ཚིག་དོན་རིན་པོ་ཆེའི་མཛོད།

 །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང༌། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །བཞི་པ་རིགས་ལྔ་ནི། སྔར་འདས་པའི་སངས་རྒྱས་ཀྱང་རིག་པ་ཉིད་གཟིགས་པས་སངས་རྒྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སར་གཤེགས་པས་དེ་བཞིན་གཤེགས་པའི་རིགས་སོ། །རིག་པ་ཉིད་འགྲོ་བ་གང་དུ་སྐྱེས་པའི་དུས་ནའང་འཕོ་གྱུར་མེད་པས་རྡོ་རྗེའི་རིགས་སོ། །རིག་པ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་རིན་པོ་ཆེའི་རིགས་སོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སོ། །རིག་པ་ལ་ཕྲིན་ལས་ལྷུན་གྲུབ་ཏུ་ཡོད་པས་ལས་ཀྱི་རིགས་སོ། །དེ་ལྟར་རིགས་ལྔར་ཡེ་ནས་ཡོད་པས་ད་ལྟ་དབང་པོ་ལྔ་མཚོན་བྱེད་དུ་ཤར་བ་སྟེ། རྡོ་རྗེ་མེ་ལོང་ལས། མིག་ནི་རྡོ་རྗེའི་རིགས་སུ་བཤད། །རྣ་བ་དོན་ཡོད་ལས་ཀྱི་རིགས། །སྣ་ནི་པདྨའི་རིགས་ཆེན་པོ། །དེ་བཞིན་ལྕེ་ནི་རིན་ཆེན་རིགས། །ལུས་ནི་བདེ་གཤེགས་རིགས་སུ་བཤད། །ཅེས་སོ། །ལྔ་པ་རླུང་ལྔ་ནི། ཡུལ་ཉེ་བར་སྤྱོད་པ་འདོད་ཡོན་ལྔར་སྦྱར་བ་སྟེ། རྒྱས་པར་སྔར་བསྟན་ལ་ཅུང་ཟད་བཤད་ན་རིག་པ་ཡེ་ཤེས་ཀྱི་དྲོད་འབེབས་པའི་ཕྱིར་མེ་དང་མཉམ་པའི་རླུང་ཞེས་བྱའོ། །འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་ངོ༌། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པས་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ངོ༌། །ཡང་དག་པའི་སར་སྐྱེལ་བས་སྐྱོད་བྱེད་ཀྱི་རླུང་ངོ༌། །འཁོར་བ་མྱང་འདས་སུ་སྒྲོལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ༌། །དེ་སྐད་དུའང་རང་ཤར་ལས། དེ་ལྟར་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་དང༌། ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན་སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན་བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན་མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ་ཞེས་སོ། །དྲག་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ་ནི། །དེ་དག་གི་དོན་གཞི་གནས་ཀྱི་ཡེ་ཤེས་སྐུ་གསུམ་དུ་བསྡུ་བ་སྟེ། ངོ་བོ་ལྔ་ནི་འཆར་གཞི་ལྔའི་སྐུ་དང་སྦྱོར་ལ། རང་བཞིན་ལྔ་ནི་འོད་ལྔའི་སྣང་བ་དང་སྦྱོར་ཞིང་ཐུགས་རྗེ་ལྔ་ནི་ཡེ་ཤེས་ལྔ་དང་སྦྱོར་བས་སངས་རྒྱས་ཀྱི་སར་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། མཛད་པ་སྣ་ཚོགས་ཀྱི་ཐུགས་རྗེ། གདུལ་བྱ་མི་འགྱུར་གྱི་ཐུགས་རྗེ་དང་ལྔར་འཆར་བ་ནི་ད་ལྟ་རིག་པའི་ཡེ་ཤེས་ལ་འཆར་གཞིའི་ཆ་ལྷུན་གྲུབ་ཏུ་ཡོད་པའི་ཆ་ལས་བྱུང་བའོ། །རིག་པ་ཉིད་ཡེ་ཤེས་རབ་ལྔ་ཡང་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཏུ་གནས་པས་སྣང་བ་དང་ཤེས་པའི་ཐ་དད་དུ་འབྱེད། སྡུད་པའི་ཤེས་རབ་ཏུ་ཡོད་པས་ཐམས་ཅད་རང་ལ་རྫོགས། སྣང་ཤེས་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ་ཏུ་བྱུང༌། ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རིག་པ་མཁའ་ལ་བསྐྱོད་པས་སྐྱོད་པར་བྱེད་པའི་ཤེས་རབ་ཏུ་གནས། འཁོར་འདས་གཉིས་ཀའི་སྲོག་ཆོས་ཉིད་ཀྱིས་གཅོད་པས་སྒྲོལ་བར་བྱེད་པའི་ཤེས་རབ་ཏུ་བྱུང་བའོ། །དེ་ཡང་རིག་པ་ཉིད་སྐུ་དང་འོད་དང་ཡེ་ཤེས་དང་སུམ་བརྩེགས་སུ་གནས་ཏེ། ངོ་བོ་སྐུར་གནས་པས་ཤེས་བྱ་རང་གསལ་དུ་འཆར། རང་བཞིན་འོད་དུ་གནས་པས་འོད་གསལ་ཀློང་དུ་རྒྱས། ཐུགས་རྗེ་ཡེ་ཤེས་སུ་གནས་པར་མཛད་པ་ཕྱོགས་མེད་དུ་འཆར་བའོ། །ད་ལྟ་རྣལ་འབྱོར་པ་ཞིག་ལ་བརྩི་ན་མཉམ་གཞག་གི་དུས་སུ་ཆོས་སྐུ། མཉམ་རྗེས་གང་དུའང་མ་ཕྱེད་པའི་དུས་ན་ལོངས་སྐུ། རྗེས་ལ་སྤྲུལ་སྐུ་སྟེ། རང་ཤར་ལས། རིག་པ་རྟོག་མེད་གནས་པ་ཆོས་ཀྱི་སྐུ། །རིག་པ་འགག་མེད་གསལ་བ་ལོངས་སྤྱོད་རྫོགས། །རིག་པ་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་གསུམ་ལ་དཀོན་མཆོག་གསུམ་ཡེ་ནས་རང་ཚང་གི་བདག་ཉིད་དུ་གནས་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་དང༌། མུ་ཏིག་ཕྲེང་བ་ལས། རྟོག་བཅས་འཁྲུལ་པའི་ལུས་འདི་ལ། །དྲི་མེད་དག་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་ཚུལ་དུ་གནས། །ཞེས་སོ། །ཇི་ལྟར་གནས་ལུགས་རྒྱས་པར་དག་པ་དང་སྦྱར་ཏེ་བཤད་ན། རང་ཤར་ལས། དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྟོན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོང་སྐུ་སྤྲུལ་སྐུ་དང༌། །འདུལ་བ་མདོ་སྡེ་མངོན་པ་དང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཞེས་པ་དང༌། འདས་པ་དཀར་བའི་ཆོས་རྣམས་ནི། །ལུས་དང་སེམས་ཅན་ཐམས་ཅད་རྫོགས། །ཞེས་དང༌། དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་བས་རྙེད་པའི་གནས་མེད་དོ། །ཞེས་སོ། །ཆ་མཐུན་གྱི་དག་པ་དང་སྦྱར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་དང་སེམས་ལ་ཚང་བར་གསུངས་ཏེ། དེ་ཉིད་ལས། ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་དང་ནི་ཉི་ཟླ་དང༌། །སྐྱེས་པ་དང་ནི་བུད་མེད་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང༌། །རྩ་བ་སྡོང་བུ་ཡལ་ག་དང༌། །འདབ་མ་མེ་ཏོག་འབྲས་བུ་དང༌། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕན་གདུགས་དང༌། །རྒྱལ་མཚན་དང་ནི་བླ་བྲེ་ཡང༌། །དེ་དག་འཁོར་དེ་སྣང་བའི་ཆོས། །རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང༌། །ས་ནི་ཤ་སྟེ་དངོས་པོ་ཉིད། །ཆུ་ནི་ཁྲག་སྟེ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་མདངས་འཛིན། །ཉི་ཟླ་མིག་སྟེ་གསལ་བར་བྱེད། །སྐྱེས་པ་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཆི་བར་སྣང༌། །གཟའ་ནི་ཁ་ལ་སྐར་མ་སོ། །སྤྲིན་ནི་སྐྲ་ལ་ཤིང་ནི་རྩ། །རི་ནི་ལུས་ལ་བྲག་ནི་རུས། །རྩ་བ་སྙིང་ལ་སྡོང་པོ་རྐང༌། །ཡལ་ག་དག་ནི་ཡན་ལག་ལ། །མེ་ཏོག་ཉིད་ནི་དབང་པོ་ལྔ། །འབྲས་བུ་ལུས་སུ་གྲུབ་པའོ། །དྲི་ནི་བ་སྤུ་རོ་ནི་པགས། །སྒྲ་ནི་སྐད་ལ་རེག་ནི་ནང༌། །རོལ་མོ་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་རྐང་པ་རྒྱལ་མཚན་མིང༌། །བླ་བྲེ་དག་ནི་རླངས་པའོ། །རྣལ་འབྱོར་ལུས་ལ་དེ་དག་རྫོགས། །རིག་པ་ཉིད་ལ་འདི་ལྟ་སྟེ། །འབྱུང་བ་ལྔ་ནི་འོད་ལྔ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །གཟའ་ནི་རྟགས་ཚད་སྐར་མ་ཆོས། །སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཐུགས་རྗེ་རྒྱས་པའི་ལམ། །རི་ནི་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཇིག་བྲལ། །རྩ་བ་ཆོས་ཀུན་རྒྱུ་གཅིག་ལ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །འབྲས་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲག །རོ་ནི་ཉམས་མྱོང་བདེ་བའི་རོ། །རིག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་གསལ་བའི་མདངས། །གདུགས་ནི་སྐྱོབ་པ་ཤེས་རབ་གདངས། །བླ་རེ་མན་ངག་ཆེ་བའི་གནད། །རྒྱལ་མཚན་རྟོགས་པས་མངོན་སངས་རྒྱས། །སེམས་ཉིད་ངོ་ལ་ཆོས་རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་གནས། །དེ་ཕྱིར་བློ་དང་དངོས་པོ་ཡི། །ཆོས་ནི་ཐམས་ཅད་བཏགས་པ་ཙམ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་མ་ཚང་ན་ཉེར་ལེན་ལུས་སེམས་ལ་མི་ཚང༌། དེ་ལ་མ་ཚང་ན་སེམས་ལ་སྣང་བའི་ཕྱི་ཡུལ་ལ་མི་ཚང་སྟེ། མོ་གཤམ་ལ་བུ་མེད་པས་བཞིན་མེད་ལ། བཞིན་མེད་པས་མེ་ལོང་དུ་མི་སྣང་བ་བཞིན་ནོ། །སྣང་བ་ལ་སྣང་བ་ལུས་སེམས་ལ་ཚང་བ་ལས་བྱུང་ལ་དེ་རིག་པ་ལ་ཚང་བ་བྱུང་སྟེ། ལྷ་སྦྱིན་ལ་མགོ་ཡོད་པས་བཞིན་ཡོད་ལ་དེ་ཡོད་པས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །དེ་དག་ཀྱང་ཀུན་བྱེད་ལས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཉིད། །ཇི་ལྟར་ཤར་བ་ང་ཡི་ངོ་བོ་ཡིན། །ང་ལས་མ་གཏོགས་པ་ཡི་ཆོས་རྣམས་ནི། །སྣང་ཞིང་སྲིད་པས་བསྡུས་པ་འདི་ན་མེད། །ཅེས་པ་དང༌། ནོར་བུ་འཕྲ་བཀོད་ལས། དཔེར་ན་བཞིན་དང་མེ་ལོང་བཞིན། །གང་སྣང་དེ་ལ་དེ་ལྟར་སྣང༌། །ཞེས་པ་དང༌། སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །ཞེས་གསུངས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་བསྟན་པ་སྟེ་རྡོ་རྗེའི་གནས་གསུམ་པ་རྒྱ་ཆེར་བཤད་པའོ།། །།དེ་ནས་རིག་པའི་ཡེ་ཤེས་ཀྱི་བཞུགས་གནས་གཏན་ལ་དབབ་པ་ལ་གཉིས་ཏེ། བཞུགས་གནས་དངོས་སྤྱིར་བསྟན་པ་དང༌། གསང་མཆོག་རྒྱལ་པོའི་གནད་ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་གནས་ས། གནས་ལུགས། མཚོན་དཔེ་དང་གསུམ་ལས། དང་པོ་ནི་རིག་པ་ཡེ་ཤེས་ཀྱི་གནས་དངོས་ནི་སྙིང་ག་རིན་པོ་ཆེ་དཔལ་གྱི་བེའུ་གནས་ལ། དེའི་གདངས་ནི་དུང་ཁང་བྷནྡྷ་འབར་བའི་གཞལ་ཡས་དང༌། འགྱུ་བྱེད་རྩའི་གཞལ་ཡས་ན་གནས་ཏེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་སུ། །རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་དང་ཤེས་པའི་རྩལ་ཡང་ལྔ། །ཐམས་ཅད་ལྔ་ལྔའི་རང་བཞིན་ནོ། །ཞེས་པ་དང༌། སྤྱི་དང་ཙིཏྟ་རྩ་ནང་ན། །མ་བཅོས་དག་པའི་ཆོས་ཉིད་གནས། །ཞེས་པ་དང༌། ནོར་བུ་འཕྲ་བཀོད་ལས། །རིན་ཆེན་ཟུར་བརྒྱད་གཞལ་ཡས་དང༌། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང༌། །དུང་ཁང་བྷནྡྷའི་གཞལ་ཡས་དང༌། །ལྟ་བྱེད་མིག་གི་གཞལ་ཡས་དང༌། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་པ་དང༌། རང་ཤར་ལས། །སེམས་ཅན་ཀུན་ལ་རང་རིག་ནི། །སྙིང་གི་དཀྱིལ་འཁོར་ན་གནས་པའོ། །ཞེས་དང༌། སེང་གེ་རྩལ་རྫོགས་ལས། ཨེ་མའོ་རིག་པའི་ཡེ་ཤེས་ཉིད། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འགྱུར་བ་མེད་པའི་ཚུལ་དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཙིཏྟ་རིན་ཆེན་གཞལ་ཡས་དང༌། །རིན་ཆེན་རྩ་ཡི་གཞལ་ཡས་དང༌། །རྣམ་དག་དུང་ཁང་གཞལ་ཡས་དང༌། །བྲི་གུ་ཏ་ཡི་གཞལ་ཡས་སོ། །གཞས་ཡས་ཆེན་པོ་དེ་རྣམས་ན། །རིག་པའི་ངོ་བོ་རྩལ་ལྟར་གནས། །དེ་ཡང་བཤད་པ་འདི་ལྟ་སྟེ། །ལ་ལ་དག་ན་སྐུ་རུ་གནས། །ལ་ལ་དག་ན་ཐིག་ལེ་སྟེ། །གཅིག་ན་འོད་ཟེར་ཚུལ་དུ་གནས། །ཀུན་ན་ལུ་གུ་རྒྱུད་དུ་གནས། །དེས་ནི་གནས་པའི་མདོ་ཉིད་བསྟན། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི། །ཐུགས་ཀྱི་དཀྱིལ་ན་མ་བསྐྱེད་རྫོགས། །འགྱུར་བ་མེད་པའི་སྐུ་གཅིག་ནི། །ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས། །ཡོངས་ལ་ཁྱབ་པའི་སེམས་གཅིག་པུ། །རང་བཞིན་གཉུག་མ་རང་ལ་གནས། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །རྒྱུན་ནི་འཆད་པ་མེད་པར་གནས། །ལུ་གུ་རྒྱུད་ནི་གྲངས་མང་བས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཡོད་པ་གཅིག་ལས་མེད་པ་ལ། །སྣང་བ་ཐམས་ཅད་ཡོངས་ལ་སྣང༌། །ཞེས་པ་དང༌། ངོ་སྤྲོད་སྤྲས་པ་ལས། དོན་ནི་རང་གི་ལུས་དཀྱིལ་ན། །སྙིང་ནང་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། །འོད་བཟང་འབར་བ་དཔལ་བེའུ། །ཞེས་སོ། །གཉིས་པ་གནས་ལུགས་ལ་གསུམ། ངོ་བོ་སྐུར་གནས། རང་བཞིན་འོད་ཀྱི་ཐིག་ལེར་གནས། །ཐུགས་རྗེ་ཡེ་ཤེས་སྒྲོན་མར་གནས་སོ། །དང་པོ་ནི་སྙིང་ག་ན་ཞི་བའི་སྐུ་དང་དེའི་གདངས་ཀྱི་རྩལ་ལས་དུང་ཁང་ན་ཁྲོ་བོའི་སྐུར་གནས་ཏེ། ནོར་བུ་འཕྲ་བཀོད་ལས། །ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་པ་དང༌། ཐལ་འགྱུར་ལས། སེམས་ཅན་ཀུན་གྱི་ལུས་སྤྱི་ལ། །ཆོས་ཉིད་རླུང་གི་ཚུལ་གྱིས་ཁྱབ། །ཕྲ་དང་ཡང་དང་འགྱུ་དང་འབྱེད། །ཙིཏྟའི་གནས་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔས། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཞེས་པ་དང༌། རྩལ་རྫོགས་ལས། ཀུན་གཞི་ཆོས་འབྱུང་ཆེན་པོའི་མཛོད། །རིག་པའི་ཡེ་ཤེས་གོང་བུར་གནས། །སྣང་བ་འཛིན་མེད་ཡུལ་གྱི་མཛོད། །རིག་པའི་ཡེ་ཤེས་དབྱིངས་སུ་གནས། །གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །སྲོག་འདུས་རིན་ཆེན་ཟུར་བཞིའི་མཛོད། །རིག་པའི་ཡེ་ཤེས་ཐིག་ལེར་གནས། །དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །འགག་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །སྟོང་པ་མཚན་བྲལ་ནམ་མཁའི་མཛོད། །རིག་པའི་ཡེ་ཤེས་འོད་དུ་གནས། །དེ་ནི་གསང་བའི་མཛོད་དུ་བསྟན། །ཞེས་སོ། །གཉིས་པ་རང་བཞིན་འོད་ཀྱི་ཐིག་ལེར་གནས་པ་ནི། ནོར་བུ་འཕྲ་བཀོད་ལས། ཐིག་ལེའི་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། །ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུ་གཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེ་ཡང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དང་གནས་པའོ། །ཞེས་སོ། །གསུམ་པ་ཐུགས་རྗེ་སྒྲོན་མར་གསལ་བ་ནི། །རང་ཤར་ལས། དེ་ཡང་སྒྲོན་མ་རྣམ་པ་བཞི། །འགག་པ་མེད་པའི་ཚུལ་གྱི་གནས། །ཞེས་སོ། །གསུམ་པ་མཚོན་དཔེ་ནི། ངོ་བོ་སྐུར་གནས་པ་བུམ་པའི་སྐུ་ལྟ་བུ། རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེ་འོད་ཟེར་དུ་གནས་པ་ཉི་མའི་འོད་ཟེར་ལྟ་བུ་སྟེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོར་སོར་གསལ། །ཞེས་སོ །རང་བཞིན་གྱི་འོད་ཀྱི་དཔེ་ནི། རྩལ་རྫོགས་ལས། ནང་གསལ་བུམ་པའི་མར་མེ་བཞིན། །ཞེས་པ་དང༌། ཐུགས་རྗེ་དཔེ་ཡང་དེ་ལས། སྒྲོན་མའི་འོད་ཟེར་ཉི་མའི་དཀྱིལ་འཁོར་འདྲ། །སྒྲོན་མའི་འོད་ཟེར་སྟོང་ལ་ཐུག་པ་མེད། །ཅེས་དང༌། བི་མ་ལའི་ཞལ་སྔ་ནས། སྐུ་ནི་ནང་གསལ་བུམ་སྐུ་ལྟར།