན་བྱང་ཆུབ་དང་ཡོན་ཏན་དང་འཕྲིན་ལས་ཏེ་དེ་དག་ལ་བརྟེན་ནས། འཇིག་རྟེན་འདས་པའི་ལམ་འབྱུང་བའི་ཕྱིར་དང༌། འཇིག་རྟེན་པའི་དགེ་བའི་ལས་ལམ་བཅུ་དང་བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང་གཟུགས་མེད་པ་བཞི་འབྱུང་བའི་ཕྱིར། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་བསྟན་པ་ལས། དོན་གྱི་སྐབས་དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ། ལེའུ་བཞི་པའོ།། །།མདོར་བསྟན་གྱི་ཚིགས་སུ་བཅད་པའི་དོན་གྱིས་བསྡུས་པའི་དོན་རྒྱས་པར་བཤད་པ་རྫོགས་སོ།། །།
འདི་ཕན་ཆད་ནི་སྔར་ཇི་སྐད་བཤད་པའི་རྡོ་རྗེའི་གནས་ཁམས་དང་བྱང་ཆུབ་དང་ཡོན་ཏན་དང་འཕྲིན་ལས་རྒྱུ་རྐྱེན་བཞི་པོ་འདི་དག་ཉིད་ལ་གཞན་ལས་ལྷག་པར་ཇི་སྐད་བསྟན་པ་ལྟར་ཡོད་པར་མོས་པ་རྣམས་ཀྱི་ལྷག་པར་མོས་པའི་ཕན་ཡོན་གྱི་མདོར་བསྟན་པའི་ཚིགས་སུ་བཅད་པ་དྲུག་གོ། །གནས་བཞི་པོ་ནི་སངས་རྒྱས་ཁམས་དང་དེ་དག་པ་སངས་རྒྱས་བྱང་ཆུབ་དང༌། དེའི་ཡོན་ཏན་སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། དག་པ་ས་ཆེན་པོ་ལ་གནས་པའི་སེམས་ཅན་གྱིས་ཀྱང་སངས་རྒྱས་བཞིན་དུ་བསམ་བྱ་མིན། འདི་ནི་འདྲེན་པ་སངས་རྒྱས་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་སྤྱོད་ཡུལ་ཡིན། བློ་ལྡན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཡུལ་བཞི་པོ་འདི་ལ་ལྷག་པར་མོས་པས། བདེ་གཤེགས་སྙིང་པོ་ལ་མོས་པ་ཁོ་ནའི་ཕན་ཡོན་སངས་རྒྱས་ཡོན་ཏན་སྣོད་ཀྱི་ཚོགས་འགྱུར་ཏེ། བསམ་གྱིས་ཁྱབ་པ་མེད་པའི་ཡོན་ཏན་རྫོགས་ལ་མངོན་པར་དགའ་བ་དེས། འཇིག་རྟེན་པ་དང་ཉན་རང་གི་སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། ཐེག་ཆེན་གྱི་ཤེས་རབ་འདིས་མ་ཟིན་པའི་གང་ཟག་གང་ཞིག་བསམ་པ་བྱང་ཆུབ་དོན་དུ་གཉེར་བས་སྦྱིན་བྱའི་དངོས་པོ་གསེར་ཞིང་ནོར་བུས་སྤྲས་པ་གང་དག་གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲན་དང་མཉམ་པ་དེ་ཡང་ཉིན་རེ་སྦྱིན་པའི་ཡུལ་ཆོས་རྒྱལ་སངས་རྒྱས་རྣམས་ལ་དུས་རྟག་ཏུ་འབུལ་ལ། གཞན་གང་སྙིང་པོ་སྟོན་པའི་མདོ་བསྟན་བཅོས་འདི་ལས་གནས་བཞི་པོ་སྟོན་པའི་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་བདེ་གཤེགས་སྙིང་པོ་ལ་ཡིད་ཆེས་ཤིང་མོས་ན་འདི། ཤེས་རབ་འདིས་མ་ཟིན་པའི་སྦྱིན་པ་ལས་བྱུང་དགེ་བ་དེ་ལས་དོན་དམ་པའི་བསོད་ནམས་ཆེས་མང་བ་ཕྱིས་མྱུར་དུ་ཐོབ་པར་འགྱུར། བློ་ལྡན་གང་ཞིག་བསམ་པ་བླ་མེད་བྱང་ཆུབ་འདོད་པས་དུས་བསྐལ་པ་དུ་མར་ཡང༌། ལུས་ངག་ཡིད་ཀྱིས་གོམས་པ་ངང་དུ་གྱུར་པས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་བསྲུང་བྱེད་ལ། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་མྱུར་དུ་ཐོབ་པར་འགྱུར། གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། ལྷའི་གནས་བསམ་གཏན་བཞི་དང་ཚངས་པའི་གནས་པ་ཚད་མེད་བཞིའི་མཐར་ཐུག་པར་སོན་པ་བསམ་པ་རྫོགས་པའི་བྱང་ཆུབ་འཕོ་མེད་ཐོབ་པའི་ཐབས་ལ་དམིགས་ནས་བསྒོམ་ལ། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། བསམ་གཏན་བསྒོམས་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་ད་གཟོད་ཐོབ་པར་འགྱུར། རྒྱུ་མཚན་གང་གི་ཕྱིར་ན་ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་པས་འཁོར་བར་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། ཤེས་རབ་འདིས་མ་ཟིན་པའི་ཁྲིམས་ཀྱིས་མཐོ་རིས་ཐོབ་པ་དང་བསྒོམས་པས་ཉོན་མོངས་ཙམ་སྤོང་བར་བྱེད་ཅིང་ཉན་རང་ཙམ་ཐོབ་པར་བྱེད་ལ། ཤེས་རབ་སྙིང་པོ་འདིས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཀུན་སྤོང་སངས་རྒྱས་ཐོབ་པ་དེ་ཡི་ཕྱིར། ཤེས་རབ་འདི་མཆོག་ཉིད་དེ་ཤེས་རབ་དེའི་རྒྱུ་ནི་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་བསྟན་བཅོས་འདི་ཐོས་པ་ཡིན་ནོ། །
ཚིགས་སུ་བཅད་པ་འདི་རྣམས་ཉིད་ཀྱི་བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་དགུས་བསྟན་པར་རིག་པར་བྱ་སྟེ། དྲི་བཅས་ཀྱི་གནས་དང་དེ་ནི་ཡོངས་སུ་གྱུར་པ་བྱང་ཆུབ་དང༌། དེ་ཡི་ཡོན་ཏན་དང་གཞན་གྱི་དོན་སྒྲུབ་པ་ཕྲིན་ལས་སྟེ། གཙང་བདག་བདེ་དང་རྟག་པར་རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ། རྣམ་པ་བཞི་སྔར་ཇི་སྐད་བརྗོད་པ་འདི་ལ། བློ་ལྡན་གྱིས་བཞི་པོ་དེ་ཡོད་པ་དང་ཡོད་པ་དེ་ཐོབ་པར་ནུས་པ་ཉིད་དང༌། ཐོབ་ནས་རང་ཉིད་ཡོན་ཏན་དེ་རྣམས་དང་ལྡན་པར་མོས་པ་དེ་འདྲའི་བློ་ཡོད་པས་ན། མྱུར་དུ་དེ་བཞིན་གཤེགས་པ་ཡི། གོ་འཕང་འཐོབ་པའི་སྐལ་ལྡན་འགྱུར། རྟོག་གེས་བསམ་མི་ཁྱབ་པའི་ཡུལ་བཞི་པོ་འདི་ནི། ངེས་པར་དོན་དམ་དུ་ཡོད་པ་དང་བྱང་སེམས་བདག་འདྲས་ཐོབ་པར་ཡང་ནུས་པ་དང༌། ཐོབ་པ་དེ་ནས་འདི་འདྲའི་ཡོན་ཏན་དང༌། ལྡན་པར་ངེས་ཞེས་དད་པས་ལྷག་པར་མོས་པའི་ཕྱིར། འདུན་པ་དང་བརྩོན་འགྲུས་དང་དྲན་པ་དང་བསམ་གཏན་དང༌། ཤེས་རབ་ལ་སོགས་ས་ལམ་དང་སའི་ཡོན་ཏན་གྱི་སྣོད་དུ་གྱུར་པས། བྱང་ཆུབ་དེ་ཐོབ་འདོད་ཀྱི་སེམས་ནི་དེ་དག་ལ། རྟག་ཏུ་ཉེ་བར་གནས་ཤིང་འཕེལ་པར་བར་འགྱུར། བྱང་ཆུབ་ཀྱི་སེམས་དེ་ནི་རྟག་ཏུ་ཉེར་གནས་པས། རྒྱལ་བའི་སྲས་པོ་འཁོར་བ་དང་ཉན་རང་དུ་ཕྱིར་མི་ལྡོག་གོ། །
ཕར་ཕྱིན་ལྔས་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང༌། ཤེས་རབ་ཀྱི་ཕར་ཕྱིན་གྱིས་གཙང་བ་དམ་པ་ལ་སོགས་པར་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ།། བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ། དེ་ལ་ཤེས་རབ་ཀྱིས་རྣམ་པ་གསུམ་དུ་རྟོག་པ་མེད་པས། རིམ་པ་ལྟར་བསོད་ནམས་དེ་རྫོགས་པ་བསོད་ནམས་དང་ཡོངས་སུ་དག་པའི་ཡེ་ཤེས་ནི། ཕར་ཕྱིན་དྲུག་པོ་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་སྤངས་པའི་ཕྱིར་རོ།། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱིས་ཀྱང་སྦྱིན་པ་བསྡུས་པས་ཏེ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱིས་ཀྱང་ཚུལ་ཁྲིམས་བསྡུས་པ་ཡིན། བཟོད་དང་བསམ་གཏན་གཉིས་ནི་སྔ་མ་གཉིས་དག་དང༌། བསྒོམས་བྱུང་ཡང་ཡིན་ལ་བརྩོན་འགྲུས་ནི་གསུམ་པོ་ཀུན་ཏུ་འགྲོ། ཤེས་རབ་ཀྱི་མི་མཐུན་ཕྱོགས་འཁོར་གསུམ་རྣམ་པར་རྟོག་པ་གང་ཡིན་པ། དེ་ནི་ཆོས་སྐུ་གཙང་བ་དམ་པ་ལ་སོགས་སུ་ཤེས་བྱའི་སྒྲིབ་པར་འདོད། ཕར་ཕྱིན་ལྔའི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་རྣམ་རྟོག་གང་ཡིན་པ། དེ་ནི་ཉོན་མོངས་སྐྱེ་འཆིའི་སྡུག་བསྔལ་མེད་པ་ལ་སྒྲིབ་པར་འདོད། སྒྲིབ་པ་དེ་གཉིས་ཀྱི་གཉེན་པོ་ཤེས་རབ་ལས་གཞན་སྒྲིབ་པ་གཉིས་པོ་འདི་དག་ནི། གཅིག་ཆར་དུ་སྤོང་བར་བྱེད་ནུས་པའི་རྒྱུ་གཞན་མེད་པ་དེ་ཡི་ཕྱིར། ཕར་ཕྱིན་ལྔ་ལས་ཤེས་རབ་མཆོག་ཡིན་ཤེས་རབ་དེ་འབྱུང་བའི་གཞི་ནི། འདི་ཐོས་པ་ཡིན་པ་དེ་ཕྱིར་བསོད་ནམས་སྔ་མ་གསུམ་ལས་འདི་ཐོས་ནས་མོས་པ་བསོད་ནམས་མཆོག་གོ།། དེ་ལྟར་གང་ལ་བརྟེན་ནས་བཤད་ན་ཡིད་ཆེས་ལུང་དང་རིགས་པ་ལ་བརྟེན་ནས་བཤད་རྒྱུ་མཚན་གང་གི་ཕྱིར་བཤད་ན་བདག་ཉིད་འབའ་ཞིག་དག་ཕྱིར་དང༌། གང་དག་འདི་ལ་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་ཅན། དེ་དག་བསྟན་བཅོས་འདིས་རྗེས་སུ་བཟུང་བར་བྱ་བའི་ཕྱིར་གནས་བདུན་པོ་འདི་བཤད་དོ། །ཇི་ལྟར་བུར་བཤད་ན་སྒྲོན་མ་དང་གློག་དང་ནོར་བུ་དང་ཉི་མ་དང་ཟླ་བའི་འོད་ལ། བརྟེན་ནས་མིག་དང་ལྡན་པ་གཟུགས་བལྟ་བ་བཞིན། དེ་བཞིན་དུ་གང་བཤད་ན་རང་གཞན་གྱི་དོན་ཆེན་པོ་ཆོས་དང་དོན་དང་ངེས་པའི་ཚེ་སྤོབས་པ་སོ་སོར་ཡང་དག་པར་རིག་པའི་འོད་མཛད་པ། ཐུབ་ལ་བརྟེན་ནས་རྒྱུད་བླ་མ་འདི་ནི་རབ་ཏུ་བཤད། སངས་རྒྱས་ཀྱི་གསུང་གང་ཞིག་དོན་གཉིས་དང་ལྡན་པའི་ཆོས་དང་ཉེར་འབྲེལ་ཞིང༌། ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་ཐམས་ཅད་སྤོང་བྱེད་གསུང༌། ཞི་བ་ཐར་བའི་ཕན་ཡོན་སྟོན་པར་མཛད་པ་གང་ཡིན་པ། དེ་ནི་དྲང་སྲོང་སངས་རྒྱས་རྣམས་ཀྱི་གསུང་ཡིན་ལ་དེ་ལས་བཟློག་པ་གཞན། སངས་རྒྱས་ཀྱི་གསུང་དེའི་རྒྱུ་དེའི་རྒྱུ་མཐུན་པ་གང་ཞིག་རྒྱལ་བ་སངས་རྒྱས་ཀྱིས་སྟོན་པ་འབའ་ཞིག་གི། དབང་དུ་བྱས་ཤིང་དེ་དང་མྀ་མཐུན་པ་དོན་ཕྱིན་ཅི་ལོག་ཏུ་སྨྲ་བའི་རྣམ་གཡེང་མེད་པ་ཡིད་ཅན་གྱིས་བཤད་པའི་བསྟན་བཅོས། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། དེ་རྣམས་དང་བསྟན་བཅོས་འདི་ཡང་དེ་ལྟ་བུ་ཡིན་པས་དྲང་སྲོང་སངས་རྒྱས་ཀྱི་བཀའ་བཞིན་དད་པའི་སྤྱི་བོས་དང་དུ་བླངས། དགོས་སོ་དེ་ལྟར་བྱས་པས་བདག་ཉིད་དག་པའི་རྒྱུ་གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་རེ་ཙམ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། བདེན་གཉིས་ཀྱི་ཆོས་མ་ལུས་པའི་དེ་ཉིད་མཆོག་ནི་ཡིན་ལུགས་ཀྱི་ཚུལ་བཞིན་ཀུན་མངོན་སུམ་མཁྱེན་གྱིས་དུ་མཁྱེན་ཞིང་གཞན་གྱིས་མཁྱེན་པ་མིན་པ། དེ་ཕྱིར་དྲང་སྲོང་སངས་རྒྱས་རང་ཉིད་ཀྱིས་རྣམ་བཞག་ཇི་ལྟར་མཛད་པའི་མདོ་སྡེ་གང་ཡིན་དེ་དྲང་དོན་དང་ངེས་དོན་གྱི་རིམ་པ་མི་དཀྲུག དཀྲུགས་ན་ཅིར་འགྱུར་ན་ཐུབ་ཚུལ་བཤིག་ཕྱིར་གང་ཟག་དེ་ཡང་དོན་དམ་པའི་ཆོས་དར་བ་ལ་ནི་སྒྲུབ་པའི་གནོད་པ་བྱེད་པར་པོར་འགྱུར་རོ།། ལོག་ལྟ་ལ་ཞེན་པའི་ཉོན་མོངས་པས་རྨོངས་པའི་བདག་ཉིད་རྣམས་ཀྱིས་འཇིག་རྟེན་ལས་འཕགས་བདེར་གཤེགས་སྙིང་པོ་ལ་དོན་དམ་པར་ཡང་དག་གནོན་ཡང་མེད་ཅེས་བསྐུར་བ་དང༌། སྙིང་པོ་དེས་གསུངས་པའི་ཆོས་འདི་ལྟ་བུ་ལ་བརྙས་ཤིང་མདོ་སྡེ་དཀྲུག་པ་གང་ཡིན་པ་དེ་ཀུན་དོན་དམ་དུ་བདེར་གཤེགས་སྙིང་པོ་ཆད་པར་ཞེན་པའི་ཆད་ལྟས་བྱས་པ། དེས་ན་ཆད་པར་ཞེན་པ་ལྟ་བ་ངན་པའི་དྲི་མ་ཆེན་པོ་དེ་ལ་རང་གི་བློ་མི་སྦྱར། བ་ཤིན་ཏུ་གལ་ཆེ་སྟེ་དཔེར་ན་གོས་གཙང་མ་ཚོན་གྱིས་ཁ་དོག་རྣམ་པར་བསྒྱུར་དུ་རུང་གི་སྣུམ་གྱིས་གོས་པ་བསྒྱུར་དུ་རུང་བ་མིན། པ་ལྟར་རོ་སྙིང་པོ་འདི་མེད་པར་ལྟས་ན་ཆོས་སྤོང་ཡིན་པས་གསོར་མི་རུང་བའི་དོན་ཆོས་སྤོང་གི་རྒྱུ་བཅུ་ནི་འདིར་གསུངས་པ་འདི་ལྟ་སྟེ་བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་སྙམ་དུ་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། དམ་ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་དགོངས་འགྲེལ་གྱི་མདོར་བཀའ་འཁོར་ལོ་དང་པོ་གཉིས་དྲང་དོན་དང་གསུམ་པ་ངེས་དོན་དུ་དྲང་སྲོང་རང་ཉིད་ཀྱིས་བཞག་པ་དེ་དཀྲུགས་ནས་དེང་སང་བར་པ་དྲང་དོན་དེ་ཉིད་ངེས་དོན་དུ་འཛིན་ཞིང་གསུམ་པ་ངེས་དོན་དེ་ཉིད་དྲང་དོན་དུ་འཛིན་པའི་ཕྱིར། རྙེད་ལ་བརྐམ་ཕྱིར་ལྟ་ངན་བའི་དབང་དུ་སོང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། ཆོས་འཛིན་སྲིངས་ཕྱིར་མོས་པ་དམན་ཕྱིར་རྒྱུ་བཅུ་པོ་འདི་ལས་རེ་རེའམ་ཕལ་ཆེར་འཛོམས་ནས་དགྲ་བཅོམ་རྣམས་ཀྱི་སྙིང་པོའི་ཆོས་འདི་སྤོང་བར་བྱེད། པ་ཡོད་དེ་ཉེས་དམིགས་ཤིན་ཏུ་ཆེའོ་ཇི་ལྟར་ཟབ་མོའི་ཆོས་འདི་ལ་ཡིད་ཆེས་པ་ལས་ཉམས་པ་ཉེས་པ་ཆེ་བ་དེ་བཞིན་ཚེ་ཕྱི་མིའི་ཉེས་དམིགས་ཆེ་ཆུང་ལ་བསྟེན་པ་དང་དེ་འཛིན་པའི་གང་ཟག་རྒྱང་སྲིངས་པ་དང༌། དེ་དང་དེའི་ཕྱོགས་ཀྱི་ཆོས་དང་གང་ཟག་ལ་མོས་པ་དམན་པའི་ཕྱིར་ཆོས་འདི་སྤོང་བའི་ལས་སོག་པར་སྣང་ངོ་མཁས་པ་རྣམས་ཀྱིས་ཚེ་འདིའི་གནོད་པ་མེ་དང་ནི། མི་བཟད་སྦྲུལ་གདུག་དང་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། མེ་དང་སྦྲུལ་དང་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། འདིར་སྲོག་དང་བྲལ་བ་ཙམ་དེ་ལས་ཕྱི་མ་མནར་མེད་རྣམས་ཀྱི་དམྱལ་བའི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་རོ།། མཚམས་མེད་བྱེད་པའི་གང་ཟག་གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་དཀྲོངས་སྙམ་པའི་ངན་སེམས་ལྡན་འགྱུར་དང༌། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དགེ་བའི་བྱ་བ་མིན་པ་ཚབས་ཆེན་བྱེད་པ་དང་དགེ་འདུན་མཆོག་གི་ཚོགས་དབྱེན་གྱིས་འབྱེད་པའི་མི། དེ་ལྟ་བུའི་སྡིག་ཅན་ཡང་བདེ་གཤེགས་སྙིང་པའི་ཆོས་ཉིད་ལ་དད་ཅིང་ཡིད་ཆེས་ནས་ཤེས་རབ་གསུམ་གྱིས་ངེས་པར་བསམས་པས་མྱུར་དུ་སྡིག་པའི་ལས་ཚབས་ཆེན་དེ་ལས་ཐར་འགྱུར་གྱི། ཆོས་སྤོང་བའི་གང་ཟག་གང་ཞིག་ཡིད་ནི་སྙིང་པོའི་ཆོས་འདི་ལ་སྡང་བ་སྐྱབས་ཐམས་ཅད་དང་བྲལ་ནས་སྐྱབས་མེད་གྱུར་པ་དེ་ལ་ཐར་པ་ག་ལ་ཡོད། དཀོན་མཆོག་གསུམ་དང་རྣམ་པར་བྱང་ཁམས་དང་དེ་དྲི་མེད་བྱང་ཆུབ་དང་ཡོན་ཏན་སྟོབས་སོགས་ཕྲིན་ལས་ཏེ། ཡང་དག་པར་དོན་ལ་གནས་པ་རྣམ་པ་བདུན་པོའི་ཚུལ་ཡིན་ལུགས་བཞིན་བཤད་ལས་བྱམས་མགོན་བདག་གིས་དགེ་བ་གང་ཐོབ་པ། དགེ་བ་དེས་ནི་འགྲོ་བ་འདི་རྣམས་ཐམས་ཅད་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མངོན་སུམ་དུ་མཐོང་ཞིང༌། མཐོང་ནས་ཀྱང་ནི་འཕགས་པའི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་རྫོགས་པར་ཐོབ་པར་ཤོག དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ་ཞེན་པ་ནས་འདིའི་པར་གྱི་ཚིགས་སུ་བཅད་པ་བཅུ་པོ་འདི་དག་གིས་བརྗོད་བྱར་བསྡུས་པའི་དོན་ཡང་ས་བཅད་ཀྱི་ཚིགས་སུ་བཅད་པ་འོག་མ་འདི་གསུམ་གྱིས་རིག་པར་བྱ་སྟེ། དེ་ལྟར་ཡིད་ཆེས་ལུང་དང་ཞེས་སོ། །གང་ལས་བདག་ཉིད་འབའ་ཞིག་དག་གི་ཕྱིར་དང་ཞེས་སོགས་རྒྱུ་མཚན་གང་ཕྱིར་ན། ཇི་ལྟར་སྒྲོན་གློག་ཅེས་སོགས་ཇི་ལྟ་བུར་ནི་གང་བཤད་དང༌། གང་ཞིག་དོན་ལྡན་ཆོས་དང་ཞེས་སོགས་རྒྱུ་མཐུན་པ་ནི་དེ་ཡྀན་ཏེ། དེ་རྣམས་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གང་ཕྱིར་རྒྱལ་ལས་ཆེས་མཁས་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་བདག་ཉིད་དག་པ་ཡི། ཐབས་དང་བློ་དམན་ཕྱིར་དང་ཞེས་སོགས་ཚིགསབཅད་གཅིག་གིས་སྙིང་པོའི་ཆོས་འདི་ལ་དད་པ་ལས་ཉམས་པའི་རྒྱུ་བཅུ་བསྟན་ཏོ། །
དེ་ནས་ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་སོགས་ཚིགས་སུ་བཅད་པ་ནི། གཉིས་ཀྱིས་ཆོས་འདི་སྤངས་པའི་འབྲས་བུ་བསྟན་པ་ཡིན། གནས་སྐབས་སུ་སྣང་བ་མཐའ་ཡས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་མིག་དྲི་མེད་སྐྱེས་པའི་བཟོད་པ་དང༌། མཐར་ཐུག་བྱང་ཆུབ་ཐོབ་པ་དེར་དགེ་བའི་ཆོས་བསྔོ་བར་བརྗོད་པ། འདི་མདོར་བསྡུ་ན་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམ་པ་གཉིས། ཚིགས་སུ་བཅད་པ་བཅུའི་ཐ་མ་དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཅེས་པ་ཡིས་ནི་བསྟན་པ་ཡིན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གསུམ་གྱི་རིགས་རྣམ་པར་དབྱེ་བ་བསྟན་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དམ་པའི་ཆོས་ལ་ལྷག་པར་མོས་པའི་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ། ལེའུ་ལྔ་པའོ།། །།ཚིགས་སུ་བཅད་པ་དྲུག་པོའི་དོན་གྱིས་མདོར་བསྡུས་པའི་རྒྱས་པར་བཤད་པ་དང་བཅས་པ་རྫོགས་སོ། །འགྲེལ་བ་མཛད་པ་པོའི་བསྔོ་བ།
ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །
བསམ་ཡས་བསོད་ནས་བདག་གིས་གང་ཐོབ་པ། །
བསོད་ནམས་དེས་ན་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །
རིན་ཆེན་དྲི་མ་མེད་པ་འདི་ཉམས་སུ་ལེན་པའི་སྣོད་དུ་གྱུར་ཅིག །
ཕན་ཡོན་གྱི་ལེའུ་འདིར་མོས་པའི་ཕན་ཡོན་ཤིན་ཏུ་ཆེ་བ་དང་མ་དད་ཅིང་མ་མོས་ལ་ཡིད་མ་ཆེས་ན་དེ་སྤངས་པའི་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པ་ནི་སྤྱིར་དམ་པའི་ཆོས་བླངས་པ་དང་དོར་བའི་ཁེ་ཉེན་ཡང་སྟོན་མོད་ཀྱི་སྐབས་སུ་བབ་པའི་ཁེ་ཉེན་གཙོ་བོར་སྟོན་པ་མཁས་པ་ཐམས་ཅད་ཀྱི་ལུགས་ཡིན་པས་རྣམ་བཞག་རྣམ་པ་བཅུ་དང་རང་བཞིན་རྣམ་པ་གསུམ་གྱི་ངོ་བོ་དེ་བཞིན་གཤེགས་པའི་སྙིང་པོ་འབའ་ཞིག་འདིར་བསྟན་ལ་སྙིང་པོ་དེ་ཉིད་དམ་པའི་ཆོས་ཡིན་ལ་དམ་པའི་ཆོས་ཀྱང་སྙིང་བོ་འདི་ཉིད་ཡིན་ཞིང་གཅིག་ཡིན་ལ་གཅིག་མ་ཡིན་པ་མི་སྲིད་ཏེ་བྱས་པ་དང་མི་རྟག་པ་བཞིན་ནོ།།
དེས་ན་སྙིང་བོ་འདི་སྤོང་པ་ཆོས་སྤོང་གི་ལས་ཡིན་ལ་ལས་ཤིན་ཏུ་ཚ་བ་རྣམ་སྨིན་རྩུབ་པ་འདི་བྱམས་མགོན་གྱིས་མ་བཟོད་ནས་འདམ་ཀ་བྱེད་པའི་དཔེ་ཚན་པ་གཉིས་གསུངས་ཏེ་ཡང་ན་སྙིང་པོའི་ཆོས་འདི་སྤོངས་ཡང་ན་མེ་དང་སྦྲུལ་གདུག་སོགས་ཀྱིས་གསོད་ཟེར་ན་རྟིང་མ་འདམ་པ་དང་ཡང་ན་སྙིང་པོ་འདི་སྤོང་ཡང་ན་འཚམས་མེད་ཀྱིས་ཟེར་ན་ཕྱི་མ་འདམ་པའི་རྒྱུ་མཚན་དང་བཅས་པ་འདི་ཐམས་ཅད་ཀྱིས་གོ་བ་གལ་ཤིན་ཏུ་ཆེའོ།། འཕགས་པ་མགོན་པོ་བྱམས་པས་མཛད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་ཆོས་ཀྱི་རྣམ་པར་བཤད་པ། ཤིན་ཏུ་མཁས་པའི་སློབ་དཔོན་དབུ་མ་བ་ཆེན་པོ་དེ་བཞིན་གཤེགས་པས་མདོ་སྡེའི་དགོངས་པ་ཕྱིན་ཅི་མ་ལོག་པར་འབྱེད་པར་ལུང་བསྟན་ཐོབ་པའི་འཕགས་མཆོག་ཐོགས་མེད་ཀྱིས་བཤད་པ་རྫོགས་སོ། །དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པནྚི་ཏ་ས་རྫ་ན་དང༌། ལོ་ཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།མངྒལཾ། བྷཝཏུ། ཞུས་དག་གོ། །དགེའོ། །
ཐེག་པ་ཀུན་གྱི་སྙིང་པོ་ངེས་པའི་དོན། །རྒྱལ་བས་གསུང་བཞིན་རྒྱལ་ཚབ་མ་ཕམ་པས། །ལེགས་པར་བསྟན་པའི་དམ་ཆོས་རྒྱུད་བླ་མ། །མ་ནོར་སྟོན་བྱེད་འཕགས་མཆོག་ཐོགས་མེད་ཀྱིས། །མཛད་པའི་འགྲེལ་མཆོག་མཆན་བུས་རབ་ཕྱེ་ཞེས། །གུ་རུ་མར་མེ་རོང་པ་ལ་སོགས་པས། །སློབ་མས་བསྐུལ་ནས་ཤེས་རབ་རྒྱལ་མཚན་གྱིས། ། མཆན་བུས་ཅུང་ཟད་གསལ་བར་ཕྱེ་བ་ལགས། །ནོངས་པ་གང་མཆིས་མཁས་རྣམས་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་སྙིང་བོའི་དོན་ཐོབ་ཤོག ། མངྒལཾ། བྷཝཏུ། དགེ་སློང་འོད་དཔག་མེད་ཀྱི་ཐུགས་དགོངས་རྫོགས་པར་མཛོད། །