ཇོ་ནང་ལོ་ཙཱ་བློ་གྲོས་དཔལ།
༄༅། །ཨོཾ་སྭཱ་སྟི། ལེགས་པར་གསུངས་པའི་གསུང་རབ་དམ་པའི་ཆོས། །ཞིབ་ཏུ་མྱ་ངན་འདས་ ན་ཁྱད་པར་འཕགས། །ཉམས་སུ་བླངས་པའི་འབྲས་བུ་ངོ་མཚར་ཅན། །མཚུངས་མེད་སྟོན་པའི་ཞབས་ལ་སྐྱབས་སུ་མཆི། །མང་ཐོས་བློ་མིག་སྦྱངས་པའི་ལོ་ཙྪ་བ། །སེམས་ཀྱི་དོན་མཐོང་ཆོས་ཀྱི་རི་མོ་འབྲི། །བདེན་གཉིས་ཟབ་མོའི་གཟུགས་ལ་སྲེད་ལྡན་ན། །དད་པའི་མེ་ལོང་བཟུང་ལ་ལེགས་པར་གཟིགས། །
ཆོས་ཀུན་རྨི་ལམ་སྒྱུ་མ་བྲག་ཆ་དང༌། །མིག་ཡོར་གྲིབ་མ་ཆུ་ཟླ་གཟུགས་བརྙན་ དང༌། །ཆུ་བུར་གློག་དང་འཇའ་ཚོན་མིག་འཕྲུལ་དང༌། །དྲི་ཟའི་གྲོང་ཁྱེར་འདྲ་ཞེས་རྒྱལ་བས་གསུངས། །ཀུན་རྫོབ་སྣང་བ་དེ་དང་དེ་འདྲ་བར། །མ་བརྟགས་ཉམས་དགའ་བརྟགས་ནས་ཡིད་ འབྱུང་ཅན། །བསླུ་བའི་ཆོས་ལས་བདེན་པར་སུ་ཞིག་ལྟ། །ཆུ་ཤིང་ལྟ་བུའི་སྙིང་པོ་སྟོང་ཉིད་བསྒོམ། །དོན་དམ་སྣང་བ་དེ་དང་དེ་ལྟ་བུའི། །རྣམ་པར་འཆར་ཡང་གཞོམ་མེད་རྡོ་རྗེའི་སྐུ། །བདེན་པའི་ཆོས་ལ་བརྫུན་པར་སུ་ཞིག་ལྟ། །སྣང་བ་རབ་འབྱམས་འོད་གསལ་སྟོང་ཉིད་བསྒོམ། །ཞེས་པ་ སྤྱིར་བསྟན་གྱི་སྐབས་ཏེ་དང་པོའོ། ། དེ་ལྟ་མོད་ཀྱི་ཐོག་མར་ཀུན་རྫོབ་ཀྱི། །སྣང་བ་ལམ་དུ་ཁྱེར་ཚུལ་གསལ་བའི་གཏམ། །གུས་ལྡན་སློབ་མ་དོན་དུ་གཉེར་བ་ལ། །མདོ་ལས་བྱུང་བའི་དཔེ་བཞིན་བསྙད་པར་བགྱི། །ཉམས་སུ་མྱོང་ཡང་བདེན་པར་མ་གྲུབ་ཅིང༌། །བག་ཆགས་འཁྲུལ་པའི་རྒྱུ་ལས་བྱུང་བའི་སླད། །ཀུན་རྫོབ་ལས་སྣང་རྨི་ལམ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །དགྲ་གཉེན་ལ་སོགས་དུ་མར་སྣང་གྱུར་ཀྱང༌། །རྟེན་འབྲེལ་ཚོགས་པས་བསླུ་བར་འགྱུར་བའི་སླད། ། ཀུན་རྫོབ་ལས་སྣང་སྒྱུ་མ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། ། བརྗོད་པའི་སྒྲ་ཙམ་དོན་དུ་མ་ཐུབ་ཀྱང༌། །ཚིག་འབྲུ་རྣམས་ཀྱིས་བྱིས་པ་འབྲིད་པའི་སླད། །ཀུན་རྫོབ་ལས་སྣང་བྲག་ཆ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། ། གཟུགས་ཀྱི་རྣམ་པ་སྣ་ཚོགས་སྣང་གྱུར་ཀྱང༌། །འཁྲུལ་བའི་ཡུལ་ལ་བདེན་པར་བཟུང་བའི་སླད། ། ཀུན་རྫོབ་ལས་སྣང་མིག་ཡོར་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །བདེན་མེད་འཁྲུལ་སྣང་ཉིད་ལས་མ་འདས་ཀྱང༌། །རེ་ཞིག་རྣམ་སྨིན་ཕྱི་བཞིན་འབྲང་བའི་སླད། །ཀུན་རྫོབ་ལས་སྣང་གྲིབ་མ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་ བསྒོམ། །རྐྱེན་གྱི་དབང་གིས་དུ་མར་སྣང་གྱུར་ཀྱང༌། །ངོ་བོ་རང་སེམས་གཅིག་ལས་བྱུང་བའི་སླད། ། ཀུན་རྫོབ་ལས་སྣང་ཆུ་ཟླ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། ། བག་ཆགས་ཀུན་གཞི་གཅིག་ལས་བསགས་གྱུར་ཀྱང༌། །དགེ་སྡིག་འབྲས་བུ་སོ་སོར་འཆར་བའི་སླད། །ཀུན་རྫོབ་ལས་སྣང་གཟུགས་བརྙན་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །གཉེན་དང་ལོངས་སྤྱོད་མང་དུ་ཚོགས་གྱུར་ཀྱང༌། །རྐྱེན་མེད་འཇིགས་ཅིང་བྲོ་བ་ཆུང་བའི་སླད། །ཀུན་རྫོབ་ལས་སྣང་ཆུ་བུར་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །དར་བའི་ཕུན་ཚོགས་ཡུད་ཙམ་གསལ་གྱུར་ཀྱང། །འཕྲལ་དུ་རྒུད་པའི་མུན་པས་འགེབས་པའི་སླད། །ཀུན་རྫོབ་ལས་སྣང་གློག་དང་འདྲ་བར་གསུངས། །དཔྱད་ན་བདེན་མེད་ སྟོང་པའི་གནས་ལུགས་བསྒོམ། །འདུས་བྱས་ཆོས་ཀུན་བརྟན་པར་མི་གནས་ཀྱང༌། །འདོད་ཡོན་རྣམ་ལྔའི་གསལ་སྣང་འཆར་བའི་སླད། །ཀུན་རྫོབ་ལས་སྣང་འཇའ་ཚོན་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །གང་ཟག་གཅིག་གིས་བསགས་པའི་ལས་ཀྱིས་ཀྱང༌། །མཐོ་དམན་བདེ་སྡུག་སྣ་ཚོགས་རྣམ་འཕྲུལ་སླད། །ཀུན་རྫོབ་ལས་སྣང་མིག་འཕྲུལ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །རྟེན་ཅིང་འབྲེལ་འབྱུང་ངོ་བོ་མ་མཆིས་ཀྱང༌། །སྣང་བ་སྣ་ཚོགས་འགག་མེད་འཆར་བའི་སླད། །ལས་སྣང་དྲི་ཟའི་གྲོང་ཁྱེར་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་བའི་གནས་ལུགས་བསྒོམ། །དེ་ལྟར་བརྟགས་ནས་བདེན་པར་མ་གྲུབ་ཅིང༌། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་བསླུ་མེད་སླད། །སྒོ་གསུམ་ལས་འབྲས་ཁྱད་དུ་མ་གསོད་པར། །སྤྱོད་པ་བག་ཡོད་མཛད་ཅིང་ཤེས་ལྡན་དག །རྟེན་འབྲེལ་སྟོང་པར་རྟོགས་པའི་ལྟ་བ་ཅན། །གང་བྱུང་རྐྱེན་ལ་སྤྱོད་པའི་རྒྱས་འདེབས་བསྒོམ། །སྣང་བ་སྒྱུ་མར་ཤེས་པའི་རྣལ་འབྱོར་བའི། །ལམ་གྱི་ཁྱེར་སོ་ལགས་སོ་ཤེས་ལྡན་དག །འཇིགས་ཚོགས་སྟོང་པར་རྟོགས་པའི་ལྟ་བ་ ཡིས། །ལྟ་ལོགས་ཐམས་ཅད་རྩད་ནས་འབྱིན་པར་གསུངས། །ལས་འབྲས་བསླུ་མེད་ཡང་དག་ལྟ་བས་ཀྱང༌། །ངན་འགྲོ་འགོག་ཅིང་མཐོ་རིས་ཐོབ་པར་བཞེད། །ཤེས་པ་ཀུན་རྫོབ་སྐབས་ཏེ་གཉིས་པའོ། ། དེ་ནས་སླར་ཡང་དོན་དམ་འོད་གསལ་གྱི། །སྣང་བ་ལམ་དུ་ཁྱེར་ཚུལ་ཟབ་མོའི་གཏམ། །སྔར་གྱི་དཔེ་དང་སྦྱར་ཏེ་བསྙད་པར་བྱ། །ཡང་དག་བསྒྲུབ་བརྩོན་དགྱེས་པ་འཕེལ་བར་མཛོད། །རང་གི་སོ་སོར་རིག་ཀྱང་གཞན་དུ་མེད། །རྣལ་འབྱོར་གོམས་པའི་སྟོབས་ལས་འཆར་བའི་ཕྱིར། །དོན་ དམ་འོད་གསལ་རྨི་ལམ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། ། ཆོས་ཀྱི་དབྱིངས་ཀྱི་རྣམ་འཕྲུལ་མཐའ་ཡས་པ། །སྒོམས་པའི་ཉམས་ལ་ཅི་ཡང་འཆར་བའི་ཕྱིར། ། དོན་དམ་འོད་གསལ་མིག་ཡོར་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །གཞོམ་དུ་མེད་པའི་རང་སྒྲ་མི་ཟད་དབྱངས། །གཞན་གྱི་བརྗོད་མིན་དུ་མ་ཐོས་པའི་ཕྱིར། ། དོན་དམ་འོད་གསལ་སྒྲ་བརྙན་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །སྣ་ཚོགས་གཟུགས་ཀྱི་རྣམ་པར་ཆོས་ཀྱི་སྐུ། །གཉིས་མེད་རོ་མཉམ་དུ་མར་སྣང་བའི་ཕྱིར། །དོན་དམ་འོད་གསལ་མིག་ཡོར་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །རང་གི་སེམས་ཀྱི་རྣམ་པ་སྟོང་པ་ཉིད། །རང་འདྲ་ཤེས་རབ་གཟུགས་སུ་འཆར་བའི་ཕྱིར། །དོན་དམ་འོད་གསལ་གྲིབ་མ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །རྣམ་རྟོག་རྙོག་མེད་དྭངས་པའི་སེམས་ཉིད་ལ། །བདེ་བ་ཆེན་པོའི་གཟུགས་བརྙན་གསལ་བའི་ཕྱིར། །དོན་དམ་འོད་གསལ་ཆུ་བུར་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །གཟུགས་རྣམས་འཕོས་པ་མེད་ཀྱང་མེ་ལོང་ལ། །ཇི་ལྟར་སྣང་བ་བཞིན་དུ་མཐོང་བའི་ཕྱིར། །དོན་དམ་འོད་གསལ་གཟུགས་བརྙན་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །ཆུ་བོ་དུ་མ་ཆུ་རུ་འདུས་པ་ལྟར། །རྣམ་ཀུན་མཆོག་ལྡན་དབྱིངས་ སུ་འདུ་བའི་ཕྱིར། །དོན་དམ་འོད་གསལ་ཆུ་བོ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །རོ་རྐྱང་གཉིས་ཀྱི་རྒྱུ་བ་འགགས་པ་ལས། །གཏུམ་མོའི་འོད་ཟེར་འཕྲེང་བ་ འབར་བའི་ཕྱིར། །དོན་དམ་འོད་གསལ་གློག་དང་མཚུངས་པར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་ པོའི་གནས་ལུགས་བསྒོམ། །འབྱུང་ལྔ་རླུང་ལྔའི་ཐིག་ལེར་ཐིམ་པ་ལས། །འོད་ལྔའི་ཁ་དོག་དུ་མ་འཆར་བའི་ཕྱིར། །དོན་དམ་འོད་གསལ་འཇའ་ཚོན་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །སྤྲོ་དང་བསྡུ་དང་རྣམ་པར་འགྱུར་བ་སོགས། །རྨད་བྱུང་ངོ་མཚར་དུ་མ་ སྟོན་པའི་ཕྱིར། །དོན་དམ་འོད་གསལ་མིག་འཕྲུལ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །རྩོལ་མེད་ལྟ་བུའི་རྣལ་འབྱོར་བསྒོམ་པ་ལས། །ནམ་མཁའི་དབྱིངས་སུ་ཅི་ ཡང་འཆར་བའི་ཕྱིར། །འོད་གསལ་དྲི་ཟའི་གྲོང་ཁྱེར་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །དེ་ལྟར་དཔེ་གཞན་དུ་མས་བསྟན་གྱུར་ཀྱང༌། །ངོ་བོ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱིས་རྟོགས་མིན་མཁྱེན་བརྩེ་ནུས་པ་ཅན། །རང་རིག་རང་གིས་སྒོམས་ཤིག་ཤེས་ལྡན་དག །མུ་བཞི་སྤྲོས་བྲལ་རྟོགས་པའི་ལྟ་བ་ཅན། །བདེ་སྟོང་ཟུང་འཇུག་ཕུན་ཚོགས་རྒྱས་འདེབས་བསྒོམ། །སྟོང་གཟུགས་འབྲལ་བ་མེད་པའི་རྣལ་འབྱོར་བའི། །ལམ་གྱི་ཁྱེར་ སོ་ལགས་སོ་ཤེས་ལྡན་དག །དབུ་མའི་མཐར་ཐུག་རྟོགས་པའི་ལྟ་སྒོམ་གྱིས། །གྲུབ་མཐའ་འོག་མ་ ཐམས་ཅད་ཟིལ་གྱིས་གནོན། །འཁོར་ལོ་དྲུག་ཏུ་འགྱུར་མེད་རྫོགས་པ་ལས། །མཆོག་གི་དངོས་གྲུབ་ཐོབ་པར་རྒྱལ་བས་བཞེད། །ཅེས་པ་དོན་དམ་གྱི་སྐབས་ཏེ་གསུམ་པའོ། ། ཐུབ་པས་མདོ་དང་རྒྱུད་སྡེ་དུ་མ་ལས། །རྨི་ལམ་སྒྱུ་མ་ལ་སོགས་བཅུ་གཉིས་དཔེས། །བདེན་པ་གཉིས་ཀྱི་གནས་ལུགས་ཡང་ཡང་གསུངས། །དེ་ཡི་དགོངས་པ་གསལ་བར་བགྱིས་པ་ལགས། ། ཀུན་རྫོབ་ཆོས་རྣམས་བརྫུན་པའི་དཔེ་དང་མཐུན། །དེ་སླད་ཆོས་ཀུན་རྨི་ལམ་སྒྱུ་མ་སོགས། །ཐུན་མོང་དཔེ་ཡིས་གསལ་བར་མཛད་པ་ལགས། །ཐམས་ཅད་བརྫུན་པའི་དཔེ་དང་མཐུན་ན་ནི། ། མྱང་འདས་བདེན་གཅིག་པུ་ཡང་བརྫུན་པར་འགྱུར། །དེ་ལྟ་ན་ནི་ལམ་ལ་འབད་པ་ཡི། །འབྲས་བུ་གང་ཞིག་ལགས་པ་འང་གསུང་འཚལ་ལོ། །ཀུན་རྫོབ་སྣང་བ་ཉིད་ཕྱིར་གཏན་མེད་མིན། །དཔྱད་ན་མ་གྲུབ་ཉིད་ཕྱིར་ཡོད་པ་འང་མིན། །དེ་ཕྱིར་རྒྱལ་བས་མཐར་ལྟ་སུན་ཕྱུང་ནས། །མཐའ་བྲལ་དབུ་མའི་གནས་ལུགས་བཞེད་པའང་ལགས། །དོན་དམ་ཕྲ་རབ་འདུས་པར་ཡོད་མིན་ཞིང༌། །རང་རིག་རྣམ་པ་དུ་མར་མེད་པའང་མིན། །དེ་ཕྱིར་རྒྱལ་བས་མཐའ་བྲལ་ཞལ་བཞེས་ནས། །ཟུང་འཇུག་དབུ་མའི་གནས་ལུགས་བཞེད་པ་ལགས། །དེ་ལྟར་བདེན་གཉིས་གནས་ལུགས་བསྒོམ་པའི་ཚུལ། ། སེམས་ཀྱི་ཁྱེར་སོ་ཐ་དད་གསལ་བའི་དཔེ། །རྣམ་པར་ཕྱེ་བའི་དགེ་བས་འགྲོ་བ་ཀུན། །ཆོས་ཀྱི་ རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྡུ་བའི་སྐབས་ཏེ་བཞི་པའོ། ། བདེན་གཉིས་ལྟ་བའི་མེ་ལོང་ཞེས་བྱ་བའི་རབ་ཏུ་བྱེད་པ། །དགེ་སློང་ལོ་ཙཱ་བས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བྲིས་པའི་ཉེར་བསྐུལ་ནི་དགེ་སློང་ཤེས་གྲུབ་བཟང་པོས་བྱས་ཤིང་དོན་དུ་གཉེར་བའི་སློབ་མ་ལ་གདམས་པའོ། །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། མངྒ་ལཾ། བྷ་ཝན་ཏུ།