ཟབ་ལམ་ཁྲིད་ཡིག་མཐོང་བ་དོན་ལྡན།

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ།

ཏཱ་ར་ནཱ་ཐ།

༄༅༎ ཨོཾ་སྭ་སྟི།  ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ  རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ།   བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།  མི་འགྱུར་བའི་བདེ་བ་དང་།  ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ།།  གྲུབ་པ་མཆོག་གི་བདུད་རྩིས་ཡང་དག་པར་ངོམ་པའི་དམ་པ་རྣམས་ལའང་ཕྱག་འཚལ་ལོ།། གང་ཞིག་ཕུན་ཚོགས་ཀུན་གྱི་གཞི།།བླ་མེད་གོ་འཕང་ཡིད་བཞིན་ནོར།།འགྲོ་བ་ཀུན་ལ་ཉེར་སྩོལ་བ།།བླ་མའི་ཞབས་ལ་གུས་པས་འདུད།།ཀུན་ཁྱབ་དབྱིངས་ནི་རྣམ་པ་ཐམས་ཅད་པ།།སེམས་ཉིད་རང་བཞིན་ཡོན་ཏན་ཀུན་གྱི་གཏེར།།དབྱེར་མེད་གདོད་ནས་རྣམ་གྲོལ་ཆོས་ཀྱི་སྐུ།ནང་རིག་འགྱུར་མེད་དོན་དམ་རྒྱལ་གྱུར་ཅིག།

གང་ཡང་རྒྱུད་སྡེའི་ཆུ་བོ་འབུམ་ཕྲག་ལ།།   བློ་ཡི་མཚོ་ཆེན་བྲུས་ལས་མངོན་འཕགས་པ།།   དེ་ལས་སྙིང་གི་བུམ་པ་གང་གྱུར་པའི།།   གདམས་པའི་རྒྱུན་གྱིས་ཕྱོགས་འདི་སྐལ་བཟང་བྱ།།

གླེང་གཞི།

འདིར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ།  འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས།  དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག  རྣལ་འབྱོར་གྱི་དབང་ཕྱུག་མ་ལུས་པའི་འཇུག་ངོགས།  ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་རྣམས་ཚེ་གཅིག་ལུས་གཅིག་སྐྱེ་བ་གཅིག་ཉིད་ཀྱིས་སངས་རྒྱས་ཀྱི་འབྲས་བུ་མཆོག་ལ་ཡང་དག་པར་འགོད་ནུས་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན།  བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྤས་པའི་དོན།  དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དུ་མ་སྤས་ཤིང་གསལ་བར་བསྟན་ལ།  མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་རྩ་བའི་རྒྱུད་རྒྱས་པ་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྟན་པའི་དོན་མཆོག་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་སྤྱོར་བ་ཡན་ལག་དྲུག་པ་འམ།  ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་འདི་ནི།  ཡིད་ཆེས་པ་རྣམ་པ་གསུམ་དང་ལྡན་པའི་ལམ་ཡིན་ནོ།། འདི་ལྟ་བུའི་འཁྲིད་པར་བྱེད་པ་ལ།  ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྣོད་དུ་རུང་བར་བྱེད་པ་སྔོན་འགྲོའི་འཁྲིད་དང།  ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དངོས་གཞི་སྒོམ་པའི་རིམ་པ་དང༌།   རྗེས་ལམ་གྱི་ཡན་ལག་ས་མཚམས།  རྣལ་འབྱོར་གྱི་ཚོགས་པ་དང་བཅས་པ་སྟེ་གསུམ་ལས།

རྩ་བའི་དང་པོ། སྔོན་འགྲོ

དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང་།  ཐུན་མོང་མ་ཡིན་པའི་སྔོན་འགྲོའོ།།

༼༡༽ཐུན་མོང་གི་སྔོན་འགྲོ

ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད།  སྡིག་སྒྲིབ་སྤྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས།  ཚོགས་རྫོགས་ཤིང་བྱིན་རླབས་འཇུག་པར་བྱེད་པ་མཎྜལ་བླ་མའི་རྣལ་འབྱོར་དང་བཅས་པ་ཞེས་དམིགས་སྐོར་གསུམ་དུ་མཛད་པའི་ལུགས་ཀྱང་ཡོད་མོད་ཀྱི།  རིམ་པའི་མྱོང་འཁྲིད་སྐྱོང་བ་ལ་དམིགས་བསྐོར་ལྔར་བྱས་ན་བདེ་བས།  འདི་ལྟར་བྱ་སྟེ།  ཆོས་སྤྱིའི་རྩ་བ་སྐྱབས་འགྲོའི་འཁྲིད།  ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་གྱི་འཁྲིད།   སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་འཁྲིད།  ཚོགས་བསགས་པ་མཎྜལ་གྱི་འཁྲིད།  བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་འཁྲིད་དེ་ལྔའོ།།

༡༽ཆོས་སྤྱིའི་རྩ་བ་སྐྱབས་འགྲོ

དང་པོ་ནི།  དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དཀྱུས་མཐུན་ཙམ་བྱས།  སེམས་རྣལ་དུ་ཕབ་ནས།  རང་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཆེན་པོ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་དབུས་སུ།  རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་གཞལ་མེད་ཁང་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ།  དེའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རབ་ཏུ་རྒྱས་པ།  དེའི་རྩེ་མོ་ལ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་དཔངས་མཐོ་ཞིང་རྒྱ་ཆེ་བ་ལ།  རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང།  ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ་དང།  ཤིང་དེའི་རྩ་བ་ན།  མཁའ་འགྲོ་ཆོས་སྐྱོང་བའི་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསྟན་བསྲུང་རྒྱ་མཚོའི་ཚོགས་རྣམས་ཀྱང་བདག་ལ་སྐྱོབ་པའི་ཚུལ་གྱིས་བཞུགས་པ་དང།  དཔག་བསམ་གྱི་ཤིང་གི་ཕྱོགས་བཞིར་གཞལ་ཡས་ཁང་གི་ནང་གི་ས་གཞི་ལ་སེང་ཁྲི་པད་མ་ཉི་ཟླའི་གདན་དཔངས་མཐོ་ཞིང་རྒྱ་ཆེ་བ་རེ་རེ་ལ་གསལ་བཏབ་སྟེ།  བླ་མའི་སྐུའི་མདུན་གྱི་ཕྱོགས་སུ།  དཔལ་རྒྱལ་བ་ཤཱ་ཀྱ་ཐུབ་པ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང།  གཡས་ཕྱོགས་སུ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང།  གཡོན་ཕྱོགས་སུ་ཤཱ་རའི་བུ་ལ་སོགས་པ་ཉན་ཐོས་དང་རང་སངས་རྒྱས་འཕགས་པའི་ཚོགས་རྣམས་དང།  རྒྱབ་ཕྱོགས་སུ་ཆོས་དཀོན་མཆོག་རྣམ་པ་གླེག་བམ་གྱི་ཚུལ་ཅན་རྣམས་བཞུགས་པར་མོས།  ཡང་ན་རྒྱབ་ཏུ་སངས་རྒྱས་དང།  མདུན་དུ་དམ་ཆོས་བཞུགས་པར་མོས་ཀྱང་ཆོག་སྟེ།  བློ་ལ་གང་བདེ་བ་ཞིག་བྱའོ།  །དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱང།  བླ་མ་དཀོན་མཆོག་སྐྱབས་གནས་རྒྱ་མཚོའི་ཚོགས་ལ་མོས་གུས་ཀྱི་གདུང་བ་ཆེན་པོས་སྐྱབས་འགྲོ་བྱེད་པར་མོས་ཤིང་།  ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་སྟེ།  འདི་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱབས་ཏུ་གསོལ་སྙམ་པ་ཆེད་ཐང་དུ་གསལ་བཏབ་ནས།  ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ།  ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ།  ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།།  ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱམས་སུ་མཆིའོ།།  རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།།  དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།།  འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།།  མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།།  ཞེས་བརྗོད་ཅིང་བླ་མ་དཀོན་མཆོག་གི་ཡོན་ཏན་དྲན་པ་དང་།  འཁོར་པའི་སྡུག་བསྔལ་གྱིས་འཇིགས་པས་དཀོན་མཆོག་ལ་བློ་ལིངས་ཀྱིས་བཀལ་ནས་སྐྱབས་འགྲོ་ཅི་ནུས་སུ་བྱའོ།།  ཐུན་འཇོག་ཁར།  བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་ཏུ་གསོལ།  ཅེས་ལན་གསུམ་གསོལ་བ་གདབ།  སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ།  སྐྱབས་འགྲོའི་དགེ་བ་བསྔོ་བ་ཡང་བྱ་སྟེ།  དགེ་བ་འདི་ཡིས་སྐྱེ་པོ་ཀུན།།  བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་།།  བསོད་ནམས་ཡེ་ཤེས་ལས་བྱུང་བའི།།  དམ་པ་གཉིས་པོ་ཐོབ་པར་ཤོག།  ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པ་བརྗོད།  དམིགས་བསྐོར་དང་པོ་སྐྱབས་འགྲོའི་འཁྲིད་ཚར།  དེ་ལྟར་དམིགས་པ་ཕོག་རྗེས།  སློབ་མ་རྣམས་ཞག་གསུམ་སོགས་ཅི་རིགས་པར་སྐྱབས་འགྲོའི་དམིགས་པ་སྐྱོང་དུ་འཇུག  གཞན་ཡང་སློབ་མ་ཉན་པར་སྤྲོ།  བླ་མ་འཆད་པར་སྤྲོ།  སློབ་མས་གོ་རུ་རུང།  སློབ་དཔོན་གྱིས་འཆད་ཤེས།  དགོས་དོན་གལ་ཆེ་བ་བཤད་ན་གོ་ཞིང་བློ་ཆོས་སུ་འགྱུར།  མ་བཤད་ན་སྔར་མ་གོ་བས་བློ་སྣ་ཆོས་ལ་མི་འགྱུར་བ་སོགས།  ངེས་པར་བཤད་དགོས་པའི་རིགས་ཡིན་ན།  སློབ་མ་རྣམས་དམིགས་པ་སྐྱོང་བའི་སྐབས་སུ།  ཉིན་རེ་བཞིན་མདོ་དང་སྔགས་སམ།  ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་གོ་དོན་རྣམས་བློ་ལ་འབྱོར་ངེསཔ་རིམ་གྱིསབཤད་དོ།།  འདི་སྐབས་ཉལ་བའི་རྣལ་འབྱོར་ནི།  སྐྱབས་ཡུལ་རྣམས་མ་བསྡུས་པར་བླ་མའི་སྐུའི་མདུན་གྱི་ཕྱོགས་ཀྱི་ས་གཞི་ལ་པད་ཟླའི་གདན་ལ་རང་ཉིད་ཉལ་བར་མོས་ཏེ།  སྐྱབས་ཡུལ་ལ་མོས་གུས་སྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱའོ།།  ཞར་བྱུང་གི་མན་ངག་གོ།

༢༽ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད།

གཉིས་པ་ནི།  སྐྱབས་འགྲོ་སྔར་བཞིན་ལས།  ལན་མང་ཉུང་རན་ཙམ་བྱས་ཏེ།  སྐྱབས་ཡུལ་རང་ལ་བསྟིམ་པའི་རྗེས་སུ།  ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་བློས་གཞིག་འབྲེལ་ཞིག་བཏང་ལ།  ཕྱོགས་བཅུ་ག་ལ་ཕྱིན་ཀྱང་ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་མཐའ་མེད།  འཇིག་རྟེན་གྱི་ཁམས་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱི་གོ་མཚམས་མེད་པར་ཁྱབ།  སེམས་ཅན་དེ་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན།  དེ་ཐམས་ཅད་འདོད་ནི་བདེ་བ་འདོད་ཀྱང།  བདེ་བ་སྒྲུབ་པའི་ཐབས་ལ་ནི་མི་མཁས་པས།  སྡུགས་བསྔལ་འབའ་ཞིག་ལ་སྤྱོད་པ་སྙིང་རེ་རྗེ།  དེ་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས།  ཐར་བ་རྣམས་ཀྱི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ།  ད་ལྟ་འདིའི་ནུས་པ་བདག་ལ་མེད་པས་ནུས་པ་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ།  དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་་རྣལ་འབྱོར་བསྒོམ་པར་བགྱིའོ།།  སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།  སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།  སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག།  ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག།  ཅེས་བརྗོད་ཅིང་དོན་བསམ་པ་ཅི་ནུས་སུ་བྱ།  ཐུན་འཇོག་ཁར་དགེ་བ་བསྔོ་བ་སྐྱབས་འགྲོའི་སྐབས་བཞིན་ནོ།།  དམིགས་བསྐོར་གཉིས་པ་སེམས་བསྐྱེད་ཀྱི་འཁྲིད་ཚར།  འདིར་ཡང་སྤྲོ་ཞིང་དགོས་ན།  ཞག་གསུམ་སོགས་སེམས་བསྐྱེད་བསྒོམ་པའི་རིང་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ཞིབ་མོར་བཤད་པར་བྱའོ།།

༣༽ སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱ།གསུམ་པ་ནི།  སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སེམས་བསྐྱེད་ཀྱི་སྐབས་ལྟར་ལས།  དེ་རྣམས་དམིགས་པ་གསལ་ཞིང་འཇུར་ལ་ཡུན་ཐུང་བ་རེ་བྱས་ནས།  ཚད་མེད་བཞི་བསྒོམ་པའི་དེ་མ་ཐག་ཏུ།  རང་གི་སྤྱི་བོར་པཾ་ལས་པདྨ་དང།  ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ།  ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ།  ལྟེ་བ་ལ་ཧཱུྃ་གིས་མཚན་པ།  དེ་ལས་འོད་འཕྲོས།  འཕགས་པ་མཆོད།  སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྤྱངས།  ཚུར་འདུས་ཧཱུྃ་ལ་ཐིམ།  དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་བ་ལས།  བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ།  གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ།  ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྤྱོར་བ།  གཉིས་ཀ་འང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ།  རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུངས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ།  མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ།  ལྟེ་བར་ཧོཿ  ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས།  སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས།  ཛཿཧཱུྃ་བཾ་ཧོཿ  གཉིས་སུ་མེད་པར་བསྟིམ།  བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡུག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱ་ཞིང་དག་པར་མཛད་ཏུ་གསོལ།  ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ།  མ་ནུ་པ་ལཱ་ཡ།  བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ།  ཌི་ཌྷོ་མེ་བྷ་ཝ།  སུཏོཥྩྱོ་མེ་བྷ་ཝ།  ཨ་ནུ་རཀྟོ་མེ་བྷ་ཝ།  སུ་པོཥྩྱོ་མེ་བྷ་ཝ།  སརྦ་སིདྡྷིམྨེ་པྲ་ཡཙྪ།  སརྦ་ཀརྨ་སི་ཙ་མེ།  ཙིཏྟཾ་ཤྲི་ཡཾ།  ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧཿཧོ།  བྷག་ཝན།  བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ།  ཧེ་རུ་ཀོ་བྷ་ཝ།  མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ།  ཅེས་པ་ཅི་ནུས་བཟླ།  མཐར།  བདག་ནི་མི་ཤེས་རྨོངས་པ་སྟེ།།  དམ་ཚིག་ལས་ནི་འགལ་ཞིང་ཉམས།།  བླ་མ་མགོན་པོས་སྐྱོབ་མཛོད་ཅིག།  གཙོ་བོ་རྡོ་རྗེ་འཛིན་པ་སྟེ།།  ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན།།  འགྲོ་བའི་གཙོ་ལ་བདག་སྐྱབས་མཆི།།  སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམ་ཅད་མཐོལ་ལོ་བཤགས་སོ།།  འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ།  རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་ཞུ་སྟེ་རང་ལ་ཐིམ།  སྐབས་འདིར་དགེ་བ་སྔོ་བ་ནི།  དགེ་བ་འདི་ཡིས་མྱུར་་བདག།  རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས།།  འགྲོ་བ་གཅིག་ཀྱང་མ་ལུས་པ།།  དེ་ཡི་ས་ལ་འགོད་པར་ཤོག།  ཅེས་དང།  དགེ་བ་འདི་ཡིས་སྐྱེ་བོ་ཀུན།།  སོགས་གོང་བཞིན།  དམིགས་སྐོར་གསུམ་པ་ཡི་གེ་བརྒྱ་པའི་འཁྲིད་ཚར།  འདི་ལ་ལོང་སྐབས་ཡོད་ཅིང་ནུས་ན།  ཟླ་བ་གཅིག་གཉིས་སུ་སྒོམ་བཟླས་བྱེད་དུ་གཞུག་དགོས།  སྡིག་སྒྲིབ་དག་པའི་རྟགས་བྱུང་བྱུང་དུ་སྒོམ་དགོས་པ་ཡིན།  དེ་ལ་རྟགས་ནི་ནམ་མཁའ་ལ་འཕུར་པ་དང་།  ཁྲུས་བྱས་པ་དང།  ཆུ་བོ་ཆེན་པོ་ལས་བརྒལ་བ་དང།  འཁྲུ་སྐྱུགས་དང།  ལུས་ལས་རྣག་ཁྲག་ཟག་པ་ལ་སོགས་པ་ཉམས་ཀྱི་ཚུལ་དུ་བྱུང་བའམ།  རྨི་ལམ་ཤིན་ཏུ་གསལ་བ་ལན་མང་དུ་བྱུང་ན་ཡིན།  གཞན་ཡང་འདི་བསྒོམ་པས་དངོས་སུ་སྔར་ལས་རིག་པ་དངས་བ་དང།  དམིགས་པ་གསལ་བ་དང།  ལུས་ཡང་བ་དང།  དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་ཆེར་སོང་བ་དང།  གཉིད་རྨུགས་ལེ་ལོ་ཆགས་སྡང་སོགས་ཆུང་དུ་སོངབར་མངོན་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་ཡིན་ནོ།།  ཡང་མགྱོགས་ཁྲིད་ཀྱི་སྐབས་ཞག་གཉིས་གསུམ་སོགས་ལས་བྱེད་ལོང་མ་བྱུང་ན།  འཁྲིད་གྲོལ་གྱི་བར་ལ།  ཐུན་འགོ་ལ་འདི་མ་ཆག་པར་རྟག་ཏུ་སྒོམ་དགོས་སོ།།  འདིར་ཡང་སྤྲོ་ཞིང་དགོས་ན།  སྡིག་པའི་ཉེས་དམིགས་དང།  བཤགས་བསྡམ་བྱེད་ཚུལ་དང།  བསྒོམ་བཟླས་ཀྱི་གོ་དོན་རྣམས་ཀྱང་ཞིབ་མོར་བཤད་དོ།།

༤༽ཚོགས་བསགས་པ་མཎྜལ།

བཞི་བ་ནི།  སྐྱབས་སེམས་གོང་བཞིན་སྔོན་དུ་འགྲོ་བས།  མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་ཡིད་ཀྱིས་གསལ་བཏབ།  དེ་ནས་ཕྱག་འཚལ།  སྐྱབས་འགྲོ་མཎྜལ་རྣམས་བྱ་བ་ནི།  གང་གི་དྲིན་གྱིས་བདེ་ཆེན་ཉིད།།  སྐད་ཅིག་ཉིདལ་འཆར་བ་གང་།།  བླ་མ་རིན་ཆེན་ལྟ་བུའི་སྐུ།།  རྡོ་རྗེ་ཅན་ཞབས་པད་ལ་འདུད།།  ཅེས་པའམ།  གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི།།  དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས།།  མིག་སྐྱོན་མེད་རྣམས་རོལ་པར་བཅས་པས་སྟེང་དུ་ནི།།  ལྟར་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ།།  ཞེས་པས་ཕྱག་བྱ།  ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོན་ནི་གཉེན་དང་གྲོགས་བཟང་ཡང་།།  ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང་།།  ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོན་པ་ཁྱོད་ཉིད་དོ།།  ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་པའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི།།  ཞེས་པའམ།  བསྡུ་ན།  དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།  ཞེས་པས་སྐྱབས་འགྲོ་བྱ།  དེ་ནས་ལུས་ཀྱི་ལས་སུ་མཎྜལ་གྱི་ཚོམ་བུ་བཀོད།  ཡིད་ཀྱི་དམིགས་པ་འོག་གཞི་འབྱུང་བ་བཞིའི་དཀྱིལ་འཁོར་ལ་རྟེན་པའི་གླིང་བཞི་རི་རབ་ཁོར་ཡུག་དང་བཅས་པ།  སྟེང་ཕྱོགས་སྲིད་པའི་རྩེ་མོ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་དངོས་པོ་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་སྟེ།  བླ་མ་དཀོན་མཆོག་རྣམས་ལ་ཕུལ།  དེའི་རྗེས་སུ་བདག་མྱུར་དུ་སངས་རྒྱས་ཐོབ་པ་དང།  ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་སྐྱེ་བར་གསོལ་བ་འདེབས་པ་ཡིན།  དེ་དག་གི་སྐབས་དག་ཏུ་འདི་སྐད་ཅེས།  ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ།  གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ།  ཨོཾ་བཛྲ་རེ་ཁཱེ་ཨཱཿཧཱུྃ།  ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་པའི་དབུས་སུ།  ཧཱུྃ་རིའི་རྒྱལ་པོ་རི་རབ།  ཤར་ལུས་འཕགས་པོ།  ལྷོ་འཛམ་བུ་གླིང།  བྱང་སྒྲ་མི་སྙན།  ནུབ་བ་ལང་སྤྱོད།  སྒྲ་གཅན།  ཉི་མ།  ཟླ་བ།  དུས་མེ།  དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང།  ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས།  སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ།།  ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ།  བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།  བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས།།  རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ།།  བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ།།  ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།།  ཞེས་པའམ།  ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ།།  རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།  སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།།  འགྲོ་ཀུན་རྣམས་དག་ཞིང་ལ་སྤྱོད་པར་ཤོག།  ཅེས་བརྗོད།  ཚུལ་དེས་མཎྜལ་ཅི་ནུས་སུ་འབུལ།  ཐུན་འཇོག་ཁར།  མཆོད་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་གཉིས་སུ་མེད་པ་ཐིམ།  དགེ་བ་སྔོ་བ་གོང་སྐྱབས་འགྲོའི་སྐབས་བཞིན་བྱ།  དམིགས་བསྐོར་བཞི་བ་མཎྜལ་གྱི་ཁྲིད་ཚར།  འདི་ཡང་འཁྲིད་དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུ་གསར་དུ་ཚོགས་བསགས་ཐུབ་པའི་རྟགས་བྱུང་བྱུང་དུ་བྱེད་དགོས་པས་ཟླ་བ་ལ་སོགས་པ་སྐྱོང་དགོས།  རྟགས་ནི་སེང་གེའི་ཁྲི་ལ་འདུག་པ་དང།  ཅོད་པན་འཆིང་བ་དང།  ཆོས་གོས་བཟང་པོ་དང།  སྐྱེ་བོ་མང་པོས་རང་ལ་ཕྱག་འཚལ་བ་སོགས་ཉམས་དང་རྨི་ལམ་དུ་བྱུང་ན་ཡིན།  དངོས་ཀྱི་རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་དང་འདྲ།  མགྱོགས་ཁྲིད་ལ་ཞག་གསུམ་སོགས་ལས་བྱེད་ལོང་མ་བྱུང་ན།  འཁྲིད་རྫོགས་ཀྱི་བར་དུ་ཐུན་མགོ་ལ་འདི་ཡང་བྱེད་དགོས་ལ།  སྐབས་འདིར་ཡང་སྤྲོ་ཞིང་དགོས་ན།  མཎྜལ་གྱི་ཕན་ཡོན་དང།  དུས་འཁོར་རང་ལུགས་ཀྱི་འཇིག་རྟེན་ཁམས་ཀྱི་བཀོད་པ་དང།  བསོད་རྣམས་ཀྱི་ཚོགས་སྒོ་དུ་མ་ནས་བསགས་དགོས་པའི་རྒྱུ་མཚན་རྣམས་ཞིབ་མོར་བཤད་དོ།།

༥༽ བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར།ལྔ་པ་ནི།  སྐྱབས་སེམས་སྔར་བཞིན།  གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ།  སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ།  ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།  དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།  མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང།  རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ།  འོད་དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན།  མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང།  ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས།  སངས་རྒྱས་བྱང་སེམས།  འཕགས་པ་ཉན་རང།  ཆོས་སྐྱོང་བསྲུང་མ་ཐམས་ཅད་བཞུགས་པར་གྱུར།  སྤྲོས་པ་ལ་དགའ་ན་ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ།  བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ།  དཔལ་ལྡན་བླ་མ་དམ་པ་ལ་བདག་ཕྱག་འཚལ་ལོ།།  མཆོད་དོ།།  སྡིག་པ་བཤགས་སོ།།  དགེ་བ་ལ་རྗེས་སུ་ཡི་རང་ངོ་།།  ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ།།  མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ།།  དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ།།  སྐྱབས་སུ་མཆིའོ།།  བྱང་ཆུབ་ཏུ་སེམས་བསྐྱེད་དོ།།  བླ་ན་མེད་པའི་ལམ་བརྟེན་པར་བགྱིའོ།།  བདག་ལ་ཐུགས་རྗེས་བཟུང་ཏུ་གསོལ།  ཞེས་བརྗོད་ཅིང་དོན་བསམ།  བར་འདིར་སྤྲོ་ན་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ལོགས་ན་ཡོད་པ་རྣམས་བྱ་ཞིང།  བསྡུས་པ་ལ་དགའ་ན་མ་བྱས་ཀྱིང་ཆོག  ངེས་པར་གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ།  སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  དེ་བཞིན་དུ་སྦྱར་ཏེ།  སྐུ་བཞིའི་བདག་ཉིད་བླ་མ་༴   སྐྱབས་མཆོག་མཚུངས་མེད་༴  འདྲེན་མཆོག་མཚུངས་མེད་༴   ཐར་བའི་ལམ་སྟོན་༴  དངོས་གྲུབ་འབྱུང་གནས་༴   མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  བདག་ལ་དབང་བསྐུར་བར་བྱིན་གྱིས་བརླབ་ཏུ་གསོལ།  བདག་རྩེ་གཅིག་སྒྲུབ་པ་ནུས་པར་༴  སྒྲུབ་པ་ལ་བར་ཆདམི་འབྱུང་བར་༴  སྒྲུབ་པའི་སྙིང་པོ་ཉམས་སུ་ལོངས་བར་༴  སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར་༴  བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་བར་༴  ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་༴  ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་༴  ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར་༴  ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།  བླ་མའི་སྐུའི་དཔྲལ་བར་ཨོཾ།  མགྲིན་པར་ཨཱཿ  སྙིང་ཁར་ཧཱུྃ།  ལྟེ་བར་ཧོ༔རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་ཞུགས།  ཨོཾ་ལས་འོད་ཟེར་དཀར་བོ་འཕྲོས།  རང་གི་དཔྲལ་བར་ཐིམ།  ལུས་ཀྱི་སྡིག་སྒྲིབ་དག  བུམ་པའི་དབང་ཐོབ།  སྐུའི་བྱིན་རླབས་ཞུགས།  ཨཱཿལས་འོད་ཟེར་དམར་པོ་འཕྲོས།  རང་གི་མགྲིན་པར་ཐིམ།  ངག་གི་སྡིག་སྒྲིབ་དག  གསང་བའི་དབང་ཐོབ།  གསུང་གི་བྱིན་རླབས་ཞུགས།  ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས།  རང་གི་སྙིང་ཁར་ཐིམ།  ཡིད་ཀྱི་སྡིག་སྒྲིབ་དག  ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།  ཐུགས་ཀྱི་བྱིན་རླབས་ཞུགས།  ཧོ༔ལས་འོད་ཟེར་སེར་པོ་འཕྲོས།  རང་གི་ལྟེ་བར་ཐིམ།  ཆགས་རྟོག་གི་བག་ཆགས་དག  བཞི་བ་ཡེ་ཤེས་རྡོ་རྗེའི་དབང་ཐོབ།  ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས།  སླར་ཡང་མོས་གུས་དུང་པ་དང་ཡིད་ཀྱི་གསོལ་བ་བཏབ་པས།  སངས་རྒྱས་བྱང་སེམས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་བླ་མ་ཉིད་ལ་ཐིམ།  དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན།  འོད་ཟེར་རམ་བདུད་རྩིའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ།  བླ་མ་དང་རང་སེམས་དབྱིར་མེད་པའི་ངང་ལ་ཅུང་ཟད་མཉམ་པར་བཞག  དེ་ལྟ་བུ་བསྐྱར་འདབ་བྱེད་ཀྱིན་ཅི་ནུས་སུ་བསྒོམས།  རྗེས་དགེ་བ་བསྔོ་བ་གོང་དང་འདྲ།  གཞན་ཡང།  སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང།  ཞེས་སོགས་ཅི་རིགས་པ་འང་བརྗོད།  དམིགས་སྐོར་ལྔ་པ་བླ་མའི་རྣལ་འབྱོར་གྱི་འཁྲིད་ཚར།  སྔགས་ལམ་གྱི་ཉམས་རྟོགས་ཐམས་ཅད་བླ་མའི་བྱིན་རླབས་ཀྱི་སྒོ་ནས་ལམ་དུ་བྱེད་དགོས་པས།  འདི་ཡང་ལོ་དང་ཟླ་བར་སྒོམ་དགོས།  མགྱོགས་ཁྲིད་ཀྱི་སྐབས་ཞག་གཉིས་གསུམ་ཙམ་ལས་སྒོམ་ལོང་མ་བྱུང་ན།  འདི་ཡང་འཁྲིད་ཡོངས་རྫོགས་མ་ཚར་གྱི་བར་དུ་ཐུན་འགོར་མ་ཆག་པ་སྒོམ་པ་གལ་ཆེ།  སྐབས་འདི་དག་ཏུ་འང་སྤྲོ་ཞིང་དགོས་ན།  བླ་མའི་མོས་གུས་ལམ་དུ་བྱེད་དགོས་ཚུལ།  མོས་གོས་ཀྱི་ཕན་ཡོན།  བླ་མའི་མཚན་ཉིད།  བླ་མ་བསྟེན་ཚུལ་སོགས་ཞིབ་ཏུ་བཤད་དོ།།  དམིགས་པ་འདིའི་ཡན་ལག་ཉལ་བའི་རྣལ་འབྱོར་ནི།  རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་བླ་མ་སྐུ་ཚད་ཚོན་གང་ཙམ་དགྱེས་པའི་འཛུམ་ཞལ་དུ་བཞུགས་པ་ལ་མོས་གུས་དུང་ངེ་བའི་ངང་ལས་གཉིད་དུ་འགྲོ་བར་བྱའོ།།

༼༢༽ཐུན་མོང་མ་ཡིན་པའི་སྔོན་འགྲོ

གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ།   རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་དང་།  རྫོགས་རིམ་གྱི་ཉེར་བསྡོགས་ཁྱད་པར་ཅན་དབེན་པ་གསུམ་བསྟེན་པ་གཉིས་ལས།

༡༽རྫོགས་རིམ་གྱི་རྟེན་བསྐྱེད་རིམ།

དང་པོ་ནི།  བསྐྱེད་རིམ་ལ་གཙོ་བོར་བྱེད་པའི་སྐབས་ཡིན་ན།  སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནས།  ལྷ་ལྔ་འམ་ལྷ་དགུ་མའི་བར་དུ་རྒྱས་བསྡུས་སྣ་ཚོགས་པ་ཡོད་པ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བའི་ཚུལ་གྱིས་སྒོམ་པ་ཡིན་ཀྱང།  འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས།  གཙོ་བོ་ཡབ་ཡུམ་ཙམ་གྱི་ལྷའི་རྣལ་འབྱོར་བསྡུས་པས་ཆོག་ཅིང།  དེ་ལས་ཀྱང་ལྷག་པར་བསྡུས་པ་ལྷན་སྐྱེས་ཉིད་བསྔགས་པས།  དེའི་སྒོམ་ཚུལ་ནི།  སྐྱབས་སེམས་སྔར་བཞིན་བསྒོམ།  ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ།  སྟོང་པའི་ངང་ལས།  རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་པ་ནི།  འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ།  བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ།  རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ།  ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང།  གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོའི་སྙིང་ཁར་མནན་པ།  རལ་བའི་ཐོད་ཚུགས་དང།  ཡིད་བཞིན་གྱི་ནོར་བུ་དང།  ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ།  རྡོ་རྗེའི་རྒྱན་དང།  སྟག་གི་པགས་པའི་ཤམ་ཐབས་ཅན།  ཕྱག་སོར་རྣམས་ཁ་དོག་ལྔ་བ་དང་།   སོར་ཚིགས་རྣམས་ཁ་དོག་གསུམ་པ།  རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང།  མེ་རི་ཁ་དོག་སྣ་ལྔ་བའི་དབུས་ན་བཞུགས་པ།  ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ།  དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ།  ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ།  གཡས་གྲི་གུག་དང།  གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང།  ཞབས་གཡས་བསྐུམ་གཡོན་བསྐྱང་བས་ཡབ་དང་སྤྱོར་བ།  གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང།  དབུ་སྐྲ་ཕྱེད་གྲོལ་བའོ།།  དཔྲལ་བར་ཨོཾ།  མགྲིན་པར་ཨཱཿ  ཐུགས་ཀར་ཧཱུྃ།  ལྟེ་བར་ཧོཿ  གསང་གནས་སུ་སྭཱ།  གཙུག་ཏོར་དུ་ཧཱ་རྣམས་འཁོད་པར་གྱུར།  རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས།   སྣོད་ཐམས་ཅད་གཞལ་ཡས་ཁང་དང་།  བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར།    དེ་ཐམས་ཅད་འོད་དུཞུ་ནས་རང་ལ་ཐིམ།  ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་གཞག  དེ་ལྟར་ཡང་ཡང་བསྒོམས་ཀྱང་ལེགས།  ཐུན་འཇོག་པའི་ཚེ།  ལྷ་སྐུ་འོད་གསལ་སྟོང་བ་ཉིད་ཀྱི་ངང་དུ་སྦྱང་།  དགེ་བ་འདི་ཡིས་མྱུར་དུ་བདག།  དུས་ཀྱི་འཁོར་ལོ་སོགས་དང།  གོང་བཞིན་དགེ་བ་བསྔོ།  འདི་འཁྲིད་ཀྱི་སྐབས་ཡིན་པས་ལྷ་སྐུ་ལ་སེམས་འཛིན་པ་མ་གཏོགས་བཟླས་པ་བྱེད་མི་དགོས།  འོན་ཀྱང་ཅུང་ཟད་སྔགས་བཟླ་བར་སྤྲོ་ན།  བཟླས་ཀྱང་མི་འགལ་བས་ལྷ་སྐུ་སྟོང་ཉིད་དུ་བསྡུ་བའི་སྔོན་དུ།  ཨོཾ་ཧཾཀྵམླཝརཡསྭཱཧཱ།  ཞེས་པ་ཉིད་ཅི་རིགས་པར་བཟླ་བ་ཡིན།  འདི་ལ་ཡེ་ཤེས་དགུག་གཞུག་དང་དབང་བསྐུར་རྒྱས་གདབ་རྒྱས་པའི་སྲོལ་ཡང་གདའ་བ།  དེ་ལྟར་བྱས་ན་རྒྱས་པའི་ལུགས་སུ་འགྱུར་བས་ཤིན་ཏུ་རུང་མོད།  རོལ་བའི་རྡོ་རྗེའི་གཞུང་ལས་འདི་ཙམ་ལས་མ་བཤད་ཅིང།  ལྷན་སྐྱེས་ཀྱི་ཕྱོགས་ལ་འདི་ཁོ་ནས་གོ་ཆོད་པས།  འཇུག་པ་བདེ་བ་འདི་ལེགས་སོ།།  བླ་མ་གོང་མ་འགའ་རེས་ཡི་དམ་ཀུན་གྱི་སྨར་འཁྲིད་ཀྱི་མན་ངག་འདི་ལ་སྤྱར་པ་ཡང་ཡོད་དོ།།  དམིགས་སྐོར་དྲུག་པ་བསྐྱེད་རིམ་གྱི་འཁྲིད་ཚར།  བསྐྱེད་རིམ་གྱི་གོ་དོན་རྒྱས་པ་སྐབས་འདིར་བཤད་ཀྱི་མི་ལང་ཞིང་ལོགས་སུ་ཡོད་པས་འདིར་མི་འཆད།  སྤྲོ་ཞིང་དགོས་ན་ལྷན་སྐྱེས་སྒྲུབ་ཐབས་ཀྱི་གོ་དོན་ཞིབ་ཏུ་བཤད་དོ།།

༢༽རྫོགས་རིམ་ཉེར་བསྡོགས་དབེན་གསུམ།

གཉིས་པ་ནི།  བར་འདིར་རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད་པའི་དོན་དུ།  མཆོག་དབང་གོང་མ་བླ་མའིི་མན་ངག་དང་ལྡན་པ་བསྐུར་དགོས་ཏེ།  དེའི་ཡི་གེ་ལོགས་སུ་ཡོད་པ་ལྟར་ཡིན་ལ།  དེ་ཡང་དབེན་གསུམ་གྱི།  རྗེས་སོ་སོར་སྡུད་པའི་སྔོན་དུ་བྱེད་པ་ཐོབ་ཐང་གི་དུས་སྐབས་ཡིན་ཀྱང་།   དེང་སང་དེ་ལག་ལེན་མི་བདེ་བས་སྐབས་འདིར་བྱེད་པའི་ལག་ལེན་གཙོ་ཆེའོ།།  དེ་ནས་འཁྲིད་འབོགས་པ་ནི།  རྒྱུ་ལས།   བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ།   ཞེས་གསུངས་བའི་དོན་འགྲེལ་བར་ལྟོས་མེད་བཞི་ལྡན་དུ་གསུངས་ཤིང་། བདུད་རྩི་ལྔ་སྟེ་གཟུགས་ཕུང་ལ་སོགས་པ་ཕུང་བོ་ལྔ་ལ་ལྟོས་པ་མེད་པ་དང་།   སོགས་སྒྲས་བསྟན་པའི་དབང་པོ་ལྔ་ལ་ལྟོས་པ་མེད་པ་དང་།   ཆུ་གཏེར་ཞེས་པ་བཞིའི་མིང་སྟེ་ལུས་དང་།  ངག་དང་།   ཡིད་དང་།   འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་།   ལྟོས་མེད་དྲུག་རྒྱུད་ལས་བསྟན་པ་དེས་དངོས་གཞི་རྡོ་རྗེ་སྨིན་པར་བྱེད་དགོས།  བསྐྱེད་རིམ་གྱི་སྐབས་སུ་ལྷ་འགྲུབ་པའི་ཆེད་དུ་སྔགས་ཀྱི་བཟླས་པ་དང་།   ཚོགས་དང་གཏོར་མ་འབུལ་བ་སོགས་ཀྱིས་བསྒྲུབ་པའི་དོན་དུ་རྫོགས་རིམ་གྱི་སྐབས་སུ་རླུང་ལས་རུང་དུ་འགྱུར་བའི་ཆེད་དུ་འབྱུང་འཇུག་གི་རླུང་རགས་པ་སྦྱོང་བ་རྣམས་དགོས་སོ༎  མཆན། གསང་འདུས་ལས་ཀྱང༌།  ལུས་ངག་སེམས་རྣམས་སྒོམ་པ་ནི།།  རྣམ་པར་ནི་རྟོག་མི་དམིགས་པ།།  གང་ན་འང་མི་གནས་མཉམ་པ་ཉིད།།  སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྒོམ།།  ཞེས་གསུངས་བའི་མན་ངག་སྟེ།  ལྟོས་མེད་བཞི་ལྡན་ནམ།  དབེན་པ་གསུམ་ལྡན་ཞེས་བྱའོ།།  དེ་ཡང་ལུས་ཀྱི་ལོངས་སྤྱོད་དང༌།  བདེ་སྡུག་སོགས་གང་ལ་འང་ཆགས་སྡང་སྤངས་ཤིང༌།  ཇི་སྙམ་པ་མི་བྱེད་ལ།  དགག་སྒྲུབ་བླང་དོར་གྱི་རྟོག་པ་སྤངས་པ་ནི།  ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ཞེས་བྱ་བ་ཡིན།  དེ་བཞིན་དུ་ངག་དང་།  ཡིད་དང་།  འཕོ་བའི་ལོངས་སྤྱོད་ལའང་སྤྱར་བས།  ལྟོས་མེད་བཞི་ལྡན་གྱི་གདམས་པ་ཞེས་བྱ་ལ།  སྔོན་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་བྱ་བྱེད་ཁོ་ན་ལ་འདས་ཀྱང་དོན་མེད་དང་དོན་ལོག་པར་སོང་ནས།  ཡང་དག་པའི་འབྲས་བུ་གང་ཡང་མ་གྲུབ།  ད་ཕྱིན་ཆད་ཕྱར་མེད་དུ་བཞག་ན།  གྲུབ་པ་དང་བདེ་བ་བླ་ན་མེད་པ་ཐོབ་ངེས་པས།  ནང་གི་ཁམས་འཁྲུག་པ་སོགས་གེགས་དང་གོལ་ས་སྤང་བའི་ཕྱིར་དུ།  ལུས་གནད་བཅའ་ཞིང་རླུང་རོ་བསལ་བ་དང།  ཡང་དག་པའི་དོན་ལ་སེམས་གནས་པའི་ཕྱིར་དྲན་པ་བསྟེན་ཙམ་མ་གཏོགས།  མི་དགེ་བ་དང་ལུང་མ་བསྟན་ལྟ་ཅི་སྨོས།  ཏིང་ངེ་འཛིན་འདི་ལ་བརྟན་པ་ཅུང་ཟད་མ་ཐོབ་ཀྱི་བར་དུ་དགེ་ལས་ཀྱི་སྤྲོས་པ་ཡང་ཕལ་ཆེར་བསྐྱུངས་ནས།  ལུས་བྱ་བྱེད་ཀྱིས་དབེན་པ།  ངག་སྨྲ་བརྗོད་ཀྱིས་དབེན་པ།  སེམས་རྣམ་རྟོག་གིས་དབེན་པ་གཅིག་རྣམས་དགོས་པས།  དབེན་པ་གསུམ་བརྟེན་པ་ཞེས་བྱ་བ་ཡིན་ནོ།  དེ་ལ་འདི་སྐབས་སུ།  མུན་ཁང་དང་བལྟ་སྟངས་ངེས་པ་ཅན་ལ་སོགས་པ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ཡང༌།  དངོས་གཞི་སོར་སྡུད་ལ་མྱུར་དུ་འཇུག་དགོས་པས་དེའི་ལམ་བྱང་པར་འགྱུར་བའི་ཕྱིར།  མུན་ཁང་དང་བལྟ་སྟངས་ངེས་པ་ཅན་ཡང་ཕྱག་ལེན་ལ་མཛད་པར་གདའ།  དེས་ན་འདི་ལྟར་བྱ་སྟེ།  གནས་སྤྱིའི་མཚན་ཉིད་ནི།  དུས་འཁོར་རྩ་རྒྱུད་ལས།  གང་ན་ས་སྐྱོང་ཆོས་ལྡན་ཞིང༌།།  གང་ཞིག་ཁོ་ནར་སྐྱེ་དགུ་རྣམས།།  བདེར་གནས་ས་འཛིན་རྩོད་མེད་པ༎  དེར་ནི་རྣལ་འབྱོར་ཡང་དག་བརྩམ།།  ཞེས་གསུངས་བ་ལྟར་གྱི་ཡུལ་ཕྱོགས་དང༌།  ཡང་མདོ་སྡེ་རྒྱན་ལས།  བློ་ལྡན་གང་དུ་སྒྲུབ་བའི་ཡུལ།།  ལེགས་པར་རྙེད་དང་གནས་བཟང་དང་།།  ས་བཟང་པ་དང་གྲོགས་བཟང་དང༌།།  རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན།།  ཞེས་དང༌།  ཇི་སྐད་དུ།  ལས་དང་ བྱ་སྤྱོད། ངག་སྨྲ་བརྗོད་ཀྱིས། ཆ། པོ་ཡི་གང་ཟག་གིས།།  ལུས་དབེན་པ་ལ་མ་བསྟེན་པར།།  སེམས་དབེན་ རྣམ་རྟོག་གིས།  ཆ། རྙེད་པར་མི་འགྱུར་བས།། ཆགས་སྡང་གིས་རྣམ་རྟོག་སྐྱེ་བའི་རྒྱུ་རང་ཡུལ་སོགས་དང་།  ཆ། འདྲེས་སྤངས་དབེན་པར་གནས་པར་བྱ།། ཡུལ་མི་སོགས་དང་།  ཆ། འདྲེས་པས་འདྲེས་ཤིང་ཆགས་པར་བྱེད།།  དེ་ཡིས་འཁོར་བའི་འཁོར་ལོ་བསྐོར།།  དེ་བས་འདྲེས་པ་སྤང་བ་ལ།།  རྟག་ཏུ་བག་དང་ལྡན་པར་བྱ།།  ཞེས་པ་ལྟར།  ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་མེད་པ།  མཚན་མོ་སྒྲའི་བརླག་ཅོར་མེད་པ།  འཚེ་བའི་འཇིགས་པ་མེད་ཅིང།  མཐུང་རྒྱུའི་ཆུ་ལུས་ལ་མི་གནོད་པ་ཅིག་དགོས།  ཐུན་མོང་མ་ཡིན་པའི་གནས་ཀྱི་ཁྱད་པར་འབྱོར་ལྡན་ཡིན་ན།  སྟེང་ཁང་ངམ་བར་ཁང་མུན་ཁང་སྒོ་ཁྱོག་རིམ་པ་གསུམ་པ།  སྐར་ཁུང་ཕྱི་ཆུང་ལ་ནང་ཡངས་པ།  ཕྱེ་ན་མཐོང་དཀར་ཞིང༌།  དེ་འབོ་རྡོ་སོགས་ཀྱིས་བཀག་ན་སྣང་བ་རྟ་རྔ་ཙམ་ཡང་མི་འབྱུང་བ་ཞིག་དགོས་པ་ཡིན་ལ།  ཀུན་སྤངས་ཀྱི་གནས་ནི།  ས་ཕུག་དང༌།  བྲག་ཕུག་དང༌།  ཁྱིམ་ལ་སོགས་པ་ཇི་ལྟར་རིགས་པ་སྟེ།  འོན་ཀྱང་སྐམ་ཞིང་ས་རླངས་མེད་པ།  མུན་པ་ཤིན་ཏུ་གནག་པ་ཞིག་དགོས་ལ།  དེ་ལྟར་ཡོད་ན་གང་དུའང་རུང་ངོ་།།  གནས་དེར་སྔོན་འགྲོ་སྒོམ་པའི་ཚུལ་ནི།  ཐུན་དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད།  བླ་མའི་རྣལ་འབྱོར།  བསྐྱེད་རིམ་རྣམས་ལུས་གནད་ཅི་བདེ་བའི་ངང་ནས་བྱ།  ཐུན་ཕྱི་མ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་དང༌།  བླ་མ་ལ་མོས་གུས་དུང་ཙམ་བྱས་པས་ཆོག  སྔར་བསགས་སྤྱངས་གི་འཁྲིད་གཉིས་ལ་ཉམས་མྱོང་མ་སྐྱེས་ན།  ཐུན་དང་པོ་ལ་ཡིག་བརྒྱ་དང་མཎྜལ་ཡང་བྱེད་དགོས་པས།  སྐྱབས་འགྲོ་སེམས་བསྐྱེད་གྲུབ་མ་ཐག་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང།  དེའི་རྒྱུན་ལ་མཎྜལ་དང།  བླ་མའི་རྣལ་འབྱོར་དང།  ཤུཎྱ་ཏས་སྟོང་པར་སྤྱངས་བ་ནས།  སེམས་འཛིན་པའི་བར་གྱིས་བསྐྱེད་རིམ་ཀྱང་བྱེད།  དེའི་ནང་ནས་ཀྱང་ཅུང་ཟད་རྒྱས་པ་ལ་སྤྲོ་ན་སྔར་བཤད་པ་བཞིན་དང།  བསྡུ་ན་སྐྱབས་འགྲོའི་སྐབས་སྐྱབས་ཡུལ་རང་ལ་མ་བསྟིམ་པར་མདུན་དུ་བཞུགས་སུ་གསོལ་བ་ལ།  མཎྜལ་གྱི་སྐབས་སུ་མཎྜལ་འབུལ་བ་དང་།   དེ་ཁ་ལ་གསོལ་འདེབས་མན་ཆད་ཀྱི་བླ་མའི་རྣལ་འབྱོར་རྣམས་བྱས་པས་ཟོར་ཡང་ཞིང་གནད་ལ་འབྱོར་བར་འོང་།  ཐུན་གྱི་སྔོན་འགྲོ་ཉམས་སུ་ལེན་ལུགས་དབེན་གསུམ་གྱི་སྐབས་འདིར་མ་ཟད།  འདི་མན་ཆེད་དངོས་གཞིའི་སྐབས་སོགས་ཐམས་ཅད་དུ་འདྲ་བ་ཡིན་ནོ།།  དབེན་གསུམ་གྱི་ཉམས་ལེན་དངོས་ནི།  མུན་ཁང་དེར་བསམ་གཏན་འབོལ་ཆུང་བཏིངས་ནས།  ལུས་གནད་རྐང་བ་རྡོ་རྗེའི་སྐྱིལ་ཀྲུང།  རྒལ་ཚིགས་དང་ལྟག་པ་བསྲང༌།  ལྐོག་མས་ཨོལ་མདུད་ནོན་ཙམ་གྱིས་མགྲིན་པ་དགུག  སོ་མཆུ་རང་སར་བཞག  ལྕེ་རྩེ་རྐན་ལ་སྤྱར།  མིག་གི་ལྟ་སྟངས་དང་ལག་པ་ནི་སྐབས་འདིར་ཇི་ལྟར་བདེ་བ་ཡིན་མོད་ཀྱང་།  དངོས་གཞིའི་སྐབས་ལག་པ་ཁུ་ཚུར་བརླ་བཞག་དགོས་པས་དེ་འབྱོངས་པའི་ཕྱིར་འདིར་ཡང་བྱ་སྟེ།  མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་ལ་སོར་མོ་རྣམས་ཀྱིས་ཕྱི་ནས་བསྡམས་པའི་ཁུ་ཚུར་གྱིས་བརླའི་རྩ་བར་མནན་ལ་ལག་ངར་བསྲང།  མིག་ཀྱང་དངོས་གཞི་དང་ཕྱོགས་མཚུངས་པར་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་བལྟ་བའི་ཚུལ་གྱིས་གྱེན་དུ་བསྒྲིལ་ནས་འབྱེད་འཛུམ་སོགས་མི་བྱེད་པར་གཡོ་མེད་དུ་བཞག  དེ་ལྟར་ལུས་གནད་བཅས་མ་ཐག་ཏུ་སྔར་རླུང་འཁྲུགས་པ་དང་འཁྱམས་པ་སེལ་ཅིང་ཕྱིས་རླུང་སྐྱོན་མི་འབྱུང་བའི་ཕྱིར་རླུང་རོ་ལན་གསུམ་སྣ་སྒོ་ནས་སངས་ཀྱིས་འབུད།  དེ་རྗེས་ནས་ཐུན་གྲོལ་གྱི་བར་དུ་རང་བབས་སུ་བཞག  ཅི་བདེར་རྒྱུ་རུ་གཞུག  སེམས་ཀྱི་གནད་གང་ཡང་བསམ་དུ་མེད་པ།  ཅི་ཡང་ཡིད་ལ་མི་བྱེད་པ།  ཆེད་དུ་མ་སྒྲིམ།  ཆེད་དུ་མ་ཀློད།  ཕར་ནམ་མཁའ་ལ་ཆེར་གྱིས་བལྟ་བ་ཡང་མ་ཡིན།  ཚུར་རང་ཉིད་ལ་ཆེད་དུ་ལྟ་བ་ཡང་མ་ཡིན།  གང་ལ་ཡང་མི་བརྟེན།  ཅིར་ཡང་འཆར་རུང་ཙམ་དེ་ལ་བཟོ་བཅོས་མེད་པ་ལྷོད་དེ་བཞག  དེ་ཁ་ལ་གནས་ཤིང་སྒོམ་དུ་བཏུབ་ན་ལེགས།  གལ་དེ་སེམས་འཕྲོ་ན་དེའི་གཉེན་པོ་བརྟེན་དགོས།  དེ་ལ་འཕྲོ་ལུགས་གཉིས་ཏེ།  སེམས་གནས་འཕྲོ་ལ་རྣམ་རྟོག་ཐོལ་ཐོལ་སྐྱེ་ཞིང་གཟུགས་སོགས་ཡུལ་གྱི་རྣམ་པ་ཡིད་ལ་ཝལ་ཝལ་འཆར་ལ།  ཤར་མ་ཐག་ཏུ་སེམས་འཕྲོས་པ་རང་གི་ཤེས་ཀྱིན་འདུག་ན།  དེ་ལ་དགའ་མི་དགའ་དང་རྟོག་དབྱོད་གང་ཡང་མི་བྱ་བར་དེ་ཉིད་འཕྲོ་རྦད་ཀྱིས་བཅད་ནས།  སེམས་འཇོག་ཚུལ་སྔར་གྱི་དེ་ཁ་བསྐྱངས་བས་ཆོག  ཡང་རྣམ་རྟོག་གཅིག་ལ་གཅིག་བརྒྱུད་པ་སྣ་ཚོགས་པ་འཕྲོ་ཞིང།  ཡུན་རིང་བོར་འབྱམས་འགྲོ་ན་སྐྱོན་ཆེ་སྟེ།  འོན་ཀྱང་འདི་ལ་ནམ་དྲན་པས་ཟིན་མ་ཐག་ཏུ།  ད་ཕྱིན་ཆད་འོག་འགྱུ་རྒྱ་འབྱམས་སུ་འགྲོ་བ་འདི་མ་བྱུང་བ་བྱེད་དགོས།  ནམ་འཕྲོ་བ་ན་དྲན་པས་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་སྐབས་སྐབས་སུ་བཏང་།  གང་ཡང་བསམ་དུ་མེད་པའི་ངང་ནས་རིག་པ་ཁོང་སྒྲིམ།  སེམས་གནས་སམ་མི་གནས།  འཕྲོ་འམ་མི་འཕྲོ་སྙམ་བའི་དྲན་ཤེས་ཀྱི་བྱ་ར་ཡང་ཡང་བཏང་བས།  འོག་འགྱུ་རྒྱ་འབྱམས་སུ་སོང་བ་དེ་ཇེ་ཆུང་ཇེ་ཆུང་ལ་སོང་བ།  མི་རིང་བ་ན་སངས་ཏེ་འགྲོ།  དེ་ལྟར་རྩེ་གཅིག་ཏུ་འཇུར་ལ་སྒོམ་ཞིང་།  ཐུན་འཇོག་ཁར་དགེ་བ་བསྔོ་བ་གོང་དང་འདྲ།  ཐུན་མཚམས་སུའང་སེམས་བཟོ་མེད་ཀྱི་གདངས་དང་མ་བྲལ་བ་བྱ་ཞིང༌།  གཏམ་ཅལ་ཅོལ་མི་སྨྲ།  སྐུ་མཉེ་དང་ཁ་ཟས་ཀྱི་ལྕག་གིས་བསྐུལ།  འདི་ལྟར་བསྒོམས་པས་ལུས་ཉམས།  ངག་ཉམས།  སེམས་ཉམས།  མཐོང་ཉམས།  རྨི་ཉམས་སོགས་གང་བྱུང་ཀྱང།  ཉམས་ཀྱི་སྣེ་མི་བསྐྱིལ་མི་བཀག་པར་རང་བབས་ལ་གང་བྱུང་དེ་ཀ་བྱུང་རྒྱལ་ལྷུག་པར་བསྐྱང་དགོས།  ཇི་སྐད་དུ། དབང་མདོར་བསྟན། ཆ། གང་ལའང་སྐྱོན་དུ་མིབལྟ་ཞིང་།།  ཅི་ཡང་མ་ཡིན་ཉམས་སུ་བླངས།།  དྲོད་རྟགས་ལ་སོགས་འདོད་མི་བྱ།།  སྒོམ་དུ་མེད་པར་བསྟན་མོད་ཀྱང་།།  ལེ་ལོ་བཏང་སྙོམ་དབང་མི་བཏང༌།།  ཞེས་གསུངས་པ་ལྟར་ཡིན།  ཐུན་ཐུན་མཚམས་ཐམས་ཅད་དུ་བཟང་དུ་རེ་བ་དང༌།  སྐྱོན་གྱིས་དོགས་པ་མི་བྱ།  སྤྱོད་ལམ་དྲག་ཤུལ་དང་འདོད་ཡོན་ལ་དགའ་བ་སོགས་ཀྱི་རྣམ་རྟོག་སྤངས།  ཀུན་ད་བྱང་ཆུབ་ཀྱི་སེམས་མ་ཉམས་པར་བསྲུང༌།  གོས་སོགས་གྲང་དྲོ་རན་པ་དང།  མཚན་མོའི་གཉིད་ཚིམ་པར་ལོག  ཉིན་མོའི་གཉིད་སྤངས།  ཐུན་གྱི་སྐབས་རྩེ་གཅིག་ཏུ་ཤུགས་ཕྱུང་ལ་སྒོམ་ཞིང༌།  ཐུན་ཡུན་བསྲིང་བ་ལེགས་སོ།།  དམིགས་སྐོར་བདུན་པ་དབེན་གསུམ་གྱི་འཁྲིད་ཚར།  འདི་སྐབས་ཞག་གཉིས་གསུམ་སྒོམ་དུ་བཅུག་ཅིང།  དེ་བར་ལ་སྤྲོ་ཞིང་དགོས་ན།  དབེན་པའི་ཕན་ཡོན་དང༌།  ཞི་ལྷག་གི་རང་བཞིན་དབེན་གསུམ་གྱི་གནད་རྣམས་ཞིབ་མོར་བཤད།  དེ་ལྟར་ལེགས་པོར་ངེས་སུ་བཅུག་ནས།  ལག་ལེན་བསླབ།  བྱིན་བརླབས་བྱ།  ལག་ལེན་སྤྲོས་པ་ལ་དགའ་ན།  བྱིན་རླབས་འབེབས་ཤིང་གཏོར་དབང་ཡང་བསྐུར་ཏེ།  དེའི་ཚུལ་ནི་བླ་མ་གོང་མ་རྣམས་ཀྱིས་ལོགས་སུ་ཡི་གེ་མཛད་པ་ལྟར་ཤེས་པར་བྱའོ།།  དེ་རྗེས་ནས་མུན་འཁྲིད་ཀྱི་མཚམས་ལ་འཇུག།  འཁྲིད་ལྟ་ཡང་ཡང་བྱཞིང།  གནད་དུ་མ་འབྱོར་བ་རྣམས་བཅོས།  གེགས་སེལ་བ་དང་ངོ་སྤྲོད་པ་སོགས་སྐབས་སུ་གང་བབ་བྱའོ།།  དེ་དག་གིས་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་འཁྲིད་རྣམས་ཚར་བ་ཡིན་ནོ།།  ༎

རྩ་བའི་གཉིས་པ། དངོས་གཞི་སྒོམ་པའི་རིམ་པ།

གཉིས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་དངོས་གཞི་སྒོམ་པའི་རིམ་པ་ནི།  དུས་འཁོར་རྩ་རྒྱུད་དང།  གསང་འདུས་རྒྱུད་ཕྱི་མ་ལས།  སོ་སོར་སྡུད་དང་བསམ་གཏན་དང་།།  སྲོག་རྩོལ་དེ་བཞིན་འཛིན་པ་ད་།།  ཅེས་དང།  རྗེས་སུ་དྲན་དང་ཏིང་ངེ་འཛིན།  སྤྱོར་བ་ཡན་ལག་དྲུག་ཏུ་འདོད།  ཅེས་གསུངས་ཤིང།  བདེ་མཆོག་རྩ་རྒྱུད་ལས།  སྔགས་བཟླས་པ་དང་བསམ་གཏན་དང་།།  བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཞེས་ཡན་ལག་དྲུག་གི་ནང་ཚན་གྱི་འབྲས་བུ་གསུམ་བསྟན་པས་རྒྱུ་སོར་སྡུད་སོགས་ཀྱང་བསྟན་ནོ༎  ཆ། ཅེས་དང་།   དགྱེས་རྡོར་ལས་ཀྱང་།  ཡན་ལག་དྲུག་སྒོམ་རྣལ་འབྱོར་བས།།  ཞེས་སོགས་མང་དུ་གསུངས་ཏེ།  མདོར་ན་ཡན་ལག་དྲུག་ནི།  སོར་སྡུད་ཀྱི་ཡན་ལག  བསམ་གཏན།  སྲོག་རྩོལ།  འཛིན་པ།  རྗེས་དྲན།  ཏིང་ངེ་འཛིན་གྱི་ཡན་ལག་སྟེ་དྲུག་པོ་དེ་ཡིན་ལ།   དེ་དག་རྡོ་རྗེ་བཞིའི་རྣལ་འབྱོར་གྱི་དབང་དུ་བྱས་ན།  སོར་བསམ་སྐུ་རྡོ་རྗེའི་རྣལ་འབྱོར།  སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར།  རྗེས་དྲན་ཐུགས་རྡོ་རྗེའི་རྣལ་འབྱོར།  ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རོ།།  བསྙེན་སྒྲུབ་ཡན་ལག་བཞི་ལྟར་ན། སོར་བསམ་གཉིས་མཐར་ཐུག་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་རྒྱུ་སྟོང་གཟུགས་མངོན་དུ་གྱུར་ཅིང་སྣང་སེམས་དབྱེར་མེད་དུ་སྣང་བའི་རྣལ་འབྱོར་ཡིན་པས།   དེ་གཉིས་ཟུང་འཇུག་གི་སྐུ་འགྲུབ་པ་ལ་ཐོག་མར་ཉེ་ལམ་ཡིན་ཕྱིར་ཉེར་སྒྲུབ་དང་།  སྲོག་འཛིན་གཉིས་མ་དག་པའི་རླུང་བཀག་ནས་རླུང་ཐིག་དབྱེར་མེད་དུ་བྱེད་པའི་རྣལ་འབྱོར་ཡིན་པས་དེ་གཉིས་སྔར་ལས་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ་ལྷག་པར་ཉེ་ཕྱིར་ཉེར་སྒྲུབ་དང་།   རྗེས་དྲན་ནི་འབར་སྣང་གི་ལྷ་སྐུ་སྒྲུབ་པའི་རྣལ་འབྱོར་ཡིན་པས་སྒྲུབ་པ་དང་།  ཏིང་ངེ་འཛིན་ནི་མི་འགྱུར་བའི་བདེ་བ་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་ཡིན་པས་སྒྲུབ་ཆེན་ནོ༎  ཆ སོར་བསམ་བསྙེན་པ།  སྲོག་འཛིན་ཉེར་སྒྲུབ།  རྗེས་དྲན་སྒྲུབ་པ།  ཏིང་ངེ་འཛིན་སྒྲུབ་ཆེན་ནོ།།  དགེ་བ་གསུམ་ལྟར་ན།  སོར་བསམ་ཐོག་མར་དགེ་བ།  སྲོག་འཛིན་བར་དུ་དགེ་བ།  དྲན་ཏིང་ཐ་མར་དགེ་བའོ།།  རྒྱུ་འབྲས་གཉིས་ལྟར་ན།  སོར་སྡུད་སྲོག་རྩོལ་རྗེས་དྲན་གསུམ་རྒྱུའི་ཡན་ལག  བསམ་གཏན་འཛིན་པ་ཏིང་ངེ་འཛིན་གསུམ་འབྲས་བུའི་ཡན་ལག་གོ།  ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གཅིག་ལ།  ཡན་ལག་དངོས་རྣམས་ནི་སྔ་མ་སྔ་མ་མཐར་ཕྱིན་ནས་ཕྱི་མ་ཕྱི་མ་རྒྱུད་ལ་སྐྱེ་བས་ཐོག་མར་སྐྱེ་བའི་དུས་སྐབས་རིམ་ཅན་དུ་གནས་ཤིང་།  དེ་དག་སྐྱེ་བའི་རྒྱུ་ཚོགས་ལ་བསླབ་པ་ཡན་ལག་དྲུག་རྗེས་མཐུན་པ་ནི།  ཐོག་མར་སོ་སོར་ཞུས་ཤིང་སྤྱང་ནས།  དེ་རྗེས་སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་ལེན་ནོ།  དེས་ན་སྐབས་འདིར་དངོས་གཞི་ལ།  ཐོག་མར་དགེ་བའི་ཁྲིད།  བར་དུ་དགེ་བའི་འཁྲིད།  ཐ་མར་དགེ་བའི་འཁྲིད་དེ་གསུམ་ལས།  དང་པོ་ལ།  སོ་སོར་སྡུད་པའི་འཁྲིད་དང༌།  བསམ་གཏན་གྱི་འཁྲིད་དོ།།

ཐོག་མར་དགེ་བའི་ཁྲིད།

དང་པོ་ནི།  གོང་མ་མང་བོ་དག་དུས་ཞབས་སྙན་བརྒྱུད་ལས།  ཀུན་ལའང་དྲུག་ཏུ་ཤེས་བྱ་སྟེ།  ཞེས་པའི་གོ་དོན་དུ་མཛད་ནས།  ཡན་ལག་ཐམས་ཅད་ལ་ས་བཅད་དྲུག་གིས་འཆད་པར་གདའ།  ས་བཅད་ནི་བཤད་པ་ཡིན་པས་ཇི་ལྟར་སྤྱར་ཀྱང་རུང་མོད།  སྐབས་འདིར་གོང་མའི་གསུངས་ལས་ཀྱང་མི་འདའ་ཞིང༌།  གོ་བདེ་བར་སྤྱར་ན་འདི་ལྟར་ལེགས་ཏེ།

ཡན་ལག་དང་པོ་སོར་སྡུད།

སོ་སོར་སྡུད་པའི་འཁྲིད་སྟོན་པར་བྱེད་པ་ལ།  ཉམས་ལེན་དམིགས་པའི་གནད་དང༌།  སྒོམ་དོན་བློ་ལ་འགོད་པ་གཉིས་སོ།།

༼༡༽ཉམས་ལེན་དམིགས་པའི་གནད།

དང་པོ་ལ།  སོར་སྡུད་དངོས་དང༌།  བོགས་འདོན་སྤོགས་པའི་ཆོ་ག་གཉིས་སོ།།

༡༽ སོར་སྡུད་དངོས།

དང་པོ་སོར་བསྡུད་དངོས་ལ།  མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང།  ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་རོ།། ༡ མཚན་མོའི་རྣལ་འབྱོར། དང་པོ་ནི།  རྒྱུད་ལས། མུན་པའི་ ཆ ནམ་མཁར་ཀུན་ནས་ཞེན་ ཞེན་པ་སྟེ་མངོན་སུམ་དུ་མཐོང་བའི་སེམས་གཡོ་མེད་དུ་བྱས་ཏེ་  ཆ པའི་སེམས་དང་མིག་ནི་ མིག་འབྱེད་འཛུམ་མི་བྱེད་པར་གྱེན་དུ་བལྟས་ཏེ་རྡོ་རྗེའི་ལམ་ཞེས་པ་དབུ་མར་ཞུགས་པར་བྱས་ཏེ་བསྒོམས། ཆ མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས།  ཅེས་གསུངས་ཏེ།  སྔོན་འགྲོ་སྔར་བཞིན་བཏང༌།  གནས་ཁང་སྐབས་འདིར་ངེས་པར་མུན་ཁང་ཁོ་ན་ཡིན་ཅིང༌།  རྐང་བ་རྡོ་རྗེའི་སྐྱིལ་ཀྲུང་ངེས་པར་དགོས་ཏེ།  དྲི་མེད་འོད་ལས།  བླ་མའི་ རྟོགས་པའམ་གདམས་ངག་གི ཆ ངེས་པའི་དབང་གིས་སྒོམ་པའི་དུས་དང༌།  འདོད་པའི་ལྷ་ ལྷག་པའི་ ཆ ལ་བསྟོད་པའི་དུས་ ཀྱི་ ཆ་ སུ་གྲངས་བཞིན་དུ་སངས་རྒྱས་པ་ པའི་ཚེ་ ཆ རྣམས་ལ་རྡོ་རྗེའི་ སྐྱིལ་ཀྲུང་གི་གདན། ཆ གདན་བསྔགས་ཤིང༌།  ཞེས་འབྱུང་བས།  ལག་པའང་མཉམ་བཞག་གམ་ཁུ་ཚུར་བརླ་བཞག་གང་རུང་ཞིག་དགོས་པར་གསུངས་པས་གཞན་མི་བྱ།  ལྟ་སྟངས་ནི་རྒྱུད་ལས།  བསྙེན་པ་ སོར་བསམ་གཉིས་ ཆ ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་ ས་བཅུ་ ཆ མཁའ་ལ་འཁོར་ལོ་ཅན་ གཙུག་ཏོར་ ཆ གྱི་ཁྲོ་བོའི་ལྟ་བས་སོ།།  ཞེས་འབྱུང་བས།  གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཞེས་བྱ་བ།  སྨིན་མཚམ་ནས་སོར་བཅུ་དྲུག་བཞལ་པའི་སྟེང་གི་ནམ་མཁའ་ལ་ལྟ་བ་འདི་ཁོ་ན་དགོས།  དེ་ཡང་དབང་མདོར་བསྟན་ལས།  བཀབ་དང་མ་བཀབ་མིག་དག་གིས།།  ཞེས་གསུངས་པས།  མིག་ཧ་ཅང་གདང་བ་མ་ཡིན་པ།  ཧ་ཅང་བཙུན་པ་མ་ཡིན་པ་རང་བབས་ཀྱི་ངང་ནས་མིག་འབྲས་གྱེན་ལ་བཟློག་པ་ཡིན།  དམིགས་གསལ་ཅན་རྣམས་མ་གཏོགས།  སོར་བསམ་གཉིས་ཀྱི་སྐབས་ཐམས་ཅད་དུ་ལུས་གནད་ལྟ་སྟངས་འདི་ཁོ་ནར་ངེས་སོ།།  དེ་ལྟར་ལུས་གནད་བཅས་ནས།  བྱ་བ་གཞན་སྤངས་ཏེ་བཞག་པས་རྩ་རྣམས་གཡོ་མེད་དུ་གནས་པ་ནི་ལུས་མི་གཡོ་བ།  ངག་གནས་དབེན་གསུམ་གྱི་སྐབས་བཞིན་བྱས་པས་ངག་མི་གཡོ་བ།  སེམས་ཀྱི་གནད་ཀྱང་ཕལ་ཆེར་དབེན་གསུམ་དང་འདྲ་བ་ལས།  གང་དུ་མིག་ལྟ་སའི་ཐད་ནམ་མཁའི་མུན་པ་ལ་སེམས་ཆེ་རེ་གཏད་ནས་འཇོག་པ་ཡིན་ཏེ།  དྲི་མེད་འོད་ལས།  དང་པོར་སྟོང་ཉིད་བྱང་ཆུབ་ནི་མུན་པ་ལ་ཅི་ཡང་བསམ་པར་མི་བྱའོ།།  ཞེས་གསུངས་་ཏེ།  ཡིད་མི་གཡོ་བའོ།།  དེ་ལྟར་ན།  གྲུབ་ཐོབ་ཤྭ་ཝ་རི་པའི་ཞལ་ནས།  མི་གཡོ་བ་ནི་གསུམ་ལྡན་གྱིས།།  དྷུ་ཏཱིར་རླུང་བཅུ་ཆུད་གྱུར་པས།།  ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང༌།།  སོ་སོར་གཅོད་པའི་ཡན་ལག་ཡིན།།  ཞེས་གསུངས་པའི་དོན་ཚང་བར་བྱ་ཞིང༌།  དཔལ་ས་ར་ཧས་ཀྱང༌།  མང་དུ་སྨྲས་པས་ཅི་ཞིག་བྱ།།  ཆོས་ཀྱི་ཚད་ནི་འདི་ཡིས་ཆོག།  མིག་ཕྱེད་གྱེན་དུ་ལྟ་བ་ན།།  མཐོང་བ་བརྟན་པ་ཉིད་ཀྱིས་ཤེས།།  ཞེས་དང༌།  བར་སྣང་ལ་ནི་ཡིད་དང་རླུང་དང་མིག།  དུས་གཅིག་ཏུ་ནི་གལ་ཏེ་ངེས་སྤྱར་ན།།  རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་སྐྱེ།།  འདི་དག་མཐའ་དག་དེ་བཞིན་གཤེགས་པས་གསུངས།།  ཞེས་པ་དང༌།  ལྟ་སྟངས་ངེས་པར་གྱེན་དུ་བལྟ་དགོས་པ་ཡང༌།  འགྲེལ་ཆེན་ལས།  མིག་མི་འཛུམ་པར་སྟེང་དུ་བལྟ་བས་མཚན་མར་འགྱུར་བ་ཡིན་ཏེ།  ཞེས་གསུངས་སོ།།  དེ་ལྟར་ན།  ལུས་གནད་བྱེད་བཅིང་དང་ལྡན་པས་ཡིད་མིག་རླུང་གསུམ་གཙུག་ཏོར་ཐད་ཀྱི་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ཏེ་གང་ཡང་ཡིད་ལ་མི་བྱེད་པར་སྒོམ་དགོས་སོ།།  སོར་སྡུད་ཀྱི་དམིགས་པ་དངོས་ཏེ།  དངོས་གཞིའི་དམིགས་པ་དང་པོའོ།།  ཡང་པཎ་ཆེན་བི་བྷུ་ཏི་ཙནྡྲའི་མན་ངག་ལས།  དམིགས་པ་གཏོད་ཚུལ་མི་འདྲ་ཙམ་བཞི་བྱུང་བའི་མན་ངག་ནི་འདི་ཡིན་ཏེ།  སོར་སྡུད་ཀྱི་དམིགས་པའི་རྩ་བ་སྔར་བཤད་པ་དེ་ཉིད་བསམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་བ།  དཔེ་ལྷ་ཁང་ནང་གི་ལྡེར་བཟོ་ལྟ་བུ་ཟེར།  དེ་སྐབས་སེམས་མ་གཞུར་བའི་སྐྱོན་གྱིས་རྟོག་པ་འཕྲོ་བ་འམ།  སྒོམ་སྐྱོན་ཅན་ཐེབས་ཏེ།  ཤེས་པ་ལྟེང་བོར་སོང་ནས་སྒོམ་མིན་གཉིད་མིན་དུ་གྲོ་ན།  ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ།  ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུ་ཤེས་པ་དྲག་ཏུ་གཏད།  རིག་པ་ཧུར་ཕྱུང་སྟེ་སྒྲིམ་ནས་གོམ་པ་ནི།  རྩེ་གཅིག་པའི་རྣལ་འབྱོར་ཞེས་བྱ་སྟེ།  སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའོ།།  དམིགས་སྐོར་གཉིས་པའོ།།  དེ་ལྟར་བསྒོམས་པས་རླུང་སྟོད་དུ་འཚང་བ་དང༌།  མིག་རུས་ན་བ་དང༌།  ཡེ་ཤེས་ཕེབས་པ་མ་ཡིན་པར་རྒྱལ་བ་དང༌།  ཟུག་བཟེར་སྐྱེ་བ་སོགས་བྱུང་ན།  བྱེད་བཅིང་སྔར་ལས་མ་གཡོས་བཞིན་དུ་སེམས་གསལ་རིག་གི་སྟེང་དུ་ཆེ་རེ་བཟོ་བཅོས་མེད་པར་བཞག་ཅིང༌།  འདས་མ་འོང་གི་རྣམ་པར་རྟོག་པ་སྤངས་ཏེ།  ད་ལྟར་བའི་ཤེས་པ་སོ་མ་ལ་རང་ངོ་ཤེས་པའི་དྲན་པ་བསྟེན་པ་ནི།  རང་གྲོལ་གྱི་རྣལ་འབྱོར་ཏེ།  དཔེ་སྤུན་གསུམ་གྱི་བར་མ་དང་འགྲོགས་པ་ཞེས་བྱ་སྟེ།  དམིགས་སྐོར་གསུམ་པའོ།།  དམིགས་པ་དེ་གཉིས་ཀྱི་སྐབས་སུ།  སེམས་སྒྲིམས་པས་ཡུད་ཙམ་རེ་གནས་ཤིང༌།  དེའི་འཕྲོ་ལ་ཇི་ཙམ་སྒྲིམས་ཀྱིན་འཕྲོ་རྒོད་དུ་སོང་ན།  ཧ་ཅིང་གྲིམས་དྲག་པའི་སྐྱོན་ཡིན་བས།  མ་ཡེངས་བའི་དྲན་བའི་བྱ་ར་ཙམ་བཞག་ནས།  གང་ཡང་མི་སྒོམ་པར་ལྷོད་ཀྱིས་གློད་དོ།།  འདི་ནི་རྩོལ་བྲལ་གྱི་རྣལ་འབྱོར་ཏེ།  དཔེ་རྔ་མོ་བཏགས་གྲོལ་ལྟ་བུའོ།།  དམིགས་སྐོར་བཞི་བའོ།།  དམིགས་པ་ཕྱི་མ་གསུམ་པོ་འདི་རྣམས་ཀྱང་དང་བོའི་སྟེང་དུ་ཚང་བར་བྱ་སྟེ།  རེས་འགའ་སྒྲིམ།  རེས་འགའ་གློད།  རེས་འགའ་སེམས་གསལ་རིག་གི་ངོ་བོ་ལ་ལྟ།  ཕལ་ཆེར་རྩོལ་བྲལ་བཟོ་མེད་དུ་འཇོག་པ་ཉིད་མཐིལ་དུ་བྱས་ཏེ་སྒོམ་མོ།།  དམིགས་སྐོར་ལྔ་པའོ།།  མཚན་མོའི་རྣལ་འབྱོར་གྱི་དམིགས་པ་དང་བོ་ཕོག་པའི་མཚམས་སམ།  སྐབས་འདི་གཉིས་གང་འོས་ཤིག་ཏུ་དངོས་གཞིའི་མུན་འཁྲིད་དམ་པོ་ལ་འཇུག་པར་བྱའོ།། ༢ ཉིན་མོའི་རྣལ་འབྱོར། གཉིས་པ་ནི།  ཉིན་མོའི་རྣལ་འབྱོར་ཡིན་ཏེ།  དེ་ལ་གནས་ཀྱི་ཁྱད་པར་ནི།  འབྱོར་ལྡན་གྱི་གནས་ཕྱེད་གཡབ་ཁ་ཤར་བསྟན་དང་ནུབ་བསྟན་ལྟ་བུ་ཡིན་ལ།  ཀུན་སྤངས་ཀྱི་གནས་ནི།  སྐྱོ་ར་འམ།  བྲག་དང་ཤིང་ལ་སོགས་པས་རང་གི་ལུས་ལ་གྲིབ་མ་འབྱུང་ཞིང༌།  སྐྱེ་བོ་གཞན་གྱིས་ཚུར་མི་མཐོང་བ་ཞིག་དགོས་ལ།  གཉིས་ཀ་ལ་ཡང་མཚུངས་པར་ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་སར་སྒོམ་དགོས་པ་ཡིན་ནོ།།  མིག་ལམ་ན་མར་ཆུ་འབབ་པ་དང༌།  མཚོ་རྫིང་ལྟེང་ཀ་སོགས་མཐོང་སར་མི་སྒོམ་ཞེས་བླ་མ་གོང་མ་འགའ་ཞིག་བཞེད་ཅིང༌།  ནུབ་བྱང་ལ་མི་ལྟ་ཞེས་ཀྱང་ཁ་ཅིག་འདོད་ལ་ཉི་འོད་དང༌།  གངས་རི་སོགས་འོད་འཚེར་བས་མིག་ལ་གནོད་པས།  དེ་དག་ཀྱང་མིག་ལམ་དུ་མི་འབྱུང་བའི་སའོ།།  དུས་ནིསྔ་དྲོ་ཉི་མར་རྒྱབ་ཕྱོགས་ཏེ།།  ཕྱི་དྲོ་ཡང་ནི་དེ་བཞིན་ནོ།།  ཉི་ཕྱེད་མིག་ལ་གནོད་པས་སྤང༌།།  ཞེས་པ་ལྟར།  སྔ་དྲོ་ཁ་ནུབ་ཏུ་ཕྱོགས།  ཕྱི་དྲོ་ཁ་ཤར་དུ་ཕྱོགས་པས་སྒོམ་ཞིང༌།  ཕྱེད་གཡབ་བྱང་བསྟན་ནམ།  བྲག་དང་རྩིག་པ་ལ་སོགས་པའི་གྲིབ་མ་ཆེ་བར་ཡོད་ན།  ཉིན་གུང་ཡང་བྱང་དུ་ཕྱོགས་པས་སྒོམ་དུ་རུང༌།  དེ་དག་ཀྱང་སྤྲིན་སེར་བུ་ལ་སོགས་པ་མེད་པའི་དུས་སུ་སྒོམ་ཞེས་གསུངས་པ་ལྟར་ཡིན་བས།  སྲོད་ཐོ་རེངས་ཉིན་གུང་རྣམས་དང༌།  གཞན་ཡང་སྤྲིན་དང་རླུང་བོ་ཡོད་པའི་དུས་ཉིན་མོའི་རྣལ་འབྱོར་མི་སྒོམ་སྟེ།  མུན་ཁང་དུ་མཚན་མོའི་རྣལ་འབྱོར་ཉིད་སྒོམ་པར་བྱས་ལ།  གནས་དུས་སོགས་མཐུན་རྐྱེན་འཛོམ་ན་འདི་ཉིད་སྒོམ་པ་ཡིན་ནོ།།  བསྒོམ་བྱ་དངོས་ནི་གོང་དུ་བསྟན་པའི་མི་གཡོ་གསུམ་ལྡན་དེ་ཉིད་ཡིན་ལ།  རྩེ་གཅིག་པའི་རྣལ་འབྱོར་སོགས་གནད་ཕྱི་མ་གསུམ་པོ་དེའང་གེགས་སེལ་བོགས་འདོན་དུ་དགོས་པ་བྱུང་ན་བསྒོམ་པས།  བསྒོམ་བྱ་དངོས་ཉིན་མཚནགྱི་རྣལ་འབྱོར་གཉིས་པོ་གཅིག་པ་ཡིན་ལ།  འོན་ཀྱང་མི་འདྲ་པའི་ཁྱད་པར་ནི།  རྒྱུད་ལས།  ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་ལྟ་བར་བྱ་བ་སྟེ།།  ཞེས་གསུངས་བས་ཉིན་མོའི་རྣལ་འབྱོར་བསྟན་ཏེ།  ལྟ་སྟངས་ཀྱི་གནད་ཁྲོ་བོའི་ལྟ་བ་སྡང་མིག་འབྲུ་ཚུགས་སུ་ལྟ་ཚུལ་དགོས་པ་ཡིན།  དེ་བཞིན་དུ་དམིགས་པའི་ཡུལ་གྱི་གནད་ཀྱང་མུན་ནག་གི་ནམ་མཁའ་ལ་ལྟ་བའི་ཚབ་ཏུ།  སྤྲིན་མེད་ཀྱི་ནམ་མཁའ་སྔོ་སང་ངེ་བ་དང༌།  རང་སེམས་གསལ་ཧྲིག་གེ་བ་དབྱེར་མེད་པ་ལྟ་བུ་ལ་འཇོག་གོ།  དངོས་གཞིའི་དམིགས་སྐོར་དྲུག་པའོ༎

༢༽སྤོགས་ཆོག་བོགས་འདོན།

གཉིས་པ་བོགས་འདོན་སྤོགས་ཆོག་ལ།  ཉིན་པར་དང་འབྲེལ་བའི་སྤོགས་ཆོག་དང་།   མཚན་མོ་གཉིད་ཀྱི་འོད་གསལ་འཛིན་པའོ༎ ༡ ཉིན་མོའི་སྤོགས་ཆོག དང་པོ་ནི།  དེ་ལ་སྤྱིར་ཡན་ལག་དྲུག་ཀར་གྱི་སྤོགས་ཆོག་བཙན་ཐབས་སྦྱོར་བ་རྣམ་པ་གསུམ་ཡིན་པར་རྒྱུད་ལས་གསུངས།  དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱ་ལ།  འདིར་དང་པོའི་ལས་ཅན་ལ་སོར་སྡུད་ཁོ་ན་དང་འབྲེལ་བ་ནི།  དུས་ཞབས་སྙན་རྒྱུད་ལས།  སོ་སོར་སྡུད་པའི་སྤོགས་པ་ནི།།  བྱེད་བཅིང་དྲག་ཏུ་བརྩམ་པར་བྱ།།  ཞེས་པ་དང༌།  བྱེད་བཅིང་གང་ལ་ཟེར་ན།  རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ལས།  མཚན་མོ་གསེང་མེད་ཁྱིམ་དུ་ནི།།  ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས།།  བྱེད་པ་ལྔ་ལ་བཅིང་བ་གཉིས།།  བླ་མའི་ཞལ་ལས་ཤེས་པར་བྱ།།  ཞེས་པ་ལྟར་ཡིན་པས།  འདི་ཡང་རྒྱུད་ལས་གསུངས་པའི་སྤོགས་ཆོག་བཙན་ཐབས་ཀྱི་སྤྱོར་བའི་ནང་དུ་གཏོགས་པ་ཡིན་ནོ།།  དེ་ཡང་བྱེད་པ་ལྔ་ནི་དབང་བོ་ལྔའི་རླུང་།  བཅིང་བ་གཉིས་ནི་སྲོག་དང་ཐུར་སེལ་བཅིང་བ་ཡིན་པས།  འདིའི་ལག་ལེན་ནི་ཉིན་མཚན་གྱི་རྣལ་འབྱོར་གང་གི་སྐབས་ཡིན་ཡང་འདྲ།  མིག་གཉིས་ལྟ་ས་རྒྱ་ཆེན་པོ་མ་ཡིན་པ་ཕྲ་མོ་གཅིག་ལ་དྲག་ཏུ་བསྒྲིལ།  ལྕེ་ཕུགས་སུ་བཟློག  མཆུ་དང་སྣ་དང་རྣ་བ་གསུམ་གཅུད།  བཞིན་ཁྲོ་བོའི་གདོང་དུ་བྱ།  ལུས་ཉ་བཞི་སྒྲིམ་ཞིང་རྐང་སོར་རྣམས་བཀུག  ཁུ་ཚུར་དང་སྐྱིལ་ཀྲུང་དམ་དུ་བྱ།  དཔུང་བ་དྲག་ཏུ་རྒྱངས།  དེས་དབང་བོ་ལྔའི་རླུང་འཆིང༌།  ལྟོ་བ་ཚིགས་པ་ལ་གཅེར་བ་དང༌།  ཕྱིར་འཕེལ་ཁ་བསྐྱེད་པ་གཉིས་རེ་མོས་བྱ།  དེ་ཡང་རེ་མོས་མྱུར་བོ་མ་ཡིན་པར་ཆུ་ཚོད་རེ་རེ་ཙམ་སྤེལ་དགོས།  དེས་སྲོག་ཐུར་གཉིས་བཅིངས་བར་འགྱུར།  དེ་ལྟ་བུ་ཐུན་གྱི་གསུམ་ཆའམ།  བཞི་ཆ་ཙམ་རེ་བསྒོམ།  ཐུན་གྱི་ལྷག་མ་རྣམས་དཀྱུས་བཞིན་བསྒོམ་པས།  སོར་བསྡུད་ཡུན་རིང་དུ་བསྒོམས་ཀྱང་ཉམས་རྟོགས་མ་སྐྱེས་པ་རྣམས་སྐྱེ།  དང་བོ་ཅུང་ཟད་སྐྱེས་ཀྱང་ཉམས་པ་རྣམས་གསོ་ཐུབ།  སྔར་ཅུང་ཟད་སྐྱེས་པ་མ་ཉམས་ཀྱང་དང་པོ་སྐྱེས་པ་དེ་ལས་ཡར་བསྐྱེད་མ་བྱུང་ན་འང༌།  འདི་བསྒོམ་པས་གོང་འཕེལ་དུ་འགྲོ  དེས་ན་སྤོགས་པའི་ཆོ་ག་ཞེས་བྱའོ།།  ཐོག་མ་ཉིད་ནས་འདི་བསྒོམས་ཀྱང་ཚེགས་ཆེ་ཞིང་གེགས་སྡང་ལ།  ཕྱིས་བོགས་བསྐྱེད་ཆུང་བར་ཡོད་པས།  གོང་གི་གནས་སྐབས་གསུམ་པོ་དེ་བྱུང་ན་སྒོམ་གྱི་གཞན་མི་དགོས་སོ།།  དམིགས་སྐོར་བདུན་པའོ།།  ཡང་རྩ་མི་དང༌།  རྒ་ལོའི་མན་ངག་ལས།  སྐར་ཁུང་ལ་ལྟ་བ་དང༌།  སྣོད་ཆུས་གང་བ་ལ་ལྟ་བའི་མན་ངག་རེ་ཡོད་ཀྱང་སྟོང་གཟུགས་ཀྱི་སྤོགས་ཆོག་ཏུ་ཅུང་ཟད་འགྲོ་མོད་ཀྱི།  གནད་གལ་ཆུང་བར་མངོན་ནོ།། ༢ མཚན་མོའི་སྤོགས་ཆོག གཉིས་པ་ནི།  མཚན་མོ་ཉལ་བའི་སྐབས་སོར་སྡུད་ཀྱི་ལུས་གནད་མ་འབྱོངས་བར་དུ་ནི།  རང་བབས་སུ་བཞག་པ་ཉིད་ལེགས་ལ།  ལུས་གནད་ལྟ་སྟངས་འབྱོངས་ནས།  ཙོག་པུའམ།  གློ་གཡས་པ་འོག་ཏུ་བཅུག་པ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ཞིང༌།  མིག་བཙུམ་ནས་མིག་འབྲས་གྱེན་ལ་བཟློག་པའི་ལྟ་སྟངས་དང༌།  སེམས་ཀྱི་གནད་ལྟ་སྟངས་ཀྱི་ལམ་ནས་དྲངས་ཏེ་ནམ་མཁའ་ལ་ལྟ་བ་ཉིད་ཡིན་པས།  དེའི་ངང་ནས་གཉིད་དུ་འགྲོ་བར་བྱའོ།།  ཉིན་མོའི་སྒོམ་ཤུགས་དང༌།  གཉིད་དུ་འགྲོ་ཁར་མཚམས་སྤྱར་བའི་རྐྱེན་གྱིས།  ཞག་བདུན་ནམ།  ཟླ་བ་ཕྱེད་དམ།  ཟླ་བ་གཅིག་ལ་སོགས་པ་ནས་གཉིད་ཀྱི་འོད་གསལ་ཟིན་བར་འགྱུར།  ཅི་སྟེ་མ་ཟིན་ན།  རང་དུས་ཀྱི་འཁོར་ལོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས།  སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ།  རང་ཡང་འོད་དུ་ཞུ།  འོད་ཕུང་གི་མཐའ་ནས་རིམ་གྱིས་ཡལ།  སྙིང་ཁའི་ཐད་དུ་ཏིལ་འབྲུ་ཙམ་མམ་སྤུ་ཤད་ཙམ་ལ་རིང་དུ་སེམས་བཟུང༌།  དེ་ཡང་ཡལ་ཏེ་ནམ་མཁའ་སྟོང་པ་ལ་སེམས་གཏད།  དེ་ལྟ་བུ་ལན་བདུན་ཙམ་བསྒོམས་ནས་སྔར་བཞིན་བྱས་པས་མྱུར་དུ་ཟིན་པར་འགྱུར་རོ།།  དེ་ལ་གཉིད་ཀྱི་འོད་གསལ་ཟིན་པའི་ཚད་མང་པོ་ཡོད་ཀྱང༌།  རེ་ཞིག་གཉིད་འཐུག་པོའི་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང༌།  རང་ངོ་སྐྱོང་ཤེས་བ་ལ་རྟགས་སྣང་སྣ་ཚོགས་པ་འཆར་བ་ཞིག་བྱུང་ན་གཉིད་ཀྱི་འོད་གསལ་ཟིན་པའི་གྲངས་སུ་ཆུད་པ་ཡིན་ནོ།།  དམིགས་སྐོར་བརྒྱད་པའོ།།

༼༢༽སྒོམ་དོན་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ནི།  གང་ཟག་ཤིན་ཏུ་བློ་དམན་པ་བཤད་ཀྱང་མི་གོ་བ་དང༌།  བློ་གྲོས་ཆེན་པོའི་རིགས་བཤད་མི་དགོས་པ་དང༌།  མགྱོགས་ཁྲིད་བྱེད་པའི་སྐབས་རྣམས་སུ་མ་བཤད་ཀྱང་ཆོག  གནས་སྐབས་གཞན་དུ་ཅི་རིགས་པར་འཆད་པ་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ཡིན་ཅིང༌།  གལ་ཡང་ཆེ་བ་ཡིན་ཏེ་འོག་མ་རྣམས་ལའང་དེ་དང་འདྲའོ།།  དེ་ཡང་མདོ་ཙམ་སྨོས་ན།  སོ་སོར་སྡུད་པའི་མཚན་དོན།  སྒོམ་པའི་དུས་མཚམས།  སྒོམ་ཚུལ་གྱི་ཡན་ལག   བསྒོམ་པའི་རྟགས་ཚད།  དག་བྱ་དག་བྱེད་ཀྱི་དབྱེ་བ།  བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་གོ།

༡༽སོ་སོར་སྡུད་པའི་མཚན་དོན།

དང་བོ་ནི།  ལེགས་པར་སྤྱར་བ་སངྐྲིའི་ཏའི་སྐད་དུ།  བྲ་ཏི་སོ་སོ།  ཨཱ་ཧ་ར་སྐབས་ཐོབ་ཀྱིས་བསྡུད་པ།   སྤོང་པ།  ཟ་བ།  གཅོད་པ།  ལེན་པ་སོགས་ལ་འཇུག་པ་ལས།  སྐབས་འདིར་བསྡུད་པ་སྟེ།  མཚམས་སྤྱར་བས་བྲ་ཏྱཱ་ཧ་ར་སོ་སོར་བསྡུད་པའོ།།  ཐ་མལ་བའི་དབང་བོ་ལྔ་དང་ཡུལ་ལྔའི་འབྲེལ་བ་གཅོད་ཅིང་ཡུལ་ལ་རྣམ་ཤེས་ཡན་པ་བསྡུད་པ་དང༌།  ཡེ་ཤེས་ཀྱི་རང་བཞིན་གྱི་དབང་པོ་གཞན་ལྔ་འོད་གསལ་གྱི་རང་བཞིན་གྱི་ཡུལ་ལྔ་ལ་ལོངས་སྤྱོད་ཅིང་ཟ་བ་དང་ལེན་པའི་དོན་ཡིན་ཏེ།  མདོར་ན་ཐ་མལ་གྱི་སྣང་བ་ལ་སེམས་བསྡུས་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དོན་ནོ།།  དེ་ལྟར་ཡང༌།  རྒྱུད་ལས།  སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་བོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ།།  ཞེས་སོ།།

༢༽སྒོམ་པའི་དུས་མཚམས།

གཉིས་པ་ནི།  སོར་སྡུད་ཐོག་མར་སྒོམ་པའི་སྐབས་ཀྱི་ལན་གཅིག་པོ་དེ་ལ།  རླུང་སྣ་བུག་གཡོན་ནས་གཡས་སུ་འཕོས་མ་ཐག་པས་རླུང་འབབ་པའི་དུས་དེར་བསྒོམ་ན།  གཡས་ཀྱི་འཕོ་བ་རྣམས་འབྱུང་བ་བསྡུད་རིམ་གྱི་རྒྱུ་བ་ཡིན་པས་མ་དག་པའི་སྣང་བ་དབྱིངས་སུ་བསྡུ་བའི་བརྟེན་འབྲེལ་ཁྱད་པར་ཅན་དུ་འགྱུར།  གཞན་ཡང་ལས་དང་པོ་བས་གཉིད་ཀྱི་དུས་མ་གཏོགས་འབད་ནས་སྒོམ་པ་གལ་ཆེ་ཞིང༌།  ལུས་གནད་འབྱོངས།  ཏིང་ངེ་འཛིན་གྱི་ཉམས་ཅི་རིགས་པ་བརྟན་ནས་ཉིན་གུང་དང༌།  ཕྱི་ཕྲེད་ཀྱི་དུས་ཐུན་མཚམས་ཀྱི་རྣལ་འབྱོར་ཙམ་གྱི་སྒོ་ནས་བསྐྱངས་ན་གེགས་མི་སྡང་ཞིང་བོགས་ཆེ་བ་ཡིན་ནོ་གསུང་ངོ༌།།

༣༽སྒོམ་ཚུལ་གྱི་ཡན་ལག

གསུམ་པ་ནི།  སོར་སྡུད་ཀྱི་ངོ་བོ་ནི་རྣམ་པར་མི་རྟོག་པ་མི་གཡོ་གསུམ་ལྡན་གྱིས་རླུང་དབུ་མར་བསྡུད་པའི་ནུས་པ་ཅན་ཞིག་སྟེ།  ཉིན་མཚན་གྱི་རྣལ་འབྱོར་གཉིས་ནི།  སྣོད་ཀྱི་འཇིག་རྟེན་ལ་ཆགས་འཇིག་གཉིས།  བཅུད་ཀྱི་སེམས་ཅན་ལ་སྐྱེ་འཆི་གཉིས།  ལོ་ལ་བགྲོད་པ་ ལྷོ་བགྲོད་དང་བྱང་བགྲོད་ ཆ གཉིས།  ཟླ་བ་ལ་ཕྱོགས་ དཀར་ཕྱོགས་དང་ནག་ཕྱོགས་ ཆ གཉིས།  ཞག་ལ་ཉིན་མཚན་གཉིས།  ཁམས་འཕོ་བ་ དཀར་དམར་ ཆ ལ་གཡས་གཡོན་གཉིས།  དུས་སྤྱོར་དང་རླུང་གི་འཕོ་བ་ལའང་མཉམ་པ་ གཡས་ ཆ དང་མི་མཉམ་པ་ གཡོན་ ཆ གཉིས་སོགས་ཐབས་ཤེས་ཀྱི་དབྱེ་བའི་དག་པས་ཉིན་མཚན་གྱི་རྣལ་འབྱོར་གཉིས་ངེས་པར་དགོས་པ་ཡིན་ནོ།  དེ་ལྟར་ཡང༌།  རྒྱུད་ཕྱི་མ་ལས།  མཚན་མོ་ མཚན་མོ་སྟེ་མུན་པའི་ནམ་མཁར་དུ་བ་ལ་སོགས་པའི་མཚན་རྟགས་བཞི་མངོན་སུམ་དུ་མཐོང་བའི་མཚན་མོའི་རྣལ་འབྱོར་བསྒོམ་དགོས་པར་བསྟན་ ཆ དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ འབར་བ་ལ་སོགས་པ་ནི་ཉིན་རྟགས་དྲུག་མངོན་སུམ་དུ་མཐོང་བའི་ཉིན་མོའི་རྣལ་འབྱོར་བསྒོམ་པར་བསྟན་ ཆ ལ་སོགས་ཀྱང༌།  ཞེས་དང༌།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང༌།  ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ།།  ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་བླ་གམ་མེད་པ་ལ་རྣལ་འབྱོར་དུ་བསླབས་པར་བྱའོ།།  ཞེས་གསུངས་པས།  གནས་ལུགས་རྟོགས་པའི་ཐབས་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་ཚང་བ་དགོས་པ་མདོ་སྔགས་གཉིས་ཀའི་དགོང་པ་ཡིན་ཅིང༌།  འོན་ཀྱང་ལུས་ལ་གནད་དུ་བསྣུན་པ་སོགས་ཐབས་ཁྱད་པར་ཅན་གཞན་གྱི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པ་ནི་ཡིན་ནོ།།  ཁྱད་པར་དུ་ཡང་འདིའི་གནད་ནི།  མཚན་མོའི་རྣལ་འབྱོར་གྱིས་གཡས་ཀྱི་དཀྱིལ་འཁོར་ལྔ་དང༌།  ཉིན་མོའི་རྣལ་འབྱོར་གྱིས་གཡོན་གྱི་ལྔ་རྣམས་དབུ་མར་བསྡུས་པས་མཚན་རྟགས་ངེས་པ་རྟགས་བཅུ་སོགས་འཆར་པ་ཡིན་ཏེ།  གཙོ་ཆེ་བའི་དབང་དུ་བྱས་པའོ།།

༤༽སྒོམ་པའི་རྟགས་ཚད།

བཞི་བ་ནི།  སོ་སོར་སྡུད་པའི་ཏིང་ངེ་འཛིན་གྱི་ཡུལ་རྟགས་བཅུ་སྟེ།  རྒྱུད་ལས།  སྟོང་པ་ལ་ རྣལ་འབྱོར་བའི་རང་ངོའི་སྟོང་སེང་གི་ནམ་མཁའ་  ཆ ནི་དུ་བ་ དང་ ཆ སྨིག་རྒྱུ་ དང་ ཆ རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་ དེ་མེ་ཁྱེར་དང་ ཆ དང་མར་མེ་དང༌།།  ཞེས་མཚན་མོའི་རྣལ་འབྱོར་གྱི་རྟགས་བཞི་དང༌།  འབར་བ་ སྟེ་དུས་མེ་ ཆ དང་ནི་ཟླ་བ་ དང་ ཆ ཉི་མ་ དང་ ཆ རྡོ་རྗེ་ སྟེ་སྒྲ་གཅན་ ཆ རྣམས་དང་མཆོག་གི་ཆ་ སྟེ་གློག་ ཆ དང་ཐིག་ལེ་ སྔོན་པོ་ ཆ མཐོང་བར་འགྱུར།།  ཞེས་ཉིན་མོའི་རྣལ་འབྱོར་གྱི་རྟགས་དྲུག་སྟེ།  རྟགས་བཅུ་ངེས་པའི་རྟགས་ཡིན་ལ།  བཅུ་བོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ཀྱང༌།  རྣམ་པ་མ་ངེས་པའི་རྟགས་ནི་མཐའ་ཡས་པ་ཞིག་གོ།  སྣ་ཚོགས་གཟུགས་བརྙན་མཐོང་བ་ཞེས་བྱའོ༎  དེ་ཡང་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རང་ལ་བཞུགས་ཤིང༌།  ལམ་བསྒོམས་པས་དེ་མངོན་དུ་འགྱུར་བ་ལ་ཡིད་ཆེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རྟགས་ཞེས་བྱ་ཡི།  ཀུན་རྫོབ་འཁྲུལ་སྣང་གི་རྟགས་ཙམ་ནི་མ་ཡིན་ནོ།།  དེ་ལྟར་རྟགས་དེ་རྣམས་མཐོང་བའི་ཤེས་པ་ནི་ཚད་མ་སྟེ།  དེ་ཡང་རྒྱུད་ལས།  ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ།།  མངོན་སུམ་དག་ནི་དེ་ཉིད་སྤྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ།  ཞེས་གསུངས་པ་ལྟར་བསྐྱེད་རིམ་གྱི་ཚད་མ་ནི་རྗེས་དཔག་ཡིན་ལ།  རྣལ་འབྱོར་ཡན་ལག་དྲུག་གི་ཚད་མ་ཐམས་ཅད་མངོན་སུམ་ཡིན་ནོ།།  མངོན་སུམ་ཡང་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་བཞི་ དབང་པོའི་མངོན་སུམ།  ཡིད་མངོན།  རང་རིག་མངོན་སུམ།  རྣལ་འབྱོར་མངོན་སུམ་བཞི། ཆ ཡོད་ལ།  ངོ་བོའི་སྒོ་ནས་མངོན་སུམ་ རྣལ་འབྱོར་མངོན་སུམ་ ཆ གཅིག་ཡིན་པས།  ཡན་ལག་དྲུག་པོ་སོ་སོའི་སྐབས་ཀྱི་མངོན་སུམ་ཐམས་ཅད་ལ་མངོན་སུམ་བཞི་ཅར་གྱི་མཚན་ཉིད་ཆ་ཤས་རེ་ཚང་ཡོད་ཀྱང༌།  སྐབས་འདིར་དབང་པོའི་མངོན་སུམ་གྱི་མཚན་ཉིད་གཙོ་ཆེ་བ་ཡིན་ལ།  དེའི་བརྟེན་དབང་པོ་ཡང་སྤྱན་ལྔ་ ཤའི་སྤྱན། ལྷའི་སྤྱན། ཆོས་ཀྱི་སྤྱན། ཤེས་རབ་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན། ཆ ལས་ཤའི་མིག་ཡིན་ནོ།།  དེ་ལྟར་ཡང༌།  དྲི་མེད་འོད་ལས།  འདིར་དང་པོར་ བསམ་གཏན་མཐར་ཕྱིན་པ་ཡན་ཆད་ ཆ ལས་དང་པོ་བའི་རྣལ་འབྱོར་ པའི་རྒྱུད་ལ་མངོན་ཤེས་མ་གྲུབ་ ཆ པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ༌།།  ཞེས་སོ།།  མིག་གི་སྒྲ་ནི་ཨཀྵ་ཞེས་བྱ་བའི་སྒྲ་ལས་དྲངས་ན།  དབང་པོ་ཐམས་ཅད་ལའང་འཇུག་པས།  གཟུགས་ཀྱི་རྣམ་ཆ་མཐོང་བའི་བརྟེན་ཁོ་ན་ལ་མི་བཟུང་གིས།  སྟོང་བ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་འཛིན་པ་མཐའ་དག་ལ་འཇུག་གོ།  འོག་མ་རྣམས་ལའང་འདིས་རིགས་འགྲེའོ།།

༥༽དག་བྱ་དག་བྱེད་ཀྱི་དབྱེ་བ།

ལྔ་པ་ནི།  ཡན་ལག་དྲུག་པོ་ཐམས་ཅད་ཀྱིས་དྲི་མ་སྤྱང་བར་བྱ་བའི་གཞི་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཁོ་ན་ཡིན་པས་དབྱེ་བ་མེད་ལ།  དག་བྱ་ལ་དབྱེ་ན་སྤྱིར་ཕུང་ཁམས་སུམ་ཅུ་སོ་དྲུག་ཡོད་པ་ལས།  སོ་སོར་སྡུད་པའི་ངོ་སྐལ་གྱི་དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་ སོ་སོར་སྡུད་པའི་ངོ་སྐལ་གྱི་དག་བྱ་ཡེ་ཤེས་ཀྱི་ཕུང་བོ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ ཆ སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་པོ་དེ་ཡིན་ལ།  དག་བྱེད་སོར་སྡུད་ཉིད་ལ་དབྱེ་ན་བཅུ་སྟེ།  རྟགས་བཅུ་རིམ་པས་འཆར་བའི་དབང་གིས་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་པས་སོ།།

༦༽བསྒོམས་པའི་ཐོབ་པའི་འབྲས་བུ།

དྲུག་པ་ནི།  གནས་སྐབས་ཀྱི་འབྲས་བུ་བདེན་ཚིག་འགྲུབ་པ་དང༌།  སྔགས་འབྲས་གྲུབ་པ་སྟེ། རྒྱུད་ལས། ཆ སོ་སོར་སྡུད་པས་རྣལ་འབྱོར་བ་ནི་ གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་།  དེ་ལྔ་འཛིན་པའི་ཡུལ་ཅན་འཇུག་ཤེས་ལྔའི་འབྲེལ་བ་འབྱུང་བའི་རྒྱུ་རླུང་འགགས་པ་ ཆ ཡུལ་དང་རྣམ་པར་བྲལ་བ་ སྟེ་བདེན་ཚིག་ ཆ སྔགས་རྣམས་ཀུན་གྱིས་བྱིན་གྱིས་ བདེན་ཚིག་གྲུབ་པའི་དོན་ནོ། ཆ བརློབ།  ཅེས་གསུངས།  མཐར་ཐུག་གི་འབྲས་བུ་ནི།  ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་ན་རྡོ་རྗེ་སེམས་དཔའ་ལ་ སྣ་ཚོགས་ཡུམ། ཀུན་ཏུ་བཟང་མོ། སྒྲ་རྡོ་རྗེ་མ། གནོད་མཛེས་རྒྱལ་པོ།  ཤིན་ཏུ་སྔོན་མོ་སྟེ་ཡེ་ཤེས་ཁམས་པ་དྲུག་ ཆ སོགས་པ་ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བའོ།།  དེ་ལྟར་སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་འདི་བསྡུ་ན་ཐུན་གཅིག་ལ་ཚང་བར་བྱ།  རྒྱས་པ་ལ་སྤྲོ་ན་ཐུན་མང་པོར་བཤད་དེ།  མཐའ་ཆོད་ལ་ངེས་པ་བརྟན་པོར་བྱའོ།།  དེས་སོ་སོར་སྡུད་པའི་འཁྲིད་ཚར་རོ།།  དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན།  འོག་ཏུ་འཆད་པར་འགྱུར་བའི་རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བཤད་སྟེ།  རེ་ཞིག་འཁྲིད་རྫོགས་པའི་ལུགས་སུ་བྱས་ལ།  ཡང་སྐབས་འདི་ནས་བསམ་གཏན་གྱི་འཁྲིད་སྟོན་པར་འདོད་ན།  སོར་སྡུད་ཀྱི་སྒོམ་དོན་བློ་ལ་འགོད་པ་སོང་བའི་རྗེས་ཐོག་ཁོ་ནར་བསམ་གཏན་གྱི་འཁྲིད་རིམ་གྱིས་འབོགས་པར་བྱའོ།། ༎

ཡན་ལག་གཉིས་པ་བསམ་གཏན།

གཉིས་པ་བསམ་གཏན་གྱི་འཁྲིད་སྟོན་པར་བྱེད་པ་ལ།  ཉམས་ལེན་དམིགས་པའི་གནད་དང༌།  སྒོམ་དོན་བློ་ལ་འགོད་པའོ།།

༼༡༽ཉམས་ལེན་དམིགས་པའི་གནད།

དང་པོ་ལ།  བསམ་གཏན་དངོས་དང༌།  སྤོགས་ཆོག་བོགས་འདོན་དང་བཅས་པ་སྟེ་གཉིས་སོ།།

༡༽བསམ་གཏན་དངོས།

དང་པོ་ནི།  མཚན་མོའི་རྣལ་འབྱོར་གྱི་གནས་སུ་སྒོམ་པ་གཙོ་ཆེ་ཞིང༌།  སྤྱིར་ཉིན་མཚན་གྱི་རྣལ་འབྱོར་གྱི་གནས་གཉིས་ཀར་དུ་སྒོམ་སྟེ།  ལུས་གནད་ངག་གནད་གཉིས་པོ་སྔར་སོར་སྡུད་ཀྱི་སྐབས་དང་འདྲ།  སེམས་གནད་ཀྱང་མི་གཡོ་བར་འཇོག་ཚུལ་སོགས་ཕལ་ཆེར་འདྲ་མོད་ཀྱང་།  ཁྱད་པར་ཅུང་ཟད་ཡོད་པ་ནི།  སྔར་སོར་སྡུད་ཀྱི་སྐབས་སུ་ནི།  སྟོང་གཟུགས་མ་མཐོང་ན་ལྟ་ཅི་སྨོས།  མཐོང་བའི་དུས་ན་འང་སྟོང་གཟུགས་ལ་སེམས་མི་འཇོག་པར་ནམ་མཁའ་ཁོ་ན་ལ་སེམས་གཏོད་པ་ཡིན་ལ།  འདིར་ནི་ནམ་མཁའ་ལ་སེམས་འཇོག་པའི་ཚབ་ཏུ་སྟོང་གཟུགས་ལ་སེམས་འཇོག་པ་སྟེ།  སྟོང་གཟུགས་མཐོང་བའི་དུས་དེ་ཉིད་དུ།  རིག་པ་སྟོང་གཟུགས་ལ་ཆེ་རེ་གཏད་ཅིང༌།  འདི་ཡིན་འདི་མིན་སོགས་ཀྱི་དཔྱད་པ་དང༌།  རྣམ་རྟོག་ཡེ་མི་བྱེད།  ལྟ་མཁན་གྱི་རིག་པ་ཁོ་རང་གིས་རིག་གེ་བ་ཁོ་རང་ལ་ལྟ་ཤེས་ཙམ་བྱའོ།།  འདི་སྟོང་གཟུགས་བརྟན་པ་ཐོབ་ནས་སྒོམ་པ་ཡིན་པས།  སྒོམ་ལ་བཞག་པའི་དུས་སྟོང་གཟུགས་མེད་པ་ཆེར་མི་ཡོང་ལ།  ཅི་སྟེ་མེད་བའི་སྐབས་སེང་ཅུང་ཟད་བྱུང་ན།  སོར་སྡུད་བཞིན་སྒོམ།  སྟོང་གཟུགས་གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན་ཡང་དེའི་རྗེས་སུ་མིག་དང་སེམས་གཉིས་ཀར་མི་འབྲང་བར།  ལྟ་སྟངས་དང་རིག་པ་ཐོག་མའི་གཏོད་ས་དེ་ཁར་གཏོད་དགོས།  དེ་ལྟར་བྱས་པས་སེམས་གཏོད་ས་དེ་ཁར་རིམ་གྱིས་སྟོང་གཟུགས་འདུས་འོང༌།  དེ་གཡོ་བའི་རྗེས་སུ་ལྟ་སྟངས་ངང་སེམས་འབྲངས་ན།  བྱེད་བཅིང་དང་དམིགས་པའི་གནད་འཆུགས་པས་སྟོང་གཟུགས་རང་ཡང་མི་བརྟན་པར་འགྲོ་བ་ཤས་ཆེ།  མ་སོང་ཡང་དམིགས་པའི་གནད་ལ་བརྟན་པ་མི་ཐོབ་པས་རེ་ཞིག་ལྟ་སྟངས་དང༌།  སེམས་གཏོད་ས་གཡོ་མེད་དུ་བྱེད་པ་གལ་ཆེའོ།།  དམིགས་སྐོར་དགུ་པའོ།།

༢༽སྤོགས་ཆོག་བོགས་འདོན།

གཉིས་པ་ལ།  སྤོགས་ཆོག་དང༌།  བོགས་འདོན་གཉིས་སོ།། ༡ སྤོགས་ཆོག དང་པོ་ནི།  དུས་ཞབས་སྙན་རྒྱུད་ལས།  བསམ་གཏན་སྟོང་གཟུགས་དྲག་ཏུ་སྒོམ།  ཞེས་གསུངས་བས་སོར་སྡུད་ཀྱི་སྤོགས་ཆོག་ལྟར་བྱེད་བཅིང་དྲག་པོ་བཙན་ཐབས་གྱི་སྤྱོར་བ་དེ་བྱེད་ཅིང༌།  དམིགས་པ་ཡང་སྟོང་གཟུགས་གྱི་ཆ་ཤས་ཕྲ་མོ་ཞིག་གི་དབུས་སུ་སེམས་ཞུགས་འགྲོ་བ་ལྟ་བུར་དྲག་ཏུ་གཟིར་བ་ཉིད་དོ།།  དམིགས་སྐོར་བཅུ་པའོ།། ༢ བོགས་འདོན། གཉིས་པ་ལ།  ཉིན་མོའི་རྣལ་འབྱོར་དང་འབྲེལ་བ་དང༌།  གཉིད་ཀྱི་འོད་གསལ་དང་འབྲེལ་བའོ།། ཉིན་མོའི་རྣལ་འབྱོར་དང་འབྲེལ་བ། དང་པོ་ནི།  ཡེ་ཤེས་སྤྱན་སྒྲུབ་ལས།  སྣང་བའི་སྟེང་དུ་འོད་གསལ་བཟུང༌།།  ཕྲ་བའི་འོད་ལ་བརྟེན་ནས་ནི།།  རགས་པའི་འོད་ཅན་ངོ་སྤྲད་པས།།  རྟོགས་མེད་འོད་ལས་སྲིད་འདས་སྣང༌།།  ཞེས་གསུངས་པའི་མན་ངག་ནི།  སྣང་བ་གསལ་པོ་དང་བཅས་བའི་ཕྱོགས་སུ་ཡང་སྟོང་གཟུགས་བརྟན་པོ་འཆར་ན།  ལྟ་སྟངས་སྔར་གྱི་ལས་ཅུང་ཟད་སྨད་ནས་ཞག་གསུམ་བཞི་ཙམ་བསྒོམས་པ་ན།  སྔར་གྱི་ལས་རྟགས་སྣང་ཅུང་ཟད་མི་གསལ་དུ་འགྲོ་ཡིན་འདུག་ན།  ད་དུང་བོགས་འདོན་དེ་སྒོམ་མ་རན་པ་ཡིན་པས།  ལྟ་སྟངས་སྟེང་དེ་སྔར་བཞིན་ཞག་ཤས་འཇུར་དུ་སྒོམ།  ཡང་སྔར་བཞིན་ལྟ་སྟངས་སྨད་ནས་བསྒོམ་པས།  དེ་ལས་སྟོང་གཟུགས་བརྟན་པོར་ཡོང༌།  དེ་བཞིན་དུ་རིམ་གྱིས་རིམ་གྱིས་ལྟ་སྟངས་ཕབ་ཀྱིན་བསྒོམས་པས་མི་རིང་བར་ཐད་ཀར་ལྟ་བ་དང༌།  ཐུར་དུ་ལྟ་བ་སོགས་ཐམས་ཅད་ལ་སྟོང་གཟུགས་བརྟན་པོར་འགྲོ་སྟེ།  དེ་ནས་རྡོ་ནག་པོ་འམ།  བོང་བ་ལ་སོགས་པ་མིག་ལ་མི་གནོད་པའི་དངོས་པོ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་རང་གི་མདུན་དུ་བཞག་ལ།  ལྟ་སྟངས་ཀྱི་ལམ་ནས་རིམ་པས་སྟོང་གཟུགས་དེ་དངོས་པོ་དེའི་སྟེང་དུ་ཕབ་ལ།  དངོས་པོ་དེ་ཡང་མཐོང་བཞིན་པའི་ངང་ནས་སྟོང་གཟུགས་ལ་སེམས་གཞུར་ཏེ་སྒོམ་མོ།།  དེ་ལྟར་བསྒོམས་པས་སྟོང་གཟུགས་དང་ལས་སྣང་གི་དངོས་པོ་དེ་གཉིས་ཀར་ཆ་མཉམ་དུ་མཐོང་གི་འདུག་ན་འཆར་ཚུལ་ཐ་མ་ཡིན་ཏེ།  བོགས་ཆེ་རྒྱུ་མེད་ནའང་ཡུན་རིང་གོམས་ན་གནད་དུ་འགྲོ།  འགའ་ཞིག་དེ་མ་ཐག་ལས་སྣང་གི་དངོས་པོ་དེ་མི་མཐོང་བར།  འོད་གསལ་གྱི་རྟགས་དེའང་མཐོང་བ་ཞིག་ཡོང་སྟེ།  འཆར་ཚུལ་བཟང་བཟང་འདྲ་སྟེ་འབྲིང་ཡིན་པས།  བསྐྱེད་ཧ་ཅང་ཆེ་བ་མི་ཡོང༌།  ཡང་རྟགས་སྣང་དང་ལས་སྣང་གཉིས་ཀར་དུས་གཅིག་ཏུ་ཡལ་ཏེ།  རེ་ཞིག་གང་ཡང་སྣང་བ་མེད་པ་ཞིག་བྱུང་ན་མྱུར་དུ་ལས་སྣང་འགག་ཅིང༌།  འོད་གསལ་གྱི་སྣང་བ་རབ་འབྱམས་འཆར་བར་འགྱུར།  འདིའི་རིགས་བོགས་ཆེ་ཞིང་འཆར་སྒོ་བཟང་བ་ཡིན་ནོ།  རྟགས་སྣང་ཡལ་ནས་ལས་སྣང་འདུག་པའམ།  རྟགས་སྣང་མི་གསལ་དུ་སོང་ཞིང་ལས་སྣང་གསལ་དུ་སོང་ན།  བོགས་འདོན་སྒོམ་མ་རན་པ་ཡིན་པས།  དམིགས་པའི་རྩ་བ་ཉིད་བསྒོམ་པར་བྱའོ།།  དེ་ལ་གོམས་ནས་དངོས་པོ་རྒྱ་ཇེ་ཆེ་ཇེ་ཆེ་ལ་བསླབས་པས།  མཐར་རི་ཆེན་པོ་སོགས་སྟོང་གཟུགས་སུ་འཆར་བས་མཚོན་ཏེ་སྣང་བ་ཐམས་ཅད་ལ་སྤྱར་རོ།།  དམིགས་བསྐོར་བཅུ་གཅིག་པའོ།།  དྷུ་ཏིའི་ནང་དུ་འོད་གསལ་གཟུང་བ་དང༌།  སྲོག་རྩོལ་གྱི་སྒོར་འོད་གསལ་བཟུང་བ་གཉིས་ནི།  སྲོག་རྩོལ་གྱི་གདམས་ངག་དང་འབྲེལ་བ་ཡིན་ཅིང༌།  བསམ་གཏན་ལ་ཤིན་ཏུ་བརྟན་པ་ཐོབ་པ་ཡིན་ན་མ་གཏོགས།  ལས་དང་པོ་པས་འགྲུབ་དཀའ་བས་སྐབས་འདིར་མ་བཤད་དོ།  སྟོང་པའི་སྒྲ་ཐོས་པ་བརྟན་པོ་ཡོད་ན།  ལས་སྣང་གི་སྒྲ་དང་བསྲེ་སྟེ།  འབབ་ཆུའི་སྒྲ་ལྟ་བུ་དང༌།  སྟོང་བའི་སྒྲ་གཉིས་ཀ་ཚོར་བར་བྱས་ཏེ།  དེ་གཉིས་མཉམ་བོ་ལ་སེམས་གཏད།  དེས་འབབ་ཆུའི་སྒྲ་འགགས་ཏེ་སྟོང་བའི་སྒྲ་འབའ་ཞིག་ཏུ་འགྱུར།  དེ་ནས་སྐྱེ་བོ་མང་བོ་འདུས་པའི་སྒྲ་ལྟ་བུ་ལ་སྤྱང༌།  དེ་ནས་གཏམ་སྨྲ་བ་ཐམས་ཅད་ལ་སྦྱངས།  དེ་ནས་རང་གཞན་གྱི་སྒྲ་ཐམས་ཅད་ལ་སྤྱངས་བས།  སྒྲ་ཕལ་ཆེར་སྟོང་བའི་སྒྲར་འགྱུར།  འདིས་དྲི་རོ་རེག་བྱ་གསུམ་ལ་འང་རིགས་འགྲེ་མོད།  རེ་ཞིག་མ་སྨོས་སོ།།  དམིགས་བསྐོར་བཅུ་གཉིས་པའོ།། གཉིད་ཀྱི་འོད་གསལ་དང་འབྲེལ་བ། གཉིས་པ་ནི།  སོར་སྡུད་ཀྱི་སྐབས་དང་ཕལ་ཆེར་འདྲ་བ་ལས།  ཉལ་བའི་ཚེ་སྟོང་གཟུགས་ཉིད་ལ་སེམས་གཏད་ཅིང༌།  རྣམ་རྟོག་གིས་བར་མ་ཆོད་པར་གཉིད་དུ་འགྲོ་བར་བྱས་པས།  གཉིས་ཀྱི་འོད་གསལ་མྱུར་དུ་ཟིན་ཡོང་ལ།  སྟོང་གཟུགས་རང་ལུས་ཀྱི་ནང་དུ་འཆར་ཐུབ་ཀྱི་ཡོད་ན།  སྟོང་གཟུགས་སྙིང་ཁར་དྲངས་ནས།  དེ་ལ་སེམས་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་ན།  དུས་དེ་ཉིད་དུ་གཉིད་ཀྱི་འོད་གསལ་ཟིན་པར་ཐེ་ཚོམ་མེད་དོ།།  དམིགས་བསྐོར་བཅུ་གསུམ་པའོ།།

༼༢༽སྒོམ་དོན་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ།  བསམ་གཏན་གྱི་མཚན་དོན།  སྒོམ་པའི་དུས་མཚམས།  སྒོམ་ཚུལ་གྱི་ཡན་ལག  བསྒོམས་པའི་རྟགས་ཚད།  དག་བྱ་དག་བྱེད་ཀྱི་དབྱེ་བ།  བསྒོམ་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས།

༡༽བསམ་གཏན་གྱི་མཚན་དོན།

དང་པོ་ནི་དྷྱ་ན་ཞེས་པ།  དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ཏེ།  དེ་ཡང་སྒོ་གཏན་ལེགས་པོ་བཙུད་ན།  སྒོ་གླེགས་ཁྱར་ཁྱོར་དུ་མི་གཡོ་བར།  སྒོ་འབྱེད་གཅོད་ལ་རང་དབང་ཐོབ་པ་ལྟར།  དམིགས་པ་ལ་དབང་བར་བྱེད་པའི་དོན་ཏེ།  དྲི་མེད་འོད་ལས། ཡུལ་སྟོང་གཟུགས་ལྔ་དང་ཡུལ་ཅན་སྟོང་གཟུགས་མཐོང་བའི་ཡེ་ཤེས་ལྔ་བསམ་གཏན་གྱི་སྐབས་འདིར་གཅིག་ཏུ་བརྟེན་པར་སྣང་བའི་སྒོ་ནས་ཡུལ་སྣ་ཚོགས་པའི་སྟོང་གཟུགས་ལ་བསམ་གཏན་པ་སྟེ་རྩེ་གཅིག་ཏུ་གནས་སོ༎ ཆ ཡུལ་དང་ཡུལ་ཅན་བཅུ་བོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏད་པའོ།།  ཞེས་གསུངས་པས།  རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འོད་གསལ་དེ་ལ་སེམས་རྩེ་གཅིག་ཏུ་བྱེད་ཅིང།  གནས་པ་དང་འགྱུ་པ་ལ་རང་ཅི་འདོད་དུ་དབང་ཐོབ་པར་བྱེད་པའི་དོན་ཏེ།  ཐེག་པ་སྤྱི་ལྡོག་ནས་ཀྱང་བསམ་གཏན་གྱི་དོན་དམིགས་པ་ལ་རྩེ་གཅིག་ཏུ་བཤད་པ་དང་འདྲའོ།།

༢༽སྒོམ་པའི་དུས་མཚམས།

གཉིས་པ་ནི།  སོར་བསྡུད་མཐར་ཕྱིན་ན་རབ་ཡིན་ལ།  མིན་ན་འང་འོད་གསལ་གྱི་རྟགས་སྣང་བརྟན་པོ་ཤར་པའི་དུས་སོ།།

༣༽ སྒོམ་ཚུལ་གྱི་ཡན་ལག

གསུམ་པ་ནི།  དབང་མདོར་བསྟན་ལས། བློ་བཅོས་ནས་བཏགས་པ་ལྟ་བུ་མ་ཡིན་པར་ ཆ རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར།  རྟག་ཏུ་གཟུགས་དེ་སྒོམ་པར་བྱ།  ཞེས་བསམ་གཏན་གྱི་ངོ་བོ་ནི།  འོད་གསལ་རྟགས་སྣང་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ཏེ།  དེའི་ཡན་ལག་ནི།  བསྡུས་རྒྱུད་ལས།  བསམ་གཏན་དག་ཀྱང་ཤེས་རབ་རྟོག་དད་དབྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་དཔའོ།།  ཞེས་གསུངས་ཏེ།  དེ་ཡང་འོད་གསལ་རྟགས་བཅུ་ལ་རྩེ་གཅིག་པའི་སེམས་ནི་ཤེས་རབ་ཡིན་ལ།  ཇི་སྐད་དུ།  རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ།།  ཞེས་པའི་དངོས་པོའི་མིང་ཅན་སྟོང་གཟུགས་ཀྱི་མཚན་ཉིད་ཤེས་པ་ནི་རྟོག་པ་ཡིན་ལ།  མཚན་ཉིད་ཤེས་ཚུལ་ཡང་རང་སེམས་ཙམ་ཡིན་པར་ཉམས་སུ་མྱོང་པའོ།།  སེམས་ཉིད་སྟོང་གཟུགས་སུ་ཤར་བ་དེ་ལ་གཟུང་འཛིན་ནམ།  ཡུལ་ཡུལ་ཅན་གྱི་རྣམ་རྟོག་དང་སྤྲོས་པའི་མཚན་མ་གང་གིས་ཀྱང་མ་གོས་པར་མྱོང་ཞིང་ངེས་པ་ནི་དབྱོད་པའི་ཡན་ལག་ཡིན་ནོ།།  ཏིང་ངེ་འཛིན་གྱིས་དྲངས་བའི་སེམས་ཀྱི་བདེ་བ་ཕྱི་ལ་དམིགས་པ་དང་ནང་ལ་དམིགས་པ་གཉིས་རིམ་གྱིས་འབྱུང་བའི་ཕྱི་ལ་དམིགས་པ་ནི་སྔར་མེད་ཀྱི་ནོམ་པ་ཆེན་པོ་རྙེད་ལྟར་དགའ་ཞིང་སྐྱིད་སྣང་ཤར་བ་སྟེ་བདེ་པའི་ཡན་ལག་ཡིན་ལ།  ནང་ལ་དམིགས་པ་ནི་ཏིང་ངེ་འཛིན་དེ་ཉིད་བདེ་བར་ཤར་བ་མྱོང་བ་ཡིན་ཏེ་གཡོ་མེད་བདེ་བའི་ཡན་ལག་ཡིན།  དེས་རྐྱེན་བྱས་ནས་ལུས་ལ་ཤིན་ཏུ་སྤྱངས་བའི་བདེ་བ་ཁྱད་པར་ཅན་གྱིས་ཁྱབ་པ་ནི་གཡོ་མེད་བདེ་བའི་ཡང་ཕན་ཡོན་ནོ།།  དེ་ཡང་དང་པོར་ཤེས་རབ་རྐྱང་བ་སྐྱེ།  དེ་ནས་རྟོག་པ་དང་གཉིས་ལྡན་དུ་འབྱུང༌།  དེ་བཞིན་དུ་དཔྱོད་པ་དང་གསུམ་ལྡན།  དགའ་པ་དང་བཞི་ལྡན།  གཡོ་མེད་བདེ་བ་དང་ལྔ་ལྔན་དུ་འབྱུང་སྟེ།  དེ་ཙམ་ན་བསམ་གཏན་གྱི་ཡན་ལག་རྫོགས་པར་རྒྱུད་ལ་སྐྱེས་པ་ཡིན་པས།  དེ་ཉིད་རྒྱུན་བསྲིངས་ཏེ་བསྒོམས་ན་མཐར་ཕྱིན་པའི་ཡོན་ཏན་རྣམས་མྱུར་དུ་སྐྱེ་བར་འགྱུར་རོ།།

༤༽བསྒོམས་པའི་རྟགས་ཚད།

བཞི་བ་ནི།  རྒྱུད་ལས།  དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་ རྟོག་བཏགས་ལྟ་བུའི་ཡུལ་དང་བྲལ་བ་སྟེ་ཡུལ་མ་ཡིན་པར་སྣ་ཚོགས་པའི་སྟོང་གཟུགས་དྭངས་ཤིང་གསལ་བའི་བདག་ཉིད་དུ་མཐོང་བའི་དོན་ནོ༎ ཆ བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ།  ཞེས་གསུངས་པ་འདིས་བསམ་བཏན་གྱི་ཐུན་མོང་མ་ཡིན་པའི་རྟགས་བསྟན་པ་ཡིན་ཏེ།  རྟགས་བཅུས་བསྡུས་པ་སྲིད་པ་གསུམ་མཐའ་དག་གི་གཟུགས་བརྙན་སྔར་སོར་སྡུད་སྐབས་སུ་མཐོང་བ་ལས་ཆེས་ལྷག་པ།  གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་པའི་སྣང་བརྙན་ཁ་དོག་སྣ་ཚོགས་པ་དེ་དག་ཀྱང༌།  འོད་ཟེར་འཕྲོ་བ།  ཆ་ཕྲ་བ།  འཚེར་བ།  འདར་བ།  གཞིག་པར་དཀའ་བ།  ཅེས་པ་ཆོས་ལྔ་ལྡན་རྣམས་ཐིག་ལེ་དུ་མས་མཚན་པ་མཐོང་ཞིང༌།  ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་འཆར་བ་ཡིན་ལ།  དེ་ཡང་སེམས་ཉིད་དག་པའི་སྣང་བར་རྟོགས་པས།  ཀུན་རྫོབ་ལས་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རང་འཆར་བ་ཡིན་ཏེ།  རྒྱུད་ཕྱི་མ་ལས།  དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱི་ནི་དངོས་པོ་རྣམས་པར་སྤོང་བར་བྱེད།  ཅེས་སོ།།ཚད་མ་ནི།  སོར་བསྡུད་དང་མཚུངས་པ་ལས་དེའི་བརྟེན་དབང་པོ་ནི་ལྷའི་སྤྱན་ཏེ།  དེའི་རྒྱུན་མཚན་གྱིས་མངོན་ཤེས་ལྔ་འགྲུབ་པའང་ཡིན་ནོ།།

༥༽དག་བྱ་དག་བྱེད་ཀྱི་དབྱེ་བ།

ལྔ་པ་ལ།  དག་གཞི་ནི་སྔར་སོར་སྡུད་ཀྱི་སྐབས་སུ་བཤད་པ་བཞིན་ཡིན་ལ།  དག་བྱ་ལ་དབྱེ་ན།  རྣམ་ཤེས་ཀྱི་ཕུང་པོ་སོགས་ ནམ་མཁའི་ཁམས། རྣ་བའི་དབང་པོ། ཆོས་ཀྱི་སྐྱེ་མཆེད། གསང་བའི་དབང་པོ། ཁུ་བ་འདོར་བ་སྟེ་ནམ་མཁའི་ཁམས་པ་དྲུག ཆ ཕུང་ཁམས་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ཏུ་དབྱེ།  དག་བྱེད་བསམ་གཏན་གྱི་ཡན་ལག་ཉིད་ལ་དབྱེ་ན་འང་ཡུལ་ཅན་བསམ་གཏན་གྱི་ཡན་ལག་ལྔ་དང༌།  དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ།།

༦༽བསྒོམ་པས་ཐོབ་པའི་འབྲས་བུ།

དྲུག་པ་ནི།  རྒྱུད་ལས།  མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྤྱོར་ རྫུ་འཕྲུལ་གྱི་མངོན་ཤེས།  ལྷའི་མིག་དང་རྣ་བ་དང་། གཞན་སེམས་ཤེས་པའི་དེ། སྔོན་གནས་མཁྱེན་པ་དང་། ཟག་པ་ཟད་པ་མཁྱེན་པའི་མངོན་ཤེས་སོ༎ ཆ བས་དག་པའོ།།  ཞེས་གསུངས་པས།  བསམ་གཏན་མཐར་ཕྱིན་པས་གནས་སྐབས་ཀྱི་འབྲས་བུ་མངོན་ཤེས་ལྔ་ ཤར་དུ་འབྱུང་བ་ཡིན་ཅིང༌།  མཐར་ཐུག་གི་འབྲས་བུ་རྒྱལ་བ་མི་བསྐྱོད་པ་ལ་ རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཕྱག་ན་རྡོ་རྗེ། ཆོས་ཁམས་རྡོ་རྗེ་མ། གཙུག་ཏོར་འཁོར་ལོས་བསྒྱུར་བ། དྲག་སྤྱན་མ་སྟེ་ལྷ་ནམ་མཁའི་ཁམས་པ་དྲུག་ ཆ སོགས་པ་ལྷ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་པ་ཡིན་ནོ།། འདིར་འཕྲོས་དོན་གྱི་མན་ངག་ཅུང་ཟད་ཙམ་བརྗོད་ན།  ཤེས་རབ་ཀྱི་ཡན་ལག་རྒྱུད་ལ་སྐྱེས་པས།  སེམས་གང་དུ་གཏད་སར་སྟོང་གཟུགས་འཆར་བ་ཞིག་འབྱུང་ལ།  དེ་ནས་སྣང་བའི་སྟེང་དུ་འོད་གསལ་འཛིན་པའི་གདམ་ངག་བསྒོམས་པས།  ཕྱི་རོལ་གྱི་གནང་བ་གང་ལ་སེམས་བཞག་པ་དེར་སྐད་ཅིག་ལ་ལས་སྣང་འགག་ཏེ་འོད་གསལ་གྱི་སྣང་བར་འགྱུར་བ་ཞིག་ཡོད་ན།  དེས་སྔ་དྲོ་ཕྱི་དྲོའི་དུས་སུ་རང་གཅེར་བུར་ཕྱུང་བའི་གྲིབ་གཟུགས་ཀྱི་སྙིང་ཁ་ལ་ལྟ་བའམ།  ཉིན་གུང་ལྗོན་ཤིང་གི་གྲིབ་མ་ལ་ལྟ་བས་ཀྱང་རུང་སྟེ།  མིག་སྤྲིད་སྤྲིད་དུ་གཡོ་བ་མེད་པར་ལྟ།  དེ་ནས་ནམ་མཁའ་ལ་བལྟས་པས།  གྲིབ་གཟུགས་ཀྱི་རྣམ་པའི་དབུས་སུ་རྟགས་སྣང་དཔག་ཏུ་མེད་པར་འཆར།  ཟླ་བ་དྲུག་ཏུ་འདི་ཡང་ཡང་བསྒོམས་པས་ས་འོག་གི་གཏེར་སོགས་ཀྱང་མཐོང་བར་འགྱུར།  དེ་བཞིན་དུ་ཁང་བའི་སྐར་ཁུང་སོགས་ལ་སྤྱངས་པས།  ཁྱིམ་ནང་གི་དངོས་པོ་ལྐོག་གྱུར་པ་ཡང་མཐོང་བ་ཡོད་ཅིང༌།  དེ་བཞིན་དུ་ལས་སྣང་གི་སྒྲ་སྟོང་བའི་སྒྲར་ཐིམ་འགྲོ་ན།  སྟོང་བའི་སྒྲ་དང༌།  འགྲོ་བ་སྣ་ཚོགས་པའི་སྐད་བསྲེས་པ་ལ་མཉམ་པར་གཞག་པ་ཟླ་བ་དྲུག་བསྒོམས་པས་རྣ་བའི་མངོན་ཤེས་ཅི་རིགས་པར་ཐོབ་པར་འགྱུར་རོ།།  རང་གི་སྙིང་ཁ་ཆོས་འཁོར་གྱི་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་ནང་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏད་ན་སྔོན་གྱི་གནས་རྗེས་སུ་དྲན།  དེ་ཉིད་གཞན་ལ་སྤོས་ན།  གཞན་གྱི་སེམས་ཤེས་ཏེ།  ཉི་མ་ལ་ནི་རྒྱབ་གྱིས་ཕྱོགས་ནས།  ཞེས་སོགས་དང༌།  སྒྲ་ནི་གང་ཞིག་སྙིང་གི་ཕྱོགས་ན་ཞེས་སོགས་རྒྱུད་ཀྱི་ལུང་དང་སྤྱར་རོ།།  དེ་ལྟར་གྲིབ་གཟུགས།  ཤིང་གྲིབ།  སྒྲ་སྐད།  རང་དང་གཞན་གྱི་སྙིང་ཁའི་རྩ་ལ་དམིགས་པ་སྟེ།  ལྔ་པོ་འདི་རྣམས་དམིགས་ཕྲན་ཡིན་པས་དཀྱུས་ཀྱི་དམིགས་བསྐོར་ལ་མི་འདྲེན་ནོ།།  སྒོམ་དོན་བློ་ལ་འགོད་པ་འདི་ལ་ཐུན་གཅིག་ལ་སོགས་པའོ།།  དེས་བསམ་གཏན་གྱི་འཁྲིད་ཚར་རོ།།  རེ་ཞིག་སྲོག་རྩོལ་མན་ཆད་མི་འབོགས་ཤིང༌།  དེ་ཙམ་གྱིས་ཆོག་ཤེས་པར་བྱེད་ན།  རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླང་བར་བྱའོ།།  ༎

གཉིས་པ་བར་དུ་དགེ་བའི་འཁྲིད།

གཉིས་པ་བར་དུ་དགེ་བའི་འཁྲིད་ལ།  ལས་རླུང་ཨ་ཝ་དྷུ་ཏིར་འགག་པར་བྱེད་པ་དང༌།  དབུ་མའི་ནང་དུ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བྱེད་པའི་དབྱེ་བ་གཉིས་ཏེ།  སྲོག་རྩོལ་གྱི་འཁྲིད་དང༌།  འཛིན་པའི་འཁྲིད་དོ།།

ཡན་ལག་གསུམ་པ་སྲོག་རྩོལ།

དང་པོ་སྲོག་རྩོལ་གྱི་འཁྲིད་སྟོན་པར་བྱེད་པ་ལ།  ཉམས་ལེན་དམིགས་པའི་གནད་དང༌།  སྒོམ་དོན་བློ་ལ་འགོད་པའོ།།

༼༡༽ཉམས་ལེན་དམིགས་པའི་གནད།

དང་པོ་ལ།  སྲོག་རྩོལ་གྱི་ཡན་ལག་དངོས་མཚན་ཉིད་ཚང་བ་དང༌།  སྲོག་རྩོལ་རྗེས་མཐུན་པ་ལས་དང་བོས་སྒྲུབ་པར་བྱ་བ་གཉིས་སུ་འགྱུར་རོ།།  རེ་ཞིག་ཕྱི་མའི་དབང་དུ་བྱས་ནས་བཤད་པར་བྱ་སྟེ།  དེ་ལ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་གདམ་ངག་དང༌།  པཎ་ཆེན་ཟླ་བ་མགོན་པོའི་མན་ངག་འབྲོ་ལུགས་སུ་གྲགས་པ་དང༌།  ཇོ་བོ་ས་མནྟཤྲཱིའི་མན་ངག་རྭ་ལུགས་སུ་གྲགས་པ་སྟེ།  གསུམ་པོ་འདི་གཞུང་ཤིང་དུ་བྱ་ལ།  ལུགས་གཞན་ཐོར་བུ་བ་རྣམས་ཀྱང་ཕལ་ཆེར་དེ་དག་དང་མཐུན་ཅིང༌།  ཅུང་ཟད་ཁྱད་པར་ཡོད་པ་རྣམས་འཆད་པར་ཡང་འགྱུར་རོ།།  དེ་ལས་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་འདི་ལ།  སྔོན་འགྲོ་རྡོ་རྗེའི་བཟླས་པས་རྩ་ལམ་སྤྱང་བ།  འབྱོངས་ནས་འཇམ་རླུང་དགང་བཏོང་གི་སྤྱོར་བས་སྲོག་དབུ་མར་གཞུག་པ།  ཞུགས་ནས་རྩུབ་རླུང་བུམ་པ་ཅན་གྱི་སྤྱོར་བས་སྲོག་དབུ་མར་འཆིང་བ།  མཆུད་ཅིང་མ་འཆིངས་ན་བཙན་ཐབས་ཀྱི་སྤྱོར་བས་ཉི་ཟླའི་ལམ་དགག་ཅིང༌།  བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྤྱོར་པས་དགྲོལ་བ།  ལྕེ་གསུམ་བསྐྱོད་པའི་སྤྱོར་བས་ནང་གི་བདུད་རྩེའི་བཅུད་མྱང་བ།  གཏུམ་མོ་སྤར་བའི་སྤྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ་པ་སྟེ་རྡོ་རྗེའི་ཚིག་དྲུག་ཅེས་བྱ་བ་ཡིན་པ་ལས།  དང་པོ་བཞི་པོ་སྲོག་རྩོལ་གྱི་མན་ངག་དང༌།  ཕྱི་མ་གཉིས་འཛིན་པའི་མན་ངག་ཏུ་མཛད་དོ།།  སྐབས་འདིར་འདི་ལྟར་བྱ་སྟེ།  སྲོག་རྩོལ་གྱི་མན་ངག་དངོས་དང༌།  བོགས་འདོན་གེགས་སེལ་དང་བཅས་པའོ།།

༡༽སྲོག་རྩོལ་གྱི་མན་ངག་དངོས།

དང་པོ་ལ།  ལུས་སྤྱོངས་འཁྲུལ་འཁོར་གྱི་ཡི་གེ་ལོགས་སུ་བཀོད་པ་ལྟར།  སྔོན་འགྲོའི་འཁྲུལ་འཁོར་དང་བཅས་བཞིན་དུ་འདི་རྣམས་སྒོམ་སྟེ།  དེ་ཡང་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་དབང་དུ་བྱས་ན།  སྔར་བཤད་པའི་རླུང་སྤྱོར་དང་གསུམ་སྟེ། ༡ དང་པོ་རྡོ་རྗེའི་བཟླས་པ། དེ་ལ་དང་པོ་རྡོ་རྗེའི་བཟླས་པས་རྩ་ལམ་སྤྱང་བ་ནི།  ལྟ་སྟངས་ཀྱི་ཁྱད་པར་ནི།  བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་བའི་ལྟ་སྟངས་ཞེས་བྱ་བ།  ཐད་ཀ་ལས་ཅུང་ཟད་གྱེན་དུ་ཕྱོགས་པ།  སྨིན་འཚམས་སུ་ཧྲིག་གེ་ལྟ་བ་ཡིན།  དམིགས་བསལ་ཅན་རྣམས་མ་གཏོགས་སྲོག་རྩོལ་དང་འཛིན་པའི་སྐབས་ཀྱི་ལྟ་སྟངས་ཐམས་ཅད་འདི་ཁོ་ནར་ངེས་ཏེ།  རྒྱུད་ལས།  བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོང་པ་ཡིས་ཀྱང་ཉེ་བར་སྒྲུབ་པ་ཡན་ལག་དྲུག།  ཅེས་གསུངས་པས་སོ།།  ལུས་གནད་གཞན་རྣམས་སྔར་དང་འདྲ།  རླུང་རོ་གསུམ་བསལ་ལ།  དང་པོ་རླུང་ཕྱི་འགྲོ་ནང་འགྲོ་གནས་པ་གསུམ་ལ་སེམས་མ་འཁྲུལ་བར་གཏོད་དེ།  རྡོར་བཟླས་ཀྱི་དམིགས་པ་དང་པའོ།།  དེ་ནས་རྩ་གསུམ་གསལ་གདབ་སྟེ།  ལུས་ཀྱི་ནང་དུ་རྩ་དབུ་མ་སྔོན་པོ་སྤོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣ་གཙུག་གཏོར་ཏུ་ཟུག།  མར་སྣ་ལྟེ་བར་གནས་པ།  དེའི་གཡས་སུ་རོ་མ་དམར་པོ་དང༌།  གཡོན་དུ་རྐྱང་མ་དཀར་པོ་སྟེ།  དེ་གཉིས་དབུ་མ་ལས་ལྔབ་འགྱུར་གྱི་ཕྲ་བ།  དབུ་མ་དང་གསུམ་གཤིབས་སུ་འདུག་པར་མོས།  རླུང་ཕྱིར་འགྲོ་དུས་ལྟེ་བ་ནས་བརྩམས་ཏེ་དབུ་མ་དང་རོ་མ་གཉིས་ནས་སོང༌།  མགྲིན་པ་ནས་སྤྱི་པོའི་བར་གྱི་རྩ་གཉིསཔོའི་ཆ་ཐམས་ཅད་ནས་ཐོན།  སྣ་བུག་ནས་ཕྱིར་འགྲོ་བར་བསམ།  ནང་དུ་ཡོང་དུས་སྣ་བུག་ནས་ཞུགས།  གཙུག་ཏོར་ནས་མགྲིན་པའི་བར་གྱི་དབུ་མ་དང་རྐྱང་མའི་བར་གྱི་ཆ་ཐམས་ཅད་ནས་ཐོགས་མེད་དུ་སོང་སྟེ།  རྩ་གཉིས་པོའི་ལམ་བརྒྱུད་ལྟེ་བར་ཕྱིན།  གནས་པའི་ཚེ་དབུ་མ་ཁོ་ནའི་ནང་གང་བར་བསམ།  ཐོག་མར་འབྱུང་འཇུག་གནས་གསུམ་མཉམ་པ་ཙམ་བྱས་པས།  རིམ་གྱིས་གནས་པ་ཇེ་རང་ལ་འགྲོའོ།།  དེ་ཡང་སྣ་བུག་གཡས་ནས་རྒྱུ་བའི་སྐབས་ཡི་ན།  རླུང་རྣམས་འོད་དམར་བོ་དང༌།  གཡོན་ནས་རྒྱུ་ན་དཀར་པོ་དང༌།  མཉམ་རྒྱུར་འདུག་ན་ལྗང་ཁུའམ་སྔོན་པོ་འགྲོ་འོང་གནས་གསུམ་བྱེད་པར་སྒོམ་པ་སྟེ།  རྡོར་བཟླས་ཀྱི་གཉིས་པའོ།།  འབུད་པའི་ཚེ་སྣ་བུག་གཡོན་འགེགས་པ་དང༌།  བརྔུབ་པའི་ཚེ་གཡས་འགེགས་པ་ལག་ལེན་ཁ་ཅིག་ལ་འདུག་ཀྱང༌།  རྡོར་བཟླས་ཀྱི་སྐབས་དེ་ལྟར་མི་དགོས་སོ།།  དེ་ནས་སྔར་དང་འདྲ་བ་ལས་ཕྱིར་འགྲོ་པའི་ཚེ་འོད་ཟེར་ཨཱཿའི་སྒྲ་དང་བཅས་པ།  འོད་ཟེར་གྱི་སྣེ་ལ་ཨཱཿཡིག་དང་བཅས་ཏེ་འགྲོ་བ་དང༌།  དེ་ཉིད་ནང་དུ་འོང་བའི་ཚེ་ཨོཾ་གྱི་སྒྲ་དང་བཅས་པ།  ཚུར་འོང་བའི་སྣེ་ལ་ཨོཾ་ཡིགདང་བཅས་ཏེ་འོང་བར་བསམ།  ཡི་གེ་དེ་གཉིས་ཀྱང་རོ་རྐྱང་ནས་འགྲོ་འོང་མི་བྱེད་དེ་དབུ་མ་ཁོ་ན་ནས་འགྲོ་བར་བསམ།  གནས་པའི་སྐབས་དབུ་མའི་ནང་ན་ཧཱུྃ་གི་སྒྲ་དང་བཅས་ཤིང་ལྟེ་བར་ཧཱུྃ་ཡིག་ལ་སེམས་གཏད་དོ།།  ཡི་གེའི་ཁ་དོག་ཀྱང་རླུང་དང་འདྲ་བར།  གཡས་གཡོན་མཉམ་རྒྱུའི་དབྱེ་བས་དམར་དཀར་སྔོ་བའོ།།  དེ་དག་ནི་དམིགས་བཅས་ཀྱི་རྡོ་རྗེའི་བཟླས་པ་སྟེ།  རྡོར་བཟླས་ཀྱི་གསུམ་པ་དང་དངོས་གཞི་ཡིན་ལ།  དེ་གསུམ་ཀར་སྡོམས་པ་དམིགས་ཆེན་གཅིག་ཡིན་པས།  དངོས་གཞིའི་དམིགས་བསྐོར་བཅུ་བཞི་བའོ།།  ད་ལྟ་ལས་དང་པོ་བའི་རྡོ་རྗེའི་བཟླས་པ་ནི།  འདི་ལྟ་བུ་ལས་འོས་མེད་ལ།  དོན་དམ་རྡོ་རྗེའི་བཟླས་པ་ནི།  རླུང་གི་འགྲོ་འོང་གནས་གསུམ་དང༌།  སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དབྱེར་མེད་དུ་ཤེས་པ་ན་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་མིང་ངོ༌།། ༢ དགང་གཏོང་གི་སྦྱོར་བ། གཉིས་པ།  འཇམ་རླུང་དགང་གཏོང་གི་སྤྱོར་བས་སྲོག་དབུ་མར་གཞུག་པ་ནི།  རླུང་གང་ནས་རྒྱུ་བ་བརྟགས་ཏེ།  སྣ་བུག་གཡོན་ནས་རྒྱུ་ན།  ལག་པ་གཡས་པའི་ཐལ་མོས་མཆན་ཁུང་གཡོན་ནུ་མ་དང་བཅས་ཏེ་བསྡམས་བའི་སྟེང་ནས།  བར་ལྷུ་གཡོན་བས་མནན།  རླུང་རོ་བསལ།  གཡོན་པའི་འཛུམ་མོས་སྣ་བུག་གཡས་པ་བཀག  སྣ་བུག་གཡོན་ནས་རླུང་ཤུགས་ཆེ་ལ་རིང་བར་རྔུབས་ཏེ་ལྟེ་བར་མནན།  ཅུང་ཞིག་བསྡམས་ནས་མི་བདེ་བ་འབྱུང་ཚད་པ་ནས།  སྣ་བུག་གཡོན་མཛུབ་མོ་གཡོན་པས་བཀག་ནས།  གདོང་གཡས་སུ་ཕྱོགས་པས་སྣ་གཡས་ནས་རླུང་དྲག་ཏུ་འབུད།  ཡང་སྣ་བུག་གཡས་པ་བཀག།  གཡོན་ནས་རྔུབ་པ་སོགས་གོང་བཞིན་བསྐྱར་གྱིན་སྤྱང༌།  འདི་སྐབས་རྐང་བ་བརྐྱང་བསྐུམ་གྱི་འདུག་སྟངས་བཤད་ནའང་སྐྱིལ་ཀྲུང་ཉིད་ཀྱིས་ཆོག་ལ།  འོག་རླུང་རང་ནས་སུ་བཅིངས་དགོས་ཤིང༌།  དེའི་རླུང་སྣ་བུག་གཡས་སུ་འཕོ་བའམ།  མཉམ་རྒྱུར་འགྱུར་བ་དང༌།  ཡང་སྣ་བུག་གཡས་ནས་རྒྱུ་ན་ཕྱག་རྒྱ་དེ་ཉིད་གོ་བཟློག་བས་གཡོན་རྒྱུ་འམ་མཉམ་རྒྱུར་འགྱུར་བ་དང༌།  གཡས་གཡོན་ཕན་ཚུན་དུ་ལན་འགའ་རེ་སྤོས་ན་ངེས་པར་མཉམ་རྒྱུར་འགྱུར་ལ།  མཉམ་རྒྱུར་སོང་ནས་ལུགས་འདི་ལ་རྡོར་བཟླས་བྱེད་ཅིང༌།  ཡང་གཡས་གཡོན་དུ་ཡོ་ན།  སྔ་མའི་སྤྱོར་བས་ཡོན་པོ་སྲོང་ངོ༌།།  ཞེས་བཞེད་ལ།  འོན་ཀྱང་མཉམ་རྒྱུར་ནམ་སོང་བའི་ཚེ།  དགང་བའི་རྣལ་འབྱོར་རམ།  བུམ་ཅན་བསྒོམས་ན་བཟང་བས།  བར་འདིར་དགང་བའི་རླུང་སྤྱོར་ཞིག་བཅུག་ན་ལེགས་པར་མཐོང་ངོ༌།།  འདི་ཚེ་རིང་བོ་སྒྲུབ་པ་ལ་ལྷག་པར་བསྔགས་སོ།།  དམིགས་བསྐོར་བཅོ་ལྔ་བའོ།། ༣༽ རྩུབ་རླུང་བུམ་ཅན་གྱི་སྦྱོར་བ། གསུམ་པ་རྩུབ་རླུང་བུམ་པ་ཅན་གྱི་སྤྱོར་བས་སྲོག་རླུང་དབུ་མར་འཆིང་བ་ནི།  ཐོག་མ་ནས་མཉམ་རྒྱུར་འདུག་ན་ལེགས།  ཡོན་པོ་འདུག་ན་གོང་གི་སྤྱོར་བས་མཉམ་རྒྱུར་བཏང་སྟེ།  རྐང་བ་ཟླུམ་པོའི་འདུག་སྟངས་དང༌།  ལག་པ་ཁུ་ཚུར་སྙིང་ཁར་བསྣོལ་བར་བཤད་ནའང༌།  རྐང་བ་སྐྱིལ་ཀྲུང་གི་སྟེང་ནས་བྱས་པས་ཆོག  གཡས་གཡོན་དབུས་གསུམ་ནས།  རླུང་རོ་དལ་བ་དང༌།  དྲག་པོ་དང༌།  ཤིན་དུ་དྲག་པོའི་ཚུལ་གྱི་ལན་གསུམ་གསུམ་སྟེ།  དགུ་ཕྲུགས་སུ་བུས།  འདི་སྐབས་ཐུར་སེལ་གྱི་རླུང་འཐེན་གྱིས་བྱ།  དེ་ནས་སྟེང་རླུང་ཅུང་ཟད་མྱུར་པར་རྔུབས་ཏེ་ལྟེ་བར་སྐྱུར་སྟབས་སུ་མནན་པ་དང་ལྷན་ཅིག་མཆིལ་མ་མིད།  དེ་རྗེས་ཐུར་སེལ་གཡས་གཡོན་དབུས་གསུམ་ནས་དྲངས་ཏེ།  ཁ་སྤྱོར་ལྟེ་བར་ཐུབ་ཚད་བཟུང༌།  མི་ཐུབ་པ་འདྲ་ན་ཕྱིར་མ་ཤོར་བར་རྔུབས་ཆུང་ལན་གསུམ་བྱས་ཏེ་མནན།  དེ་ནས་ཀྱང་མི་ཐུབ་པ་འདུག་ན་དལ་བུས་ཕྱིར་བཏང་ལ་མཐར་སངས་ཏེ་འབུད་དོ།།  འདི་ལག་ལེན་བཞིན་བུས་མོ་ལ་བསྐོར་ཏེ་སེ་གོལ་གཏོག་པ་སོ་དྲུག་ཁེགས་ན་ཐ་མ།  དོན་གཉིས་ཁེགས་ན་འབྲིང༌།  བརྒྱ་བརྒྱད་ཁེགས་ན་ཆེན་པོའི་ཞེས་གྲགས་སོ།།  འདི་དག་ལ་དམིགས་པའི་གནད་ནི།  ལུས་ནང་དུ་འོད་གསལ་རྟགས་སྣང་འཆར་ན་ལྟེ་བར་སྟོང་གཟུགས་ཤར་བ་ལ་སེམས་གཏོད་པ་ཡིན།  དེ་བཞིན་མ་ཡིན་ན།  སེམས་སྟོང་གཟུགས་གང་དུ་ཤར་ས་དེར་གཏོད་ཅིང༌།  མ་ཤར་བའི་བར་བར་ལ་བློས་བཅོས་ཏེ་སྒོམ་པའི་དམིགས་རྟེན་ནི་མི་དགོས།  ལུས་ཀྱི་དབུས་ལྟེ་བའི་ཐད་ཙམ་དུ་སེམས་ཀྱི་གཏད་སོ་ཙམ་བྱའོ།།  དམིགས་བསྐོར་བཅུ་དྲུག་པའོ།།  པཎ་ཆེན་ཟླ་མགོན་གྱི་མན་ངག་འབྲོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱི་བཞེད་པ་ནི།  རྡོ་རྗེའི་བཟླས་པ་དང༌།  དགུག་པ་དང༌།  དགང་བ་དང༌།  རེངས་བ་དང༌།  རྡུལ་མཐའ་ཅན་ཏེ་ལྔ་ཡོད་པ་ལས།  ཕྱི་མ་སྤོགས་ཆོག་ཡིན་པས་མན་ངག་དངོས་གཞི་སྔ་མ་བཞིའོ།།  རྡོ་རྗེའི་བཟླས་པ་ནི་སྔ་མ་དང་འདྲ་བ་ལས།  རོ་རྐྱང་ནས་འགྲོ་བའི་དམིགས་པ་མི་མཛད།  གཡས་གཡོན་མཉམ་རྒྱུ་གང་ཡིན་ཡང་འདྲ་སྟེ།  ཕྱིར་འགྲོ་བ་དམར་པོ།  ནང་དུ་འཇུག་པ་དཀར་པོ།  གནས་པ་ནག་པོར་སྒོམ་པ་དང༌།  རྡོར་བཟླས་ཀྱི་སྔོན་འགྲོ་གཉིས་པོ་མི་དགོས་པའོ།།  འདི་སྔ་མ་དང་དོན་གཅིག་པས་དམིགས་སྐོར་ལོགས་པར་མི་འདྲེན་ནོ།།  རྡོར་བཟླས་འདི་གྲུབ་ཆེན་ཡུ་མོའི་དབང་བོ་རབ་འབྲིང་གསུམ་གྱི་སྤྱོར་དྲུག་ན་གསལ་བར་ཡོད།  སྤྱིར་འབྲོ་བ་གོང་མ་རྣམས་བུམ་པ་ཅན་ཉིད་ལ་རྡོར་བཟླས་ཚང་བར་བཞེད་དེ་རྒྱུད་དོན་དང་ཤིན་ཏུ་འབྱོར་རོ།།  གཉིས་པ་དགུག་པ་ནི།  སྣ་བུག་གཡས་ནས་རླུང་རྒྱུ་བའི་སྐབས་ལྟ་སྟངས་ཅུང་ཟད་གཡས་ཕྱོགས་སུ་བསྒྱུར་ཞིང༌།  རླུང་ནང་དུ་དལ་བུས་དྲངས་ནས་གསང་གནས་སུ་མནན་ལ་ཐུབ་ཚད་དུ་བསྡམས།  མི་ཐུབ་ན་སུད་ཙམ་སུད་ཙམ་བར་བཅད་ཀྱིན་བཅད་ཀྱིན་མཐར་སངས་ཀྱིས་བཏང་ངོ༌།།  དམིགས་སྐོར་བཅུ་བདུན་པའོ།།  གསུམ་པ་དགང་བ་ནི།  སྣ་བུག་གཡོན་ནས་རླུང་རྒྱུ་བའི་ཚེ།  ལྟ་སྟངས་ཅུང་ཟད་གཡོན་དུ་བསྒྱུར།  ནང་དུ་ཅུང་ཟད་མགྱོགས་པར་ཤར་ཏེ་རྔུབས་ལ་གསུས་པ་ལྡིར་གྱིས་དགང༌།  གཏོང་བ་སྔར་དང་འདྲ།  དམིགས་བསྐོར་བཅོ་བརྒྱད་པའོ།།  བཞི་བ་རེངས་པ་ནི།  སྔར་གྱི་འཇམ་རླུང་དགང་གཏོང་དང་ཕྱོགས་མཚུངས་ཤིང༌།  ལུགས་འདིའི་བུམ་བ་ཅན་ཡང་འདིས་འགྲུབ་པར་བཞེད་ལ།  དོན་ལའང་འཇམ་རླུང་གི་བུམ་ཅན་ཡིན་ནོ།།  དེ་ཡང་རླུང་རོ་བསལ་ལ་སྣ་བུག་གཡོན་ནས་རྒྱུ་ན་ལྟ་སྟངས་གཡས་སུ་བསྒྱུར།  འོག་སྒོ་བསྡམས་གཡས་ནས་དལ་ལ་རིང་བར་རྔུབས་ཏེ།  གསང་གནས་སུ་བཟུང་ལ།  མཐར་གཡས་ནས་བཏང༌།  གཡས་ནས་རྒྱུ་ན་ལྟ་སྟངས་གཡོན་དུ་བསྒྱུར།  གཡོན་ནས་དལ་བུས་རྔུབས།  འོག་སྒོ་བསྡམས།  ལྟོ་བ་ལྟིར་གྱིས་བྱ།  མཐར་གཡོན་ནས་བཏང་ངོ༌།།  དེ་ལྟར་རེ་མོས་སུ་སྤེལ་གྱིན་སྒོམ།  མཉམ་རྒྱུར་འདུག་ན་ལྟ་སྟངས་ཐད་ཀར་བྱས་ལ་མྱུར་བར་རྔུབས།  ལྟེ་བར་ཁ་སྤྱོར་དྲག་པོའི་ངང་ནས་སྟོ་བ་ཅུང་ཟད་ཚིག་པ་ལ་གཅེར།  ཕྱིར་དལ་བུས་གཏོང༌།  དེ་ལྟར་ན་བུམ་པ་ཅན་ཏེ་དམིགས་བསྐོར་བཅུ་དགུ་པའོ།།  ལུགས་འདི་ཡང་སྲོག་རྩོལ་གྱི་མན་ངག་ཆ་ཚང་པ་གཅིག་གོ།  གྲུབ་ཆེན་མན་ལུང་པའི་བཞེད་པ་ཡིན་གསུངས།  རྗེ་ཕྱོགས་ལས་རྣམ་རྒྱལ་དང་བུ་སྟོན་སོགས་གོང་མས་བསྐྱར་བཟློས་མཛད་པ་དེ་ཡང་ཕལ་ཆེར་འདི་དང་འདྲའོ།།  རྭ་ལུགས་ཀྱི་མན་ངག་ནི།  དང་པོ་སྲོག་རླུང་དངོས་གཞུག་པ་ནི།  ལུས་གནས་སོགས་སྤྱི་དང་འདྲ་པ་ལས།  དང་པོར་སྣ་བུག་གཡས་ལྟ་བུ་ཞིག་མཛུབ་མོས་བཀག་ནས་རླུང་བུས་ཤིང་རྔུབས།  འོག་རླུང་བག་ཙམ་བསྡམས་པའི་བུམ་པ་ཅན་བཟུང༌།  ཡང་སྣ་བུག་གཡོན་བཀག  གཡས་ནས་འབུད་ཅིང་བཟུང་བ་སོགས་བུམ་ཅན་འཛིན་པ་གཡས་གཡོན་སྤེལ་གྱིན་སྒོམ།  དམིགས་བསྐོར་ཉི་ཤུ་པའོ།།  ཐུར་སེལ་གྱི་རླུང་དངོས་སུ་གཞུག་པ་ནི།  སྟེང་རླུང་སྔ་མ་བཞིན་དུ་བྱས་ལ།  འོག་སྒོ་འབྱེད་འཛུམ་དྲག་པོའི་སྤྱོར་བས་ཨོཾ་ཨཱཿདང་ལྷན་ཅིག་དྲག་ཏུ་འཐེབ་པ་དེ་སྟེང་རླུང་དང་ལྷན་ཅིག་གསང་གནས་སུ་གཟུར་བར་བྱའོ།།  འདིའི་མན་ངག་གི་ཡི་གེ་ལས།  སྲོག་དང་ཐུར་སེལ་གྱི་བུམ་ཅན་དེ་འཁོར་ལོ་གཞན་རྣམས་སུའང་དྲག་ཏུ་འདྲེན་པར་བཤད་དེ།  ལྟེ་བར་བརྟན་པ་ཐོབ་པའི་དབང་དུ་བྱས་པ་ཡིན་ལ།  དེ་བཞིན་དུ་སྲོག་རླུང་གི་བུམ་ཅན་བཅོ་བརྒྱད་འགྱུར་ཐུར་སེལ་གྱི་བུམ་ཅན་ལ་བྱེད་པ་སོགས་ཀྱང་རླུང་ལ་དབང་ཐོབ་པའི་དབང་དུ་བྱས་པ་ཡིན་པས།  དེ་དག་རེ་ཞིག་ལས་དང་པོ་པ་ལ་མི་དགོས་ཤིང༌།  འགའ་ཞིག་རང་ཤུགས་ཀྱིས་འགྲུབ་ལ།  འགའ་ཞིག་ཞོར་ལ་འོག་ཏུ་སྟོན་པར་ཡང་འགྱུར་རོ།།  དམིགས་བསྐོར་ཉེར་གཅིག་པའོ།།  འདིར་ཡང་དེ་ཙམ་གྱིས་སྐབས་འདིའི་སྲོག་རྩོལ་གྱི་མན་ངག་ཆ་ཚང་བར་འགྱུར་ལ།  སྔར་གྱི་འཕྲོས་ལས་མཉམ་གནས་ཀྱི་རླུང་གཞུག་པ་ནི།  གཞན་སྔར་དང་འདྲ་པ་ལས་སྣ་བུག་གཉིས་ཀར་ནས་འབུད་རྔུབས་བྱ།  གཙུག་ཏོར་མ་གཏོགས་པའི་འཁོར་ལོ་ལྔ་དང༌།  ཡན་ལག་ཉིང་ལག་གི་རླུང་རྣམས་ཐམས་ཅད་གཅིག་ཏུ་འདུས་པར་བསམ་ཞིང༌།  ཨོཾ་ཞེས་འོག་སྒོ་དྲག་ཏུ་བསྡམས་ལ་སྟེང་དུ་དྲངས།  ཨཱཿཞེས་འོག་སྒོ་དབྱེ་བས་ཐུར་དུ་བསྡིགས་པ་དང༌།  གྱེན་རྒྱུ་གཞུག་པ་དེ་དང་འདྲ་བ་ལས།  མགྲིན་པ་དང་རོ་སྟོད་དྲག་ཏུ་གཅུད།  ཁྱབ་བྱེད་གཞུག་པ་ཡང་དེ་དང་འདྲ་བ་ལས་སོར་མོ་རྣམས་བསྐུམ།  ཉ་བཞི་སྒྲིམ་མོ་ཞེས་བཤད་ནའང༌།  དེ་གསུམ་པོ་ཡན་ལག་གི་དམིགས་པ་ཡིན་པ་དང༌།  དེང་སང་ཉམས་ཁྲིད་མི་སྐྱོང་བས་དམིགས་བསྐོར་ལོགས་པར་མི་འདྲེན་ནོ།།  མན་ལུང་བའི་མཚན་བརྗོད་སྤྱོར་དྲུག་གི་ལུགས་ནི།  དལ་བུས་རྔུབས་པ་ན་ཨོཾ་གྱི་ཡིད་བཟླས་དང༌།  ཁ་སྤྱོར་བུམ་ཅན་རྔུབས་ཆུང་དང་བཅས་ཏེ་འཛིན་པ་ན་ཧཱུྃ་གི་ཡིད་བཟླས་དང༌།  དལ་བུས་རྒྱུ་བ་མི་མངོན་པ་ཙམ་དུ་འབུད་པ་ན་ཨཱཿའི་ཡིད་བཟླས་བྱ་བར་བཞེད་དེ།  འབྲོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱང་དོན་གྱིས་འདི་ཉིད་བཞེད་དོ།།  འདི་ནི་རླུང་སྤྱོར་གཅིག་ལ་རྡོར་བཟླས་བུམ་ཅན་གཉིས་ཀ་ཚང་བའི་ལུགས་ཏེ།  ཤིན་ཏུ་ལེགས་པར་མངོན་ནོ།།  དེ་བཞིན་དུ།  གྱི་ཅོ།  ཁྲོམ་ལོ།  ཙ་མི།  རྒ་ལོ་སོགས་ལུགས་གཞན་གྱི་དགང་བ་དང༌།  དབྱུང་བ་དང༌།  བུམ་བ་ཅན་རྣམས་ཀྱང་དེ་རྣམས་ལ་དོན་ཚང་བར་ཤེས་པས་ལོགས་སུ་བཤད་མི་དགོས་སོ།།  འདི་ཐམས་ཅད་ལ་ཐུན་མོང་དུ་མན་ངག་སྤྱར་བ་ནི།  རླུང་ཕྱིར་འགྲོ་དུས་རྟགས་སྣང་ལ་དྲག་ཏུ་སེམས་གཏད།  ནང་དུ་འཇུག་དུས་སེམས་ཉིད་དང་བསྲེ།  གནས་པའི་དུས་སུ་སེམས་དང་སྟོང་གཟུགས་བསྲེས་པའི་མྱོང་བ་དང་འཛིན་པ་དེ་བཤིག་པར་བྱ་སྟེ།  ཤིན་ཏུ་ཟབ་བའི་ཉམས་ལེན་ཏིང་ངེ་འཛིན་སེམས་ཀྱི་གནད་རྣ་བ་ནས་རྣ་བ་དང༌།  ཞལ་ནས་ཞལ་དུ་བརྒྱུད་པ་རྒྱུད་གཞུང་ཚད་ལྡན་ཀུན་གྱི་དགོས་པ་རྨ་མེད་པའོ།།  དམིགས་བསྐོར་ཉེར་གཉིས་པའོ།།

༢༽ སྤོགས་ཆོག་གེགས་སེལ།

གཉིས་པ་ལ་སྤོགས་ཆོག་བོགས་འདོན་དང༌། སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་གཉིས་སོ།། ༡ སྤོགས་ཆོག་བོགས་འདོན། སྤོགས་ཆོག་དང་པོ་ནི།  མ་ཆུད་ཅིང་མ་འཆིངས་ན།  བཙན་ཐབས་ཀྱི་སྤྱོར་བས་ཉིད་ཟླའི་ལམ་དགག་པ་ནི་སྤོགས་ཆོག་ཡིན་ཏེ།  པཎ་ཆེན་ཤཱཀྱ་ཤྲཱིའི་བཞེད་པས།  ལུས་གནད་ལྟ་སྟངས་སྤྱི་དང་མཐུན་པར་བཅས།  རླུང་རོ་བསལ་ལ་རྗེས་རླུང་རང་སོར་བཞག།  རྩ་བཟང་ན་ལག་པ་གཉིས་གང་རུང་གཅིག་གི་མཐེབ་མཛུབ་ཀྱིས་མགྲིན་པའི་འཕང་རྩ་མནན།  རྩ་ངན་ན་ཡས་ཀྱི་མཐེ་བོས་གཡས་ཀྱི་འཕར་རྩ་དང༌།  གཡོན་གྱི་མཐེ་བོས་གཡོན་གྱི་འཕར་རྩ་མནན།  སོར་མོ་ལྷག་མ་རྣམས་ཀྱིས་ལྟག་པ་ནས་རྟེན་ཏེ།  རན་པར་གཙིར་བས།  རབ་ལ་བདེ་སྟོང་གི་ཉམས་དང་འོད་གསལ་གྱི་ཉམས་ཁྱད་པར་ཅན་སྐྱེ།  འབྲིང་ལ་རྣམ་རྟོག་འགག་ཅིང་རྟགས་སྣང་གསར་བ་ཅུང་ཟད་འཆར།  ཐ་མ་ལའང་རྣམ་རྟོག་ཅུང་ཟད་འགག་གོ།  དང་པོར་ཤུགས་ཆུང་བ་མི་འགྱེལ་ཙམ་དུ་མནན་ཅིང༌།  ཕྱིས་ཤུགས་ཇེ་དྲག་ཇེ་དྲག་ཏུ་མནན་པས་ཉམས་ཇེ་བཟང་ཇེ་བཟང་དུ་འགྱུར་རོ།།  འབྲོ་ལུགས་ཀྱི་མན་ངག་ལས་ནི།  འདི་ལ་རྡུལ་མཐའ་ཅན་ཟེར་ཞིང༌།  རྟིང་པ་གཡས་པས་བཤག་ལམ་འགག  བརླ་དང་བྱིན་པའི་བར་དུ་གསང་རྩ་ལྟེམ་པ་འམ།  རྟིངབ་གཡོན་པས་གསང་རྩ་ལྟེམ།  ལག་པ་ཕྱོགས་གཅིག་གདན་ལ་བརྟེན།  ཅིག་ཤོས་ཀྱིས་གཉིད་ལོག་མནན།  རླུང་ཡོངས་རྫོགས་བཟུང་བའམ།  ཅུང་ཟད་ཅིག་ཕྱིར་བཏང་བའི་ལྷག་མ་བཟུང་བ་གང་བདེ་བྱ།  ཞེས་བཤད་དོ།  འདི་ལས་འཕྲོས་པའི་འཕོ་བའི་གདམས་པ་ནི་འོག་ཏུ་བསྟན་པར་བྱའོ།།  དམིགས་སྐོར་ཉེར་གསུམ་པའོ།།  བོགས་འདོན་ནི།  ཡེ་ཤེས་སྤྱན་སྒྲུབ་ལས་འབྱུང་བའི་མན་ངག་གཉིས་ལས།  དང་པོ་ནི།  དྷཱུ་ཏཱིའི་ནང་དུ་འོད་གསལ་བཟུང༌།།  རྟོག་མེད་སེམས་ཀྱི་དེ་ཉིད་ཤེས།།  རྡོ་རྗེའི་ལུས་ཀྱི་དེ་ཉིད་མཐོང༌༎  གསང་སྔགས་ཆོས་ལ་མཁས་པར་འགྱུར།།  ཞེས་གསུང་ཏེ།  བུམ་པ་ཅན་དང་སྟོང་གཟུགས་ལ་མཉམ་པར་གཞག་པ་ཡང་ཡང་གོམས་པས་ལུས་ཀྱི་ནང་དུ་སྟོང་གཟུགས་འཆར།  དེའི་རྒྱུན་གོམས་པས་ལུས་ཀྱི་ནང་གང་འདོད་དུ་འཆར་ཐུབ།  དེ་སྐབས་ནས།  ལྟེ་བ་སྤྲུལ་འཁོར་གྱི་དབུས་དབུ་མ་གང་དུ་ཡོད་པའི་ཐད་དེ་ཙམ་དུ་སྟོང་གཟུགས་ཤར་བ་ལ་སེམས་རྩེ་གཅིག་ཏུ་གཏད་པས་དྲོད་ཚ་འུར་བ་སོགས་བདེ་དྲོད་ཀྱི་ཉམས་འཕྲལ་དུ་ཤར་བྱུང་ན་གནད་དུ་སོང་བ་ཡིན།  བདེ་དྲོད་མི་སྐྱེ་བ་དང༌།  སྟོང་གཟུགས་མི་གསལ་དུ་སོང་ན་གནད་འཕྱུགས་པ་ཡིན་པས།  རྩ་དབུ་མའི་གནས་ཚུལ་ངེས་པར་བྱས་ཏེ་བསྒོམས་པས།  དེའི་ནང་དུ་སྟོང་གཟུགས་ཤར་བ་ན་སྔར་བཞིན་སྒོམ།  དེ་ནས་ཉམས་ཀྱི་ཚུལ་གྱིས་རྩ་དབུ་མ་དང་རྩ་འཁོར་སོགས་ཅི་རིགས་པ་མཐོང་བ་འབྱུང༌།  དེ་བཞིན་དུ་སྙིང་ཁ་ལ་སོགས་པ་རྩ་གནས་གཞན་ལའང་སྤྱར་གྱིན་སྒོམ།  དེས་རྩ་གནས་རགས་པ་ཕལ་ཆེ་བའི་རྣམ་པ་ཉམས་ཀྱི་ཚུལ་དུ་འཆར་ལ།  དེ་ནས་ཡུན་བསྲིངས་ཏེ་བསྒོམས་པས་རྩ་རླུང་ཐིག་ལེའི་གནས་ཚུལ་མངོན་སུམ་དུ་མཐོང་བར་འགྱུར་རོ།།  དམིགས་སྐོར་ཉེར་བཞི་པའོ།།  ཡང་ཅི་སྐད་དུ།  སྲོག་རྩོལ་སྒོ་རུ་འོད་གསལ་བཟུང༌།།  རྒྱུ་བ་རླུང་གི་དེ་ཉིད་ཤེས།།  རླུང་ལྔའི་ཁ་དོག་མཐོང་བར་འགྱུར།།  ཞི་རྒྱས་ལ་སོགས་དབང་དུ་འདུ།།  ཞེས་གསུངས་ཏེ།  སྣ་བུག་ནས་སོར་བཅུ་དྲུག་གི་སྟེང་གི་ནམ་མཁར་སྟོང་གཟུགས་ཤར་བ་ལ་སེམས་གཏོད།  དེ་ལ་བརྟན་ན་རིམ་གྱིས་ཇེ་ཉེ་ཇེ་ཉེ་ལ་བཏང་སྟེ།  མཐར་སྣའི་ནང་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏོད་བའི་བར་དུ་བྱ།  དེ་ནི་ནམ་མཁའི་རླུང་གི་ལམ་ལ་སྒོམ་པ་ཡིན་ལ།  དེ་བཞིན་དུ་འབྱུང་བ་གཞན་གྱི་རླུང་ལའང་སྤྱར་ཏེ་སྒོམ།  མཐར་ཐམས་ཅད་དུ་འབྱོངས་བ་ན་སྣའི་བར་གའི་ཐད་དུ་སྟོང་གཟུགས་ཤར་བ་ལ་སེམས་གཏད་དོ།།  དབུགས་དང་འགྲོགས་ཏེ་སྟོང་གཟུགས་ཡལ་ཡོལ་བྱེད་ཀྱང་དེའི་རྗེས་སུ་མི་འབྲང་བར་ཐོག་མ་སེམས་བཞག་པ་དེ་ཀར་སྒྲིམ།  འདི་བསྒོམས་པས་སྣ་སྒོར་སྟོང་གཟུགས་རྟག་ཏུ་གནས་པ་འབྱུང༌།  དེ་ལ་རྩེ་གཅིག་ཏུ་གོམས་པ་ལས།  རིམ་པས་རླུང་རྣམས་ཀྱི་ཁ་དོག་དང་དབྱིབས་དང༌།  ཚད་དང་རྒྱུ་བའི་གྲངས་ཀྱི་རྣམ་པ་ངེས་པ་འབྱུང།  དེ་བྱུང་ནས་ཀྱང་བུམ་པ་ཅན་དང་ལྷན་ཅིག་བསྒོམས་ན་ཟླ་བ་དྲུག་ལ་སོགས་པས་བརྟན་པ་ཐོབ་པར་འགྱུར།  དེ་ནས་རླུང་རྒྱུ་བ་དང་བསྟུན་ཏེ་འདུན་པ་བསྒྱུར་བ་ཙམ་གྱིས་ཀྱང་ཞི་རྒྱས་ལ་སོགས་པའི་ལས་ཆེན་བརྒྱད་ཐོགས་མེད་དུ་འགྲུབ་པ་ཡིན་ནོ།།  འདི་ནི་མཚོན་པ་ཙམ་སྟེ།  གཞན་ཡང་གཏུམ་མོ་དང༌།  ལས་རྒྱ་དང༌།  བཙན་ཐབས་ཀྱི་སྤྱོར་བ་མང་བོ་ཞིག་སྲོག་རྩོལ་གྱི་བོགས་འདོན་དུ་འབྱུང་ངོ༌།།  དམིགས་བསྐོར་ཉེར་ལྔ་པའོ།། ༢ གེགས་སེལ། སྐབས་འདིར་སྲོག་རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་དང༌།  པཎ་ཆེན་གྱི་རྡོ་རྗེའི་ཚིག་ལྔ་པའི་འཕྲོས་ལ་བཀག་པས།   འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་གི་སྤྱོར་བ་ལ་བརྟེན་ཏེ་དགྲོལ་བ་ཡང་ཤེས་དགོས་ལ།  གཞན་ཡང་སྲོག་རྩོལ་བསྒོམས་པས་ཐོད་པ་འགོགས་པ་སྙམ་བྱེད་པ་དང༌།  མགོ་དང་སྙིང་ཁ་ན་བ་དང༌།  ལྟེ་བ་གཟེར་ཞིང་སྤྱི་གཙུག་གི་པགས་པ་ལ་ཁབ་བཙུགས་པ་ལྟ་བུ་བྱུང་བ་དང༌།  ཁོག་པར་ཤིང་བཅུག་པ་ལྟ་བུ་འོད་ཟེར་གྱི་འཁོར་ལོ་ལུས་ནང་དུ་དྲག་ཏུ་འཁོར་ན།  སྤྱོར་བས་དབུ་མར་འཛུད་དགོས་པ་ཡིན་ཀྱང་དེ་མི་འགྲུབ་ན།  རེ་ཞིག་སྲོག་རྩོལ་སྒོམ་པའི་རྩོལ་བ་གློད་ནས།  སྐུ་མཉེ་དང་ཁ་ཟས་བཟང་དུ་བརྟེན།  འབེབས་ཀྱི་འཁྲུལ་འཁོར་དང༌།  ཧ་འཕྲ་བ་དང༌།  རླུང་ཕྱིར་འདོན་པ་མང་དུ་བྱས་བས་སེལ་བར་འགྱུར་རོ།།  སྤྱིར་གེགས་བསལ་བ་ལ།  གེགས་ཆུང་ངུ་ལ་སེལ་བྱེད་ཀྱང་ཞི་བ་དང༌།  ཆེན་པོ་ལ་ཤུགས་དྲག་པོ་རྣམས་གལ་ཆེ།  དེ་ལས་བཟློག་ན་ཆུང་ངུ་ཆེན་པོར་འགྱུར་བ་དང༌།  ཆེན་པོ་བཅོས་དཀའ་བ་རྣམས་སུ་འགྱུར་རོ།།  ཉིན་དང་ཉིན་ལ་ཡེ་ཤེས་ཀྱི་ཉམས་ཕེབས་པར་འགྱུར་ན་དེ་ཉིད་བྱུང་རྒྱལ་དུ་བསྐྱངས་བས་གེགས་ཕལ་ཆེར་སེལ་བར་འགྱུར་ལ།  གཞན་དུ་གེགས་སེལ་གྱི་གདམས་ངག་ལ་ཡང་མཁས་པ་དང༌།  ལུས་སྤྱོངས་ལ་བརྩོན་བར་བྱེད་དགོས་ཏེ།  དེ་དག་གི་ཡི་གེ་ལོགས་སུ་ཡོད་པ་ལྟར་ཉམས་མྱོང་ཅན་གྱི་ལག་ཁྲིད་དང་བཅས་ཏེ་ཤེས་པར་བྱའོ།།

༼༢༽སྒོམ་དོན་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ།  སྲོག་རྩོལ་གྱི་མཚན་དོན།  སྒོམ་པའི་དུས་མཚམས།  སྒོམ་ཚུལ་གྱི་ཡན་ལག   བསྒོམས་པའི་རྟགས་ཚད།  དག་བྱ་དག་བྱེད་ཀྱི་དབྱེ་བ།  བསྒོམས་པའི་འབྲས་བུ་སྟེ་དྲུག་ལས།

༡༽སྲོག་རྩོལ་གྱི་མཚན་དོན།

དང་པོ་ནི།  རྒྱ་གར་གྱི་སྐད་དུ།  པྲ་ཎ་ཞེས་པ།  ཨཱ་ཡ་མ་ཞེས་པ་འགོག་པའམ།  རྩོལ་བའམ།  རིང་དུ་བྱེད་པ་ལ་འཇུག་པས།  དེ་མཚམས་སྤྱར་བས།  པྲ་ཎཱ་ཡ་མ་ནི།  སྲོག་རྩོལ་ལམ།  སྲོག་འགོག་པ་ཅེས་བྱའོ།  དེ་ལ་སྲོག་ནི་རླུང་གི་མིང་ཡིན་ལ།  དེ་འགོག་པའམ་རྩོལ་བ་ནི་འཇིག་པར་བྱེད་པའི་དོན་ནོ།།

༢༽ སྒོམ་པའི་དུས་མཚམས།

གཉིས་པ་ལ།  སྲོག་རྩོལ་གྱི་ཡན་ལག་དངོས་ནི།  བསམ་གཏན་གྱི་ཡན་ལག་ལྔ་བ་རྒྱུད་ལ་སྐྱེས་ནས་སྒོམ་པ་ཡིན་ལ།  རྗེས་མཐུན་པ་ནི་ལས་དང་པོ་བས་ཀྱང་སྒོམ་དུ་རུང་ཞིང༌།  ཁྱད་པར་དུ་ཡང་ཐོག་མར་དགེ་བའི་སོར་བསམ་གང་རིགས་ལ་ཉམས་མྱོང་ཅུང་ཟད་རྙེད་ནས་བསྒོམས་ན་ཤིན་ཏུ་ལེགས་སོ།།

༣༽སྒོམ་ཚུལ་གྱི་ཡན་ལག

གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ།  དོན་ཚན་ལྔའི་དང་བོ་སྲོག་རྩོལ་གང་ལ་བྱ་བའི་ཡུལ་ནི།  སྤྱིར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་མཐའ་དག་ཡིན་ལ།  དེའི་གཙོ་པོ་ལྟེ་བ་ཡན་ཆད་ན་རོ་བརྐྱང་དབུ་མ་གསུམ།  ལྟེ་བའི་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ་དྲུག  སྲོག་རླུང་དང་ཐུར་སེལ་གཉིས་རྣམས་ཏེ།  སྤྲོ་ན་སྐབས་འདིར་རྩ་རླུང་ཐིག་ལེའི་གནས་ཚུལ་རྒྱས་པར་བཤད་ན་ལེགས་སོ།།  དོན་ཚན་གཉིས་པ་སྲོག་རྩོལ་བསྒོམས་པའི་དགོས་པ་ནི།  རྒྱུད་ལས། མི་འགྱུར་བདེ་ཆེན་སྒྲུབ་ཕྱིར་རླུང་སེམས་དབུ་མར་བཅིང་བ་ལས་བྱུང་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་གྱི་ལུས་ཀྱི་ ཆ དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྤྱོར་བ་བསྒོམ་པར་བྱ།།  ཞེས་དང་།   དུས་ཞབས་པའི་མན་ངག་ལས་ཀྱང༌།  མི་འགྱུར་བདེ་བ་སྐྱེ་བའི་ཕྱིར།།  སྲོག་རྩོལ་ཡན་ལག་བསྒོམ་པར་བྱ།།  ཞེས་པ་ལྟར།  འགྱུར་མེད་བདེ་བའི་རྒྱུ་ཚོགས་ཀྱི་ཕྱོགས་གཅིག་སྟོང་གཟུགས་ཕྱག་ཆེན་ཡིན་པ་སོར་བསམ་གྱི་དུས་ནས་ཀྱང་བསྒྲུབ་པ་ཡིན་ལ།  ཕྱོགས་གཅིག་ཤོས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་ཅིང༌།  ཨ་ཝ་དྷཱུ་ཏཱིར་བཅིང་བས་རྡོ་རྗེའི་ལུས་རྣམ་པར་གྱུར་ནས་འཆི་བ་མེད་པ་དང༌།  ཐིག་ལེ་ལ་དབང་འབྱོར་བར་བྱེད་པ་ནི་སྲོག་རྩོལ་གྱི་དགོས་པའོ།  །   དོན་ཚན་གསུམ་པ་སྲོག་རྩོལ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི།  རྣལ་འབྱོར་སྒོམ་པའི་ཚེ་རླུང་རྣམས་དབུ་མ་འབའ་ཞིག་ནས་འབབ་པར་གྱུར་གྱི་བར་དུ་སྟེ།  དེས་བྱང་ཆུབ་ཀྱི་སེམས་རགས་པ་བཟུང་བཟློག་ལ་དབང་ཐོབ་པར་འགྱུར་ཞིང༌།  དབང་པོ་རྣོན་པོས་ཟླ་བ་དྲུག་གིས་དེ་འགྲུབ་པའི་དབང་དུ་མཛད་ནས།  རྒྱུད་ལས།  ཟླ་བ་དྲུག་གིས་ དབང་རྣོན་སྡོམ་བརྩོན་དང་ལྡན་པ་རྣམས་ལ་འཇིག་རྟེན་པའི་འཁྲིག་བདེའི་རེག་བྱས་དམན་པ་སྟེ། དེ་འདྲ་དང་བྲལ་བའི་བྱང་སེམས་རགས་པ་བཟུང་བཟློག་ལ་དབང་ཐོབ་པས་བདེ་བ་ཀུན་ནས་འཕེལ་བས་མི་མཉམ་པ་མེད་པ་དེ་ཉིད་བདེ་སྟོང་ཟུང་འཇུག་གི་ལམ་གྱི་ ཆ སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར།  ཞེས་གསུངས།  དོན་ཚན་བཞི་བ་སྲོག་རྩོལ་གྱི་ངོ་བོ་ནི། རྒྱུད་ལས། ཆ སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་རབ་ཏུ་ཞུགས་པ་དག་ཏུ་འགྱུར།།  ཞེས་གསུངས་ཏེ།  རོ་རྐྱང་གི་རླུང་དབུ་མར་དགག་ཅིང་འོག་ཏུ་བཤད་གཅིའི་རྩར་རྒྱུ་བའི་རླུང་ཡང་དུང་ཅན་མར་དགག་པ་ཡིན་ལ།  དེ་བཞིན་དུ་དབུ་མར་རྒྱུ་བའི་སྲོག་དང༌།  དུང་ཅན་མར་རྒྱུ་བའི་ཐུར་སེལ་ཡང་གཅིག་ཏུ་བསྡུ་བར་བྱེད་པའི་ཏིང་ངེ་འཛིན་ནོ།།    དོན་ཚན་ལྔ་པ་སྲོག་རྩོལ་ཇི་ལྟར་སྒོམ་པའི་ཚུལ་ལ།  རྡོ་རྗེའི་བཟླས་པ་ནི།  རྒྱུད་ལས། ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱིས་ཞེས་པས་ཁམས་དཀར་དམར་འབབ་པའི་རྩ་རོ་རྐྱང་གཉིས་བསྟན།  རྣམ་གསུམ་བགྲོད་གནས་ཞེས་པས་ཁུ་རྡུལ་སེམས་གསུམ་བགྲོད་གནས་དབུ་མ་བསྟན་ཅིང་།  སྐུ་རྡོ་རྗེ་སོགས་ཀྱིས་རྡོར་བཟླས་དངོས་བསྟན་ནོ༎  ཆ ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱིས་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ།  ཞེས་པས་བསྟན་ཅིང༌།  འཇམ་རླུང་དགང་གཏོང་གིས་དབུགས་ཡོ་བ་བསྲང་བ་ནི།  ཇི་སྐད་དུ།  མཆན་ཁུང་གཡས་དང་གཡས་མིན་དག་ལས་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས།།  གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་འབབ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ།།  ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་བ་ཡིས་སོ།།  ཞེས་པས་བསྟན།  དགང་བ་དང་བུམ་པ་ཅན་ནི།  ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་པོ་དག་ནས་ཕྱི་རོ་ལ་དག་གི་རླུང་ནི་མ་ལུས་པ།།  སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེར་རླུང་དང་སྤྱར་བྱས་ཏེ།།  ཞེས་པས་བསྟན་ཅིང༌།  དེའི་ཕན་ཡོན་ཡང༌།  ལུས་ལ་ཟས་ལ་སོགས་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་འཆི་བ་མེད་པ་ཉིད་ཀྱང་སྟེ།།  ཞེས་སོ།།  གཞན་ཡང་དྲི་མེད་འོད་ལས།  དབྱུང་བ་དང༌།  དགང་བ་དང༌།  བུམ་པ་ཅན་གྱི་སྤྱོར་བས་ནི་རྟག་ཏུ་བསྙེན་པའོ།།  ཞེས་གསུངས་པས།  སྲོག་རྩོལ་གྱི་མན་ངག་ཐ་དད་པ་ཐམས་ཅད་ཀྱང་བསྟན་པ་ཡིན་ནོ།།  འདིར་བུམ་པ་ཅན་གཙོ་བོ་ཡིན་པས་ངེས་པར་དགོས་ལ།  གཞན་དག་ནི་ཇི་ལྟར་རིགས་པར་ཡང་སྦྱར་རོ།།  གནས་སྐབས་སུ་སྲོག་གེགས་མི་འབྱུང་བའི་དོན་དུ།  རླུང་སྟོབས་རྒྱས་པ་དབུ་མར་འཛུད་པའམ།  གེགས་སེལ་གཞན་ཡང་རུང་སྟེ།  དེའི་དུས་བསྟན་པ་ནི།  སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་གྱུར་བ།།  ཞེས་ལ་སོགས་པའོ།།

༤༽བསྒོམས་པའི་རྟགས་ཚད།

བཞི་པ་ནི།  སྲོག་རྩོལ་གྱི་རྟགས་ཐམས་ཅད་གཡོན་གྱི་རླུང་བཅུ་དབུ་མར་འགགས་པའི་མཐུ་ལས་བྱུང་བའི་ལུས་ཉམས།  ངག་ཉམས།  སེམས་ཉམས།  མཐོང་ཉམས་རྨི་ཉམས་ཏེ་རྣམ་པ་ལྔར་འདུས་པ་ཡིན་ནོ།།  ཚད་མ་ནི།  རྣམ་རྟོག་གི་རྒྱུ་རླུང་རྣམས་དབུ་མར་འགགས་བའི་ཡེ་ཤེས་ཡིན་པས་ཡིད་ཀྱི་མངོན་སུམ་གཅོ་བོར་གྱུར་པའི་མངོན་སུམ་བཞིའོ།།

༥༽དག་བྱ་དག་བྱེད་ཀྱི་དབྱེ་བ།

ལྔ་པ་ནི།  དག་བྱ་ལ་དབྱེ་ན་འདུ་བྱེད་ རླུང་གི་ཁམས། རྣའི་དབང་པོ། རེག་བྱའི་སྐྱེ་མཆེད། ངག་གི་དབང་པོ། བཤང་བ་འདོར་བ་སྟེ་རླུང་ཁམས་པ་དྲུག ཆ སོགས་ཕུང་ཁམས་དྲུག་ཚན་གཅིག་ཡོད་ལ།  དག་བྱེད་སྲོག་རྩོལ་ཉིད་ལ་དབྱེད་ན།  གཡས་གཡོན་གྱི་དཀྱིལ་འཁོར་བཅུ་དབུ་མར་འདྲེས་པའི་དབྱེ་བས་བཅུའོ།།

༦༽བསྒོམས་པའི་འབྲས་བུ།

དྲུག་པ་ལ།  གནས་སྐབས་ཀྱི་འབྲས་བུ་ནི།  རྒྱུད་ལས།  སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་རྣམ་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད།།  ཅེས་གསུངས་པ་ལྟར།  རོ་རྐྱང་དུ་རྒྱུ་པའི་རླུང་ཡོན་པོ་འགགས་པའི་ཕན་ཡོན་ལས།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ མཆོད་པ་འབུལ་བ་དང་།  དུས་འདི་ཙམ་ནས་སངས་རྒྱས་ཐོབ་པ་སོགས། ཆ ལུང་སྟོན་ཅིང་བྱིན་གྱིས་བརློབ།  ཡེ་ཤེས་ཀྱི་སྣང་བར་གྱུར་བའི་གཟུགས་སོགས་ཡུལ་དྲུག་གི་ སྟོང་གཟུགས་ཀྱི། ཆ འདོད་ཡོན་ལ་སྦྱོད།  དཔང་པོ་དྲུག་གི་མངོན་ཤེས་སྐྱེ།  མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ཡིན་ལ།  མཐར་ཐུག་གི་འབྲས་བུ་ནི།  དོན་ཡོད་གྲུབ་པ་ སྒྲོལ་མ་ནམ་སྙིང་།  རེག་བྱ་རྡོ་རྗེ་མ།  བགེགས་མཐར་བྱེད།  ཤིན་ཏུ་བརྩོན་འགྲུས་མ་སྟེ་ལྷ་རླུང་ཁམས་པ། ཆ སོགས་ལྷ་རླུང་ཁམས་པ་དྲུག་ཚན་གཅིག་ཐོབ་པར་འགྱུར་བ་ཡིན་ནོ།།  སྒོམ་དོན་བློ་ལ་འགོད་པ་འདི་ཐུན་གཅིག་ལ་སོགས་པའོ།།  དེས་སྲོག་རྩོལ་གྱི་འཁྲིད་ཚར་རོ།། ༎

ཡན་ལག་བཞི་པ་འཛིན་པ།

གཉིས་པ་འཛིན་པའི་འཁྲིད་སྟོན་པར་བྱེད་པ་ལ།  ཉམས་ལེན་དམིགས་པའི་གནད་དང༌།  སྒོམ་དོན་བློ་ལ་འགོད་པའོ།།

༼༢༽ཉམས་ལེན་དམིགས་པའི་གནད།

དང་པོ་ལ་འཛིན་པའི་མན་ངག་དངོས་དང༌།  བོགས་འདོན་སྤོགས་བའི་ཆོ་གའོ།།

༡༽འཛིན་པའི་མན་ངག་དངོས།

དང་པོ་ནི།  གོང་དུ་ཇི་སྐད་བསྟན་པ་ལྟར།  བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མའི་ཐིག་ལེ་ལ་ཐིམ་པར་བྱེད་པ་ཡིན་ཏེ།  སྲོག་རྩོལ་དང་འཛིན་པའི་སྐབས་ཀྱི་བུམ་ཅན་ནི་བུམ་པ་ཅན་ཙམ་དུ་འདྲ་ཡང་སྲོག་རྩོལ་གྱི་བུམ་ཅན་ནི།  རོ་རྐྱང་གི་ལམ་དགག་པ་དང༌།  སྲོག་ཐུར་འདྲེ་པའི་ཕྱིར་སྒོམ་པ་ཡིན་ལ།  འདིར་ནི་སྲོག་ཐུར་འདྲེས་ཟིན་པའི་རླུང་དེ་ཉིད་དབུ་མའི་ཐིག་ལེར་ཐིམ་པར་བྱེད་པའི་དོན་ཡིན་ནོ།།  དེ་ལ་ལྟེ་བའི་བུམ་ཅན་ནི་སྔར་དང་འདྲ་སྟེ།  འོན་ཀྱང་འཛིན་པ་རྗེས་མཐུན་པ་སྒོམ་པའི་སྐབས་འདིར་རླུང་རྣམས་ལྟེ་བའི་ཐིག་ལེ་ལ་ཐིམ་པའི་མོས་པ་ཙམ་ཡང་ཡང་བྱེད་པ་ནི་ཁྱད་པར་རོ།།  དམིགས་སྐོར་ཉེར་དྲུག་པའོ།།  དེ་བཞིན་དུ་སྙིང་ཁའི་བུམ་ཅན་ཡང་ཕལ་ཆེར་དེ་དང་འདྲ་བ་ལས།  ལྟེ་བའི་བུམ་ཅན་ཟིན་མཚམས་ནས་སྙིང་ཁར་འདྲེན་པ་དང༌།  ལག་པ་གཉིས་རྒྱབ་ཏུ་བསྣོལ།  རྡོ་རྗེའི་སྐྱིལ་ཀྲུང་གི་མཐེ་བོང་གཡས་གཡོན་ནས་འཐེན་པའི་ལུས་གནད་སྦྲགས་ཏེ་བྱའོ།།  དམིགས་སྐོར་ཉེར་བདུན་པའོ།།  མགྲིན་པའི་བུམ་ཅན་ནི།  རྐང་བ་སྐྱིལ་ཀྲུང་བཅས་ཏེ།  བུས་མོའི་ནང་ཁུགས་སུ་གྲུ་མོ་བཙུགས།  སོར་མོ་བསྣོལ་བས་ལྟག་པ་ནས་མནན་ཏེ་མགོ་བསྒྱུར།  རླུང་ཁ་ནས་རྔུབས་ཏེ།  ལྟག་པའི་ཐད་ཀར་ཤུགས་སྐྱིལ་ལ་ལྐོག་མས་ཨོལ་མདུད་མནན།  ཐུར་སེལ་མགྲིན་པའི་ཐད་ཀར་ཕུལ་ལོ།།  དམིགས་སྐོར་ཉེར་བརྒྱད་པའོ།།  དཔྲལ་བའི་བུམ་ཅན་ནི།   ཕལ་ཆེར་དེ་དང་འདྲ་བ་ལ་ལག་པ་གཉིས་སྔར་བཞིན་ལས་སྤྱི་བོ་ནས་འཐེན།  རླུང་ཡང་ཁ་ནས་རྔུབས་པ་རྐན་གྱི་ཕུགས་སུ་ཡར་བསྐྱིལ་བ་ནི་ཁྱད་པར་རོ།།  དམིགས་སྐོར་ཉེར་དགུ་པའོ།།  གཙུག་ཏོར་གྱི་བུམ་ཅན་ཡང་དམིགས་པ་གཙུག་ཏོར་ཏུ་བྱེད་པའི་ཁྱད་པར་མ་གཏོགས་དེ་དང་འདྲའོ།།  དམིགས་སྐོར་སུམ་ཅུ་པའོ།།  མན་ངག་ཁོ་ན་ལས་འབྱུང་བའི་གསང་བའི་བུམ་ཅན་ནི།  རྟིང་པ་གིས་བང་སྒོ་བརྟེན།  གཅིག་གིས་གསང་བ་ནས་མནན།  ལག་པ་གཉིས་གཞུག་ཆུང་ནས་ཕར་འཁྱིད་གང་ཙམ་གཞལ་བའི་སར་བཙུགས།  གདོང་གྱེན་དུ་ཕྱོགས་པས་རླུང་དྲག་ལ་རིང་བར་མནན།  བཤང་སྒོ་དང་གསང་སྒོ་གཉིས་ག་ནས་ཐུར་སེལ་ལན་མང་དུ་དྲངས་པ་དེ་དང་སྟེང་རླུང་གཉིས་ཀར་རྒྱུ་ཞབས་ཀྱི་འོག་ཏུ་མནན་ཏེ་བཞག་པའོ།།  དམིགས་སྐོར་སོ་གཅིག་པའོ།།  འགའ་ཞིག་སྙིང་ཀ་ཡན་ཆད་ཀྱི་བུམ་ཅན་ལས་དང་པོ་པས་སྒོམ་དུ་མི་རུང་བར་འདོད་ནའང༌།  རན་ཙམ་སྒོམ་པ་ལ་སྐོན་མེད་ཅིང༌།  ལས་དང་པོ་བས་སྒོམ་ན་ལག་ལེན་འདི་ལྟར་བྱེད་དེ།  ལྟེ་བའི་བུམ་ཅན་ཉི་ཤུ་ཙམ་སོང་ནས་སྙིང་ཁའི་བུམ་ཅན་ལན་གཉིས་ཙམ་བྱེད་པ་སྟེ།  ལྟེ་བའི་བུམ་ཅན་དེ་སྙིང་ཁར་དྲངས།  སླར་ཡང་ལྟེ་བར་ཕབ་ནས་རླུང་གཏོང༌།  མགྲིན་པ་དཔྲལ་བ་གཙུག་ཏོར་རྣམས་ལ་ལྟེ་བའི་བུམ་ཅན་ཡང་མི་འདྲེན་ཡང༌།  རླུང་གཏོང་ཁར་བུམ་ཅན་ལྟེ་བར་འབེབས་དགོས་སོ།།  སླར་ཡང་དེ་རྣམས་ཀྱི་མཐར་གསང་བའི་བུམ་ཅན་ཚར་རེ་བྱ།  རླུང་རོ་འཁྱམས་ཀྱི་དོགས་པ་ཡོད་ན་སྙིང་ཁའི་བུམ་ཅན་གྱི་མཐར་རོ་སྟོད་གཅུད་ཅིང་ཧ་འདོན།  མགྲིན་པའི་མཐར་ཁ་བཙུམ་ནས་མགྲིན་པའི་རླུང་དྲངས་ཏེ་འབུད།  དཔྲལ་བ་དང་གཙུག་ཏོར་གྱི་མཐར་རྣ་བཀག་ནས་ཐོད་པའི་རླུང་དྲངས་ནས་འབུད་པ་སོགས་ཀྱང་ལག་ལེན་བཞིན་ཤེས་པར་བྱའོ།།

༢༽བོགས་འདོན་སྤགས་ཆོག

གཉིས་པ་ལ།  རླུང་གི་སྤོགས་ཆོག་ནི།  རྡོ་རྗེའི་ཚིག་དྲུག་གི་གཏུམ་མོ་སྤར་བའི་སྤྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ་པ་སྟེ།  འཛིན་པའི་མན་ངག་སྔར་བསྟན་པ་དེ་ལྟར་བསྒོམས་ཀྱང་ཡོན་ཏན་སྐྱེ་མ་འདོད་ན།  བུམ་ཅན་ཙམ་གྱིས་སྲོག་ཐུར་བསྲེ་མི་ཐུབ་པ་ཡིནཔས།  སྐྱིལ་ཀྲུང་གཡས་གཡོན་གྱི་རོལ་སྟབས་སམ།  རྡོ་རྗེའི་སྐྱིལ་ཀྲུང་གིས་ཀྱང་ཆོག་ལ།  ལག་པ་པུས་མོ་ལ་བཀབ།  ཐོག་མར་འོག་སྒོ་སྟེང་དུ་འཐེན།  སྟེང་རླུང་ཧཱུཾ་རིང་གིས་གདངས་ཀྱིས་ཕྱིར་འབུད།  སླར་ནང་དུ་ཧུཾ་ཐུང་གིས་མནན་ཏེ་ཅུང་ཟད་སོང་ནས་གསང་རླུང་ཧཱུཾ་གི་ཁོང་སྒྲ་དང་བཅས་ཏེ་ཡར་དྲངས།  ལྕེ་རྩེ་རྐན་ལ་སྤྱར།  ཕཊ་ཅེས་ཡིད་ལ་དྲན་པས་ཁ་སྤྱོར་དྲག་པོ་དེ་ལྟེ་བར་བཟུང་བཞིན་པས།  ལྟོ་བ་ཕྱིར་འཕུལ་བ་ལན་འགའ་བྱ།  དེ་ནས་འབུད་པ་སོགས་སྔར་དང་འདྲ་སྟེ།  དེ་ཉིད་ཡང་ཡང་སྒོམ་པ་ཡིན་ནོ།།  འདི་ནི་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་ཡིན་ལ།  གྲུབ་ཐོབ་ཤཱ་བཱ་རི་པའི་མན་ངག  བི་བྷུ་ཏི་ཙནྡྲའི་ཉེ་བརྒྱུད་ལ་སྲོག་ཐུར་བསྲེ་བའི་མན་ངག་གསུམ་ཡོད་པ་ནི་གཞན་དུ་བཤད་པར་བྱའོ།།  དམིགས་སྐོར་སོ་གཉིས་པའོ།།  འཁྲུལ་འཁོར་གྱི་སྤོགས་ཆོག་ནི།  རླུང་གནད་སྔ་མ་དང་དྲ་བ་ལས།  རླུང་ཕྱིར་འབུད་པའི་ཚེ།  རྐང་སོར་ནས་ལག་པས་འཇུས་ཏེ་སྒུར་ལངས་སུ་བྱེད།  ནང་དུ་རྔུབས་ཏེ་བཟུང་བའི་སྐབས་སུ་འཕོང་སྟན་གྱི་སྟེང་དུ་བཞག་སྟེ་ཙོག་པུར་བྱ།  གསང་རླུང་འཐེན་སྐབས་ལུས་བསྒྱུར།  ལྟོ་བ་ཕྱར་འཕུལ་བའི་སྐབས་ལྟག་པ་བསྒྱེད་དོ།།  དམིགས་སྐོར་སོ་གསུམ་པའོ།།  རྩའི་སྤོགས་ཆོག་ནི།  གོང་དུ་བཤད་པའི་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་པ་ཉིད་དོ།།  ཐིག་ལེའི་སྤོགས་ཆོག་གཙོ་བོ་ནི།  དམིགས་བཅས་ཀྱི་གཏུམ་མོ་ཡིན་ཡང་འོག་ཏུ་འཆད་པར་འགྱུར་བས་འདིར་མི་བརྗོད་ལ།  རྡོ་རྗེའི་ཚིག་དྲུག་གི་ལྕེ་གསུམ་བསྐྱོད་པའི་སྤྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་པ་ནི།  དམིགས་མེད་དང་དམིགས་བཅས་གཉིས་ལས།  འདིར་དམིགས་བཅས་ཀྱི་དབང་དུ་བྱས་ན།  ལག་གཉིས་ས་གནོན་བྱ།  གཞན་ལུས་གནད་སྤྱི་དང་འདྲ།  དཔྲལ་བར་ཧཾ་དཀར་པོ་ལ་དབྱངས་བཅུ་དྲུག་དཀར་པོས་བསྐོར་བའམ།  ཡི་གེ་གསལ་མི་ཐེབས་ན་ཐིག་ལེ་དཀར་པོ་བསྒོམས་ཀྱང་རུང་ངོ༌།།  ཐུར་སེལ་འཐེན་བྱས་པས་རླུང་དྲོད་ཀྱི་རང་བཞིན་ཅན་ཁོང་བ་ནས་ཡར་སོང༌།  ཡི་གེའམ་ཐིག་ལེ་ལ་ཕོགས་པས་བདུད་རྩི་དཀར་པོ་རླན་དྲོད་ཀྱི་རང་བཞིན་ཅན་འོ་མའི་རྒྱུན་ལྟར་བབས།  ཡང་ཐོད་ཁེངས།  རླུང་རོ་བསལ་ལ་རླུང་ཁ་ནས་ཤུད་ཀྱི་སྒྲ་དང་བཅས་ཏེ་ལྕེ་ཐོག་ཏུ་དྲངས།  མཆིལ་མ་དང་ལྷན་ཅིག་མིད།  ལྕེ་རྩེ་ཕུགས་སུ་བཟློག་ནས་ལྕེའུ་ཆུང་ལ་རེག  རླུང་སྟོད་སྨད་དུ་མཉམ་པར་དགང་ཞིང་བཟུང༌།  ལྕེ་ཆུང་ལས་བདུད་རྩིའི་རྒྱུན་བབས།  རྩའི་ནང་ཐམས་ཅད་ཁེངས་བར་མོས།  དེ་ཉིད་ཡང་ཡང་བསྒོམས་པས།  ལྕེ་ཆུང་ལས་རང་བྱུང་གི་བདུད་རྩི་འབབ་པར་འགྱུར་རོ།།  གཞན་ཡང་ལས་དང་པོ་བས་བུམ་ཅན་རྣམས་སྒོམ་པའི་སྐབས་རླུང་འདུས་པའི་རྟགས་འགོད་ན།  དམིགས་པ་འདི་ལྟ་བུ་སྒོམ་པར་བཤད་དེ།  རྩ་འཁོར་སོ་སོ་བཤད་ཚོད་དང་མཐུན་བར་སྒོམ་ཐུབ་ན་ལེགས།  མ་ཐུབ་ན།  རྩ་འཁོར་རྣམས་ཀྱི་འཁོར་ལོ་ནང་མཁོན་གསལ་བཏབ་བས་ཆོག་ལ།  ལྟེ་བ་སོགས་འཁོར་ལོ་ལྔ་ལ་རྩ་འདབ་བཞི་བཞི་ཡིན་ལ།  གསང་ནས་ལ་དྲུག་གོ།  དེ་ཡང་ལྟེ་བའི་བུམ་ཅན་སྒོམ་ན།  ལྟེ་བར་སྤྲུལ་འཁོར་སེར་པོ་རྩ་འདབ་བཞི་པའི་ལྟེ་བ་དབུ་མའི་ནང་དུ་ཟླ་བ་ལ་ཨོཾ་དཀར་པོ་གསལ་བཏབ།  དེར་གཡས་གཡོན་སྲོག་ཐུར་གྱི་རླུང་རྣམས་ཐིམ་བར་མོས་པ་བྱེད།  དེ་བཞིན་དུ།  སྙིང་ཁའི་འཁོར་ལོ་དཀར་པོ་དང༌།  མགྲིན་པའི་འཁོར་ལོ་དམར་པོ་དང༌།  སྤྱི་བོའི་འཁོར་ལོ་ནག་པོ་དང༌།  གཙུག་ཏོར་གྱི་འཁོར་ལོ་ལྗང་ཁུ།  གསང་བའི་འཁོར་ལོ་སྔོན་པོ་རྣམས་སྒོམ་པའི་ཁྱད་པར་མ་གཏོགས།  བུམ་ཅན་གཞན་རྣམས་ལ་འང་དམིགས་པ་སྔ་མས་རིགས་འགྲེའོ།།  ཐིག་ལེའི་རྣམ་འབྱོར་དྲུག་པོ་དེ་རྣམས་དམིགས་བསྐོར་གཅིག་ཏུ་བསྡུ་སྟེ།  དམིགས་སྐོར་སོ་བཞི་པའོ༎  སྤྱིར་ནས་འཛིན་བའི་བོགས་འདོན་ནི།  སྲོག་རྩོལ་གྱི་བོགས་འདོན་དང་འདྲ་ཞིང༌།  འདིའི་སྤོགས་ཆོག་བོགས་འདོན་རྣམས་ཀྱང་སྲོག་རྩོལ་གྱི་སྐབས་སུ་འཇུག་པ་ཡིན་ནོ།།

༼༢༽སྒོམ་དོན་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ།  འཛིན་པའི་མཚན་དོན།  སྒོམ་པའི་དུས་མཚམས།  སྒོམ་ཚུལ་གྱི་ཡན་ལག  བསྒོམ་པའི་རྟགས་ཚད།  དག་བྱ་དག་བྱེད་ཀྱིད་དབྱེ་བ།  བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས།

༡༽འཛིན་པའི་མཚན་དོན།

དང་པོ་ནི།  དྷཱ་ར་ཎ་ཞེས་པ་འཛིན་པ་དང༌།  གཟུང་བྱ་གཉིས་ཀར་ལ་འཇུག་པས་སྣ་ཚོགས་སུ་བསྒྱུར་བ་ཡོད་ཀྱང༌།  འདིར་ནི་རླུང་འགྲོ་འོང་དང་བྲལ་བར་འཛིན་པའི་དོན་ནོ།།

༢༽སྒོམ་པའི་དུས་མཚམས།

གཉིས་པ་ནི།  འཛིན་པའི་ཡན་ལག་དངོས་ཀྱི་དབང་དུ་བྱས་ན།  རླུང་དབུ་མར་རྟག་ཏུ་འབབ་ཅིང་སྲོག་དང་ཐུར་སེལ་འདྲེས་པའི་དུས་ན་འཛིན་པ་སྒོམ་མོ།།  རྗེས་མཐུན་པ་ནི་སྲོག་རྩོལ་དང་འདྲའོ།།

༣༽སྒོམ་ཚུལ་གྱི་ཡན་ལག

གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ།  དོན་ཚན་ལྔའི་དང་པོ། ༡ འཛིན་པ་གང་ལ་བྱ་བའི་ཡུལ། དང་པོ།  འཛིན་པ་གང་ལ་བྱ་བའི་ཡུལ་ནི།  བདེ་བའི་རླུང་སྟེ།  མི་ཤིགས་པའི་ཐིག་ལེ་དང་འདྲེས་པའི་རླུང་ངོ༌།། ༢ བསྒོམ་པའི་དགོས་པ། གཉིས་པ་བསྒོམ་པའི་དགོས་པ་ནི།  བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་འཆིང་བ་དང༌།  མི་འགྱུར་བའི་བདེ་བ་དངོས་སུ་འདྲེན་པའི་སྟོང་གཟུགས་ཁྱད་པར་ཅན་འབྱུང་བའི་རྩ་བ་གཏུམ་མོའི་འབར་སྣང་སྒྲུབ་པའི་ཕྱིར་ཡིན་ནོ།། ༣ དུས་ཅི་ཙམ་གྱི་བར་དུ་སྒོམ་པ། གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི།  འཁོར་ལོ་ལྔའམ་དྲུག་ཏུ་བུམ་ཅན་ཇི་ལྟར་འདོད་པར་དགག་ནུས་པ་ལ་དབང་འབྱོར་བ་དེ་སྲིད་དུའོ།། ༤ འཛིན་པ་རང་གི་ངོ་བོ། བཞི་པ་འཛིན་པ་རང་གི་ངོ་བོ་ནི།  རྒྱུད་ལས།  ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་ རོ་རྐྱང་། ཆ གཉིས་ཀའི་ རླུང་འགྲོ་འོང་གི་ ཆ བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ།།  ཞེས་གསུངས་ཏེ།  སྤྱིར་འཁོར་ལོ་ལྔ་འམ་དྲུག་གི་གནས་སུ་དབུ་མའི་ཐིག་ལེ་ལ་སྟེང་འོག་གཡས་གཡོན་གྱི་རླུང་རྣམས་ཐིམ་པ་དང༌།  ཁྱད་པར་མཐར་ཕྱིན་པ་ན།  དཔྲལ་བའི་ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པས་ཐིག་ལེ་འཛག་མེད་དཔྲལ་བར་བརྟན་པ་ལ་སེམས་ཟིན་པའི་ཏིང་ངེ་འཛིན་ནོ།། ༥ འཛིན་པ་ཇི་ལྟར་སྒོམ་ཚུལ། ལྔ་པ་འཛིན་པ་ཇི་ལྟར་སྒོམ་པའི་ཚུལ་ལ།  ལས་དང་པོ་པས་འཛིན་པ་རྗེས་མཐུན་པ་སྒོམ་ཚུལ་ནི་གོང་དུ་བཤད་པ་དེ་ཉིད་ཡིན་ཅིང༌།  དངོས་ནི་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་འཁོར་ལོ་དྲུག་ཏུ་སྔར་གཡས་གཡོན་སྲོག་ཐུར་འདྲེས་ཟིན་པའི་དབུ་མའི་རླུང་དེ་ཉིད་ཐིག་ལེ་ལ་ཞུགས་པའི་ཚུལ་གྱིས་སྟོང་པར་ཐིམ་པས་གཏུམ་མོ་འབར་བར་བྱེད་པ་སྟེ།  འདི་ལ་རྒྱུད་འགྲེལ་གྱིས་འཛིན་པ་སྟོན་པའི་སྐབས་ཕལ་ཆེར་ན།  འཁོར་ལོ་བཞིའི་རྣམ་གཞག་ལས་མ་གསུངས་པ་མང་ལ།  དབྱེ་བ་རྣམ་པ་བཅུའི་སྐབས་ན་གཙུག་ཏོར་གྱི་འཁོར་ལོར་ཡང་འགྲོ་བར་བཤད་པས།  གཙུག་ཏོར་དུ་ཡང་འཛིན་པ་སྒྲུབ་དགོས་པ་ཡིན་ལ།  དེས་ན་ལྟེ་པ་སྙིང་ཁ་མགྲིན་པ་སྤྱི་བོ་གཙུག་ཏོར་ཏེ་ལྔ་ལ་སྔར་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རེ་དང༌།  སྔ་ཐོབ་ཟིན་བརྟན་ཅིང་གོང་ནས་གོང་དུ་འཕེལ་བའི་ཐབས་རེ་སྟེ་གཉིས་གཉིས་ཡོད་དོ།།  དེས་ན་དཔྲལ་བའི་ཐིག་ལེ་ཞེས་བྱ་བ་ཡང་དབུ་མའི་ཡལ་ག་ཞིག་གཙུག་ཏོར་ནས་སྨིན་མཚམས་སུ་འཁྱོགས་པའི་གནས་ཡིན་པར་བྱ་ཞིང༌།  གསང་བའི་བུམ་ཅན་ནི།  རྒྱུད་འགྲེལ་ནས་དངོས་སུ་མ་གསུངས་ཀྱང༌།  དོན་ལ་གནས་ཤིང༌།  སྔ་མ་རྣམས་ཀྱི་གེགས་སེལ་བོགས་འདོན་དུ་འགྱུར་བ་ཡིན་པས་ངེས་པར་སྒྲུབ་ནི་དགོས་ལ།  ལོགས་སུ་མི་བགྲང་བ་ནི་གཙུག་ཏོར་གྱི་བུམ་ཅན་གྱི་ཆ་ལག་ཏུ་སྤྱོར་བས་སོ།།

༤༽བསྒོམ་པའི་རྟགས་ཚད།

བཞི་པ་ནི།  སྤྱིར་སྔ་མ་རྣམས་དང་འདྲ་བ་ལས།  ཁྱད་པར་རྒྱུད་ལས།  རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ།།  ཅེས་དབུ་མར་རེ་ཁཱ་ནག་པོ་འཆར་བ་དང༌།  གཏུམ་མོའི་འབར་སྣང་དང༌།  གཞོམ་མེད་ཀྱི་སྒྲའི་སྒོ་ནས་ཆེས་ལྷག་པ་ཡིན་ལ།  ཚད་མ་ནི་སྲོག་རྩོལ་དང་འདྲའོ།།

༥༽དག་བྱ་དག་བྱེད་ཀྱིད་དབྱེ་བ།

ལྔ་བ་ནི་དག་བྱ་ལ་དབྱེ་ན།  ཚོར་བའི་ཕུང་པོ་ མེའི་ཁམས།  མིག་གི་དབང་པོ། རོའི་སྐྱེ་མཆེད། པགས་པའི་དབང་པོ། འགྲོ་བ་སྟེ་མེ་ཁམས་པ་དྲུག ཆ སོགས་ཕུང་ཁམས་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ།  དག་བྱེད་འཛིན་པའི་ལམ་ཉིད་ལ་དབྱེ་ན།  ཇི་སྐད་དུ།  དྲི་མེད་འོད་ལས།  སྲོག་གི་འཛིན་པ་ལྟེ་བ་དང༌།  སྙིང་ཁ་དང༌།  མགྲིན་པ་དང༌།  དབྲལ་བ་དང༌།  གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ།།  ཞེས་པ་ལྟར།  འཛིན་པ་ལ་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་དོ།།

༦༽བསྒོམས་པས་ཐོབ་པའི་འབྲས་བུ།

དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི།  རྒྱུད་ལས།  བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་བར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ།།  ཞེས་པ་ལྟར།  རྒས་པ་དང་ནད་ལ་སོགས་པ་ཕུང་པོའི་སྡུག་བསྔལ་སེལ།  ཉོན་མོངས་པའི་རང་བཞིན་ཤེས་པས་ལམ་དུ་བྱེད་ནུས།  ཚེ་ལ་ཅུང་ཟད་དབང་ཐོབ།  འདོད་ཡོན་གྱི་ཞེན་པས་མི་འཆིང་པས་བདུད་བཞི་ཅུང་ཟད་ཆོམས་པ་ཡིན་ལ།  ཉོན་མོངས་པའི་དབང་དུ་མི་འགྱུར་བའང་ཡིན་ནོ།།  རླུང་བཅུ་ཐིམ་པའི་མཐུ་ལས་ལུས་ངག་སེམས་ཀྱི་སྟོབས་ཁྱད་པར་ཅན་ཡང་གྲུབ་སྟེ།  དུས་ཞབས་སྙན་རྒྱུད་ལས།  མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ།།  ཐུར་སེལ་མི་འཛག་བདེ་བ་རྒྱས།།  སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ།།  ལུས་ཡང་ལ་སོགས་མི་རྟོག་བདེ།།  ཞེས་པ་དང།  ཚེ་རིང་ནད་མེད་ཁམས་ཆ་སྙོམས།།  ཞེས་གསུངས།  མཐར་ཐུག་གི་འབྲས་བུ་ནི།  རིན་ཆེན་འབྱུང་ལྡན་སོགས་ གོས་དཀར་མོ། སའི་སྙིང་པོ། རོ་རྡོ་རྗེ་མ། ཤེས་རབ་མཐར་བྱེད། སྨུགས་བྱེད་མ་སྟེ་ལྷ་མེ་ཁམས་པ་དྲུག ཆ ལྷ་མེ་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་བ་ཡིན་ནོ།།  སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ།།  དེས་འཛིན་པའི་འཁྲིད་ཚར་རོ།།  རེ་ཞིག་རྗེས་དྲན་གྱི་འཁྲིད་མི་འབོགས་ཤིང་དེ་ཙམ་གྱིས་ཆོག་པར་བྱེད་ན།  རྗེས་ཀྱི་འཁྲིད་རྣམས་སྐབས་འདིར་བླང་བར་བྱའོ།།  ༎

གསུམ་པ་ཐ་མར་དགེ་བའི་འཁྲིད།

གསུམ་པ་ཐ་མར་དགེ་བའི་འཁྲིད་ལ་གཉིས་ཏེ།  རྗེས་དྲན་དང༌།  ཏིང་ངེ་འཛིན་ནོ།།

ཡན་ལག་ལྔ་བ་རྗེས་དྲན།

དང་པོ་ལ་ཉམས་ལེན་དམིགས་པའི་གནད་དང༌།  སྒོམ་དོན་བློ་ལ་འགོད་པའོ།།

༼༡༽ཉམས་ལེན་དམིགས་པའི་གནད།

དང་པོ་ལ་རྗེས་དྲན་དངོས་ནི།  ལུས་སྤྱོར་དང་རླུང་གི་རྩོལ་བ་སོགས་ལ་མ་ལྟོས་ཏེ།  འཁོར་ལོ་དྲུག་གི་རྩ་མདུད་གྲོལ།  བདེ་བའི་རླུང་ལ་དབང་ཐོབ།  གཏུམ་མོའི་འབར་སྣང་ལ་ཅི་དགར་སྤྱོད་པའི་སྐབས་ཡིན་པས།  རྒྱུད་ཀྱི་དངོས་བསྟན་ལས་ཇི་སྐད་བཤད་པ་ཁོ་ན་ཉམས་སུ་བླངས་ཆོག་གོ།  འདིར་རྗེས་མཐུན་པའི་དབང་དུ་བྱས་ཏེ་འཁྲིད་པ་ལ།  དངོས་དང༌།  ཡན་ལག་གོ།

༡༽རྗེས་དྲན་རྗེས་མཐུན་པ་དངོས།

དང་པོ་ནི།  སོར་བསམ་ལ་མྱོང་བ་ཅི་རིགས་པར་ཐོན་པ།  སྲོག་འཛིན་གྱིས་བུམ་ཅན་ཕལ་བ་ཡན་ཆད་ལེགས་པར་འབྱོངས་བ།  སྲོག་ཐུར་བསྲེ་བ་ལ་མྱོང་བ་ཐོན་པ་ཞིག་གི་དབང་དུ་བྱས་ནས་སྒོམ་མོ།།  དེ་ལ་སྔོན་འགྲོ་རླུང་སྤྱང་བ་དང༌།  དངོས་གཞི་ཇི་ལྟར་སྒོམ་བའི་ཚུལ་ལོ།། ༡ སྔོན་འགྲོ་རླུང་སྤྱང་བ། དང་པོ་ལ།  འདུག་སྟངས་ལ་བསླབ་པས་སྲོག་ཐུར་བསྲེ་བ་བརྟན་པོར་བྱེད་པ་དང༌།  དེའི་ཡན་ལག་བཟུང་བཟློག་སོགས་ཀྱི་རླུང་སྦྱང་བ་དང༌།  བྱེད་བཅིང་ལུས་ཀྱི་འཁྲུལ་འཁོར་ལ་བསླབ་པ་སྟེ་གསུམ་མོ།། དང་པོ་འདུག་སྟངས། དང་པོ་ལ།  ཁྲོ་བོ་སེང་གེའི་འདུག་སྟངས་ནི།  རྐང་བ་བཤང་སྒོར་སྣོལ།  བུས་མོ་བསྲངས་ཏེ་ཙོག་པུ་བྱ།  སྒལ་ཚིག་བསྲངས།  ལག་པ་ཐབ་འགལ་བྱ།  ཡང་ན་བུས་བཙུགས་སྐེད་པ་བསྲངས༌།  ལག་གཉིས་བརླ་སྦོམ་ཕྲའི་མཚམས་སུ་གཏད་དེ་ཅེས་ཀྱང་གཞན་ལས་བཤད།  གང་ལྟར་མཛིང་པ་བསྟུང་ཞིང་ལྟ་སྟངས་གཙུག་ཏོར་འཁོར་ལོས་བསྒྱུར་བའོ།།  འདི་མདུན་རྩ་ལ་གནད་དུ་བསྣུན་པ་ཡིན།  ཡང་དེ་ཉིད་ལས།  པུས་མོ་དང་གྲུ་མོ་ས་ལ་འཛུགས་པའམ་ཡང་ན་སྐྱིལ་ཀྲུང་སྐེད་པ་བསྲང༌།  ལག་པ་གཉིས་དཔྱི་མགོའི་ཐད་ཀྱི་ས་ལ་འཛུགས།  ལུས་སྒྱེད་ཅིང་མགྲིན་པ་དགུག  འདི་རྒྱབ་ཀྱི་རྩ་ལ་གནད་དུ་བསྣུན་པ་ཡིན།  ཞི་མ་ཁྲོ་གླང་བོ་ཆེའི་འདུག་སྟངས་ནི།  པུས་བཙུགས་ལག་གཉིས་ཁུ་ཚུར་གྱིས་འགྲམ་པ་སྐྱོར།  གྲུ་མོ་སྟེགས་བུ་ལ་བཙུགས་པའམ་ཡང་ན་རྐང་བ་བརྐྱང་བ་སྟེ།  འདི་ནི་མཉམ་པའི་རླུང་སྤྱོར་གྱི་སྟེང་ནས་ཐུར་སེལ་སྟེང་དུ་འགྲོ་བར་བྱེད་པའོ།།  ཡང་སྐྱིལ་ཀྲུང་ལུས་ལྟག་སྒྱེད་དུ་བྱེད་པ་ལས།  ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གྱིས་སྐེད་བའི་རྒྱབ་ནས་བརྟེན་པའམ།  ཡང་ན་གན་ཀྱལ་རྐང་བ་གཉིས་ཅུང་ཟད་བརྐྱང་བ་པདྨའི་ཁ་སྤྱོར་དང༌།  ལག་པ་ཁུ་ཚུར་སྙིང་ཁར་བསྣོལ་བ་སྟེ།  སྲོག་ཐུར་དུ་འདྲེན་པར་བྱེད་པའོ།།  འདི་གཉིས་ལ་ལྟ་སྟངས་ནི་བདུད་རྩི་འཁྱིལ་བའོ།།  ཞི་བ་དྲང་སྲོང་གི་འདུག་སྟངས་ལ།  སེང་གེའི་འདུག་སྟངས་དང་འདྲ་བ་ལས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་བ་དང༌།  ཡང་ན་ཙོག་པུ་རྟིང་བ་བཏག  ལག་པ་ཁུ་ཚུར་བསྣོལ་བས་རྣ་བ་ནས་བཟུང་བ་དང༌།  ཡང་བུས་མོ་ས་ལ་འཛུགས་པ་དང་།  སེང་གེའི་འདུག་སྟངས་དང་འདྲ་བ་ལས།  ལག་པ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་བའོ།།  ཡང་ན་ཟླུམ་པོའི་རྐང་སྟབས་ལ།  རྡོ་རྗེའི་ཁུ་ཚུར་བརླའི་རྩ་བར་བཙུགས་ཞེས་ཀྱང་བཤད་དེ།  འདི་དག་ཀྱང་སྟོད་སྨད་གཉིས་ཀྱི་རྩ་ལ་སོ་སོར་གནད་དུ་བསྣུན་པ་ཡིན་ལ།  འདི་གཉིས་ལ་ལྟ་སྟངས་ནི་ཐུར་དུ་བལྟ་བའོ།།  དེ་ལྟར་ན་འདུག་སྟངས་དེ་དག་ཀྱང་གཉིས་སྡེབས་གཉིས་སྡེབས་ཀྱིས་ཆོག་པར་བཞེད་ཀྱང༌།  དྲུག་པོ་ཐམས་ཅད་བྱས་ན་ལེགས་ལ།  དྲུག་ཀ་ལ་ལུགས་གཉིས་བྲིས་པའི་སྔ་མ་རྣམས་ནི་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་གསུངས་བཞིན་ཡིན་ལ།  ཡང་ན་ཞེས་པ་རྣམས་གྲུབ་ཆེན་ཡུ་མོའི་མན་ངག་ཐོར་བུ་བ་དང༌།  ཀུན་སྤངས་ཆེན་པོའི་ཐུགས་སྲས་ལ་སྟོད་པ་དབང་རྒྱལ་ལ་སོགས་པའི་ལག་ལེན་འགའ་ཞིག་ལ་སྣང་བ་ལྟར་བཀོད་པ་ཡིན་པ་ལས།  ཕྱི་མ་འདི་རྣམས་འཆུན་ཆེ་ཆེ་ཙམ་དུ་སྣང་ཞིང༌།  དྲུག་ཚན་གཉིས་པོ་འདི་གང་རུང་ཞིག་གིས་ཆོག་པས།  གཉིས་ཀ་ཕྲུག་གཅིག་ལ་སྦྱོར་མི་དགོས་སོ༎  འདི་ལ་ཐུན་གསུམ་དུ་བྱེད་པའང་ཡོད་ལ།  མགྱོགས་འཁྲིད་ལ་ཐུན་གཅིག་ཏུ་བྱས་པས།  དམིགས་སྐོརསོ་ལྔ་པའོ།།  དེ་ནས་ངག་འདྲེན་ནི།  འོག་རླུང་འཐེན་ཅིང་ཧཱུཾ་རིང་གིས་སྟེང་རླུང་ཕྱིར་བསལ།  ཛཿཧཱུཾ་བཾ་ཧོཿཧི་ཞེས་པས་འཁོར་ལོ་ལྔ་ལ་རིམ་པས་དམིགས་ཤིང༌།  སྟེང་རླུང་དྲག་ཏུ་མནན།  ལཱི་ཨཱུ་རཱི་ཨཱི་ཨཱ་ཞེས་པས་ཁོང་སྒྲ་དང་བཅས་ཏེ་འཁོར་ལོ་ལྔ་ལ་རིམ་པས་དམིགས་ཤིང༌།  གསང་རླུང་དྲག་ཏུ་སྟེང་དུ་དྲངས།  དེ་མ་ཐག་ཁ་སྦྱོར་ལྟེ་བར་བཟུང་ལ་ཕྱིར་བསྐྱེད།  འོག་སྒོ་བསྡམས་ཤིང་ཤེས་པ་དཔྲལ་བར་གཏད་དོ།།  སྔར་གྱི་ལུས་གནད་དྲུག་པོ་སོ་སོའི་སྟེང་ནས་རླུང་སྤྱོར་འདི་རྣམས་ལ་འབད་དགོས་ཏེ།  ལུས་གནད་ཀྱི་ཁྱད་པར་མ་གཏོགས།  རླུང་གནད་ནི་འཛིན་པའི་སྤོགས་ཆོག་དང་ཕལ་ཆེར་འདྲ་བ་ཡིན་ནོ།།  དམིགས་སྐོར་སོ་དྲུག་པའོ༎  ཡང་སྒོམ་སྟེགས་དང་པུས་འཁྱུད་བཅུག  མེ་ཐབ་དྲུག་ཆིངས་སུ་གྲགས་པ་བྱས་ལ་ཧཱ་རིང་དང་བསྟུན་ལག་པ་ཁུ་ཚུར་བཅིང༌།  གྲུ་མོ་པུས་མོ་ལ་ཐུག་གི་བར་དུ་ལག་པ་བརྐྱང་སྟེ་རླུང་ཕྱིར་འབུད།  དེ་ལྟར་ལན་བདུན་བདུན་ན་ལག་པ་ཐབ་འགལ་བྱས།  འཇམ་རླུང་བཟུང་སྟེ་ངལ་གསོ་ལན་རེ་བྱའོ།།  དམིགས་སྐོར་སོ་བདུན་པའོ།།  དེ་དག་མ་མཐའ་ཡང་ཟླ་བ་ཙམ་སྒོམ་མོ།། གཉིས་པ་བཟུང་བཟློག གཉིས་པ་ནི།  ཙོག་པུ་འཕོང་སྟེགས་བཅུག  ལག་པ་བརླ་ནང་ནས་འཁྱུད་དེ་ངར་གདོང་བཟུང༌།  རླུང་ཁ་ནས་ཕྱིར་དྲག་དུ་བུས།  འོག་སྒོ་གློད།  ཡང་རྔུབས་ཏེ་ལྟོ་བ་ཕྱིར་བསྐྱེད་པའི་ངང་ནས།  སླར་ཡང་འོག་སྒོ་གློད་ཏེ་རླུང་གང་ཐུབ་བཟུང་ངོ༌།།  རླུང་གནད་དང་པོ་ཡིན་ཅིང་འོག་ལ་བསྲེ་བ་དང་འཛིན་པ་སྟེ་དབྱེ་བསྡུད་ཅེས་བྱའོ།།  ཡང་དེ་དང་འདྲ་བ་ལས།  དགང་གཏོང་གཉིས་ཀའི་སྐབས་ལྟོ་བ་ཚིག་པ་ལ་བཅར་ཞིང་ཐུར་སེལ་དྲག་ཏུ་དྲངས།  རོ་སྟོད་འཐེན།  དར་གདོང་མནན་པའོ།།  རླུང་གནད་གཉིས་པ་ཡིན།  སྟེང་ལ་བསྲེ་བ་དང་བསྐྱིལ་བ་སྟེ།  སྒོ་གླེག་ཅེས་བྱའོ།།  ཡང་ལུས་གནད་དེའི་ངང་ནས།  ཐུར་སེལ་དྲག་ཏུ་བསྣོལ་རྗེས་ཕྱིར་བུས་ཏེ།  སྟོང་འདྲེན་དྲག་ཏུ་བྱ།  ཡང་རྔུབས་ཏེ་ཁ་སྤྱོར་དགང་འཐེན་གྱི་ངང་ནས་ལྟོ་བ་བསྐྱོད།  སྐེད་པ་སྐྱོག  རོ་སྟོད་གཅུ།  ལག་པ་བསྐྱང་ནས་ལག་སོར་གཅུད།  མགྲིན་པ་གཅུ་ཞིང་མགོ་སྤྲུགས་ནས་རླུང་ཕྱིར་འབུད།  ཕྱིར་བཟུང་ཀ་བ་བཙུགས་ནས་མགོ་དགུག་བསྐྱོད།  མགྲིན་པ།  རོ་སྟོད།  ལྟེ་བའི་བར་སྔར་བཞིན་བྱ།  དེ་དག་ཐམས་ཅད་ལ་འདར་སྤྲུག་དང༌།  མཇུག་ཏུ་འབེབས་བྱ།  རླུང་གནད་གསུམ་པ་ཡིན།  འདི་ལ་ཀུན་འདུས་ཅེས་བྱའོ།།  སྐྱིལ་ཀྲུང་ལག་གཉིས་ཁུ་ཚུར་བརླ་གནོན་བྱ་ཅུང་ཟད་སྒུར་ནས་ཧཱུཾ་ཞེས་ཐུར་སེལ་འཐེན།  སྟོང་འདྲེན་གཡས་གཡོན་དབུས་གསུམ་དུ་བྱ།  ཡང་རླུང་ཁ་སྤྱོར་གྱེན་འཐེན་མགོ་སྒྱེད་ཅིང་སྤྲུགས་པ་ཡང་གཡས་གཡོན་དབུས་གསུམ་དུ་བྱའོ།།  རླུང་གནད་བཞི་བ་ཡིན་ནོ།།  འདི་ལ་འདུས་པ་ཅེས་བྱ་སྟེ།  དེ་གཉིས་འདྲེན་ཁྱབ་པོ།།  དེ་རྣམས་གཅིག་སྟེང་ལ་གཅིག་བྱ་ཞིང༌།  ལུས་སྤྱོང་ལའང་འབད་པར་བྱའོ།།  དམིགས་སྐོར་སོ་བརྒྱདཔའོ།  འདི་དག་མགྱོགས་འཁྲིད་ཀྱི་དབང་དུ་བྱས་པ་ཡིན་གྱི།  འགྲུབ་ན་རླུང་སྤྱོར་རེ་ལ་དམིགས་བསྐོར་རེར་བྱེད་པ་ལེགས་ཤིང༌།  དེ་ཐམས་ཅད་ལ་ཡང་སེམས་ཀྱི་བཞག་སྟངས་ནི།  མི་གཡོ་གསུམ་ལྡན་གྱི་ངང་ནས་སྟོང་གཟུགས་ལ་དམིགས་ཤིང༌།  དེའི་ངང་ནས་རླུང་གི་གནད་གང་དུ་གཅུད་པ་དེར་སེམས་གཏད་ཅིང་ལྷོད་ཀྱིས་གློད་པ་རེ་བྱེད་དགོས།  དམིགས་པ་དེ་དང་རླུང་སྤྱོར་དེ་དག་སྤྲགས་ནས་སྒོམ་པ་ཆུ་ཚོད་གཅིག་གཉིས་ཀྱི་ཡུན་རེ་བྱ་ཞིང༌།  ལྷག་མ་བུམ་པ་ཅན་གྱི་རྣལ་འབྱོར་ལ་བརྩོན་པར་བྱེད་དགོས་ཏེ།  དམིགས་སྐོར་སོ་དགུ་བའོ།།  དེ་དག་ལ་ཡང་ཟླ་གཅིག་ཙམ་མ་མཐར་སྒོམ་མོ།།  འདི་སྐབས་དམིགས་གསལ་མེད་པ་རྣམས་ལ་ལྟ་སྟངས་ཐད་ཀར་ལྟ་བ་གཙོ་ཆེ་ལ།  འོག་དངོས་གཞིའི་སྐབས།  ཡན་ལག་མེད་པའི་ལྟ་བ་ཞེས་བྱ་བ།  བདེ་བ་གང་དུ་སྐྱེས་བའི་ཕྱོགས་ལ་ལྟ་བ་ཡིན་པས་གཅིག་ཏུ་མ་ངེས་སོ།། གསུམ་པ་འཁྲུལ་འཁོར། གསུམ་པ་ནི།  དེ་ནས་འདི་ཉིད་ཀྱི་ཐུནམོང་མ་ཡིན་པའི་འཁྲུལ་འཁོར་རྣམས་བྱ་སྟེ།  དེ་ཡང་།  སྤྱོར་བ་དྲུག་པ་སྟག་མོའི་སྐྱུག།  གླང་ཆེན་འགྱིང་བ་ཝ་ཡི་བསྣོམ།།  སེང་གེ་རྣམ་གྲོལ་ཁོང་དཀྲུགས་དང༌།།  པྲེ་ཏ་ཀ་དང་ཡོངས་འཛིན་དང༌།།  འདྲེན་ཆུང་ཁོང་འདྲེན་འདྲེན་ཆེན་དང༌།།  སྤགས་འདྲེན་འཕར་གཡོ་ཕུར་འདོན་དང༌།།  རབ་བརྐྱང་དང་ནི་སེང་གེའི་རྩལ༎  གཅུད་འཐེན་དང་ནི་གསུམ་འདྲེན་དང༌།།  སེང་གེའི་འགྱིང་དང་རྨ་བྱའི་འགྱུར།།  ཞེས་བ་ལྟར་གྱི།  འཁྲུལ་འཁོར་ལག་ལེན་རིམ་པས་བསླབས་ནས།  བུམ་པ་ཅན་དང་སྔར་གྱི་རླུང་སྤྱོར་རྣམས་དང་བཅས་པ་སྒོམ་དུ་གཞུག་དགོས་པ་ལས།  སོར་བསམ་སྲོག་འཛིན་རྣམས་ལ་མྱོང་བ་ཅུང་ཟད་ཐོན་པ་ཞིག་གིས།  ཐུན་དྲུག་ཏུ་འཁྲུལ་འཁོར་དེ་དག་ཚར་རེ་རེ་ནུས་ན་ཟླ་གཅིག་ཙམ་ན་དངོས་གཞི་སྒོམ་དུ་རུང་བའི་རྟགས་རྣམས་འབྱུང་ངོ༌།།  རྩོལ་བ་ཆེ་ཆུང་ལ་བལྟོས་ཏེ་ཡུན་རིང་ཐུང་ཇི་ལྟར་བསྐྱང་དགོས་པའང་འདིས་རིགས་འགྲེ་སྟེ།  དམིགས་སྐོར་བཞི་བཅུ་པའོ།། ༢ དངོས་གཞི་ཇི་ལྟར་སྒོམ་ཚུལ། གཉིས་པ་དངོས་གཞི་ལ།  རྗེས་དྲན་གྱི་ཡན་ལག་རྗེས་མཐུན་བའི་དབང་དུ་བྱས་ཏེ།  ཕྱག་རྒྱ་ཆེན་མོ་གཅིག་སྤྱོར་མོས་པའི་ཡུལ་དུ་བཞག་ནས།  འདིར་གསུམ་སྟེ།  སྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསླབ་པ།  རང་ལུས་ལག་པའི་ཕྱག་རྒྱ་ལ་བསླབ་པ།  གཞན་ལུས་ལས་ཀྱི་ཕྱག་རྒྱ་ལ་བསླབ་པའོ།། སྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ། དང་པོ་ནི།  ལུས་གནད་སྤྱི་དང་འདྲ་བ་ལས།  ལག་པ་ཁུ་ཚུར་སྙིང་ཀར་བསྣོལ།  ལྟ་སྟངས་ཐད་ཀར་གཡོ་མེད་དུ་ལྟ་བའོ།། རང་ཉིད་དུས་འཁོར་ལྷན་སྐྱེས་ཡབ་ཡུམ་ལ་སོགས་པར་གསལ་གདབ།  དེའི་ཤུལ་དུ་སྟོང་གཟུགས་ཀྱི་སྣང་བ་ལེགས་པར་དྲངས།  ལྷ་སྐུར་སྣང་བ་སྟོང་གཟུགས་ཀྱིས་ཁྱབ་པར་བྱས་ལ།  དེ་ལ་ཡིད་མི་གཡོ་བར་ཅུང་ཟད་བཞག  སྟོང་གཟུགས་ཀྱི་སྣང་བ་དེ་ལྟར་འདྲེན་མི་ཐུབ་ན།  ལྷ་སྐུ་གསལ་སྟོང་ལ་དམིགས་ཏེ་ཅུང་ཟད་བཞག  དེ་ནས་དབྲལ་བར་ཨོཾ་དཀར་པོ།  མགྲིན་པར་ཨཱཿདམར་པོ།  ཐུགས་ཀར་ཧཱུཾ་ནག་པོ།  ལྟེ་བར་ཧོཿ་སེར་པོ།  གསང་བར་སྭ་སྔོན་པོ།  གཙུག་ཏོར་ཏུ་ཧཾ་ལྗང་ཁུའོ།། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ།  ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་བ་ལྟེ་བའི་ནང་དུ་ཨཱཿ་ལས་བྱུང་བའི་པདྨ་དམར་པོ་འདབ་བརྒྱད་ཕྲ་མོས་མཚན་པ་གསལ་བཏབ།  དེ་ནས་འཁྱུད་པ་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་མཛད་པས་གཙུག་ཏོར་གྱི་ཐིག་ལེ་ཞུ་ནས་དཔྲལ་བའི་འཁོར་ལོ་ཡན་ཆད་གང་བར་མོས་སྟོང་གཟུགས་དང་བསྲེ།  ལུས་གནད་དེ་ཀའི་སྟེང་ནས་གཙུག་ཏོར་དང་དཔྲལ་བའི་བུམ་ཅན་ཡུན་ཐུང་ངུ་རེ་བྱ།  དགའ་བ་དང་པོའི་སྐད་ཅིག་མའོ།། རྡོ་རྗེ་དང་པདྨ་མཉམ་པར་སྤྱར་བས་སྔར་གྱི་ཐིག་ལེའི་རྒྱུན་དེ་ཉིད་ཆེར་རྒྱས་ཤིང་ཞུ་སྟེ།  མགྲིན་པ་དང་སྙིང་ཁའི་འཁོར་ལོ་ཡན་ཆད་གང་བར་མོས།  སྟོང་གཟུགས་དང་བསྲེ།  མགྲིན་པ་དང་སྙིང་ཁའི་བུམ་ཅན་ཚར་རེ་བུམ་ཅན་སྔ་མ་གཉིས་ལས་ཡུན་རིང་ཙམ་རེ་བཟུང༌།  མཆོག་ཏུ་དགའ་བའི་སྐད་ཅིག་མའོ།། དབང་བོ་གཉིས་སྲུབ་བའི་སྤྱོར་བ་ལས།  བྱང་ཆུབ་ཀྱི་སེམས་སྔ་མའི་རྒྱུན་ལས་ཀྱང་ཆེར་རྒྱས་ཤིང་ཞུ་བས།  ལྟེ་བ་དང་གསང་བའི་འཁོར་ལོ་ཡན་ཆད་གང་བར་བསམ་ལ་ལྟེ་བ་དང་གསང་བའི་བུམ་ཅན་ཡུན་རིང་བ་རེ་སྒོམ།  ཁྱད་པར་དགའ་བའི་སྐད་ཅིག་མའོ།། ཡང་དྲག་ཏུ་སྲུབ་པ་ལས།  གསང་བ་ནས་རྡོ་རྗེ་ནོར་བུའི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་མོས།  སྟོང་གཟུགས་ལ་རང་དུ་མཉམ་པར་འཇོག་བཞིན་པས།  བུམ་པ་ཅན་གྱི་སྤྱོར་བ་གཅིག་དང༌།  སྤྱོར་བ་དྲུག་པ་ཞེས་བྱ་བའི་འཁྲུལ་འཁོར་བཅས་པས་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཕྱིར་འཕོ་བ་འགགས་ཏེ་ཁྱིལ་ལི་ལི་འཁྱིལ་བར་བསམ།  ལྷན་སྐྱེས་དགའ་བའི་སྐད་ཅིག་མའོ།། དེ་ནས་ཐོག་མར་ཡོངས་འཛིན་གྱི་འཁྲུལ་འཁོར་གྱིས་བྱང་ཆུབ་གྱི་སེམས་བརྟན་པར་བྱས་པར་མོས།  དེའི་རྗེས་སུ།  ཁོང་འདྲེན་དང༌།  འདྲེན་ཆེན་དང༌།  སྤགས་འདྲེན་དང༌།  སྟག་མོ་དང༌།  གླང་ཆེན་དང༌།  ཝ་སྣོམ་རྣམས་ཀྱིས་གཙུག་ཏོར་གྱི་བར་དུ་བཟློག་པར་བསམ།  དེ་ནས་པྲེ་ཏ་ཀ་དང༌།  རྣམ་གྲོལ་དང༌།  གཡང་སྤྲུགས་དང༌།  འཕར་གཡོ་དང༌།  ཕུར་འདོན་དང༌།  རབ་བརྐྱང་རྣམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བྱས་པར་བསམ།  སེང་གེའི་རྩལ་དང༌།  གཅུད་འཐེན་དང༌།  གསུམ་འགྲེམས་དང༌།  སེང་གེ་འགྱིང་དང༌།  རྨ་བྱའི་འགྱུར་རྣམས་ཀྱིས་བཟུང་བཟློག་འགྲེམས་གསུམ་ཀར་བྱས་པར་བསམ།  སྤྱིར་ནི་བཟུང་ཞིང་བཟློག  བཟློག་ཅིང་འགྲེམས།  འགྲེམ་ཤིང་རླུང་དང་བསྲེ།  བསྲེ་ཞིང་ཡེ་ཤེས་ཆེན་པོར་བསྐྱལ་ཞེས་བྱ་བ་ཡིན་པས།  གོང་གི་རིམ་པ་རྣམས་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི།  རེ་རེ་ལའང་གནད་བཞི་ཆར་ཚང་བའི་མན་ངག་གིས་གནད་དུ་འགྲོ་བར་བྱའོ།། ཅི་སྟེ་དམིགས་པ་གསལ་བས་དངོས་སུ་ཞུ་བདེ་བསྐྱེད་ཐུབ་ན།  སྤྱོར་བ་དྲུག་པོས་བཟུང་མ་ཐོག་ཏུ་འཁྲུལ་འཁོར་སྤང་པའི་རླུང་སྤྱོར་རྣམས་ཀྱིས་བཟུང་བཟློག་ཁྱབ་པ་རྣམས་བསྟུན་མར་སྤྱངས་ལ།  དེའི་རྗེས་སུ་འཁྲུལ་འཁོར་རྣམས་བྱ་ཞིང༌།  ཐོག་མ་སྤྱོང་བའི་སྐབས་ཞུ་བདེ་བསྐྱེད་ཐུབ་རུང་མ་ཐུབ་རུང༌།  དེ་ཐམས་ཅད་རྫོགས་པར་བྱ་དགོས་ལ།  ཕྱིས་ཤིན་ཏུ་བྱང་ནས་བཟློག་པ་དང་བགྲམ་པ་གནད་ཆེ་བ་རེ་ཙམ་གྱིས་ཆོག་གོ། གང་ལྟར་ཡང༌།  མཐར་རླུང་དང་བསྲེ་བའི་ཕྱིར་བུམ་ཅན་མང་དུ་སྒོམ་ཞིང་ཡེ་ཤེས་ཆེན་པོར་སྐྱེལ་བའི་ཕྱིར་ཞུ་བདེའི་ཉམས་དང་འོད་གསལ་རྟགས་སྣང་ལ་དམིགས་ནས་མི་གཡོ་གསུམ་ལྡན་གྱི་ངང་བསྐྱང་བར་བྱའོ།། དམིགས་སྐོར་ཞེ་གཅིག་པའོ།། རང་ལུས་ལག་པའི་ཕྱག་རྒྱ། གཉིས་པ་ནི།  རྒྱུད་ལས།  བསྟེན་པའི་དོན་དུ་ལག་བའི་ཕྱག་རྒྱ་རང་གི་སྙིང་གི་དབང་བོའི་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ།། ཞེས་གསུངས་པ་ལྟར།  ལག་པའི་ཕྱག་རྒྱ་སྟེ།  གནད་རྣམས་གོང་ཡེ་རྒྱ་དང་འདྲ་ལ།  འདི་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལས་གྱི་ཕྱག་རྒྱའི་མཚམས་སྤྱོར་བ་ཡིན་ཡང༌།  ཕྱག་རྒྱ་གསུམ་གྱི་ནང་ནས་ཡེ་ཤེས་ཀྱི་ཕྱག་རྒྱར་གཏོགས་སོ།། དམིགས་སྐོར་ཞེ་གཉིས་པའོ།། གཞན་ལུས་ལས་ཀྱི་ཕྱག་རྒྱ། གསུམ་པ་ནི།  འགྲེལ་ཆེན་དུ་རྩ་རྒྱུད་ཀྱི་ལུང་དྲངས་བ་ལས།  བཅུ་དྲུག་ལོ་ལོན་རིགས་ཅན་མ།། གཟུགས་དང་ལང་མཚོས་བརྒྱན་པ་ལ།། དང་པོར་ལེགས་པར་བསླབ་བྱས་ནས།།  དབང་བསྐུར་ནས་ནི་སྒྲུབ་པར་བརྩམ།། སྐུ་གསུང་ཐུགས་དང་ཆགས་པ་ནི།། དཔྲལ་བ་ལ་སོགས་རྣམས་སུ་དགོད།། སྭཱ་ཧཱ་གསང་བ་གཙུག་ཏོར་ཆེ།། ཅེས་སོགས་དང༌།  དེ་ནས་རྡོ་རྗེ་འཛིན་པའི་སྙེམས།། འཛིན་ཅིང་རྣལ་འབྱོར་ཧཱུཾ་ཕཊ་བྱ།། བྷ་གར་ལིང་ག་རབ་བཀོད་ནས།། བྱང་ཆུབ་སེམས་ནི་སྤྲོ་མི་བྱ།། ཁམས་གསུམ་པོ་ནི་མ་ལུས་པའི༎ སངས་རྒྱས་གཟུགས་ནི་སྒོམ་པར་བྱ།།  ལྟེ་བར་གཏུམ་མོ་འབར་བ་ཡིས།།  དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌།།  སྤྱན་མ་མིག་ལ་སོགས་པ་ཡང༌།།  བསྲེགས་ནས་རི་བོང་ཅན་ཧཾ་འཛག།  བདུད་རྩི་ཁུ་བའི་ཆོས་ཅན་ནི༎  ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད།།  ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས།།  ཞེས་གསུངས་པ་ལྟར་ཏེ།  སྔར་ཡེ་ཤེས་ཀྱི་ཕྱག་རྒྱའི་སྐབས་སུ་བཤད་པ་ཡིད་ངོར་སྒོམ་པ་དང༌།  འདིར་དངོས་སུ་སྒྲུབ་པའི་ཁྱད་པར་དེ་གཞན་ནི་ཕལ་ཆེར་འདྲའོ།།  དེ་ལྟར་ན་ཡིད་ཀྱི་ཕྱག་རྒྱ་དང༌།  ལག་པའི་ཕྱག་རྒྱ་དང༌།  ལས་ཀྱི་ཕྱག་རྒྱ་གསུམ་ཆར་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང༌།  བསྲེ་བ་ཡོད་ན་ནི་རྗེས་དྲན་རྗེས་མཐུན་པར་འགྱུར་ལ།  སྟོང་གཟུགས་དང་བསྲེ་བ་མེད་ན་སྤྱིར་གནད་དུ་འགྲོ་བ་ཡོད་ཀྱང་རྗེས་དྲན་གྱི་ཕྱོགས་སུ་ནི་མི་གཏོགས་ལ།  ཡན་ལག་སྔ་མ་རྣམས་ཀྱི་བོགས་འདོན་སྤོགས་ཆོག་ཏུ་འགྱུར་བ་ནི་ཡོད་དོ།།  ལས་རྒྱ་ད་ལྟ་དངོས་སུ་མི་འགྲུབ་ཀྱང༌།  ལམ་གྱི་འགང་གཅིག་ཡིན་པས་ཆོས་ཐུན་གཅིག་སྟེ།  དམིགས་སྐོར་ཞེ་གསུམ་པའོ།།

༢༽རྗེས་མཐུན་ཡན་ལག

གཉིས་པ་ཡན་ལག་གི་དམིགས་པ་ནི།  གཏུམ་མོའི་རྣལ་འབྱོར་ཏེ།  དེ་ཡང་ལུས་གནད་སྔར་དང་མཐུན་བའམ།  ལག་པ་རྡོ་རྗེ་བསྡམས་པས་སྤྱི་བོ་བཀག  ལྕེ་རྐན་ལ་སྤྱར།  ལྟོ་བ་ཚིགས་པ་ལ་གཅེར་བར་འདོད་པ་ཡོད་པ་ལྟར་བྱས་ཀྱང་རུང༌།  རྩ་འཁོར་རྣམས་ལ་དམིགས་པ་གསལ་ན་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང་མཐུན་པར་རྒྱས་པ་སྒོམ་སྟེ།  ལྟེ་བ་ལ་ནང་བསྐོར་འདབ་མ་བཞི།  དེའི་ཕྱི་རོལ་བརྒྱད།  དེའི་ཕྱི་རོལ་བཅུ་གཉིས།  ཕྱི་སྐོར་དྲུག་ཅུའམ་དྲུག་ཅུ་རྩ་བཞིའོ།།  དེ་བཞིན་དུ།  སྙིང་ཁའི་ནང་བསྐོར་ལ་བཞི།  ཕྱི་བསྐོར་ལ་བརྒྱད།  མགྲིན་པའི་ནང་བསྐོར་ལ་བཞི།  བར་བསྐོར་ལ་བརྒྱད།  ཕྱི་བསྐོར་ལ་སུམ་ཅུ་སོ་གཉིས།  སྤྱི་བོའི་ནང་བསྐོར་ལ་བཞི།  བར་སྐོར་ལ་བརྒྱད།  ཕྱི་སྐོར་ལ་བཅུ་དྲུག་གོ།  གཙུག་ཏོར་ལ་ཕྱི་སྐོར་ནང་སྐོར་གྱི་དབྱེ་བ་མེད་དེ་འདབ་མ་བཞིའོ།།  གསང་བའི་ནང་བསྐོར་ལ་དྲུག  བར་བསྐོར་ལ་བཅུ།  ཕྱི་བསྐོར་ལ་བཅུ་དྲུག་གོ  འོན་ཀྱང་དེ་དག་ཙམ་གསལ་འདེབས་པ་དཀའ་པར་བྱུང་ན།  འཁོར་ལོ་ལྔ་པོ་རྣམས་ལ་རྩ་འདབ་བཞི་བཞི་དང༌།  གསང་གནས་གྱི་འཁོར་ལོ་ལ་རྩ་འདབ་དྲུག་པ་རྣམས་གསལ་བཏབ་པས་ཆོག  སྐབས་དེར་བསྡུས་པ་འདིའི་དབང་དུ་བྱས་ན།  འདི་ལྟར་སྒོམ་སྟེ།  རང་ལུས་ལྷ་སྐུར་གསལ་བ་ཁོང་སྟོང་དུ་གནས་བའི་གཡས་གཡོན་གང་ལ་ཡང་མ་ཡོ་བ་དབུས་དྲང་ཐད།  མདུན་རྒྱབ་གཉིས་ལས་རྒྱབ་ལ་ལྷག་བར་ཉེ་བ་ན།  རྩ་དབུ་མ་ལྟེ་བ་སྤྲུལ་འཁོར་ཡན་ཆད་ལ་ཁ་དོག་ལྗང་ཁུ་ཡར་སྣ་སྤྱི་བོར་ཚངས་བུག་ལ་ཟུག་པ།  དེའི་གཡས་སུ་རོ་མ་དམར་པོ་དང༌།  གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་ལྡབ་འགྱུར་གྱིས་ཕྲ་བ།  དེ་གསུམ་སུམ་གཤིབས་སུ་གསལ་འདེབས་ལ།  ཡས་སྣ་ནས་སོར་གང་ཙམ་གྱི་འོག་ཏུ་གཙུག་ཏོར་གྱི་འཁོར་ལོ།  སྨིན་མཚམས་ཏེ་དབྲལ་བའི་གུང་སྨད་ཀྱི་ཚད་ཙམ་ན་དཔྲལ་བའམ་སྤྱི་བོའི་འཁོར་ལོ།  ཕྲག་པ་གཡས་གཡོན་སྐྱེ་བའི་མཚམས་ཀྱི་ཐད་དུ་མགྲིན་པའི་འཁོར་ལོ།  ནུ་མ་གཉིས་ཀྱི་བར་ཀའི་ཐད་ཙམ་དུ་སྙིང་ཁའི་འཁོར་ལོ།  ལྟེ་བའི་ཁུང་བུའི་ཐད་ཙམ་དུ་ལྟེ་བའི་འཁོར་ལོ།  འཁོར་ལོ་རྣམས་ཀྱི་ཐད་དུ་རོ་རྐྱང་གི་ཡལ་ག་རེ་དབུ་མ་དང་སྦུབས་འབྲེལ་བ།  ཕྱི་རོལ་རོ་རྐྱང་དབུ་མ་གསུམ་ལ་རྩའི་སྐེད་དཀྲིས་བྱས་པ་ལྟ་བུ།  སྐེད་དཀྲིས་དེ་ལས་རྩ་འདབ་རྣམས་ཡལ་ག་སྦུབས་ཅན་ལྟ་བུ་སྐྱེས་པར་བསྒོམ་ལ།  དེ་ཡང་གཙུག་ཏོར་དང་སྤྱི་བོ་དང༌།  མགྲིན་པའི་འཁོར་ལོ་རྣམས་གདུགས་ཀྱི་རྩིབ་མ་བཞིན་དུ་ཁ་ཐུར་བསྟན་དང༌།  སྙིང་ཁ་དང༌།  ལྟེ་བ་གདུགས་འདེགས་བཞིན་དུ་ཁ་གྱེན་བསྟན་ནོ།།  འཁོར་ལོ་རྣམས་ཀྱི་ཁ་དོག་སྐབས་འདིར་གཙུག་ཏོར་གྱི་ལྗང་ཁུ།  སྤྱི་བོའི་ནག་པོ།  མགྲིན་པའི་དམར་པོ།  སྙིང་ཁའི་དཀར་པོ།  ལྟེ་བའི་སེར་པོའོ།།  མིའི་ལུས་ཀྱི་དབང་དུ་བྱས་ན་ལྟེ་བ་ནས་འོག་ཏུ་སོར་བརྒྱ་དམ་བཅུ་ཙམ་གཞལ་པ།  རྒྱུ་ཞབས་ཀྱི་ཕྱོགས་ལུས་ཀྱི་དབུས་ན་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཁ་དོག་སྔོན་པོ་ཁ་གྱེན་བསྟན་ཞིག་བསྒོམ།  དེའི་བར་གྱི་དབུ་མའི་མས་སྣ་ནི་དུང་ཅན་མ་སྟེ།  ཁ་དོག་སྔོན་པོ་དང༌།  རོ་རྐྱང་གཉིས་པོ་ལྟེ་བའི་འཁོར་ལོའི་འོག་མཚམས་ནས་གསང་གནས་ཀྱི་འཁོར་ལོའི་བར་དུ་གཡས་སུ་རོ་མའི་མས་སྣ་ནག་པོ་དང༌།  གཡོན་དུ་བརྐྱང་མའི་མས་སྣ་སེར་པོ་སྟེ།  རྩ་གསུམ་སུམ་གཤིབས་སོ།།  དེ་འཁོར་ལོ་དྲུག་ལ་དབུ་མ་ཡང་སྤོམ་ཕྲ་མདའ་སྨྱུག་ཙམ་བསམ།  གསང་གནས་ཀྱི་འཁོར་ལོའི་ལྟེ་བའི་འོག་ནས་དབུ་མའམ་དུང་ཅན་མའི་མས་སྣ་ཆ་ཕྲ་བ་གཡས་ཀྱི་ཕྱོགས་དང༌།  རོ་མའི་མས་སྣ་གཡོན་གྱི་ཕྱོགས་བཟུང་སྟེ།  ཉིས་གཞིབས་ལྟ་བུར་བྱས་ནས་ཅུང་ཟད་མདུན་དུ་འཁྱོགས་ཏེ་གསང་བར་ཟུག་ལ།  རྐྱང་མའི་མས་སྣ་འཁོར་ལོའི་ལྟེ་བ་ནས་དབུས་ཀྱི་ཕྱོགས་བཟུང་ནས་ཅུང་ཟད་རྒྱབ་ཕྱོགས་སུ་འཁྱོགས་ཏེ་བཤང་སྒོ་ལ་ཟུག་པར་བསྒོམ།  དབུ་མའི་ནང་གསང་བའི་འཁོར་ལོའི་དབུས་སུ་ཨཱཿསྔོན་པོ་དང༌།  ལྟེ་བར་ཧོཿཡིག་སེར་པོ་ཡི་གེའི་མགོ་ལྟེ་བའི་འཁོར་ལོའི་ནང་དུ་ཚུད་ཙམ།  དེའི་སྟེང་སོར་གང་ཙམ་མ་རེག་པ་ཡི་གེ་ལྀ་སེར་པོ།  སྙིང་ཁར་ཨུ་ཡིག་དཀར་པོ།  མགྲིན་པར་རི་ཡིག་དམར་པོ།  སྤྱི་བོར་ཨི་ཡིག་ནག་པོ།  གཙུག་ཏོར་གྱི་འཁོར་ལོའི་འོག་མཚམས་དུ་ཨ་ཡིག་ལྗང་ཁུ།  གཙུག་ཏོར་གྱི་འཁོར་ལོའི་ལྟེ་བར་ཀླད་ཀོར་ཆུད་ཅིང༌།  གཙུག་ཏོར་འཁོར་ལོའི་སྟེང་ནས་ཡི་གེའི་གཟུགས་མགོ་ཞབས་བཟློག་བའི་ཧཾ་ཡིག་དཀར་པོ་རྣམས་གསལ་བཏབ།  དེ་ནས་བུམ་པ་ཅན་བསྒོམས་པས་གསང་པའི་དབུས་ཀྱི་ཨཱཿལས་རླུང་དྲོད་ཀྱི་རང་བཞིན་ཅན་དུང་ཅན་མ་ནས་སོང༌།  དེ་ནས་ཧོ་ཡིག་བསྐུལ་བས་དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཕྲ་བ།  འཚེར་བ།  མཁྲང་བ།  རྣོ་བ།  ཚ་བ།  རྩུབ་པ།  གསེར་གྱི་ཁ་དོག་ཅན་གཙོ་ཆེ་བའི་ཁ་དོག་སྣ་དྲུག་པ་འབར་བས།  འཁོར་ལོ་ལྔ་ལ་གནས་པའི་ལྀ་ཨུ་རྀ་ཨི་ཨ་རྣམས་ཕུག་ཅིང་བསྲེགས།  ཧཾ་ལ་རེག་པས་བྱང་ཆུབ་ཀྱི་སེམས་ཞུ་སྟེ།  ཨ་ཨི་རྀ་ཨུ་ལྀ་རྣམས་ཀྱང་རིམ་པས་གསོས་ལ།  དེ་རྣམས་ཀྱི་དངས་མ་ཞུ་བའི་བདུད་རྩི་དང་འདྲེས་ཏེ་ཧོཿཡིག་ལ་ཁྲུས་གསོལ་ཞིང་རྩ་འཁོར་ལོ་དྲུག་གང་བར་མོས།  དམིགས་སྐོར་ཞེ་བཞི་པའོ།།  ཡང་གཏུམ་མོ་བསྡུས་པ་ནི།  རྩ་འཁོར་ལོ་དྲུག་གསལ་བཏབ།  གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བུའི་ནུ་མ་ལྟ་བུ་རིང་ཐུང་སོར་བཞི་ཙམ་དང༌།  ལྟེ་བར་གཏུམ་མོ་དབྱུག་བའི་གཟུགས་ཅན་ཁ་དོག་དམར་པོ་སོར་བཞི་པ་གསལ་བཏབ་ལ།  བུམ་པ་ཅན་བཟུང་བས་གཏུམ་མོའི་མེ་འོད་རབ་ཏུ་རྒྱས་ཏེ།  རྩ་འཁོར་ལོ་དྲུག་སོགས་ལུས་ཀྱི་ནང་ཐམས་ཅད་ཁ་དོག་དམར་ལམ་པ་དང༌།  དྲོད་ཚ་འུར་བྱུང་བར་མོས།  རིམ་པས་སྤྱི་བོའི་ཐིག་ལེ་ཞུ་བ་དབུ་མར་བབས་པས།  དེའི་འོད་ཀྱིས་ལུས་ནང་ཐམས་ཅད་དཀར་ལམ་པ་དང༌།  བདེ་ཆིལ་གྱིས་བྱུང་བར་བསམ།  མཐར་ཐིག་ལེ་གཏུམ་མོ་ལ་ཐིམ།  མི་རྟོག་པར་ཅུང་ཟད་བཞག  གཏུམ་མོའི་རྣམ་གྲངས་གཞན་ནི།  སྙིང་ཁའི་འཁོར་ལོ་ནག་པོ་དང༌།  ལྟེ་བའི་འཁོར་ལོ་སེར་པོ་ཁ་སྤྱོར་གྱི་འབར་འཛག་དང༌།  མགྲིན་པ་དམར་པོ་དང་སྤྱི་བོ་དཀར་པོ་ཁ་སྤྱོར་གྱི་འབར་འཛག་དང༌།  གཙུག་ཏོར་ལྗང་ཁུ་དང་གསང་བ་སྔོན་པོ་ཁ་སྤྱོར་གྱི་འབར་འཛག་བྱེད་པའང་ཡོད་དོ།།  གཏུམ་མོ་འདི་ལྟ་བུ་ལ་སོགས་པ་དམིགས་བཅས་དང་མོས་སྒོམ་གྱི་རྫོགས་རིམ་དུ་གྲགས་པ་འདི་རྣམས་ངོ་པོ་བསྐྱེད་རིམ་དུ་གཏོགས་ཀྱང།  རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་རྒྱུ་ཁྱད་པར་ཅན་བྱེད་པའི་ཕྱིར་དེའི་ཐ་སྙ་བརྟགས་པ་སྟེ།  ལས་དང་པོ་བ་རྣམས་ལ་ངེས་པར་དགོས་ཤིང༌།  རྫོགས་རིམ་དངོས་ཀྱི་ཡེ་ཤེས་སྐྱེས་ནས་ཀྱང་འདི་དག་བོགས་འདོན་དུ་འགྱུར་བའི་ཕྱིར།  ཅི་རིགས་པར་སྒོམ་པར་བྱ་བ་ཁོ་ནའོ།།  དམིགས་སྐོར་ཞེ་ལྔ་པའོ།།  རྗེས་དྲན་དངོས་རྒྱུད་ལ་སྐྱེས་བའི་དུས་རྡོ་རྗེའི་ལུས་ལ་གཏུམ་མོ་ཡོངས་རྫོགས་སུ་འབར་ཞིང༌།  དགའ་བཞི་ཡོངས་རྫོགས་འདྲེན་ཐུབ་པ་ཡིན་ལ།  ད་ལྟ་གཏུམ་མོ་སྒོམ་པ་ནི་དེ་ལྟ་བུའི་རྣམ་པ་ལམ་བྱེད་དང༌།  དེ་ཡང་སྟོང་གཟུགས་དང་བསྲེ་ཐུབ་ན་ནི་རྗེས་དྲན་རྗེས་མཐུན་པ་ཡིན་ནོ།།

༼༢༽སྒོམ་དོན་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ།  རྗེས་དྲན་གྱི་མཚན་དོན།  སྒོམ་པའི་དུས་མཚམས།  སྒོམ་ཚུལ་གྱི་ཡན་ལག  སྒོམ་པའི་རྟགས་ཚད།  དག་བྱ་དག་བྱེད་ཀྱི་དབྱེ་བ།  བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་ལས།

༡༽རྗེས་དྲན་གྱི་མཚན་དོན།

དང་པོ་ནི།  རྒྱ་སྐད་དུ།  ཨ་ནུ་ཞེས་པ་རྗེས་སུ་དང༌།  སྨྲྀ་ཏི་ཞེས་པ་དྲན་པར་བསྒྱུར་ལ།  ཨ་ནུའི་སྒྲ་ནི་དམན་པ་དང༌།  ལྷག་པ་ལ་འཇུག་པ་གཉིས་ལས།  སྐབས་འདིར་ལྷག་པའི་དོན་ཏེ།  ཨ་ནུ་སྨྲྀ་ཏི་ཞེས་པ་རྗེས་སུ་དྲན་པ་ལྷག་པར་དྲན་པའི་དོན་ཏེ།  སྔར་ འཛིན་པའི་སྐབས་སུ་ ཆ བསྒོམས་པ་ དེ་ཉིད་ ཆ སླར་ཡང་དྲན་ཞིང་ཤིན་ཏུ་དྲན་པ་སྟེ།  སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཡང་ཡང་སྒོམ་ཞིང་དྲག་ཏུ་རྩོལ་བའི་དོན་ནོ།།

༢༽སྒོམ་པའི་དུས་མཚམས།

གཉིས་པ་ནི།  འཛིན་པ་མཐར་ཕྱིན་པས་རྩ་རླུང་ཐིག་ལེ་གསུམ་ལ་ འཛིན་པ་མཐར་ཕྱིན་པས་བུམ་ཅན་གྱི་དུས་ཅི་ཙམ་གྱི་བར་དུ་རླུང་དབུ་མའི་གནས་སུ་འཆིང་འདོད་པ་དེ་སྲིད་དུ་འཆིང་ནུས་པའི་རླུང་ལ་དབང་ཐོབ་པ་དང་།  དེ་ཐོབ་པའི་སྟོབས་ཀྱིས་རྩ་ཐམས་ཅད་ཀྱི་ནང་གི་ཐིག་ལེ་དབབ་བཟློག་བཀྲམ་པ་ཅི་འདོད་དུ་ནུས་པ་ནི་ཐིག་ལེ་ལ་དབང་ཐོབ་པ་དང་།  རླུང་དང་ཐིག་ལེ་དེ་དག་དབུ་མ་ལ་སོགས་པའི་རྩ་གང་ལ་ཡང་བཅུག་པ་སོགས་ཅི་འདོད་དུ་བྱེད་རུང་བ་ནི་རྩ་ལ་དབང་འབྱོར་བའོ༎  ཆ དབང་འབྱོར།  གཏུམ་མོའི་སྣང་བ་རྣམ་ཀུན་མཆོག་ལྡན་གྱི་ལྷ་སྐུ་རབ་འབྱམས་སུ་ཤར་ན་ངེས་པར་རྗེས་དྲན་སྒོམ་རན་པའོ།།

༣༽སྒོམ་ཚུལ་གྱི་ཡན་ལག

གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ།  དོན་ཚན་ལྔ་ལས། ༡ རྗེས་དྲན་གང་ལ་བྱ་བའི་ཡུལ། དང་པོ།  ཆ རྗེས་དྲན་གང་ལ་བྱ་པའི་ཡུལ་ནི།  སྤྱིར་རྩ་རླུང་ཐིག་ལེ་ཐམས་ཅད་དང༌།  གཙོ་བོ་གཏུམ་མོའི་འབར་སྣང་གི་སྟོང་གཟུགས་དང༌།  རྟེན་འཁོར་ལོ་བཞི་འམ་དྲུག་གི་ཐིག་ལེ།  བརྟེན་པ་ཞུ་བདེ་དང་བཅས་པའོ།། ༢ རྗེས་དྲན་སྒོམ་པའི་དགོས་པ། དོན་ཚན་གཉིས་པ་དགོས་པ་ནི།  མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་བའི་ཕྱིར་ཏེ།  ཞུ་བདེ་འཛག་མེད་ལ་བསླབ་པའོ།། ༣ རྗེས་དྲན་དུས་ཇི་ཙམ་དུ་སྒོམ་པ། དོན་ཚན་གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི།  མི་འགྱུར་བའི་བདེ་བ་ བེམ་རྫས་ཀྱི་ཐིག་ལེའི་ཆ་གཅིག་འགགས་པས་མི་འགྱུར་བའི་བདེ་བའི་ཆ་གཅིག་གྲུབ་པའི་  ཆ སྐད་ཅིག་མ་དང་པོ་མ་སྐྱེས་ཀྱི་བར་དུའོ།།  མི་འགྱུར་བའི་བདེ་བ་སྐྱེས་ཟིན་བའི་རྗེས་སུ་ཡང་རྗེས་དྲན་གྱི་རྒྱུན་བོར་ནས།  དམིགས་རྣམ་མི་འདྲ་བའི་ལམ་གསར་བསྒོམ་དུ་མེད་ཀྱི།  རྗེས་དྲན་གྱི་རྒྱུན་ཉིད་ཏིང་ངེ་འཛིན་དུ་གནས་གྱུར་བ་ཡིན་ནོ།། ༤ རྗེས་དྲན་རང་གི་ངོ་བོ། དོན་ཚན་བཞི་བ་རྗེས་དྲན་རང་གི་ངོ་བོ་ནི།  རྒྱུད་ལས།  གཏུམ་མོའི་སྣང་བར་གང་ཞིག་གྱུར་བ་ངེས་པར་ ངེས་པ་སྟེ་གཏུམ་མོ་འབར་སྣང་གི་ངོར་གང་ཞིག་སྟོང་གཟུགས་ལྷ་ཡབ་ཡུམ་མཉམ་སྦྱོར་གྱི་རྣམ་པར་གྱུར་བ་དེ་དག་རྟོག་བྲལ་གྱི་ཤེས་པ་ལ་ངེས་པར་  ཆ ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་ པ་སྟེ་ལུས་དང་ནམ་མཁར་སྣང་ཞིང་གསལ་བ་ལ་མཉམ་པར་འཇོག་པས་ཞུ་བདེ་འདྲེན་པར་བྱེད་པའི་དོན་ནོ༎  ཆ འགྱུར།  ཞེས་གསུངས་ཏེ།  གྲོགས་ཕྱག་རྒྱ་གཞན་ཡོད་ཀྱང་རུང༌།  མེད་ཀྱང་རུང༌།  གཏུམ་མོའི་འབར་སྣང་གི་ལྷ་ཡབ་ཡུམ་མཉམ་སྤྱོར་གཙོ་བོར་གྱུར་བའི་སྟོང་གཟུགས་ཕྲ་རགས་སྲིད་པ་གསུམ་གྱི་རྣམ་པ་ཅན་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་གཞག་བས།  ཞུ་བདེ་འཛག་མེད་ཡང་ཡང་བསྐྱེད་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ།། ༥ རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ། དོན་ཚན་ལྔ་པ་རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ་ནི།  རྒྱུད་ལས། རྗེས་དྲན་གྱི་སྐབས། ཆ འདི་དག་དམན་པ་ལ་ དབང་པོ་རབ་འབྲིང་ཐ་མ་གསུམ་དུ།  ཆ སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར།།  ཕྱག་རྒྱ་གསུམ་ ལས་ཡེ་ཕྱག་གསུམ། ཆ དང་གནས་སྐབས་གསུམ་ ཐིག་ལེ་སླ་བའི་གནས་སྐབས།  ཅུང་ཟད་བསྐ་བའི་དེ་དང་།  ཤིན་ཏུ་བསྐ་བའི་དེ་དང་གསུམ།  ཆ ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ།།  ཞེས་གསུངས་པ་ལྟར།  དང་བོར་དབང་བོ་བརྟུལ་ཞིང་ཐིག་ལེ་སླ་བའི་གནས་སྐབས་ན།  ལས་ཀྱི་ཕྱག་རྒྱ་ལ་མ་བསྟེན་པར།  དགའ་བཞི་རྫོགས་པར་འདྲེན་མི་ཐུབ་པའི་སྐབས་ན།  ལས་དང་ཡེ་ཤེས་ཕྱག་ཆེན་གསུམ་ཀར་གཅིག་ཏུ་དྲིལ་བའི་རྗེས་དྲན་སྒོམ།  དེ་ནས་དབང་བོ་ན་འཕོས་ཏེ་བར་སྐབས་དེར་དབང་བོ་འབྲིང་དུ་གྱུར་བ་ན།  ཐིག་ལེ་ཅུང་ཟད་བསྐ་བའི་གནས་སྐབས་སུ་སོང་བ་ན།  ཕྱག་ཆེན་ཁོ་ནས་ནི་བདེ་བ་རྫོགས་པར་འདྲེན་མི་ཐུབ་ལ།  ལས་རྒྱ་ནི་མེད་ཀྱང་ཆོག་པའི་སྐབས་སུ།  ལས་རྒྱ་སྤངས་ཏེ།  ཡེ་རྒྱ་དང་ཕྱག་ཆེན་གཅིག་ཏུ་དྲིལ་བའི་རྗེས་དྲན་བསྒོམ།  ཡང་དབང་བོ་ན་འཕར་ཏེ་རྣོན་པོར་སོང།  བྱང་ཆུབ་ཀྱི་སེམས་ཤིན་ཏུ་བསྐ་བའི་གནས་སྐབས་སུ་གྱུར་བ་ན།  ཕྱག་ཆེན་ཁོ་ནས་ཞུ་བདེ་རྫོགས་པར་ནི་འདྲེན་ཐུབ།  མི་འགྱུར་བའི་བདེ་བ་མ་ཐོབ་པའི་སྐབས་དེར་ཕྱག་ཆེན་ཁོ་ན་ལ་བརྟེན་བའི་རྗེས་དྲན་སྒོམ།  དེ་དག་ཀྱང་མཉམ་གཞག་གཙོ་ཆེ་བའི་དབང་དུ་བྱས་ཀྱི།  རྗེས་ཐོབ་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བ་ལ་ནི་ངེས་པ་མེད་དོ།།  གནས་སྐབས་གསུམ་བོ་འདི་རྣམས་ལ་ཕྱག་རྒྱ་ གཏུམ་མོ་འབར་བ་དམ་ཚིག་གི་ཕྱག་རྒྱ།  ཆ བཞི་སྤྱོར་དང༌། ལས་རྒྱ་མེད་པ། ཆ ཕྱག་རྒྱ་གསུམ་སྤྱོར་དང༌། ལས་ཡེ་གཉིས་མེད་པར། ཆ ཕྱག་རྒྱ་གཉིས་སྤྱོར་ཞེས་འདོད་པ་དང༌།  ཡང་གསུམ་སྤྱོར།  གཉིས་སྤྱོར།  གཅིག་སྤྱོར་ཞེས་རིམ་པས་སྤྱོར་བའང་ཡོད་དོ།།

༤༽སྒོམ་པའི་རྟགས་ཚད།

བཞི་བ་ལ།  རྟགས་ནི་དགའ་བཞི་ཛོགས་པར་འདྲེན་ཐེངས།  དེ་ལས་གཏུམ་མོའི་འབར་སྣང་མཐའ་ཡས་པ་འཕྲོ་ཚུལ་གོང་ནས་གོང་དུ་ཁྱད་ཞུགས་པར་འབྱུང་ལ།  ཀུནྡ་བྱང་ཆུབ་ཀྱི་སེམས་ལྷུང་བར་རྩོལ་ཀྱང་མི་ལྷུང་སྟེ།  ནོར་བུ་ནས་ཤུགས་དྲག་པོས་གྱེན་ལ་རང་བཟློག་ཏུ་འགྲོ་བ་དང༌།  རིང་གི་ལུས་ཀྱང་སྟོད་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང༌།  དག་པ་དང་མ་དག་པའི་སྲིད་པ་གསུམ་གྱི་གཟུགས་བརྙན་རྟག་པར་སྤྲོ་ཞིང་བསྡུ་བའོ།།  ཚད་མ་ནི།  མངོན་སུམ་བཞི་ཅར་ཚང་ཡང་ནང་གི་བདེ་བ་དམ་པ་ཉམས་སུ་མྱོང་ཞིང་རིག་བའི་ཡེ་ཤེས་ཡིན་པའི་ཕྱིར།  རང་རིག་མངོན་སུམ་གཙོ་ཆེའོ།།

༥༽དག་བྱ་དག་བྱེད་ཀྱི་དབྱེ་བ།

ལྔ་པ་ནི།  དག་བྱ་ལ་དབྱེ་ན་འདུ་ཤེས་ལ་ ཆུ་ཁམས། ལྕེའི་དབང་པོ། གཟུགས་ཀྱི་སྐྱེ་མཆེད། རྐང་བའི་དབང་པོ། ལེན་པ་སྟེ་ཆུ་ཁམས་པ་དྲུག ཆ སོགས་པ་ཕུང་ཁམས་ཆུའི་ཁམས་བ་དྲུག་ཚན་གཅིག་ཏུ་དབྱེ།  དག་བྱེད་རྗེས་དྲན་གྱི་ཡན་ལག་ལ་དབྱེ་ན་བཅུ་སྟེ།  རྒྱུད་ལས། ཆགས་ཡུལ་བསམ་པའི་སྐབས་དང་།  འཁྲིག་འདོད་ཀྱི་དེ་དང་།  ཆགས་སྟོབས་ཀྱི་ལུས་ལ་ཚ་རིམ་སྐྱེ་བའི་དེ་དང་།  ཁ་སྐམས་ཞིང་འགྱུར་བའི་དེ་དང་།  ཟས་སོགས་ལ་མི་འཇུག་པའི་དེ་དང་།  ལུས་འདར་བའི་དེ་དང་།  སྨྱོན་པ་ལྟར་གྱུར་བའི་དེ་དང་།  མི་ཤེས་པའི་རྨོངས་པར་གྱུར་བའི་དེ་དང་།  རྐྱེན་གཞན་ཆགས་ཡུལ་དུ་སྣང་བའི་འཁྲུལ་བའི་དེ་དང་།  འཁྲིག་སྤྱོད་སྐབས་སེམས་བརྒྱལ་བ་ལྟར་གྱུར་བའི་དེ་དང་བཅུའོ༎  ཆ བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་བདྨ་སྐམས་དང་ཟས་ལ་རབ་ཏུ་མི་འཇུག་དང༌།།  འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་གྱུར་དང་ཡིད་ནི་རྣམ་བར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག།  རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ།།  རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབ་གནས་སྐབས་སུ་ཞིག་རྒྱལ་བར་འདོད་པ་དེ་ནི་སུ།།  ཞེས་གསུངས་པ་ལྟར་ཏེ།  རྟགས་བཅུའི་དབྱེ་བ་ཅན་གྱི་སྟོང་གཟུགས་སོ་སོས་རིམ་པས་བདེ་བ་འདྲེན་པ་ན།  བསམ་པའི་གནས་སྐབས་དང་མཚུངས་ཤིང༌།  དེ་རྣམ་པར་དག་པའི་བདེ་བ་དང་བོ་ཐོབ་པ་ལ་སོགས་པ།  བདེ་བ་མི་འདྲ་བ་བཅུ་རིམ་གྱིས་ཐོབ་པ་ཡིན་ནོ།།

༦༽བསྒོམས་པས་ཐོབ་པའི་འབྲས་བུ།

དྲུག་པ་ལ།  གནས་སྐབས་ཀྱི་འབྲས་བུ་ནི།  རྒྱུད་ལས།  རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ།།  ཞེས་པ་ལྟར།  རྩ་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་ཕྱི་ནང་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པ་དང༌།  རྣམ་སྨིན་གྱི་ལུས་གནས་མ་འགྱུར་ཡང་རང་སེམས་ལྷ་སྐུར་དངོས་སུ་གྱུར་བ་དང༌།  གཞན་ཡང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་མཐའ་ཡས་པ་ཐོབ་ཅིང༌།  བདེ་སྟོང་གི་ཉམས་མྱོང་རྒྱུན་མི་འཆད་པ་ཡིན་ལ།  མཐར་ཐུག་གི་འབྲས་བུ་ནི།  རྒྱལ་བ་འོད་དཔག་མེད་ལ་ མཱ་མ་ཀི འཇིག་རྟེན་དབང་ཕྱུག  གཟུགས་རྡོ་རྗེ་མ། པད་མ་མཐར་བྱེད། ཁྲོ་མོ་ཁེངས་བྱེད་མ་སྟེ་ཆུ་ཁམས་པའི་ལྷ་དྲུག ཆ སོགས་པ་ལྷ་ཆུ་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ།།  སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ།།  དེས་རྗེས་དྲན་ཀྱི་འཁྲིད་ཚར་རོ།།  ༎

ཡན་ལག་དྲུག་པ་ཏིང་ངེ་འཛིན།

གཉིས་པ་ཏིང་ངེ་འཛིན་གྱི་འཁྲིད་སྟོན་པར་བྱེད་པ་ལ།  ཉམས་ལེན་དམིགས་པའི་གནད་དང༌།  སྒོམ་ཚུལ་བློ་ལ་འགོད་པའོ།།

༼༡༽ཉམས་ལེན་དམིགས་པའི་གནད།

དང་བོ་ཏིང་ངེ་འཛིན་གྱི་ཡན་ལག་དངོས་ཀྱི་དབང་ལྟར་བྱས་ན།  ཕྱག་ཆེན་ཁོ་ནའི་རྗེས་དྲན་དང་ཕལ་ཆེར་འདྲ་བ་ལས།  སྤོགས་ཆོག་ཏུ་ལས་ཀྱི་ཕྱག་རྒྱ་ཐ་དད་པ་མང་དུ་སྒྲུབ་བར་བཤད་པ་ཡིན་ལ།  འདིར་ནི་མོས་པ་ལམ་བྱེད་ཙམ་དུ་སྒོམ་ན།  རྗེས་དྲན་རྗེས་མཐུན་པ་དང་འདྲ་བ་ལས།  ལག་པ་མཉམ་གཞག་གི་ཕྱག་རྒྱ་དང༌།  ལྟ་སྟངས་སྣ་རྩེར་དབབ་བའི་ཚུལ་གྱིས་ལྟ་གསུང༌།  དམིགས་བའི་སྐབས་སུ་ཡས་བརྟན་དགའ་བཞི་ནི་རྗེས་དྲན་དང་འདྲ།  མས་བརྟན་ལ་རྩ་འཁོར་སོ་སོར་བུམ་ཅན་ཡུན་རིང་དུ་སྒོམ་ཞིང༌།  སྟོང་གཟུགས་དང་བདེ་བ་ལ་མཉམ་པར་འཇོག  ཏིང་ངེ་འཛིནགྱིས་བཅུ་གཉིས་ཐོབ་པར་མོས་པ་ཙམ་བྱའོ།།  དམིགས་སྐོར་ཞེ་དྲུག་པའོ།།  དམིགས་སྐོར་འདི་མཐའ་གཅིག་ཏུ་མ་བྱས་ཀྱང་ཆོག་མོད།  བླ་མ་གོང་མ་རྣམས་ཀྱིས།  ཡན་ལག་དྲུག་གི་དམིགས་པའི་ས་བཅད་མི་སྟོངས་བའི་ཕྱིར་མཛད་པའོ།།

༼༢༽སྒོམ་ཚུལ་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ལ།  ཏིང་ངེ་འཛིན་གྱི་མཚན་དོན།  སྒོམ་པའི་དུས་མཚམས།  སྒོམ་ཚུལ་གྱི་ཡན་ལག  སྒོམ་པའི་རྟགས་ཚད།  དག་བྱ་དག་བྱེད་ཀྱི་དབྱེ་བ།  བསྒོམས་པས་ཐོབ་བའི་འབྲས་བུ་སྟེ་དྲུག་ལས།

༡༽ཏིང་ངེ་འཛིན་གྱི་མཚན་དོན།

དང་པོ་ནི།  རྒྱ་གར་སྐད་དུ།  ས་མ་དྷི་ཞེས་པ་ཏིང་ངེ་འཛིན་ཏེ།  དེ་ཡང་མཉམ་པར་ཀུན་ཏུ་འཛིན་པའི་དོན་ཡིན་པས།  གཟུང་འཛིན་དང་བྲལ་ཞིང༌།  ཡུལ་ཡུལ་ཅན་དབྱེར་མེད་ལ་སེམས་གནས་བའི་དོན་ནོ།།

༢༽སྒོམ་པའི་དུས་མཚམས།

གཉིས་པ་ནི།  རྗེས་དྲན་གྱི་ཡན་ལག་མཐར་ཕྱིན་ཏེ།  མི་འགྱུད་བའི་བདེ་བ་འཕྲལ་དུ་བསྐྱེད་ནུས་པ་ནའོ།།

༣༽སྒོམ་ཚུལ་གྱི་ཡན་ལག

གསུམ་པ་ལ།  དོན་ཚན་ལྔའི་དང་པོ། ༡ ཏིང་ངེ་འཛིན་གྱི་ཡུལ། དང་པོ།   ཏིང་ངེ་འཛིན་གྱི་ཡུལ་ནི།  སྟོང་གཟུགས་དང་བདེ་ཆེན་གཉིས་ཡིན་ལ། ༢ ཏིང་ངེ་འཛིན་སྒོམ་པའི་དགོས་པ། དོན་ཚན་གཉིས་པ་བསྒོམས་པའི་དགོས་པ་ནི།  མི་འགྱུར་བའི་བདེ་བ་གོང་ནས་གོང་དུ་འཕེལ་བའི་དོན་དང༌།  རྣམ་པར་སྨིན་བའི་ལུས་དབྱིངས་སུ་དག་སྟེ། སྟོང་གཟུགས་རྡོ་རྗེའི་སྐུ་དང་མི་གཉིས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཐོབ་པའི་དོན་ནོ༎  ཆ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ།། ༣ ཏིང་ངེ་འཛིན་དུས་ཇི་ཙམ་སྒོམ་པ། དོན་ཚན་གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི།  ཏིང་ངེ་འཛིན་གྱི་ཐོག་མ་མི་འགྱུར་བའི་བདེ་བ་སྐད་ཅིག་གཅིག་ཐོབ་པ་ནས།  ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པར་ཐོབ་ཀྱི་བར་དུའོ།། ༤ ཏིང་ངེ་འཛིན་གྱི་ངོ་བོ། དོན་ཚན་བཞི་བ་ཏིང་ངེ་འཛིན་གྱི་ངོ་བོ་ནི།  རྒྱུད་ལས།  ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ནི།།  ཞེས་ཏེ།  ཡེ་ཤེས་གཅིག་ཉིད་ལ་ལྡོག་ཆའི་དབྱེ་བས་ཤེས་རབ་མི་འགྱུར་བའི་བདེ་བ་དང་།  ཐབས་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་གཉིས་སོ་སོར་མཐོང་བའི་གཉིས་སྣང་གི་ཆ་མེད་པར་ཟུང་འཇུག་ཏུ་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཏེ།  ཞུ་བདེ་འཛག་མེད་མཐར་ཕྱིན་པས་རྐྱེན་བྱས་ནས།  ལས་རླུང་གཅིག་འགགས།  རྩ་གསུམ་དང་བཅུ་ཆ་གཅིག་དབུ་མར་ཐིམ།  ཁམས་དཀར་དམར་གྱི་བགྲོད་པ་རེ་རེ་དབུ་མའི་ནང་དུ་གཡོ་མེད་དུ་བརྟན་ཞེས་བྱ་སྟེ།  དེ་ལྟར་རྩ་དང༌།  རླུང་དང༌།  ཁམས་རྣམས་ཕྱིན་ཆད་འཇིག་ཏུ་མེད་ཅིང་རྒྱུན་མི་འཆད་པའི་སྟོང་གཟུགས་སུ་གྱུར་བ་ན།  དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་ནི།  མི་འགྱུར་བའི་བདེ་བ་ཞེས་བྱའོ།།  དེ་ཕྱིར།  སྟོང་གཟུགས་བདེ་བས་རིག་པ་ལ།།  བདེ་བ་ཆེན་པོ་རང་གིས་རིག།  ཅེས་གསུངས་སོ།། ༥ ཏིང་ངེ་འཛིན་ཇི་ལྟར་སྒོམ་བའི་ཚུལ། དོན་ཚན་ལྔ་པ་ཏིང་ངེ་འཛིན་ཇི་ལྟར་སྒོམ་བའི་ཚུལ་ནི།  རྒྱུད་ལས།  བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ།།  ཞེས་དང༌།  དུས་ཞབས་སྙན་རྒྱུད་ལས་ཀྱང༌།  སྒོམ་པ་དམིགས་བཅས་སྟོང་གཟུགས་དང༌།།  དམིགས་མེད་བདེ་བ་རོ་མཉམ་ལ།།  སེམས་ནི་མི་གཡོ་བརྟན་པར་གནས།།  དངོས་པོ་ཐམས་ཅད་བདེ་བར་འཆར།།  ཞེས་པ་ལྟར་སྔར་གནས་གྱུར་ཟིན་གྱི་ཐིག་ལེ་རྣམས་ཀྱི་མི་འགྱུར་བའི་བདེ་བ་དང༌།  ཕྱིས་གནས་འགྱུར་རྒྱུ་ད་ལྟ་གནས་མ་འགྱུར་བའི་ཐིག་ལེ་དབབ་བཟློག་གི་ཞུ་བདེ་འཛག་མེད་གཉིས་ཚོགས་པ་གཅིག་ཏུ་གྱུར་བས།  སེམས་བདེ་བ་ཐོབ་པའི་ངང་ནས།  སྟོང་གཟུགས་ལ་རབ་ཏུ་ཆགས་པས་ཞུ་བདེ་འཛག་མེད་ཡང་ཡང་སྒྲུབ་པ་ཡིན་ལ།  རྗེས་ཐོབ་ཏུ་སྤྲོས་བཅས་ཀྱི་སྦྱོད་པ་རྟག་ཏུ་སྤྱོད་པའམ།  བོགས་འདོན་སྤོགས་ཆོག་གི་ཚུལ་དུ་ཅི་རིགས་པར་སྤྱོད་དགོས་པ་ཡིན་ནོ།།

༤༽སྒོམ་པའི་རྟགས་ཚད།

བཞི་པ་ནི།  ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པ་མ་མཐོང་བའི་དོན་ཡང་དག་བར་མཐོང་པས་ན།  འཇིག་རྟེན་གྱི་ཁམས་སྟོང་དང་ཉི་ཤུ་རྩ་བཞིའི་དོན་ཡང་དག་པར་མཐོང་བའི་བར་དུ་སྟེ།  ཚད་མ་ནི་མངོན་སུམ་བཞི་ཅར་ཚང་བ་ལས།  ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབང་དུ་བྱས་ནས།  འཕགས་པའི་ཡེ་ཤེས་རྡོ་རྗེས་མཐུན་པ་ཡིན་པས་རྣལ་འབྱོར་མངོན་སུམ་ཞེས་བྱའོ།།

༥༽དག་བྱ་དག་བྱེད་ཀྱི་དབྱེ་བ།

ལྔ་པ་ནི།  དག་བྱ་ལ་དབྱེ་ན་གཟུགས་ཕུང་སོགས་ཕུང་ སའི་ཁམས། ལུས་ཀྱི་དབང་པོ། དྲིའི་སྐྱེ་མཆེད། བཤང་ལམ་གྱི་དབང་པོ། བྱ་བ་སྨྲ་བ་སྟེ་ས་ཁམས་པ་དྲུག ཆ ཁམས་ས་ཁམས་པ་དྲུག་ཚན་གཅིག་ཡིན་ལ།  དག་བྱེད་ཏིང་ངེ་འཛིན་ལ་དབྱེ་ན།  འཁོར་ལོ་དྲུག་ཏུ་ལས་རླུང་འགགས་པའི་དབྱེ་བས་ས་བཅུ་གཉིས་སམ།  ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་བའི་ཕྱིར་རོ།།  ཞེས་པས།  ཐུར་སེལ་ལ་སོགས་པའི་རླུང་བཅུ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རྩ་བ་ནས་འགག་པའི་དབྱེ་བས་རིམ་པ་བཅུའོ།།

༦༽བསྒོམས་པས་ཐོབ་བའི་འབྲས་བུ།

དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི།  རྒྱུད་ལས།  དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར།།  ཞེས་གསུངས་ཏེ།  ཏིང་ངེ་འཛིན་དང་པོ་སྐྱེས་བ་ནས།  རྒྱུན་མ་ཆད་པར་བསྒོམས་ན།  ལོ་གསུམ་དང་ཕྱོགས་གསུམ་གྱིས་གནས་ལུགས་ཡང་དག་པ་བདེན་བའི་ས་མངོན་དུ་བྱེད་ཅིང་རྣམ་པར་སྨིན་བའི་ལུས་དབྱིངས་སུ་ཐིམ་ནས།  གཉིས་སུ་མེད་པ་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་འགྲུབ་པོ།།  དེ་ནི་དབང་བཅུ་ལ་ དབང་བཅུ་ནི། ཚེ་ལ་དབང་བ། ཏིང་ངེ་འཛིན་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། མོས་པ་ལ་དབང་བ། སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཡེ་ཤེས་ལ་དབང་བ། ཆོས་ལ་དབང་བ་རྣམས་སོ༎ ཆ སོགས་པ་ཡོན་ཏན་དུ་མས་བརྒྱན་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ལ།  མཐར་ཐུག་གི་འབྲས་བུ་ནི།  རྒྱལ་བ་རྣམ་པར་སྣང་མཛད་ལ་ སངས་རྒྱས་སྤྱན་མ། སྒྲིབ་པ་རྣམ་སེལ། དྲི་རྡོ་རྗེ་མ། གཤིན་རྗེ་མཐར་བྱེད། ཁྲོ་མོ་རིངས་བྱེད་མ་སྟེ་ལྷ་ས་ཁམས་པ་དྲུག  ཆ སོགས་པ་ལྷ་ས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ།།  སྒོམ་དོན་འདི་ལ་ཐུན་གཅིག་ལ་སོགས་པའོ།།  དེས་ཏིང་ངེ་འཛིན་གྱི་འཁྲིད་ཚར་ཏེ།  སྦྱོར་བ་ཡན་ལག་དྲུག་གི་དངོས་གཞིའི་དམིགས་པ་རྣམས་བསྟན་ཟིན་ཏོ།།  ༎

རྩ་བའི་གསུམ་པ། རྗེས་ཀྱི་ཡན་ལག

གསུམ་པ་རྗེས་ལམ་གྱི་ཡན་ལག  ས་མཚམས།  རྣལ་འབྱོར་གྱི་ཚོགས་པ་དང་བཅས་པ་ལ་གསུམ་སྟེ།  ལམ་གྱི་ཡན་ལག་དང༌།  ས་ལམ་འབྲས་བུ་དང་བཅས་པ་དང༌།  རྣལ་འབྱོར་མི་ཉམས་ཤིང་འཕེལ་བའི་ཡན་ལག་གོ།

༼༡༽རྗེས་ལམ་གྱི་ཡན་ལག

དང་པོ་ནི།  ཉེར་མཁོ་ཅུང་ཟད་བརྗོད་པ་ལ།  ཉལ་བ་གཉིད་ཀྱི་རྣལ་འབྱོར་དང༌།  འཆི་བ་འོད་གསལ་ངོས་འཛིན་དང༌།  འདའ་ཁ་འཕོ་བའི་གདམས་ངག་དང༌།  བར་དོ་འདུན་པས་འཛིན་པ་དང༌།  ཐུན་སྒོམ་གྱིས་མཉམ་རྗེས་བསྲེ་བ་སྟེ་ལྔ་ལས།

༡༽ཉལ་བ་གཉིད་ཀྱི་རྣལ་འབྱོར།

དང་པོ་ནི།  སྤྱིར་གཉིད་ཀྱི་རྣལ་འབྱོར་ལ།  གཉིད་འཐུག་པོའི་འོད་གསལ་འཛིན་པ་དང༌།  རྨི་ལམ་གྱི་གདམས་ངག་གཉིས་ཡོད།

༡ གཉིད་འཐུག་གི་འོད་གསལ་འཛིན་པ།

གཉིད་འཐུག་པོའི་འོད་གསལ་འཛིན་པ་ལ།  ལས་དང་པོ་བས་འོད་གསལ་འཛིན་ཚུལ་ནི།  སྔར་སོར་བསམ་བའི་སྐབས་སུ་བསྟན་པ་དེ་ཡིན་ལ།  ཐབས་དེས་གཉིད་ཀྱི་འོད་གསལ་ཟིན་བའི་རྣལ་འབྱོར་བ་ལ་ནི།  སྲོག་རྩོལ་ཕན་ཆད་དུ་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་ལོགས་པ་མི་དགོས་མོད།  སྦྱིར་ནི་ལུགས་འདི་ལ་མགྲིན་སྙིང་ཁ་སྦྱོར་གྱིས་འོད་གསལ་འཛིན་པའི་མན་ངག་དང༌།  ལྟེ་སྙིང་ཁ་སྦྱོར་གྱིས་འོད་གསལ་སྦེལ་བའི་མན་ངག་ཀྱང་ཡོད་དོ།།

༢ རྨི་ལམ་གྱི་གདམས་ངག

དེས་ན་སྐབས་འདིར་རྨི་ལམ་གྱི་གདམས་ངག་ནི།  རང་གི་མགྲིན་བའི་འཁོར་ལོའི་དབུས་སུ་རྀ་ཡིག་དམར་པོ་དང༌།  སྦྱི་བོའི་འཁོར་ལོའི་དབུས་སུ་ཐིག་ལེ་དཀར་པོ་གསལ་བཏབ་ནས།  འཇམ་རླུང་བག་ཙམ་བཟུང་བས་རྀ་ཡིག་ལས་གཏུམ་མོ་འབར།  ཐིག་ལེ་ལ་རེག  དེ་ལས་བདུད་རྩིའི་རྒྱུན་བབས་ཏེ།  རྀ་ཡིག་ལ་ཐིམ་པར་བསམ་ལ།  དོ་ནུབ་ཅིས་ཀྱང་རྨི་ལམ་ཟིན་པར་བྱའོ།།  ཞེས་འདུན་པ་དྲག་པོ་བཅུག་ནས་བསྒོམས་པས་མྱུར་དུ་རྨི་ལམ་ཟིན་པར་འགྱུར་རོ།།  དམིགས་སྐོར་ཞེ་བདུན་པའོ།།  རྨི་ལམ་ཟིན་ཅིང་ཟིན་པ་དེ་ཡང་བརྟན་པོར་སོང་ན།  མགྲིན་པར་སྟོང་གཟུགས་དྲངས་ཏེ།  སྔར་གྱི་དམིགས་པ་དེ་དང་བསྲེས་ནས།  དོ་ནུབ་ཅིས་ཀྱང་རྨི་ལམ་དུ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱའོ།།  ཞེས་འདུན་པ་དྲག་པོ་བཏང་བས།  རྨི་ལམ་དུ་སོར་བསམ་ལ་སོགས་པ་རྡོ་རྗེའི་རྣལ་འབྱོར་སྒོམ་བའི་འདུན་པ་སྐྱེས་ཏེ།  དམིགས་པ་ལ་སེམས་གཏད་པའི་ཚེ་སྟོང་གཟུགས་མང་བོ་བདེ་ཉམས་དང་བཅས་ཏེ་འཆར་བའང་ཡོད།  དང་པོ་ཉིད་ནས་རྨི་ལམ་དང་སྟོང་གཟུགས་འདྲེས་མར་འཆར་བའང་ཡོད།  རྩ་བཟང་ཞིང་དབང་བོ་རྣོ་བ་དང༌།  ཕྱིས་ཤིན་ཏུ་གོམ་པར་གྱུར་ན།  དབང་བོ་རྣོ་བརྟུལ་ཐམས་ཅད་ལ་ཡང་འཆར་སྟེ།  གཉིད་ཀྱི་འོད་གསལ་དྲན་མེད་དེ་གསང་མ་ཐག་ཏུ་རྨི་ལམ་གྱི་དོད་ལ་སྟོང་གཟུགས་འབའ་ཞིག་འཆར་བ་འང་ཡོད་དོ།།  དམིགས་སྐོར་ཞེ་བརྒྱད་པའོ།།

༢༽འཆི་བ་འོད་གསལ་ངོས་འཛིན།

གཉིས་པ་ལ།  འཆི་ཀའི་གདམ་ངག་དངོས་དང༌།  སྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པའོ།།

༡ འཆི་ཀའི་གདམས་ངག་དངོས།

དང་པོ་ནི།  ད་ལྟའི་དུས་ནས་བདག་འཆི་བའི་ཚེ།  ས་ཆུ་ལ་ཐིམ་པས་དུ་བ་ཞེས་པ་ལ་སོགས་པའི་རྟགས་སྣང་མང་པོ་དང༌།  བྱིང་བ་དང༌།  སྤྲིད་པ་དང༌།  འཕར་གཡོ་ལ་སོགས་བའི་ལུས་ཉམས་དུ་མ་དང༌།  དབུགས་འདར་བ་དང༌།  རྔམ་རྒོད་ལ་སོགས་པའི་ངག་ཉམས་དུ་མ་དང༌།  གསལ་བ་དང་མི་གསལ་བ་དང༌།  ཁྲོ་བ་དང༌།  ཆགས་པ་ལ་སོགས་པ་སེམས་ཉམས་དུ་མ་འབྱུང་བར་འདུག་པ་ལ།  དེ་རྣམས་རང་ངོ་ཤེས་པར་བྱས་ནས།  སེམས་འོད་གསལ་དུ་འཇུག་དགོས་པར་འདུག་སྙམ་དུ་འདུན་པས་མཚམས་སྦྱར་ལ།  རང་འཆི་བའི་དུས་སུ་ཡང་སྒོམ་ཚུལ་འདི་ལྟ་བུ་ཡིན་སྙམ་པས།  ཡན་ལག་དྲུག་པོ་གང་སྐབས་སུ་བབ་པ་དེ་སྒོམ་ལ།  ལུས་ཉམས།  ངག་ཉམས།  སེམས་ཉམས།  མཐོང་ཉམས་གང་བྱུང་ཡང་འཆི་ཁའི་སྒོམ་ཚུལ་ཡང་འདི་ལྟ་བུ་བྱེད་སྙམ་པས།  ཉམས་གང་ཤར་དེ་ལ་སྐྱེ་འགག་གནས་གསུམ་དང་བྲལ་བར་ངོས་བཟུང་ལ་མཉམ་པར་གཞག  ཁྱད་པར་གཉིད་དུ་འགྲོ་ཁ་དང༌།  གཉིད་ཀྱི་འོད་གསལ་ལ་ཡང་འདུན་པ་དེ་བཞིན་དུ་སྦྱོང་པ་གལ་ཆེ།  དམིགས་སྐོར་ཞེ་དགུ་བའོ།།  ནམ་ཞིག་འཆི་བ་མངོན་དུ་བབ་པའི་ཚེ།  མཐོང་སྣང་གང་ཤར་ཡང་དེ་ལ་མི་གཡོ་གསུམ་ལྡན་དུ་བཞག་པའི་ངང་ནས།  སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་དེ་ངོས་ཟིན་པར་བྱ།  དེ་བཞིན་དུ་ལུས་ངག་ལ་བདེ་སྡུག་གི་ཉམས་གང་བྱུང་ཡང་འདྲ།  སེམས་ལ་དགའ་སྡུག་ཆགས་སྡང་ཅི་ཤར་ཡང་འདྲ།  རྣ་བར་སྒྲ་ཇི་ལྟར་ཐོས་ཀྱང་རུང་སྟེ།  དེ་དང་དེ་ལ་མི་གཡོ་གསུམ་ལྡན་གྱི་སྒོ་ནས་རིག་པ་གཏད་དེ།  རང་བཞིན་ཅིར་ཡང་མ་གྲུབ་པ་དེ་རིག་ཐོག་ཏུ་བསྐྱང་ངོ༌།།  སྲོག་རྩོལ་མན་ཆད་གོམས་པའི་རྣལ་འབྱོར་བ་ཡིན་ན།  འཆི་ལྟས་བྱུང་ཞིང་འཆི་བ་མི་བཟློག་པར་ཤེས་པ་ཙམ་ན།  བུམ་པ་ཅན་དང་སྟོང་གཟུགས་ལ་མཉམ་པར་འཇོག་པ་ལ་འབད་རྩོལ་བསྐྱེད།  རླུང་སེམས་དྲག་ཏུ་དབུ་མར་འཇུག་བའི་ཐབས་རྣམས་བྱ།  དེས་འོད་གསལ་གྱི་རྟགས་སྣང་དང་བདེ་སྟོང་གི་ཉམས་རྒྱ་ཆེར་མཆེད་ནས་རྒྱ་འབྱམས་སུ་འགྲོ།  དེའི་ངང་ལ་དབྱིངས་སུ་འཕོ་ཐུབ་པའང་ཡོད།  དེ་སྐབས་མ་འཕོས་ཀྱང་རུང་སྟེ་སྔར་གྱི་རྒྱུན་དེ་ཀ་སྒོམས།  ཐིམ་རིམ་རྣམས་ཤར་བའི་མགོ་བརྩམས་དུས་ནས་རྡོ་རྗེའི་བཟླས་པ་ཅི་འགྲུབ་བྱ།  དེས་ངེས་པར་འཆི་བ་འོད་གསལ་རང་ངོ་འཕྲོད་པར་འགྱུར་བ་ཡིན་ནོ།།  འདི་སྐབས་སུ་སྤྲོ་ཞིང་དགོས་ན།  ཁམས་ཐིམ་རིམ་རྣམས་དང༌།  སྣང་བ་བཞིའི་རྣམ་གཞག་ཞིབ་མོར་བཤད་དོ།།  དམིགས་སྐོར་ལྔ་བཅུ་པའོ།།

༢ རྣལ་འབྱོར་གོམས་སྟོབས་འཇུག་པ།

གཉིས་པ་རྣལ་འབྱོར་གོམས་སྟོབས་འཇུག་པར་བསྟན་པ་ནི།  ཆེས་སྐལ་བ་དམན་པ་འམ།  ཚེ་གཏུགས་ནས་ཉམས་རྟོགས་ཁྱད་པར་ཅན་ཚེ་འདི་ལ་མ་སྐྱེས་ཀྱང༌།  ཆོས་འདི་དང་མ་བྲལ་བཞིན་དུ་དུས་ལས་འདས་ན།  སྐྱེ་བ་ཕྱི་མ་ལ་ངེས་པར་གྲོལ་བ་མཐོང་སྟེ།  རྣལ་འབྱོར་དབང་བོ་རྣལ་འབྱོར་མ་ཐོབ་ཞེས་སོགས་ཀྱི་ལུང་དང་སྦྱར་རོ།།

༣༽འདའ་ཁ་འཕོ་བའི་གདམས་ངག

གསུམ་པ་ནི།  ཆོས་རྗེ་ཀུན་སྤངས་ཆེན་པོའི་གསུང་གི  དབུའི་ནང་ས་བོན་རང་སེམས་ཧཾ་ཨ་ཧུཾ།།  ཟླ་ཉི་ནམ་མཁའི་མདོག་ཅན་གཙུག་གསང་སྙིང༌།།  སྲོག་རྩོལ་བསུ་སྐྱེལ་གཅིག་ཏུ་བསྡུས་བྱས་ནས།།  འདུན་པ་རྩེ་གཅིག་གང་འདོད་གནས་སུ་འཕོ།།  ཞེས་གསུངས་ཏེ།  ལུས་གནད་སྤྱི་དང་མཐུན།  ལུས་ཀྱི་ནང་དུ་རྩ་དབུ་མ་ཡང་གོང་དུ་བཤད་པ་བཞིན།  དབུ་མའི་ནང་སྤྱི་བོར་ཧཾ་དཀར་པོ་མགོ་བོ་ཐུར་བསྟན།  ལྟེ་བ་ཨཱཿདམར་པོ་དང༌།  སྙིང་ཁ་ཧཱུཾ་སྔོན་པོ་གཉིས་མགོ་གྱེན་བསྟན།  སྤྱི་བོའི་སྟེང་དུ་བླ་མ་འམ་ཡི་དམ་བཞུགས་པར་བསམ།  རླུང་ཁ་སྤྱོར་ཞིག་བཟུང༌།  སྟེང་རླུང་མནན་པས།  ཧཾ་ཧཱུཾ་ལ་ཐིམ།  འོག་རླུང་འཐེན་པས་ཨ་ཡང་ཧཱུཾ་ལ་ཐིམ།  ཧཱུཾ་དེ་ཡང་འདར་ཁྲྀལ་ལི་ལི་ཐིག་ལེ་ཁྲ་བོ་ཞིག་ཏུ་གྱུར་བར་བསམ།  ཡང་འོག་རླུང་འཐེན།  སྟེང་རླུང་སངས་ཀྱིས་བུས་པས་ཐིག་ལེ་དེ་དབུ་མའི་ལམ་བརྒྱུད།  སྤྱི་གཙུག་ནས་རྒྱངས་ཀྱིས་ཐོན།  བླ་མའི་ཐུགས་ཁར་ཐིམ།  དེ་དང་འོད་གསལ་རྟགས་སྣང་འདྲེས་པ་ལ་ཅུང་ཟད་མཉམ་པར་གཞག  དེ་འདྲ་བ་ལན་འགའ་རེ་སོང་བ་ན།  བླ་མའི་ཐུགས་ཀ་ནས་ཡི་གེ་རྣམས་བབས་ཏེ།  སྔར་བཞིན་རང་གནས་སུ་གནས་པར་བསམ།  བླ་མ་ཡེ་ཤེས་གྱི་བདུད་རྩིར་ཞུ་ནས་རང་ལ་ཐིམ།  སྤྱི་གཙུག་ཚངས་བའི་བུ་ག་ཡང་ཟུམ་པར་མོས།  དེ་ལྟར་ཡུན་རིང་དུ་སྤྱངས་བས་རྟགས་འབྱུང་ཞིང༌།  ཅི་སྟེམ་བྱུང་ན་ཡང་འཕོ་བའི་དམིགས་པ་དང་བསྟུན་དྲག་རླུང་བཙན་ཐབས་ཀྱི་སྤྱོར་བ་བྱས་པས་འཕྲལ་དུ་རྟགས་འོང༌།  ཧ་ཅང་དྲགས་ཏེ་ཐལ་གྱིས་དོགས་པའམ།  སྟོད་མཚང་དང༌།  མགོ་ལ་ཟུག་གཟེར་དྲག་པོ་འཕྲལ་དུ་སྐྱེ་བ་བྱུང་ན།  དབུ་མའི་ནང་ནས་གསེར་གྱི་རྡོ་རྗེ་ལྗིད་དང་ལྡན་པ་ཞིག་ཐུར་དུ་སོང༌།  བཤང་སྒོ་ནས་ཐོན།  ས་འོག་ཐག་རིང་བོར་ཤུགས་དང་བཅས་ཏེ་སོང་ནས།  དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་གསེར་གྱི་འཁོར་ལོ་ཆེན་པོ་ཅིག་གི་ལྟེ་བར་ཐམས་ཀྱིས་ཟུག་པར་བསམ།  དེ་ཡང་ཡང་བསྒོམས་པས་སེལ།  འབེབས་སོགས་སྤྱི་དང་འདྲ།  དེ་ཡན་ཆད་འཕོ་བ་སྤྱང་བའི་གདམ་ངག་ཡིན།  ལས་ལ་སྦྱར་བའི་སྐབས་ནི་ཡར་འཕོ་བ་འབའ་ཞིག་ལས་མར་འབེབས་པ་མི་བྱེད།  དྲག་རླུང་བཙན་ཐབས་ཀྱི་སྤྱོར་བའང་སྐབས་སུ་བབ་ན་བྱའོ།།  འདིའི་གདམས་ངག་གི་ཡི་གེ་འགའ་ཞིག་ལས།  ཨ་ཧཱུཾ་ལ་ཐིམ།  ཧཱུཾ་ཧཾ་ལ་ཐིམ།  དེ་ཐིག་ལེ་ཁྲ་བོར་གྱུར་པ་འདར་ཁྲིལ་ལི་ལི་འདུག  ཡང་རླུང་ལྟེ་བར་མནན་པས་ཡིག་འབྲུ་རྣམས་སྔར་ལུགས་བཞིན་འཁོད།  དེ་ནས་འོག་རླུང་འཐེན།  སྟེང་རླུང་འབུད་བ་ཧིཀ་དང་བཅས་བའམ།  མེད་ཀྱང་རུང་སྟེ།  ཡིག་འབྲུ་རྣམས་མས་རིམ་གྱིས་ཐིམ།  དེ་ཐིག་ལེ་ཁྲ་བོར་གྱུར།  སྤྱི་གཙུག་ནས་བླ་མའི་ཐུགས་ཁར་འཕོ་ཞེས་བཤད་དེ།  དམིགས་པ་འདི་དངོས་རྣམ་པ་གསལ་བ་ཙམ་སྣང་ངོ༌།།  དེ་ལྟར་ན་འཕོ་བའི་གདམས་ངག་སྟེ།  དམིགས་སྐོར་ང་གཅིག་པའོ།།

༤༽བར་དོ་འདུན་པས་འཛིན་པ།

བཞི་བ་ནི།  ཅི་སྟེ་འཆི་བ་འོད་གསལ་ངོ་འཕྲོད་ཀྱང།  གོམས་ཤུགས་ཆུང་ཞིང་སྒོམ་ཡུན་ཐུང་བས་མ་གྲོལ་ན།  བར་དོའི་སྣང་བ་འཆར་བར་འགྱུར་བས།  དེར་ལམ་བསྒོམས་ན་གྲོལ་བར་འགྱུར་རོ།།  དེ་ཡང་ད་ལྟ་ནས་མདུན་པས་མཚམས་སྤྱོར་དགོས་ཏེ།  ནམ་ཞིག་བར་དོའི་སྣང་བ་ཤར་བའི་སྐབས་སུ་ཐ་མལ་གྱི་ཞེན་པ་དང་འགྲོགས་ན་འཁོར་བར་འཁྱམ་པས།  གནས་སྐབས་དེར་ཡང་འདི་ལྟར་སྒོམ་སྙམ་དུ་མཚམས་སྤྱར་ནས།  ཡན་ལག་དྲུག་པོ་གང་ཡང་རུང་བ་བདག་ཉིད་གང་ལ་གཙོ་བོར་བྱེད་པ་དེ་སྒོམ།  བར་དོར་འདི་ལྟར་སྒོམ་སྙམ་པའི་འདུན་པ་ཡང་ཡང་བཏང༌།    རེས་འགའ་ནི།  འདི་ཐམས་ཅད་བར་དོ་ཡིན་པར་འདུག  སྐབས་འདིར་མ་འཁྲུལ་བར་བྱ་དགོས་སྙམ་པའི་འདུན་པ་རྒྱུན་ཆགས་སུ་བསྟེན་ཅིང༌།  ཆགས་སྡང་ལ་སོགས་པའི་བློ་སྤངས་ནས་རྡོ་རྗེའི་རྣལ་འབྱོར་ཉིད་བསྒོམ།  རེས་འགའ་ནི་བར་དོའི་མཚན་ཉིད་ལུས་ལ་གྲིབ་མ་མེད་པ་དང༌།  ཉེ་དུ་ལ་སོགས་པའི་ངོ་མི་ཤེས་པ་དང༌།  ཡ་ང་བའི་གཡང་ས་གསུམ།  འཇིགས་པའི་སྒྲ་བཞིའམ་ལྔ།  མ་ངེས་པའི་རྣམ་འགྱུར་རྣམ་པ་དྲུག  འགྲོ་བའི་ལམ་བཞི་ལ་སོགས་པ།  བར་དོའི་ལུས་དང་སྣང་བའི་མཚན་ཉིད་འདི་དང་འདི་ལྟ་བུ་དག་ཡིན་ན།  ད་ལྟ་དེ་ལྟ་བུ་རེ་རེ་ནས་ཡོད་དམ་མེད།  ཚང་ངམ་མ་ཚང་ཞེས་བརྟག་ཅིང༌།  འཁོར་བའི་ཉེས་དམིགས་དྲན་པ་དང༌།  བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཆགས་སྡང་སྤངས་ཏེ།  རྡོ་རྗེའི་རྣལ་འབྱོར་ཉིད་སྒོམ་མོ།།  ཁྱད་པར་ཐུན་མཚམས།  འགྲོ་འཆག་ཉལ་འདུག  ཟས་སྤྱོད་ལམ།  གཏམ་སྨྲ་བརྗོད།  དགྲ་གཉེན་གྱི་འབྲེལ་བ་སོགས།  སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་འཆར་བའི་སྐབས་སུ།  ཡང་ཡང་དྲན་བས་ཟིན་པ་བྱས་ཏེ།  འདི་རྣམས་སྒོམ་པ་གལ་ཆེ།  དེ་ལྟར་ཉིན་མོ་སད་དུས་སུ་བསྒོམས་པས།  རྨི་ལམ་དུའང་ཕལ་ཆེར་འཆར་གྱིན་འདུག་ན།  བར་དོར་ལམ་བསྒོམས་པས་གྲོལ་བར་ཐེ་ཚོམ་མེད་དོ།།  དམིགས་སྐོར་ང་གཉིས་པའོ།།

༥༽ཐུན་སྒོམ་གྱིས་མཉམ་རྗེས་བསྲེ་བ།

ལྔ་བ་ནི།  མུན་ཁང་གསུམ་ལ་རིམ་གྱིས་བསླབ།།  བདེ་སྡུག་རྐྱེན་རྣམས་ཀུན་ལ་བསྲེ།།  ཤུགས་ཆད་ལ་སོགས་རང་སར་སྐྱོང༌།།  ལོངས་སྤྱོད་སྤྱོད་ལམ་ཀུན་ལ་བསླབ།།  ཅེས་པ་ལྟར་ཏེ།  དེ་ཡང༌།  དང་པོར་མུན་ཁང་དངོས་སུ་རྟགས་སྣང་རྟག་ཏུ་འོང་ཞིང་བརྟན་པོར་སོང་ན།  མུན་ཁང་འབྲིང་པོ་ཞེས་བྱབ།  གོས་ཀྱིས་མགོ་བཏུམས་ཏེ་ལུས་གནད་སྔར་དང་འདྲ་བའི་སྟེང་ནས་བསླབས།  ཐོག་མར་རྟགས་སྣང་རྣམས་མུན་ཁང་ལས་ཅུང་མི་གསལ་ཙམ་འབྱུང༌།  ཅུང་ཟད་གོམས་ནས་མུན་ཁང་དང་ཁྱད་མེད་པར་འཆར།  དེ་ནས་ལུས་གནད་གཞན་རྣམས་སྦྱི་དང་འདྲ་བར་བཅས།  མིག་བཙུམ་སྟེ།  མིག་འབྲས་གྱེན་ལ་བཟློག་པས་ནང་དུ་ལྟ་སྟངས་གྱི་གནད་མ་འཁྲུལ་བར་ཡོད།  དེ་ལྟར་བསྒོམ་པས་ཐོག་མར་རྟགས་སྣང་ཉུང་བ་ཙམ་འབྱུང་ཞིང༌།  གསལ་མི་གསལ་ལ་སྔར་དང་ཁྱད་མི་འདུག་ན།  དེ་ཁ་བསྒོམས་པས་ཞག་འགའ་ཞིག་ནས་རྟགས་སྣང་ཤིན་ཏུ་མང་བ་འབྱུང།  ཡང་སྔར་ལས་སྟོང་གཟུགས་མི་གསལ་དུ་སོང་བ་སྙམ་བྱེད་ན།  ད་དུང་མུན་ཁང་ཆུང་དུ་སྒོམ་མ་རན་པ་ཡིན་པས།  རེ་ཞིག་སྔ་མ་རྣམས་ལ་དམིགས་པ་དྲག་པོར་གཏད་དེ་སྒོམ།  སླར་ཡང་མུན་ཁང་ཆུང་ངུར་བསྒོམས་པས་སྔར་བཞིན་གསལ་བར་འོང་ངོ༌།།  གཞན་ཡང་མིག་ལ་དགབ་པའི་མུན་ཁང་ཆུང་དུའི་ཁྱད་པར་གཞན་འགའ་ཞིག་བྱེད་པའི་ལུགས་ཀྱང་ཡོད་ལ།  དེ་ལྟར་མུན་ཁང་ཆེ་འབྲིང་ཆུང་གསུམ་ལ་གོམས་ནས།  དང་པོར་སྣང་བ་ཅུང་ཟད་དང་བཅས་པའི་ཁང་བར་བསླབ།  དེ་ནས་སྣང་བ་ཆེས་གསལ་བའི་ཕྱོགས་སུ་འང་བསླབ།  དེ་ནས་ཐུན་གྱི་སྐབས་ལྟ་སྟངས་ཀྱི་གནད་མ་འཆུགས་པ་བྱ་ཞིང༌།  ཐུན་མཚམས་སུ་ལྟ་སྟངས་གྱེན་ཐུར་ཐད་ག་གཡས་གཡོན་ལ་སོགས་པ་མ་ངེས་པ་དང༌།  དེ་བཞིན་དུ་མིག་གདངས་པ་དང༌།  བཙུམ་པ་དང༌།  ཟིམ་མེར་ལྟ་བ་སོགས་ལྟ་ལུགས་ཀྱང་མ་ངེས་པ་ལ་བསླབས་པས།  རིམ་གྱིས་ཐམས་ཅད་དུ་སྟོང་གཟུགས་ཀྱི་གསལ་སྣང་འབྱུང་བར་འགྱུར་རོ།།  ཡང་བདེ་སྡུག་མཐོ་དམན་ཐམས་ཅད་ལ་བསྲེ་དགོས་ཏེ།  དེ་ཡང་དང་པོར་ཚེར་མ་ཟུག་པའམ།  སྣ་རྡོ་ཐུག་པའམ།  རླུང་དང་ཉི་མ་དང་ཁ་ཆར་ལ་སོགས་པའི་ཚ་གྲང་ཕྲ་མོ་ཙམ་རང་ཤུགས་སུ་བྱུང་བའམ།  ཆེད་ཀྱིས་ཀྱང་དེ་དག་གི་གནས་སུ་སོང་ན།  ཚ་གྲང་གི་རེག་བྱ་ཅུང་ཟད་མྱོང་བ་དེ་ལ་ཆེ་རེ་བལྟས་ཏེ་མི་གཡོ་བ་གསུམ་ལྡན་གྱི་ངང་བསྐྱངས།  ཐོག་མ་སེམས་འཇོག་སྟངས་མི་བདེ་ཙམ་འབྱུང་ནའང།  ཅུང་ཟད་གོམས་ནས་ཚ་གྲང་དུ་སྣང་བ་དེ་གསལ་ཆར་སོང༌།  སེམས་གཏད་པས་དེ་ཉིད་ངོས་བཟུང་དང་བྲལ་ཏེ།  ལུས་ཀྱི་རེག་བྱ་མྱོང་ཚུལ་དུ་མི་བདེ་ཡང༌།  དེ་ཁའི་སྟེང་དུ་སེམས་འཇོག་སྟབས་ཤིན་ཏུ་བདེ་བ་ཞིག་འབྱུང༌།  ད་དུང་དེའི་རང་ངོ་ལ་བལྟས་ཏེ་བསྒོམས་པས་ཚ་གྲང་དུ་སྣང་བ་དེ་སྣང་ལ་ངོས་བཟུང་མེད་པར་ཉམས་སུ་མྱོང་བར་འགྱུར།  དེ་བཞིན་དུ།  བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པ་ལ་ཡང་སྤྱར་བས།  མཐར་ན་ཚ་སྡུག་བསྔལ་ཆེན་པོ་ཐོག་ཏུ་བབ་ཀྱང་ལམ་དུ་ལོངས་པ་ཞིག་འོང༌།  དེ་བཞིན་དུ།  གཏམ་མི་སྙན་པར་རང་གི་ཡིད་ལ་མི་འཐད་པའི་ཚིག་དག་ཐོས་པས།  སེམས་མི་བདེ་ཀར་གྱིས་བྱུང་བའི་དུས་ཀྱང༌།  མི་བདེ་བ་དེ་དང་ཚིག་སྤྱི་དེ་ལ་ཆེར་གྱིས་བལྟས་ཏེ།  བཙལ་ན་ངོས་བཟུངམེད་པ་དེ་ངོས་ཟིན་པར་བྱས་ནས་མི་གཡོ་གསུམ་ལྡན་བསྐྱང་ངོ༌།  དེ་བཞིན་དུ།  ཡིད་སྐྱོ་བ་དང༌།  དགའ་བ་དང༌།  འཇིགས་པ་དང༌།  སྤྲོ་བ་དང༌།  ང་རྒྱལ་དང༌།  ཁེངས་པ་དང༌།  ཆགས་པ་དང༌།  སྡང་བ་དང༌།  སེར་སྣ་དང༌།  ཕྲག་དོག་སོགས་གང་བྱུང་ཐམས་ཅད་ལ་དེ་བཞིན་བསྐྱངས་བས་རང་སངས་སུ་འགྲོ་བ་ཡིན་ནོ།།  གཞན་ཡང༌།  ལམ་དུ་ཕྱིན་པའི་ངལ་དུབ་དང༌།  ཁུར་ཆེན་པོ་འཁུར་བ་དང༌།  བཟླས་པ་དང༌།  མདོ་འདོན་དང༌།  གསུང་སྒྲོག་སོགས་འཇུར་བོ་བྱས་པ་དང༌།  བརྩིས་དང༌།  མནོ་བསམ་དང༌།  ལྟ་རྟོག་འཇུར་བོ་བྱེད་པའི་རྗེས་སུའང།  སྔར་གྱི་ལུས་ངག་ཡིད་གསུམ་གྱི་བྱ་རྩོལ་དྲག་པོ་དེས་རྣམ་རྟོག་གི་ཤུགས་ཆད་ཡོད་པས་དེ་དུས་རིག་པ་ལྟ་ཤེས་ཙམ་བྱས་ནས།  ཡིད་མི་གཡོ་བར་བཞག་པ་ཉིད་ཀྱིས་རིག་པ་གསལ་སྟོང་མཐའ་དབུས་མེད་པར་འཆར་རོ།།  གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བ་དང་ཕྲད་པའི་ཚེ་དགའ་ལྷང་སྟེ་ཡོང་པ་དང༌།  གཟུགས་སོགས་མི་སྡུག་པ་གནོད་པ་ཅན་དང་ཕྲད་བའི་ཚེ།  ཟུག་རྔུར་ལྷང་སྟེ་བྱུང་བ་ཀུན་ལའང་གང་བྱུང་དེ་ལ་སེམས་གཏད་དེ།  སྔར་བཞིན་མི་གཡོ་གསུམ་ལྡན་བསྐྱང༌།  གཞན་ཡང་མདོ་འདོན་སྔགས་བཟླས་ཕྱག་དང་བསྐོར་བ་སྙིང་རྗེ་ངེས་འབྱུང་སོགས།  ལུས་ངག་ཡིད་གསུམ་གྱི་དགེ་བ་རྣམས་དང༌།  འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཀུན་ཏུ།  འཕྲལ་འཕྲལ་འདུན་པས་སླེབ་པར་བྱས་ཏེ།  གང་ཤར་དེ་ལ་བཟོ་མེད་དུ་བསྐྱངས་པས་རང་གྲོལ་དུ་འགྱུར་བའི་གནད་ཟིན་པར་བྱའོ།།  འདི་དག་ཤིན་ཏུ་གལ་ཆེ་ཡང༌།  དམིགས་ཐུན་གྲངས་ངེས་སུ་བཅད་པ་མེད་པས་ཅི་བདེ་བར་བྱའོ།།  དམིགས་སྐོར་ང་གསུམ་ལ་སོགས་པའོ།།

༼༢༽ས་ལམ་འབྲས་བུའི་རྣམ་གཞག

གཉིས་པ་ས་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་ནི།  དེ་ལྟར་སྔོན་འགྲོས་རྒྱུད་སྤྱངས།  སོར་སྡུད་ཀྱིས་དབུ་མའི་ལམ་ཅུང་ཟད་དག  སེམས་གནས་པ་ལ་རང་དབང་ཐོབ་པས།  རྣམ་རྟོག་གི་བར་ཆོད་མི་འབྱུང་ཞིང༌།  འོད་གསལ་རྟགས་བཅུ་ཐོག་མར་བསྒྲུབས།  བསམ་གཏན་གྱིས་དབུ་མའི་ལམ་ཤིན་ཏུ་སྤྱངས་ཤིང༌།  རང་སེམས།  སྟོང་གཟུགས།  ལས་སྣང་དང་བཅས་པ་ཐམས་ཅད་རང་བཞིན་དབྱེད་མེད་སྤྲོས་བྲལ་དུ་ཤེས།  རྟགས་བཅུ་བརྟན་ཅིང་སྔར་བས་ཀྱང་ཆེས་ཁྱད་པར་དུ་སོང༌།  བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་གིས་ཡན་ལག་འདི་ཉིད་མཐར་ཕྱིན་ན།  སྤྱོར་ལམ་དྲོད་ཀྱི་དང་པོ་ལ་སླེབ་པ་ཡིན་ལ།  བསྐྱེད་རིམ་མ་བརྟན་པར་འདི་རྣམས་བསྒོམས་ནས་མཐར་ཕྱིན་པ་ཡིན་ན།  སྔགས་ཀྱི་ཚོགས་ལམ་ཆེན་པོ་ཙམ་ཡིན་ནོ།།  དེ་ནས་སྲོག་རྩོལ་གྱི་ཡན་ལག་གིས་རླུང་བཅུ་དབུ་མར་ཐིམ་པས།  གཟུང་འཛིན་ཐ་དད་པར་འཛིན་བའི་རྣམ་རྟོག་མངོན་འགྱུར་བ་འགག་ཅིང༌།  ཕྱི་ནང་གི་འབྱུང་བ་ལ་ཅི་རིགས་པར་དབང་ཐོབ་བའི་རྫུ་འཕྲུལ་དང་མངོན་ཤེས་སོགས་ནུས་བའང་ཅུང་ཟད་རྙེད་པ་དང༌།  གཏུམ་མོ་ཅུང་ཟད་འབར་བས་བདེ་སྟོང་གི་ཉམས་གསལ་པོར་ཤར་བ་ཡིན་ཏེ།  སྔར་བསྐྱེད་རིམ་བརྟན་རུང་མ་བརྟན་རུང༌།  དྲོད་ཆུང་འབྲིང་མན་ཆད་ཡན་ལག་འདིས་ཐོབ་པར་འགྱུར་རོ།།  འཛིན་པའི་ཡན་ལག་གིས་རླུང་མཐའ་དག་དབུ་མའི་ཐིག་ལེ་རྣམས་ལ་ཐིམ་པས་གཏུམ་མོ་རང་འབར་རྒྱུན་མི་འཆད་ཅིང༌།  ནུས་པ་དང་ཡོན་ཏན་སྔར་བས་བཅུ་འགྱུར་ནས་བརྒྱ་འགྱུར་གྱི་བར་དུ་འཕེལ།  དྲོད་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་རྩེ་མོ་ལ་མཚམས་སྤྱོར་བར་འགྱུར།  རྗེས་དྲན་གྱིས་ཡེ་ཤེས་ཀྱི་སྐུ་ཆུང་དུ་ཐོབ་ཅིང༌།  གཏུམ་མོ་འབར་བ་ལྷག་པར་སྟོབས་སུ་གྱུར་བས།  ཞུ་བདེ་འཛག་མེད་ཀྱི་དགའ་བཞི་རྫོགས་པར་འདྲེན།  ཉོན་མོངས་རག་པ་མངོན་འགྱུར་བ་སྤོང༌།  རྩེ་མོ་མཐར་ཕྱིན་པའི་བར་དུའོ།།  ཏིང་ངེ་འཛིན་ནི་བཟོད་པ་དང༌།  ཆོས་མཆོག་སྟེ།  ལས་རླུང་འགགས་ཤིང་ཐིག་ལེ་བརྟན་པ་སོགས་འཁོར་བའི་ལུས་ངག་ཡིད་གསུམ་དངོས་སུ་སྤོང་བར་བྱེད་པའི་ལམ་སྟེ།  གསང་གནས་ཀྱི་འཁོར་ལོའི་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་དང་པོ།  ཕྱེད་ཕྱི་མ་གང་བས་ས་གཉིས་པ།  ཞེས་སོགས་འཁོར་ལོ་གཞན་ལྔ་ལའང་སྦྱར་བས།  གཙུག་ཏོར་གྱི་ཕྱེད་ཕྱི་མ་གང་སྟེ།   གཙུག་ཏོར་ཡང་ཧྲིལ་གྱིས་བརྟན་པས་ས་བཅུ་གཉིས་པའོ།།  དེའི་སྐད་ཅིག་གཉིས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅེས་བྱ་སྟེ།  དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་སྐད་ཅིག་མ་ཐ་མ་དེར་ཡང་དག་པ་འཕགས་པའི་མཐོང་ལམ་རྒྱུད་ལ་སྐྱེས་ནས།  འཁོར་བའི་ལུས་ངག་ཡིད་དང་ཆགས་རྟོག་རྣམས་སྤངས་ཟིན།  དེའི་རྗེས་ཀྱི་སྐད་ཅིག་ལ་གཉིས་སུ་མེད་པ་སྟེ།  ཟུང་འཇུག་གི་རང་བཞིན་སྐུ་གསུང་ཐུགས་ འཁོར་བའི་ལུས་ངག་ཡིད་གསུམ་དག་པའི་སྐུ་གསུང་ཐུགས་རྡོ་རྗེ་དང་སེམས་ཉོན་མོངས་བའི་རྣམ་རྟོག་དང་། འཛག་བདེ་འགགས་པས་ཡེ་ཤེས་རྡོ་རྗེའོ༎  ཆ ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད།  དེ་ནས་ཀུན་ཏུ་འོད་ལ་ ས་བཅུ་གཉིས་ནི། ཀུན་ཏུ་འོད་ཀྱི་ས་དང་། བདུད་རྩིའི་འོད། ནམ་མཁའི་འོད། རྡོ་རྗེའི་འོད། རིན་ཆེན་འོད། པད་མའི་འོད། སངས་རྒྱས་ཀྱི་ལས་བྱེད་པའི་ས། དཔེ་མེད་པའི་ས། དཔེ་ཐམས་ཅད་པའི་ས། ཤེས་རབ་འོད་ཀྱི་ས། ཐམས་ཅད་མཁྱེན་པའི་ས། སོ་སོའི་བདག་ཉིད་རིག་པའི་སའོ༎ ཆ སོགས་པའི་ས་བཅུ་གཉིས་ཐོབ།  གནས་ལ་སོགས་པའམ་རབ་ཏུ་དགའ་བ་ལ་ དང་པོ་རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱངས་དཀའ་བ། མངོན་དུ་གྱུར་བ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན། ཀུན་ཏུ་འོད། རྡོ་རྗེ་འཛིན་པའི་སའོ༎ ཆ སོགས་བའི་ས་བཅུ་གཉིས་སམ་བཅུ་གཅིག་རིམ་གྱིས་བགྲོད་བར་འགྱུར་ཏེ།  མཐར་གྱི་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན། རྡུལ་གྱི་དྭངས་མ་གཙུག་ཏོར་ནས་ནོར་བུའི་བར་དུ་ཆ་བཅུ་གཉིས་སུ་ཡེ་ཤེས་ཀྱི་ངོ་བོར་བརྟན་པར་གྱུར་བས་བདེན་དོན་རྣམ་པ་བཅུ་གཉིས་དང་།  བྱང་སེམས་ཀྱི་དྭངས་མ་ནོར་བུ་ནས་སྤྱི་བོའི་བར་དུ་དགའ་བ་བཅུ་དྲུག་གི་རིམ་པས་བརྟན་པར་གྱུར་བས་དེ་ཉིད་བཅུ་དྲུག་མངོན་དུ་གྱུར་བའོ༎ ཆ བདེན་དོན་རྣམ་པ་བཅུ་གཉིས་དང༌།  དེ་ཉིད་རྣམ་པ་བཅུ་དྲུག་ཟུང་དུ་འཇུག་པའི་ངོ་བོ།  ཡོན་ཏན་དང༌།  ཡེ་ཤེས་རྒྱ་མཚོ་ཟད་མི་ཤེས་པ།  འཕྲིན་ལས་ནམ་མཁའ་དང་མཉམ་པའི་བདག་ཉིད་ཅན་རྒྱུན་མི་འཆད་པ་ཐོབ་པར་འགྱུར་ཏེ།  སྐལ་པ་དང་ལྡན་ཞིང་བརྩོན་འགྲུས་ཅན་གྱིས་མ་ནོར་བའི་ལམ་མཆོག་འདི་ལ་འབད་ན་ཚེ་འདི་ཉིད་གྱིས་ཁྱབ་བདག་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་འགྱུར་བར་བྱེད་པ་ཉིད་དོ།།  འདི་དག་རྒྱས་པར་གཞན་དུ་བཤད་པར་བྱའོ།།

༼༣༽རྣལ་འབྱོར་མི་ཉམས་འཕེལ་བར་བྱེད་པ།

གསུམ་པ་རྣལ་འབྱོར་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཡན་ལག་ནི།  ལམ་གྱི་གེགས་སེལ་བོགས་འདོན་དང།  རྣལ་འབྱོར་གྱི་རྒྱུན་མི་ཉམས་ཤིང་བསྲུང་བ་གཉིས་སོ།།

༡༽ལམ་གྱི་གེགས་སེལ་བོགས་འདོན།

དང་པོ་ནི་གཞན་དུ་ཤེས་པར་བྱ་ལ།

༢༽རྣལ་འབྱོར་མི་ཉམས་ཤིང་བསྲུང་བ།

གཉིས་པ་ལ།  བཀའ་རྒྱ་བཞི་ཡི་རྒྱས་བཏབ་པའི་ཡན་ལག  བར་ཆད་སྤང་བའི་ཡན་ལག  དམ་ཚིག་བསྲུང་བའི་ཡན་ལག  སྤྱོད་པ་སྐྱོང་བའི་ཡན་ལག་སྟེ་བཞི་ལས།

༡ བཀའ་རྒྱ་བཞིའི་རྒྱས་བཏབ་ཡན་ལག

དང་པོ་ནི།  སྣོད་མིན་ལ་གསང་བར་གདམས་པ་སྟེ།  བཀའ་རྒྱས་གདབ་པར་བྱ་བ་བཞི་ནི།  སྔོན་འགྲོའི་གདམས་ངག  དངོས་གཞིའི་གདམས་ངག་རང་གི་ཉམས་མྱོང༌།  བླ་མས་ཇི་ལྟར་ངོ་སྤྲད་པ་སྟེ་བཞི་འམ།  གདམས་ངག་ཇི་ལྟར་ཕོག་པ།  ཉམས་མྱོང་ཇི་ལྟར་སྐྱེས་པ།  ངོ་བོ་ཇི་ལྟར་སྤྲད་པ།  གེགས་སེལ་བོགས་འདོན་ཇི་ལྟར་བྱེད་པ་སྟེ་བཞི་ཡིན་ཞེས་ཀྱང་ཁ་ཅིག་འཆད་དེ།  དོན་གཅིག་ཏུ་འབབ་པའི་ཕྱིར་གཉིས་ཀ་འང་མི་འགལ་ལོ།།  སྐབས་འདིར་བཀའ་རྒྱས་གདབ་པར་བྱའོ།།

༢ བར་ཆད་སྤང་བའི་ཡན་ལག

གཉིས་པ་ལ།  ལམ་བཟང་འཕྲོག་པའི་ཆོམ་རྐུན་སྤང་བ།  ལམ་བཟང་འདོར་པའི་རྒྱུ་གཡོ་ཅན་གྱི་སྟོན་པ་སྤང་པ།  ལམ་བཟང་ལ་བར་དུ་གཅོད་བའི་བདུད་ངོ་ཤེས་པར་བྱ་བ།  ལམ་ཟབ་མོ་བསྲུང་ཞིང་སྦེད་པར་གདམས་པ་སྟེ་བཞི་ལས།  དང་པོ་ནི།  དྲི་མེད་འོད་ལས།  ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི།།  སེམས་ཅན་གཞན་པ་རྣམས་ལ་སྦྱིན་བ་ན།།  རང་ཁྱིམ་དགོན་པ་དག་ཏུ་རབ་བཞུགས་ཏེ།།  ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད།།  ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི།།  ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང༌།།  གཉེན་འདུན་ཐིབ་པོའི་ནང་དུ་རབ་ཞུགས་ཏེ།།  རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད།།  ཅེས་དང།  ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང་།།  ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས།།  བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང༌།།  བརྒྱལ་བར་གྱུར་བ་ཉིད་ལ་འཕྲོག་པར་བྱེད།།  ཅེས་གསུངས་ཏེ།  རང་ཡུལ་དང་རང་ཁྱིམ་ལ་ཞེན་པ་དང༌།  དགྲ་གཉེན་གྱི་ཆགས་སྡང་དང༌།  གཉིད་སོགས་སྒྲིབ་པ་ལྔའི་དབང་དུ་གཏོང་བ་དང༌།  ལོངས་སྤྱོད་སྣ་ཚོགས་ཀྱིས་གཡེངས་བ་དང།  ཡུལ་ལྔ་ལ་སྲེད་པའི་ཁོང་སྐྲན་ཅན་རྣམས་ལ།  ཏིང་ངེ་འཛིན་བཟང་བོ་དང་བོར་མི་སྐྱེ་ཞིང༌།  ལན་ཅིག་སྐྱེས་ཀྱང་ཉམས་པར་འགྱུར་བས་དེ་དག་གི་དབང་དུ་མི་བཏོང༌། 
གཉིས་པ་ནི།  རང་ཉིད་ཡོངས་སུ་རྟོག་པ་པོ་མིན་ཕྱིར།།  རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ།།  གཡོ་ཅན་གཞན་ལ་སྟོན་ཏེ་མི་འགྱུར་ཞེས།།  དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད།།  གང་དག་རིན་ཆེན་བཟང་པོ་རིག་པ་རྣམས།།  རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག།  དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི།།  རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ།།  ཞེས་གསུངས་ཏེ།  ལམ་འདི་ཉིད་ཀྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེས་བའི་རྣལ་འབྱོར་པ་ལ་མ་གཏོགས།  གཞན་ལ་རང་གི་ཉམས་རྟོགས་རྣམས་ཤིན་ཏུ་གསང་ཞིང་དོགས་གཅོད་མི་འདྲི་བའོ།། 
གསུམ་པ་ནི།  རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་༎  ཕ་དང་མ་དང་བུ་མོ་སྲིང་མོ་དང་༎   བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི༎   གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ༎   ཅེས་ཏེ།   བར་ཆད་ངོ་ཤེས་ནས་དེའི་དབང་དུ་མི་གཏོང་བའོ༎ 
བཞི་བ་ནི།   དེ་ཕྱིར་བླ་མ་དམ་པའི་གནང་བ་ཡི༎   ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས༎   ཆོམས་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ༎   འབབ་པས་ཤིན་ཏུ་ལེགས་པར་སྦ་བར་བྱ༎   ཞེས་གསུངས་སོ༎

༣ དམ་ཚིག་སྡོམ་པའི་ཡན་ལག

གསུམ་པ་དམ་ཚིག་དང་སྡོམ་པའི་ཡན་ལག་ནི།   རྩ་བའི་ལྟུང་བ་བཅུ་བཞི་བསྲུང་ཞིང་།   རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པ་དང་།   བཟའ་བའི་དམ་ཚིག་གསང་སྟེ་བསྟེན་པ་དང་།   ལམ་བསྐྱེད་རྫོགས་གཉིས་སྒོམ་ཞིང་།   ཉམས་མྱོང་གི་མི་མཐུན་ཕྱོགས་རྣམས་སྤངས།   མཐུན་རྐྱེན་རྣམས་བསྒྲུབ་པ་སྟེ།  དམ་ཚིག་གི་རྣམ་བཞག་རྒྱས་བསྡུས་ཅི་རིགས་པར་བཤད་དོ༎

༤ སྤྱོད་པ་བསྐྱང་བའི་ཡན་ལག

བཞི་བ་སྤྱོད་པ་བསྐྱང་བའི་ཡན་ལག་ནི།   མི་དགེ་བ་བཅུ་སྤངས།  དགེ་བ་བཅུ་ལ་གནས།   ཆོས་ལ་དད་པ་བརྟན་པོས་ལས་འབྲས་ལ་བླང་དོར་ཕྱིན་ཅི་མ་ལོག་པར་སྤྱོད་ཅིང་།   རང་གིས་ཅི་ལྟར་བླངས་བའི་བསླབ་པ་རྣམས་ལ་ནན་ཏན་སྙིང་པོར་བསྒྲུབ།   གང་ཟག་ལ་དད་པས་སངས་རྒྱས་བྱང་སེམས་སོགས་འཕགས་པ་རྣམས་དང་།   སྐྱེས་བུ་དམ་པ་རྣམས་ལ་མོས་གུས་ཀྱི་སྒོ་ནས་སྐྱབས་སུ་འགྲོ།   གསུང་བཞིན་སྒྲུབ།   སྐྱོན་ལ་མི་རྟོག   ཡོན་ཏན་བསམ།    སྐྱབས་ཡུལ་ལོག་པ་ལ་ཡིད་མི་རྟོན།   དལ་འབྱོར་རྙེད་དཀའ།   འཆི་བ་མི་རྟག་པ།   འཁོར་བའི་ཉེས་དམིགས།   ཆོས་ཀྱི་ཕན་ཡོན་བསམ་པ་སོགས་ཐེག་པ་ཐམས་ཅད་ཀྱི་ཐུན་མོང་གི་སྤྱོད་པ་ལེགས་པར་བསྐྱང་།   བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ལ་བརྟེན་ནས།   ཕར་ཕྱིན་དྲུག་དང་།   བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་རང་བསླབ་ཅིང་།   གཞན་ཡང་སློབ་ཏུ་འཇུག   སྤྲོས་བྲལ་སྟོང་པ་ཉིད་ཀྱི་ལྟ་བ་དང་།   བདག་པས་གཞན་གཅེས་ཀྱི་སྤྱོད་པ་ཁྱད་པར་ཅན་ལ་སློབ་པ་ཐེག་ཆེན་ཐམས་ཅད་ཀྱི་སྤྱོད་པ་རྣམས་ཀྱང་སྐྱོང་།   གཞན་ཡང་གོང་དུ་བཤད་པའི་དམ་ཚིག་རྣམས་དང་།   རྫོགས་རིམ་ངེས་དོན་གྱི་སྤྱོད་པ་ལས་བརྩམས་ཏེ་དམ་ཚིག་བཞིའི་སྤྱོད་པ།   རིགས་དྲུག་གི་སྤྱོད་པ།   ཕར་ཕྱིན་བཅུའི་སྤྱོད་པ་ལ་སོགས་པ་གསུངས་ཏེ།   མདོར་ན་ངེས་དོན་གྱི་སྤྱོད་པ་རྣམས་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཅིང་།   དྲང་དོན་གྱི་སྤྱོད་པ་རྣམས་ཀྱང་སེམས་ཅན་གྱི་དོན་དུ་སྦྱོར་བ་ལ་སོགས་པ་ཐབས་ལ་མཁས་པས་བསྒྲུབ་པར་བྱའོ༎   འདི་དག་ཐམས་ཅད་རྒྱས་པ་ནི་བླ་མ་གོང་མ་རྣམས་ཀྱི་འཁྲིད་ཡིག་ཏུ་བལྟ་བར་བྱའོ༎  ༎

མཇུག་བྱང་སྨོན་ཚིགས།

འདིར་སྨྲས་པ།  དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ་ནི་རྣལ་འབྱོར་ཡན་ལག་དྲུག་པ་སྟེ༎   བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་རྡོ་རྗེ་འཛིན་པ་ཀུན་གྱི་གསང་༎   ཟབ་ཅིང་རྒྱ་ཆེ་རྟོགས་པར་དཀའ་བས་བདག་ལྟའི་སྤྱོད་ཡུལ་མ་ཡིན་མོད༎   སྐལ་མཉམ་གཞན་ལ་ཕན་པར་འགྱུར་སྙམ་གནས་འདིར་རྩོལ་ལའང་ཉེས་པ་ཅི༎   དེ་ལྟར་བླ་མ་དམ་པའི་མན་ངག་དང་༎   སྔོན་བྱོན་གྲུབ་པའི་རིང་ལུགས་ལས་བརྩམས་ནས༎   རྡོ་རྗེའི་རྣལ་འབྱོར་ངེས་དོན་ཉམས་ལེན་ཚུལ༎   ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུང་བཞིན་བཤད༎   ཟབ་དོན་ཡིད་བཞིན་ནོར་བུའི་ཕུང་བོ་དག།   མཁས་གྲུབ་གོང་མའི་ཐུགས་མཚོར་སྦས་པ་ལས༎   ཆ་ཙམ་མངོན་དུ་ཕྱུང་ནས་འདིར་སྤེལ་གྱི༎   དེ་ཡི་དགེ་བ་འགྲོ་བའི་དོན་དུ་བསྔོ༎ སྲིད་པའི་གནས་འདིར་ཁྱབ་བདག་རྡོ་རྗེ་སེམས།།  བརྟན་གཡོ་ཀུན་གྱི་མགོན་དུ་བཞུགས་པ་ཡང༌།།  གཟུང་འཛིན་དྲི་མའི་དཔུང་ཚོགས་ཀུན་བཅོམ་སྟེ།།  རང་གནས་རྟག་བདེའི་རྒྱལ་སྲིད་སྤྱོད་པར་ཤོག།

མཛད་བྱང་།

ཅེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བ་འདི་ནི།  ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་བ་ཡབ་སྲས་ཀྱི་ཕྱག་ལེན་ཇི་ལྟ་བ་སྟེ།  གྲུབ་ཐོབ་བརྒྱུད་པ་གོང་མ་རྣམས་ཀྱི་ཡི་གེ་སོ་སོའི་གནད་ཀྱང་ཚང་བར་བྱས་ཤིང༌།  ཚིག་ལམ་མཛེས་འཁྲིགས་སྤངས་ཏེ།  ཐ་མལ་བའི་སྐད་ཀྱིས་ཤིན་ཏུ་གོ་བདེ་བར་བརྗོད་པ་ཡིན་ལ།  དེ་ཡང་གོང་མ་རྣམས་ཀྱི་འཁྲིད་ཡིག་སོ་སོ་དག  དོན་བཟང་ལ་ཚིག་ལེགས་པས།  མཁས་པའི་འཇུག་ངོགས་བླ་ན་མེད་པ་ཡིན་ཀྱང༌།  མན་ངག་ཕྱག་བཞེས་མང་པོ་ཞིག་གབ་པར་མཛད་ཅིང༌།  ཚིག་དོན་རྒྱ་ཆེ་བས་ཕལ་ཆེར་གྱིས་རྟོགས་པར་དཀའ་བས་ན།  ལམ་ཟབ་མོ་ལ་མི་འཇུག་པ་དག་མཐོང་བས།  ཆོས་རྗེ་ཀུན་སྤངས་ཆེན་པོ་དང༌།  ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་འཁྲིད་ཡིག་གི་ཞབས་ཐོག་ཏུ་དམིགས་ནས་སྨྲས་པའོ།།   དེ་ཡང་སྔ་ཕྱིར་དོན་གཉེར་དུ་མས་ཀྱང་བསྐུལ་བ་དང༌།  ཁྱད་པར་མདོ་སྨད་པ་བསྭེ་དབོན་ཡོན་ཏན་ལྷུན་གྲུབ་ལ་སོགས་པས་འཕྲལ་དུ་བསྐུལ་བ་དང༌།  གཞན་དུ་མ་ལ་ཡང་ཕན་པར་མཐོང་ནས།  རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་པ་ལ་ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་མོ་ནང་དུ་སྤྱར་བའོ།།  མངྒ་ལམ།།  དགེའོ༎