པཎ་ཆེན་དང་ཟུར་མང་པ་རྣམ་གཉིས་ཀྱི་འབེལ་གཏམ།

པཎ་ཆེན་རིན་པོ་ཆེ་དང་ཟུར་མང་ཚེ་དབང་ཀུན་ཁྱབ་རྣམ་གཉིས་ཀྱིས་འབེལ་གཏམ་མཛད་ཚུལ།

ཟུར་མང་ཚེ་དབང་ཀུན་ཁྱབ།

ན་མོ་མཧཱ་སརྦ་ཛྙཱ་ན་དརྴདྷརྨཱ་ཀ་རཱ་ཡ།   རྒྱལ་བའི་རྒྱལ་ཚབ་རྗེ་བཙན་བྱམས་མགོན་རྗེ།  །རྒྱལ་བའི་དྲང་ངེས་འབྱེད་པར་ལུང་བསྟན་པའི། །འཕགས་པ་ཐོགས་མེད་རྒྱལ་བསྟན་གསལ་བྱེད་དུ།  །རྒྱལ་བས་ལུང་བསྟན་མཁས་མཆོག་དབྱིག་གི་གཉེན།  །རབ་དགེའི་སར་གནས་ཡོད་མེད་ཕྱོགས་འཇིག་པར།  །རྒྱལ་བས་ལུང་བསྟན་འཕགས་པ་ཀླུ་སྒྲུབ་དང༌།  །དེ་བཞིན་དཔལ་གྱི་མགུར་ནས་ལུང་བསྟན་པའི།  །

ཕྱོགས་གླིང་ཆོས་གྲགས་ཀུན་དགའ་སྙིང་པོ་དང༌།  །ཤནྟི་པ་དང་དགེ་སློང་འཚོ་བྱེད་སོགས།   །རྒྱལ་བསྟན་འཛིན་པའི་བཤེས་གཉེན་རྣམས་ལ་འདུད།།  དེ་ལ་འདིར།  རྒྱལ་བ་འོད་དཔག་མེད་མགོན་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་མཚན་བརྗོད་པར་དཀའ་བ་གང་དེའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་རྣམ་པར་བཞད་པའི་དྲུང་དུ།  ཁོ་བོ་མི་མཁས་ཤིང་མ་སྦྱངས་པའི་ངང་ཚུལ་ཅན་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས།  ངེས་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་སོགས་ལས་བརྩམས་པའི་རང་གིས་གོ་ཚོད་ཀྱི་རྟོགས་པ་ཕུལ་བའི་སྐལ་བ་བཟང་པོ་ཐོབ་པར་དཀའ་བ་ཆེས་རྙེད་པ་དཀའ་བ་ཐོབ་པའི་ཚུལ་གྱིས་རྩ་བའི་ཚིག་ནི།  དེ་ཡང་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་ཐུགས་མཉེས་གཤིན་བྱམས་པའི་རང་བཞིན་གྱི་འགགས་པ་མེད་པ་གསུང་གི་རྡོ་རྗེས་བཀའ་རྩལ་པ།  ཁྱེད་ཀྱིས་མདོ་སྔགས་ཀྱི་ཁྲིད་ཚུལ་གང་འདྲ་ཐོབ་ཐུགས་དམ་གང་ལ་བྱེད་ཅེས་གསུངས་པར།  ཁོ་བོས་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཁྲིད་རིམ་མང་དུ་ཐོབ་མོད།  ཉམས་སུ་ལེན་པ་ནི་ཆེར་མེད།  ཐུགས་དམ་ནི་སྔགས་རྙིང་མའི་ཕུར་བ་དང་རྭ་ལུགས་ཀྱི་འཇིགས་བྱེད་ལ་བག་ཆགས་འཇོག་ཁུལ་ལགས་ཞུས་པས།   དེ་ཁྱོད་ཀྱིས་རྒྱུད་ཀྱིས་བསྟན་པར་འདོད་དམ་མན་ངག་ལུགས་ཡིན་བཀའ་བརྩལ།  རྒྱུད་ཀྱིས་བསྟན་པར་འདོད་ཞུས།  དེ་ལྟར་ན་རྒྱུད་ཚིག་གང་གིས་སོ་བཀའ་བརྩལ་བ།  རྟོག་བདུན་བོད་ལ་འགྱུར་བདུན་ཙམ་ཡོད་མཆིས།   ཚིག་ལྷུག་གི་རྒྱ་དཔེ་ཡང་མཐོང༌།  ཚིགས་བཅད་མ་གཅིག་ཀྱང་ཡོད་པར་གསུངས་པ་ཐོས་པ།  འོན་ཀྱང་རྒྱུད་བློ་འཛིན་མ་བྱས་པས་ཚིགས་འདི་དང་འདིས་གཞུང་འདི་དང་འདི་བསྟན་ཏོ་ཞེས་ཞུ་བའི་སྤོབས་པ་མེད་ཞུས་པས།  རོ་ལངས་ཆེན་པོ་བརྒྱད་ཀྱི་སྐོར་ཟེར་བ་དེ་ཡིན་ནམ་གསུངས་སོ།།

 ཡང་འཁོར་ཞལ་དང་བརྩེགས་ཞལ་གང་འཐད་གསུངས་པར།  རྭ་ལུགས་ལ་བརྩེགས་ཞལ་བྱེད་རྫོགས་རིམ་གྱི་སྐབས་སུ་རྭ་ཞལ་ཡང་བྱེད། རྒྱུད་ཀྱིས་བསྟན་ཚོད་འཁོར་ཞལ་ཡིན་པར་འདོད་ཅིང་སྐུ་འདྲ་བཟོ་ཚེ་ལེགས་པོ་འདུག   རྒྱ་ནག་ཏུ་ཡོད་པའི་རྟོག་བདུན་ལ་འཁོར་ཞལ་གསལ་བོ་ཡོད་ཅེས་གུང་མགོན་པོ་སྐྱབས་ཀྱིས་སྨྲ་ཞུས།  བཅུ་གསུམ་མ་རྣམ་དག་ཡིན་མིན་གང་འདོད་གསུངས་པར།    ཁྱེད་ས་དགེ་གཉིས་དོན་འདི་ལ་རྩོད་པ་མང་མོད།   ངེད་རང་གིས་བཅུ་གསུམ་མ་ཡུམ་ཅན་འདི་རྣམ་དག་ཏུ་འདོད།  དེ་ཡང་རྒྱུད་ཀྱིས་དངོས་བསྟན་མིན།  ནམ་ངག་གི་ལུགས་ཡིན་དེ་ཞེ་དགུ་མ་བཞིན་ནོ།།  དགྲ་ནག་གི་དཀྱིལ་འཁོར་གཙོ་བོ་འཕོ་བ་ཡིན།  པནྚི་ཏ་ཀ་མ་ལ་རཀྵཱི་ཏའི་རྒྱ་གཞུང་སྒྲུབ་ཐབས་པདྨ་རྒྱས་པ་ཞེས་བྱ་བ་དེང་སང་སྣར་ཐང་གི་བསྟན་འགྱུར་ཁྲོད་ན་པར་དུ་འཁོད་ཡོད་པས།   རྒྱ་གཞུང་ཁོ་ན་ལ་ཡིད་བསྟན་བཅའ་མཁན་རྣམས་ཐུགས་ཚིམ་ནུས་པ་ཡོད།   དེར་མ་ཟད་ཤང་ལུགས་རྒྱུད་སྡེ་ལྔའི་གྲལ་དུའང་ཡོད་པས།  རྒྱུད་སྡེ་ལྔའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཡོད་པ་ཁྱེད་ས་དགེ་གཉིས་ཀྱིས་མ་གཟིགས་པས་རྩོད་པ་ངོ་མཚར་ཅན་དེ་རྣམས་བྱུང་བར་མངོན་ལགས་ཞུས།  འོ་ན་ཡུམ་ཅན་འཐད་དམ་ཡུམ་མེད་འཐད།  ཅེས་བཀའ་རྩལ་བར།  སྤྱི་ལྡོག་ནས་དེ་འདྲ་ཁ་ཚོན་གཅོད་པའི་ལུགས་མེད་ཀྱང༌།  རོ་ལངས་བརྒྱད་སྐོར་ནི་རྒྱུད་ནས་ཡུམ་མེད་དུ་གསལ་བར་བརྟན་ཅིང༌།  བཅུ་གསུམ་མ་ཡུམ་ཅན་རང་ཡིན་ཏེ།  གོང་དུ་ཞུག་པའི་རྒྱ་གཞུང་དེ་ལ་ཡུམ་ཅན་དུ་བཤད་པའི་ཕྱིར། གལ་ཏེ་བཅུ་གསུམ་མ་ལ་རྒྱ་གཞུང་མེད་པ་ཞིག་ཡིན་ནའང་རྭ་ལོ་རང་གིས་བཞེད་ཕྱིན་ཆད།  དེ་གྲུབ་ཐོབ་བརྒྱུད་པའི་ནམ་ངག་ཡིན་པ་གཞིར་བྱས།  རྒྱ་གཞུང་མེད་ཕྱིན་རྣམ་དག་མིན་ཞེས་སྨྲ་མི་ནུས་ཏེ་དགྱེས་རྡོར་མན་ངག་ལུགས་བཞིན་ནོ་ཞེས་ཞུས་པར།  དེ་ལྟར་ཁྱེད་ཀྱི་བཅུ་གསུམ་མ་རྣམ་དག་ཏུ་འདོད་ན་ཁྱོད་ཀྱི་རྟགས་གསལ་ཤེས་སམ་བཀའ་རྩལ་པར།  ཁོ་བོས་ཚད་མ་ལ་སྦྱངས་པ་མེད་ཞུས་པའི་རྟགས་གསལ་ཤེས་ན་ཁོ་བོས་ལུང་རིགས་ཞིག་བཏང་རྒྱུ་ཡིན་པ་ལ་གསུངས།   ཁྱེད་ཀྱིས་འཇིགས་མཛད་ཤེས་ན་ངེད་རང་གཉིས་བསྐྱེད་རིམ་ཞིག་བསྡུར་བཀའ་རྩལ་པར།  དེ་ལྟར་ཞུ་ཆོག་མོད།  རྡོ་རྗེ་འཆང་སངས་རྒྱས་དངོས་ཀྱི་དྲུང་དུ་སྐལ་བ་བཟང་བ་ལས་འོས་ཙམ་ཡོད་ཀྱང་རྭ་བའི་སྙན་རྒྱུད་ལགས་པས་གང་འགབ་ཞུས་པས།   དེ་འཕྲོས་ནས་བཀའ་ཕེབ་ཀྱི་འཕྲོས་བཞག་པར་གནང་སོང༌།  ཡང་ཁྱོད་ཀྱིས་འཇིགས་མཛད་བསྒོམ་པ་ཞིག་ན་ཁྱོད་སངས་རྒྱས་པའི་ཚེ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུགས་སྐུ་ཐོབ་པའི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་ཞིག་ཡོད་པ་དེ་གང་ཡིན་བཀའ་ཕེབ་པར་རྗེ་བླ་མས་དེ་བསྐྱེད་རིམ་ཡིན་པར་བཞེད་ཀྱང༌།  ངེད་ན་གྲུབ་མཐའ་ཁྱེད་དང་རྒྱ་བོད་ཕལ་ཆེར་གྱིས་སེམས་ཙམ་དུ་འདོད་པའི་རྣལ་འབྱོར་སྤྱོད་པའི་དབུ་མའམ་གཞན་སྟོང་དབུ་མ་འདོད་པའི་ཕྱིར།  སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཡོད་པ་དང༌།  དེ་གློ་བུར་དྲི་མ་དང་བྲལ་བའི་ཚེ་སངས་རྒྱས་སུ་འདོད་ལགས།  ཡེ་གདོད་མ་ནས་ཡོད་པའི་རྡོ་རྗེ་འཇིགས་བྱེད་དེ་ཡིན་ལ།   ཡིན་བཞིན་པར་ཞལ་ཕྱག་གི་རྣམ་པར་སྒོམ་པ་ཡིན།  ཁོ་བོའི་ལུགས་ཀྱི་བསྐྱེད་རིམ་གྱི་དགོས་པ་དེ་ལྟར་ལགས།  དེ་ནི་སེམས་ཙམ་མིན་ཏེ་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་བདེན་གྲུབ་ཏུ་འདོད་ཀྱི།   རྣམ་ཤེས་བདེན་གྲུབ་ཏུ་མི་འདོད་པའི་ཕྱིར་ཞུས་པར།  འོ་ན་ཁྱོད་ཀྱིས་གཟུང་འཛིན་གཉིས་མེད་ཟེར་བའི་གཟུང་བ་དེ་གང་འཛིན་པ་དེ་གང༌།   ངེད་མཚན་ཉིད་པས་ཞིབ་ཏུ་འདྲི་ཡི་སྤྱི་སྤོམ་དེ་འདྲས་གོ་མི་ཆོད་ཞེས་བཀའ་ཕེབ་པར།  འདི་ལྟར་དམ་པ་མཆོག་ཁྱེད་ལྟ་བུ་མཇལ་པའི་སྐལ་བ་ཐོབ་པ་ཡང་དཀའ་མོ་ཡིན་ན་འདི་ལྟར་གསུང་གི་བདུད་རྩི་རྣ་བའི་ལམ་དུ་ཐོས་པའང་དེ་ལས་ཆེས་བསོད་ནམས་མཆོག་ཏུ་གོ་བས།  འདི་ལྟ་བུའི་བཀའ་ལན་ཕུལ་༼བའི༽བློ་ནུས་མེད་པར་མ་ཟད་གཞན་ལྟ་ཅི་སྨོས།  ཕྱོགས་གཅིག་ཏུ་བརྩི་ནའང་གནམ་སའི་དབང་ཕྱུག་གོང་མ་བདག་པོ་ཆེན་པོའི་སྤྱི་བོ་ནས་དབང་བསྐུར་བའི་བླ་མ་ཉིད་ལྟ་བུ་ལ་འདི་ལྟ་བུའི་འོས་མེད་ཀྱི་ཞུ་ཧམ་སྤྱི་རྟོལ་བསྐེད་མི་ནུས་ངེས་པ་ལགས་ཀྱང༌།   འོན་ཀྱང་རྒྱལ་བ་མཆོག་གི་བཀའ་ཕེབས་སྤྱི་བོར་བཅིངས་ནས་སྐལ་བ་བཟང་བཟང་མོས་པས་ཞུས་ན།    བྱེ་སྨྲས་རྡུལ་རྫས་སོགས་སུ་འདོད་པའི་གཟུགས་སྒྲ་དྲི་རོ་སོགས་ལ་གཟུང་ཡུལ་དང༌།  མིག་གི་རྣམ་ཤེས་སོགས་ལ་འཛིན་སེམས་ཟེར་གྱིན་ཡོད་ལགས་ཞུས། འོ་ན་ཀུན་རྫོབ་དེ་གང་དོན་དམ་དེ་གང་ཡིན་གསུངས་པར།  དེ་གཉིས་ཀྱི་མཚན་ཉིད་ནི་འདུས་བྱས་དང་འདུས་མ་བྱས་པ་དང༌།  སྒྲ་རྟོག་གི་ཡུལ་དང་ཡུལ་ལས་འདས་པ་ཡིན།  མཚན་གཞི་ནི་བྱེད་མདོས་རྡུལ་ཕྲན་དང་གོང་བུ་འདོད་པ་དང༌།  ངོ་བོ་ཉིད་མེད་པས་དོན་དམ་པ་སྤྲོ་བྲལ་མེད་དགག་ལ་འདོད།  གཞན་རྣམས་ཀུན་རྫོབ་དུ་འདོད།  ངེད་གཞན་སྟོང་པས་ཡོངས་གྲུབ་དེ་བཞིན་ཉིད་ལ་དོན་དམ་དང༌།  དེ་ལས་གཞན་པའི་ཀུན་བཏགས་དང་གཞན་དབང་གི་ཆ་ལ་ཀུན་རྫོབ་བདེན་པར་བཞཻད་པ་རྣམ་དམ་པ་ཉིད་ཀྱིས་མཁྱེན་བཞིན་ལགས་ཞུས་པར།   ཁྱོད་ཀྱིས་རྣམ་པ་ཐམས་ཅད་པ་ཟེར་བ་འདི་ཅི་འདྲ་ཡིན་གསུངས་པར།  སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་སྐུ་རྣམ་པ་ཐམས་ཅད་པ་ཉན་རང་བྱང་སེམས་གཤེགས་ཁྲོ་རིགས་མཐའ་ཡས་པར་ཡེ་ནས་ལྷུན་གྲུབ་ཏུ་ཡོད་ཀྱང་ཡོད་པ་དང༌། གསུང་རྡོ་རྗེ་གདོད་མ་ནས་སྒྲ་སྐད་རྣམ་པ་ཐམས་ཅད་པ་སོགས་དང༌། ཡེ་ཤེས་འགོགས་པ་མེད་པ་སྐུ་གཉིས་སུ་འདོད་དགུར་བསྒྱུར་བ་སོགས་ཀྱང་ཡིན་ཁུལ་ལགས་ཞུས་པས། ཁྱེད་རང་གིས་ཟེར་བ་ལྟར་ཁྱེད་བཀའ་རྒྱུད་པ་དང་ཇོ་ནང་པ་གཉིས་ཀྱིས་དེ་ལྟར་ལྟ་བ་གཞན་སྟོང་དུ་འདོད་ཅིང༌། ངེད་ཚོས་དེ་ལ་སེམས་ཙམ་པ་ཟེར་བ་ཡིན།  ངེད་རི་བོ་དགེ་ལུགས་པའི་དབུ་མ་ཐལ་འགྱུར་བ་མ་ནོར་བའི་གྲུབ་མཐའ་དེ་ཡིན་ནོ།།  འོན་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་དེ་ནི་གྲུབ་མཐའ་སྤྱིའི་བཤེས་གཉེན་དུ་འོས་པའི་མཁས་པ་ཆེན་པོ་ཁྱད་པར་དུ་སྔགས་ལ་མཁྱེན་པ་རྒྱས་པ་ཞིག་ཡིན་འདུག་ཅིང༌།  ཁོ་བོས་ཀྱང་མོས་པ་བརྟན་པ་ཡོད་གསུངས།  ཁྱོད་ཀྱིས་འདོད་པའི་སེམས་ཅན་གྱི་རྒྱུད་ལ་རང་བཞིན་རྣམ་དག་གི་སངས་རྒྱས་བདེ་བར་གཤེགས་པའི་སྙིང་པོ།   དམ་པ་དང་པོའི་སངས་རྣམ་པ་ཐམས་ཅད་པ།  འཁོར་ལོ་བདེ་མཆོག་དུས་འཁོར་དགྱེས་རྡོར།  འཇིགས་མཛད་སོགས་གཤེགས་སྙིང་ཡོན་ཏན་ཀུན་ལྡན་༼.༽ཡོད་པར་འདོད་ན།   ཁྱོད་ཀྱིས་རྡོ་རྗེ་འཇིགས་མཛད་དེ་སྒྲུབ་མི་དགོས་པར་ཐལ།  ཁམས་སུ་རི་ཁྲོད་ཞིག་ཏུ་སྒྲུབ་པ་བྱེད་ཟེར་བ་དེ་ཡང་མི་དགོས་པར་ཐལ།  ཁྱོད་ལ་རྡོ་རྗེ་འཇིགས་བྱེད་དུ་ཡོད་པའི་ཕྱིར་ཞེས་བཀའ་བརྩལ་པར་དེ་ལྟའི་ཐལ་བ་མེད་དེ།  བདག་ཀུན་ཁྱབ་རྒྱ་བོའི་རྒྱུད་ལ་རང་བཞིན་རྣམ་དག་གི་སངས་རྒྱས་བདེ་གཤེགས་སྙིང་པོ་ཡོད་ཞུས་ཀྱི།  བདག་བདེ་གཤེགས་སྙིང་པོ་དངོས་ཡིན་ཞེས་པའི་དམ་བཅའ་མེད་དེ།  སྤང་བྱ་གློ་བུར་༼གྱི༽དྲི་མ་དག་པའི་ཚེ་དག་པ་གཉིས་ལྡན་གྱི་སངས་རྒྱས་སུ་འགྱུར་རོ་ཞུས་པ་ལས།  དག་པ་གཉིས་ལྡན་གྱི་སངས་རྒྱས་ནི་རང་གཞན་སུའི་རྒྱུད་ལ་༼འང་༽མེད་པའི་ཕྱིར།  དཔེར་ན་དབུལ་བོའི་ཁྱིམ་ནང་གི་གཏེར་དེ་ཡོད་པས་མི་ཆོག  དབུལ་བ་སེལ་བ་ལ་གཏེར་དེ་འདོན་དགོས་པ་དང་འདྲ་ཞེས་པར།   འོ་ན་བདེར་གཤེགས་སྙིང་པོ་ལ་ཁྱོད་བཀའ་དྲིན་ཆེ་བར་འགྱུར་ཏེ།  ཁྱོད་ཀྱིས་བསྐྱེད་རྫོགས་ཀྱི་རིམ་པས་དེའི་གློ་བུར་གྱི་དྲི་མ་སྦྱངས་པའི་ཕྱིར།  དེ་ལྟར་ཁྱོད་ལ་འཁོར་གསུམ་ཞིག་འགེལ་ལོ་ཞེས་བཀའ་རྩལ་པར། ཐམས་ཅད་མཁྱེན་གཟུགས་ཆེན་པོ་ནས་འཁོར་གསུམ་ལྟ་ཞོག  རྟགས་མ་གྲུབ་ཙམ་གྱི་གསོལ་རིས་སུ་གནང་སྦྱིན་མཛད་ནའང་ཁོ་བོའི་སྤྱི་པོར་འཆིང་བ་ལས་འོས་ཅི་ཡོད་ཀྱང༌།  ཕྲན་བུའི་འདོད་པར།  བདེ་གཤེགས་སྙིང་པོ་ལ་དུས་རྟག་ཏུ་དྲི་མས་གོས་པ་དང་བྲལ་པའི་གནས་སྐབས་མེད་དེ།  ད་ལྟ་བདག་རྣམ་ཤེས་ཀྱི་རྒྱར་ཐུམ་པའི་ཀུན་ཁྱབ་རྒྱ་བོའི་གནས་སྐབས་ཀྱི་གཤེགས་སྙིང་དང་ནམ་ཞིག་ན་བདག་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་དུ་སངས་རྒྱས་པའི་ཚེའི་གཤེགས་སྙིང་གི་གནས་སྐབས་གཉིས་ལ་བཟང་ངན་མེད་ཅིང༌།  དྲི་མ་ནི་སེམས་ཅན་རང་ངོས་ནས་བཏགས་པ་ཙམ་སྟེ།  གྲོང་ཁྱེར་སྤྲིན་གྱིས་བསྒྲིབས་པའི་ཚེ་ཉི་མ་སྦྲིན་གྱིས་བསྒྲིབས་ཟེར་བ་ལྟར།  དབྱིངས་རིན་པོ་ཆེ་དགོངས་ལྟར་བདེ་གཤེགས་སྙིང་པོ་རང་ངོས་ནས་དྲི་བཅས་དྲི་མེད་ཀྱི་དམ་བཅའ་བདག་ལ་མེད་པས་དེ་ལྟ་བུའི་འཁོར་གསུམ་ནི་ཁོ་བོ་ལ་གནང་བའི་སྐབས་ཡིན་ཏེ།  དཔེར་ན་ས་འོག་གི་གཏེར་དེ་འདོན་པའི་ཚེ།   དེ་འདོན་པ་པོ་གཏེར་ལ་བཀའ་དྲིན་ཆེ་བ་དང་ཆུང་བ་གང་ཡང་མ་ཡིན་པ་བཞིན་ནོ།།  ཚིག་ལ་འཁྲིད་པའི་ཚེ་དེ་ལྟར་གལ་ཏེ་བདག་གིས་འདོད་པ་ཞིག་ཡིན་ནའང་བདེ་གཤེགས་སྙིང་པོ་ལ་བདག་བཀའ་དྲིན་ཆེ་བའི་ཁྱབ་བཐའ་མེད་དེ།  བདག་ཀུན་ཁྱབ་རྒྱ་བོ་གལ་ཏེ་དམྱལ་བར་ལྟུང་བའི་ཚེ་གཤེགས་སྙིང་ལ་བདག་བཀའ་དྲིན་ཆུང་བར་འགྱུར་ཞེས་ཞུས་པར། ཡང་དེ་ལྟ་ན་སངས་རྒྱས་དང་སེམས་ཅན་གཉིས་དབྱིངས་གཅིག་གི་མི་གཅིག་གཅིག་ན་ང་དང་ཁྱོད་གཉིས་དབྱིངས་གཅིག་པར་ཁས་ལེན་དགོས་གསུངས་པར།  དེ་ལྟར་འདོད་ལགས།  འོ་ན་བདག་ཁ་སང་གཞིས་ཀ་རྩེར་རྟ་ལས་ལྟུང་བའི་ཚེ་ཁྱོད་རང་ཡང་རྟ་ལས་ལྟུང་བའི་ཟུག་ཟེར་བྱུང་ཡོད་དགོས་གསུངས།   དམ་པ་མཆོག་ནི་འོད་དཔག་མེད་དངོས་ཡིན་པ་དེ་དང་བདག་གཉིས་དབྱིངས་གཅིག་པར་འདོད་ལ།   རིང་བོར་མི་ཐོགས་པར་དེ་ལྟར་མངོན་དུ་འགྱུར་བ་ལའང་སྨོན་ལགས།   འོན་ཀྱང་སངས་རྒྱས་སེམས་ཅན་བདག་དང་འགྲོ་བ་སོགས་དབྱིངས་བདེ་གཤེགས་སྙིང་པོ་གཅིག་པར་ནི་ཁོ་བོས་འདོད་པའི་སྙིང་པོ་ཡིན་ཡང༌།  ཡེ་ཤེས་དང་རྣམ་ཤེས་གཅིག་པ་དང༌།  རྣམ་ཤེས་དང་ཡེ་ཤེས་གཅིག་པའི་དམ་བཅའ་ནི་མེད་དེ།  ང་ཡི་སྣང་བ་འདི་རྣམ་ཤེས་ཀྱི་འཁྲུལ་སྣང་ལགས།  བདག་ཀུན་ཁྱབ་རྒྱ་བོ་གཤེགས་སྙིང་དྲི་བཅས་ཀྱི་སྐབས་འདིར་སེམས་ཅན་དེ་རྣམ་ཤེས་༼ཀྱི་༽རྒྱར་ཐུམ་པའི་ལས་སྣང་སོ་སོ་བ་འདི་དང༌།  ཉིད་དམ་པ་དྲི་བྲལ་ཡེ་ཤེས་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་རོལ་པར་ཆིབས་ལས་ལྟུང་བའི་རྣམ་པར་བསྟན་པ་དོན་དུ་འཛེགས་ལྟུང་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་གཉིས་མཐུན་སྣང་དུ་གྲུབ་དགོས་པའི་ཐལ་བ་མེད་དོ།། དེ་འདྲ་ཞིག་ཁོ་བོས་འདོད་ཕྱིན་ཆད་ཤཱཀྱའི་རྒྱལ་པོ་སངས་རྒྱས་པའི་ཚེ་སེམས་ཅན་ཐམས་ཅད་འབད་མེད་དུ་སངས་རྒྱས་དགོས་པའི་ཐལ་བའང་བཟློག་ཏུ་མེད་ལགས།  གལ་ཏེ་རྣམ་ཤེས་ཀྱི་འཁྲུལ་སྣང་ཅན་གཉིས་ཞིག་ཡིན་པའི་ཚེ་ནའང༌།  དཔེར་ན་ཉིད་དང་ཕྲན་བུ་གཉིས་ལ་ཁྱབ་པའི་ཉི་འོད་ཆོས་ཅན།  བདག་གི་ཐད་ཀར་སྤྲིན་པ་ཆུང་ངུས་གཡོགས་པའི་ཚེ་ཉིད་ཀྱི་ཐད་ཀར་སྤྲིན་པས་གཡོགས་དགོས་པར་ཐལ།  ཁྱབ་བྱེད་ཉི་འོད་གཅིག་ཡིན་པའི་ཕྱིར།  ཞུས་པར།  པདྨ་རྒྱས་པ་ལྟ་བུའི་ལྗགས་ཀྱི་དབང་པོ་ལས་རྡོ་རྗེའི་གསུང་གིས་དབུགས་དབྱུང་བ་འདི་སྐད་ཅེས་བཀའ་བརྩལ་ཏོ།། ངེད་རང་གཉིས་པོ་གྲུབ་མཐའ་མི་གཅིག་པར་འདུག   གྲུབ་མཐའ་མི་གཅིག་ཟེར་བ་དེ་འདི་འདྲ་ཡིན།   གསུངས་ནས་ཐུགས་གཤིན་པོའི་ཞལ་རྩེད་ཀྱི་རྣམ་པས།  ལྟ་བའི་ཐད་ནས་ངེད་རང་བགྲོ་གླེང་བཏང་ན།  ཞྭ་དམར་པའི་དགེ་རྒན་དང་པཎ་ཆེན་གཉིས་རྒྱབ་འདྲེ་ཤོར་འདུག་ཟེར་བ་ཞིག་འོང་བ་དང༌།   གལ་ཏེ་འདིའི་མཐའ་ཕུད་ན་ཉིན་ཞག་དུ་མ་ཤོར་བ་ཞིག་འོང་བར་འདུག    སྤྱིར་ཡང་ཁྱོད་རང་གི་དམ་བཅའ་དེ་རྣམས་རེ་རེ་ལའང་ཁོ་བོས་གནོད་བྱེད་དུ་མ་བཀོད་ནས་བདག་གིས་ཁྱེད་རང་ཕམ་པར་བྱས་ན་དེ་ལྟར་ནུས་མོད།  དགོས་པ་གང་ཡང་མེད་པས་ལྟ་བའི་ཆའི་བགྲོ་གླེང་དེ་བཞག་ཐོངས་ཞེས་བཀའ་རྩལ་ཏེ།  དེ་ལྟར་ཐུགས་གཤིན་པོའི་རྣམ་པས་བཀའ་དེ་ལྟ་བུ་ཕེབས་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཆ་འདྲ་བར་ཤིན་ཏུ་དུལ་བའི་རྟགས་སུ་རྟོགས་ཤིང༌།  གཞན་དུ་ན་ཁོང་ལྟ་བུས་ཁོ་བོ་སྦྲང་བུ་ལྟ་བུ་ཞིག་ལ་དེ་འདྲའི་བཀའ་ཕེབ་གནང་ཐུབ་པའི་སྐབས་ག་ལ་ཡོད།  ད་ཁྱེད་ཀྱིས་སྙན་ངག་ཤེས་སམ་གསུངས།  བདག་གི་སྙན་ངག་གི་གཞུང་ལུགས་བཤད་ནི་དགའ་མོར་ཤེས་ཁུལ་ལགས།  འོན་ཀྱང་རྩོམ་པ་འབྱོར་པོ་དང་མྱུར་བོ་ནི་འོང་བའི་རིགས་མིན་ཞུས་པར།  འོ་ན་བདག་ལ་བསྟོད་པ་ཞིག་སྦྱོར་ཞིག་གསུངས་པར།  ཉིད་དམ་པ་མགོན་པོ་འོད་དཔག་མེད་དངོས་ཡིན་པར་སངས་རྒྱས་ཀྱི་སྟོབས་སོགས་ཡོན་ཏན་འཕྲིན་ལས་ལ་བསྟོད་པ་ལྟ་ཅི་སྨོས་རང་བཞིན་བརྗོད་པ་ཙམ་ཡང་སྨྲ་མི་ནུས།  རང་བཞིན་བརྗོད་པ་ལྟ་ཅི་སྨོས་ཕྱོགས་ཙམ་ཡང་སྨྲ་བའི་བློ་ནུས་དང་བྲལ་ཞིང༌།  གལ་ཏེ་དེ་ལྟར་ཡིན་ཁུལ་གྱི་ཚིག་བཅད་དམ་དུམ་ཞིག་སྦྱར་ནའང་རློམ་ཚོད་ལ་བསྟོད་པར་རློམ་ཀྱང༌། སོང་ཚོད་ལ་བསྐུར་འདེབས་སུ་མ་གྱུར་གྲང་སྙམ་པ་ལས་མི་འོང་བ་ཞིག་འདུག་ཞུས་པས།   བདག་གིས་བརྩམས་པའི་སྐོར་རྣམས་ཁྱེད་ཀྱིས་མཐོང་ངམ་གསུངས་བྱུང༌།  ཁྱོད་ཀྱིས་སྒྲ་ཤེས་རྒྱུར་འདུག་པས་ཕལ་སྐད་ཤེས་སམ་གསུངས།  ཕལ་སྐད་མི་ཤེས་ལེགས་སྦྱར་ཀྱི་སྐད་ཁྲལ་ཁྲོལ་ཞིག་ཤེས་ཁུལ་ཞུས་པས།   ཁོ་བོས་ཕལ་སྐད་ཤེས་ཀྱང་ཁྱོད་ཀྱིས་མི་ཤེས་འདུག་པས་སྐད་ཆ་བྱེད་ཐབས་མི་འདུག་གསུངས།   ཕོ་མོ་མ་ནིང་གི་རྟགས་ཟེར་བ་དེ་ཅི་འདྲ་ཡིན་གསུངས་པར།  རྒྱ་གར་བ་ལ་དེ་ལྟར་བུདྡྷ་དང་བསྟི་སོགས་སྐྱེས་རྟགས་ཨ་ཐུང་གི་མཐའ་དང༌།  ད་དྷི་སོགས་མ་ནིང་གི་རྟགས་ཨི་ཐུང་གི་མཐའ་དང༌།   བ་ན་སོགས་ཨ་ཐུང་༼གི༽མཐའ་དང་ཤྲདྡྷཱ་སོགས་བུད་མེད་ཀྱི་རྟགས་ཨ་རིང་གི་མཐའ་སོགས་སོ་སོར་ཡོད་ཅིང༌།  དེ་ལ་རྣམ་དབྱེ་ཉེར་གཅིག་སྦྱར་བའི་ཚེ།  རྟགས་སོ་སོ་ལ་དབྱངས་གསལ་སོ་སོའི་ཆོ་ག་སོ་སོ་ཡོད་ཚུལ་ཞུས་པས།  དེའི་ཆོ་ག་རྣམས་དོན་གྱི་འཇུག་ཡུལ་སོ་སོ་ཡོད་པས་རྟགས་སོ་སོ་དང་ཆོ་ག་སོ་སོ་དག་ཕན་ཚུན་འདྲ་འདྲེས་སུ་གྱུར་ན་རང་ཉིད་མཁས་པའི་གྲགས་པ་ལས་ཉམས་པར་མ་ཟད།   དོན་གྱི་འཇུག་ཡུལ་ལ་འཁྲུལ་ཚབ་ཆེན་པོ་འོང་ཞིང་དབྱངས་མཐའི་ཆོ་ག་འདྲ་འདྲེས་སུ་འགྱུར་ཚུལ་ནི།   དཔེར་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་དཀར་རྒྱབ་ཡིག་ཏུ་མཁས་པའི་སྐད་དོད་པ་ཊུ་ཟེར་བའི་མཐར་རྣམ་དབྱེ་དྲུག་པའི་ངས྄་སྦྱིན་ནས།  ཨེཏ་ཨོཏ྄་ཨུ་ཨོཏ྄་ཛས྄་ལའོ།།  ངེས྄་ངས྄་དག་གི་ཨ་དབྱི་བ་ལའོ་ཞེས་པས་པ་ཊོ་ཞེས་པ་དགོས་རྒྱུར།  སྐྱེས་རྟགས་ཨ་ཐུང་༼གི༽མཐའི་ཆོ་ག་ངས྄་སྱའོ་ཞེས་ངས྄་སྱ་རུ་བསྒྱུར་ནས། པ་ཊུ་སྱ་ཞེས་བྲིས་འདུག་པ་ལེགས་སྦྱར་ཤེས་པས་བལྟས་ན་ཆོ་ག་འདི་འདྲ་བྱེད་པ་ནི་རྨི་ལམ་ལའང་མི་རྨིས་པས་འདི་གང་ཡིན་སྙམ་པའི་ཐེ་ཚོམ་དང༌།  དེ་ལྟར་ནོར་བ་ཤེས་ཚེ་རང་ཉིད་མཁས་པའི་ཁྱུ་ནས་བུད་པ་བཞིན་ནོ་ཞེས་ཞུས་པར།  སྡེ་བ་སངས་རྒྱས་རྒྱ་མཚོས་ངན་ཁག་དེ་ང་ལ་སྨྲ་དོན་མེད།  ཁོ་ཡིས་སྨྲས་པ་དེ་ཚོ་འདིར་བསྲེ་མི་ཆོག   དེ་ལྟར་ཕོ་མོ་མ་ནིང་གི་རྟགས་སོ་སོར་ཡོད་པའི་རྒྱུ་མཚན་གང་ཡིན་གསུངས་པར།  དེ་ནི་དབུ་ཚད་བཞིན་དུ་ཕར་རྒྱབ་ཀྱི་རིགས་མིན།  ལེགས་སྦྱར་གྱི་སྐད་དེ་ལ་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱི་སྒྲའི་ཁམས་འདི་ལ་ཀྲྀཏཱ་རྐྱེན་འདི་དང་འདི་སྦྱར་བའི་མཐའ་ནི་རྟགས་འདི་དང་འདི་ཡིན་ནོ་ཞེས་སོ།།དེ་བཞིན་དུ་དེ་ཕན་དང་ཚིག་སྡུད་ཀྱི་མཐའ་ལ་སྦྱར་ཏེ།  པ་ཎི་དང་མཆོག་སྲེད་སོགས་མཆོག་གིས་སྦྱར་བའི་གཞུང་དེ་རྣམས་ལས་གང་བཤད་པ་དེ་དག་ཁོ་ནའོ།།  ཞེས་ཞུས་པར།  དེ་བཤད་མཁས་ཤིང་གོ་བདེ་མོ་བྱུང་གསུངས། ཡང་ཁྱོད་ཙོང་ཁ་པ་ལ་དད་པ་ཡོད་དམ་གསུངས་པ་ལ།    བོད་སྔ་ཕྱིའི་གྲུབ་མཐའ་ཐམས་ཅད་ཀྱིས་རྗེ་བླ་མའི་ལྟ་གྲུབ་ལ་སྡང་སྨྲས་དུ་མ་བྱེད་འདུག་ཀྱང༌།  ངེད་རང་གི་འདོད་པ་ནི་གཞན་ཚོ་དང་མི་མཐུན།  སྔ་མའི་སྐྱོན་ཟློས་བྱེད་པ་མིན་ཏེ།  རྗེས་བླ་མའི་ལྟ་གྲུབ་དེ་དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་སྒྲ་ཇི་བཞིན་པ་དེ་ཡིན།   ཡིན་ལུགས་གང་ཡིན་ན་བཞི་བརྒྱ་པར་དབུ་མའི་གནས་སྐབས་གསུམ་གསུངས་པའི་ཐ་མ་ལྟ་གཞི་ཀུན་བཟློག་སྟེ།    ཐལ་འགྱུར་བ་རྣམས་ཀྱི་དབུ་མའི་རིགས་ཆེན་དྲུག་གིས་དཔྱད་འབྲས་དོན་དམ་བདེན་པ་ནི་ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་དང་བྲལ་བའི་མེད་དགག་ཞིག་ལ་ངོས་འཛིན་པ་ཐམས་ཅད་ཞལ་འཆམ་མོ།  ངེད་ཀྱི་ལུགས་ལ།  དོན་དམ་བློ་ཡི་སྤྱོད་ཡུལ་མིན།  །བློ་ནི་ཀུན་རྫོབ་ཡིན་པར་འདོད།།  ཅེས་པའི་རྗེས་སུ་མཐུན་པར་སྤྲོས་བྲལ་མེད་དགག་དེ་ཡང་སྒྲ་རྟོག་གི་ཡུལ་ལས་མ་འདས།  རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་རྣམ་གྲངས་ཀྱི་དོན་དམ་ཡིན།  དོན་དམ་པ་དངོས་ནི་མིན།   ཕུང་པོ་ཐམས་ཅད་སྟོང་པ་ཉིད་སོགས་ཀྱི་སྐྱོན་ཡོད་ཅིང༌།   མངའ་བདག་མཻ་དྲི་པས།  བླ་མས་༼ནམ༽ངག་གིས་མ་བརྒྱན་པའི་དབུ་མའང་འབྲང་བོ་ཙམ་ཡིན་ནོ།།   ཞེས་པ་བཞིན་ནོ།།   དོན་དམ་རྣམ་པར་མི་རྟོག་པ་དངོས་ནི་འཕགས་པའི་མཉམ་བཞག་གི་ངོས་ན་ཡིན་ཀྱང༌།  དེ་དང་རྗེས་མཐུན་པ་ནི་མི་རྟོག་པའི་གཟུགས་བརྙན་འདི་ཡིན་པས་སོ་སྐྱེ་ལས་དང་པོ་བ་༼ལ༽ངོ་སྤྲད་ཕྱིན་ཆད།  རྣམ་པར་མི་རྟོག་པ་འདི་ངོ་སྤྲོད་པ་ལས།  སྒྲ་རྟོག་གི་བྱས་པའི་དོན་དམ་རྣམས་ནི་ཀུན་རྫོབ་རྣམ་ཤེས་༼ཀྱི༽རྒྱ་ལས་མ་འདས་ཤིང༌།  གཞན་སྟོང་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་སྒོམ་དོན་མཐུན་པ་འདི་དག་ཡིན།  འདི་ལ་ཁྱེད་ས་དགེ་རྣམས་ཧྭ་ཤང་གི་ལྟ་བ་དང༌།   ངོས་མ་ཟིན་པའི་ལྟ་བ་ཙོམ་འཇོག་གསུངས་པའི་བཀའ་བཀྱོན་ཡོད་ཞུས་པར།  དེ་ཁྱོད་བདེན།  འཁོར་ལོ་ཐ་མ་ངེས་དོན་དུ་འདོད་མཁན་ཁྱེད་ཚོས་ཧྭ་ཤང་གི་ལྟ་བ་འདི་དོན་དམ་དུ་འདོད་ཀྱིན་ཡོད་གསུངས་པར།  དེ་ལ་ངེད་གྲུབ་རིགས་སྡུག་གེ་རྣམས་སེམས་ཙམ་དང་ཧྭ་ཤང་གི་གྲལ་དུ་ཕུད་ན་ཡང༌།   རྒྱལ་ཚབ་བྱམས་མགོན་དང་ཐོགས་མེད་སྐུ་མཆེད་ངེད་ཀྱི་གྲལ་དུ་མི་ཕུད་པར་འཚལ་ཞུས་པས།   ཁྱོད་ཀྱི་ལྟ་བ་འདི་རྒྱལ་ཚབ་དམ་པ་དང་གཅིག་ན་དེ་ལྟར་ལོས་ཡིན་ཀྱང༌།   བྱམས་ཆོས་དབུ་མ་རང་རྒྱུད་པའི་ལྟ་བ་ཡིན་གསུངས་བྱུང་བར།   རྔོག་ལོ་སོགས་ཀྱིས་དེ་ལྟར་འདོད་པ་ནི་ཉིད་དམ་པ་ཐུགས་མད་ཀྱང་རྒྱུད་བླ་མ་སོགས་གཞུང་ཁ་གསལ་བོ་དེས་ལྟ་བ་གང་ཡིན་ཤེས་ནུས་པར་ཡོད་ཅིང༌།  རང་རྒྱུད་དབུ་མ་ནི་སློབ་དཔོན་ལེགས་ལྡན་ཁོ་ནའི་ལུགས་ཡིན་ན།   བྱམས་མགོན་ལེགས་ལྡན་ཀྱི་རྗེས་འབྲང་ཡིན་པར་ཐལ་ཞུས།   དེ་ནས་དཀྱུས་ལ་འཇུག་སྟེ།   དེ་ལྟར་དབུ་མ་ཐལ་འགྱུར་བ་རྣམས་ཀྱིས་གནས་སྐབས་གསུམ་པ་སྤྲོས་བྲལ་མེད་དགག་ཏུ་འདོད་པ་བཞིན།  རྗེ་བླ་མའི་དཔྱད་འབྲས་དང་ཉམས་ལེན་གཅིག་པར་དགོངས་ནས།   སྤྲོས་བྲལ་ལ་དམིགས་པའི་མཉམ་བཞག་གསུངས་པ་ནི།   ཐལ་འགྱུར་བའི་ལུགས་སྒྲ་ཇི་བཞིན་པ་མིན་ཞེས་ཁོ་བོས་མི་སྨྲ་ཞིང༌།  དེ་བཞིན་དུ་ཀུན་རྫོབ་འདི་ཀུན་མེད་པ་ཡིན་བྱས་ན་བསྐུར་འདེབས་ཀྱི་ལྟ་བ་ཡིན།  དེས་ན་དེའི་བདེན་པས་སྟོང་ཞེས་རྗེས་བླ་མས་གསུངས་པ་ཡང༌།  ཐལ་འགྱུར་བ་རྣམས་ཀྱི་ཀུན་རྫོབ་འདི་ཀུན་མ་བརྟགས་མ་དཔྱད་པའི་ངོར་གཞན་གྲགས་ལྟར་ཡོད་ཅེས་དང༌།  བརྟག་ཅིང་དཔྱད་ན་མེད་ཅེས་པ་འདི་གཉིས་གནད་དོན་ཕལ་ཆེར་གཅིག་འདུག་པ་སོགས།  དབུ་མ་ཐལ་འགྱུར་གྱིས་རིགས་པས་དཔྱད་པའི་སྟོང་ཉིད་ལས་ཟབ་པའི་སྟོང་ཉིད་མེད་པར་འདོད་ཅིང༌།  ངེད་ཀྱི་ལྟ་བ་འདི་ཧྭ་ཤང་གི་ལྟ་བར་འདོད་ཕྱིན་ཆད་རྗེ་ཙོང་ཁ་བའི་ལུགས་འདི་ལ་བདེན་ལན་ཕུལ་བ་ལས་འོས་མི་འདུས་ཅིང༌།   སྤྱིར་ཡང་རྗེ་བླ་མའི་བཞེད་པའི་དཔྱད་སྒོམ་དང་སྒོམ་དོན་གཅིག་པའི་ལུགས་འདི་དང༌།   ངེད་གཞན་སྟོང་པས་ཐལ་འགྱུར་གྱི་རིགས་པ་ནི་སྤྲོས་པ་གཅོད་བྱེད་ཙམ་ཡིན་ཏེ།  དེ་ནི་སྒྲ་རྟོག་གི་ཡུལ་ཡིན་ཅིང༌།  ཕུང་པོ་རྣམ་དཔྱད་སྟོང་པ་ཉིད།  །ཆུ་ཤིང་བཞིན་དུ་སྙིང་པོ་མེད།།  ཅེས་པ་སྟེ་དབུ་མའི་གནས་སྐབས་གསུམ་པར་སེམས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པ་ཁོ་ནའོ་ཞེས་སྤྲོས་བྲལ་ལའང་མི་དམིགས་པར་མི་རྟོག་པ་ཙམ་དུ་འདོད་པ་འདི་གཉིས་ལས་གཞན་པའི་མདོ་ཕྱོགས་འདིར་མཉམ་བཞག་བྱེད་ལུགས་ཡོད་མིན་ཆོས་ཀྱི་སྤྱན་ལྡན་སྐུ་ཞབས་ཐམས་ཅད་གཟིགས་པས་ལགས་སོ་མཛད་དུ་གསོལ།  གལ་ཏེ་དཔྱད་འཇོག་སྤེལ་བའམ་དཔྱད་པ་སྔོན་དུ་སོང་བའི་ཁྱད་པར་རོ་ཟེར་ན།   དེ་ནི་གཉིས་ཀས་ཁས་བླངས་པར་གྱུར་ཏོ་ཞེས་ཁོ་བོ་ཅག་སེམས་མོད།  དོན་དེའི་ཕྱིར་ན་རྗེ་བླ་མའི་ལྟ་གྲུབ་ནི་ཐལ་འགྱུར་བ་སྤྱི་ཁྱབ་དེ་དང་གཅིག་པ་རང་ཡིན་པས་ཐལ་འགྱུར་བ་སྤྱི་ཁྱབ་ལས་ལོགས་པ་ཞིག་ཡིན་ཞེས་བདག་གིས་མི་སེམས་ཤིང་མི་སྨྲ་མོད།   ངེད་གཞན་སྟོང་པ་དག་གིས་དེ་ལྟ་བུའི་ཐལ་འགྱུར་དབུ་མ་དེ་ཁོ་ན་ངེས་དོན་མཐར་ཐུག་ཏུ་འདོད་པའི་གྲུབ་མཐའ་རྣམས་ནོར་བར་བྱེད་ཀྱི།  ཙོང་ཁ་པ་ཁོ་ན་སྒེར་དེད་མི་བྱེད་དོ།།  དེའི་ཕྱིར་རྗེ་བླ་མ་ལ་བོད་ཀྱི་བླ་མ་སྤྱི་ཁྱབ་ཀྱིས་དེད་དེ་ཡོད།   དོན་འདི་ལ་དགོངས་ནས་ཏཱ་ར་ནཱ་ཐས་ཙོང་ཁ་པའི་ལྟ་བ་དེ་ནག་པོ་ཡིན་ན་གཞན་༼0༽ཚོ་ནག་ཁྲ་ལས་འོས་མེད་གསུངས་པ་ལགས་ཞུས། དགེ་ལུགས་བྱིངས་ལ་དད་པ་ཡོད་དམ་གསུངས་པར།  དགེ་ལུགས་བྱིངས་ལ་དད་པ་ཆེར་མེད་ཀྱང་ངེད་ཚོའི་ཕ་ཡུལ་གྱི་དགེ་དགོན་དེ་ལ་དད་པ་ཡོད་དེ།   སྔར་ངེད་རང་ཚོ་དང་ཆོས་ཀྱི་འབྲེལ་བ་དུ་མ་ཡོད་པས་ཕྱིས་དེ་ལ་ལོག་ལྟ་བྱས་ན་སྔར་དམ་ཚིག་དང་འགལ་བའི་ཡུལ་གཉན་པོར་གྲུབ་ཟིན་པའི་ཕྱིར་རོ་ཞུས།   ཡང་རྒྱལ་དབང་ལྔ་པ་ལ་དད་དམ་གསུངས་པར།   ཁོང་སྔགས་རྙིང་མ་ལ་ཐུགས་འདུན་ཆེ་བས་དེ་ཕྱོགས་ལ་མོས་པ་ཡང་ཡོད།   སྒྲུབ་རྒྱུད་འདིར་བཀའ་བཀྱོན་ཆེ་བས་དེ་ཕྱོགས་ནས་དད་པ་མེད་པ་ཡང་ཡིན།   སྤྱིར་ཡང་ཁོང་དགེ་ལུགས་པའི་ལུགས་ཀྱི་མདོ་སྔགས་ལ་མཁས་པ་ཡིན་ཞེས་པ།   ཆེ་བ་མ་རྟོགས་ཐ་སྙད་ཀྱི་རིགས་ལམ་ལ་ཁོང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡང་ཕྱོགས་འགོ་ཐོན་ཙམ་ལས་ཡོད་མི་འདུག་ཞུས་པར།   སྤྱིར་གོང་ལྔ་པ་ཕན་ཆད་ཀྱི་ངེད་དགེ་ལུགས་པ་རྣམས་ཀྱིས་ཀར་ལུགས་ལ་གནོད་པ་བྱས་པ་མེད།   སྡེ་བ་སངས་རྒྱས་རྒྱ་མཚོ་ནི་སྐུ་ཡོན་གང་ཡིན་ཡང་མི་ཤེས་ཤིང་དགེ་ལུགས་པའི་བསྟན་པ་བཤིགས་མཁན་ཡིན་གསུངས།   ཁོ་བོས་དེ་ཐུགས་མད་པར་འདུག   འོན་ཀྱང་སྨན་སྐོར་གྱི་བཤད་པ་དང་ལག་ལེན་ལ་ཁོང་མཁས་འདྲ་ཞུས་པས།  ཁོང་པའི་སྨན་དཔྱད་ཁུང་ཐུབ་མི་ཤེས་ཐག་ཆོད།   ཁོང་གི་བཤད་རྒྱུད་ཀྱི་བད་ཀན་ཀླད་པ་ལ་བརྟེན་བསྟོད་ན་གནས།  ཞེས་པའི་སྐོར་ན་བླུན་གཏམ་ཆེན་པོ་བྱས་ཡོད་ཚུལ་ཞིག་བཀའ་ཕེབ་ཀྱང་ཁོ་བོས་ཚིག་དངོས་དེ་ཡིད་ལ་མ་ཟིན་ནོ།། ནག་རྩིས་ལ་ཁོ་རང་ཚོས་གསར་དུ་བསྒྱུར་ནས་མཁས་ཚོད་དུ་འདུག   རྩིས་སྐོར་དེ་ལ་སྡེ་སྲིད་ཤིན་ཏུ་མི་མཁས་ཤིང༌།   སྤྱིར་ཡང་ཕུག་ལུགས་པའི་ཉི་ཟླ་འཛིན་སྟངས་འདི་ཚད་མར་བཟུང་ནས་ཨ་ཀྱ་ཧུ་ཐོག་ཐུ་ཟེར་བའི་སོག་པོའི་བླ་མ་ཞིག་དང༌།   རྒྱའི་རྩིས་མཁན་རྣམས་ཟླ་འཛིན་ཞིག་ལ་ཁ་མ་འཆམས་པའི་ཐོག་ཏུ་མ་ཁེལ་བས་བླ་མ་ཞལ་སྐྱེངས་པ་བྱུང་འདུག་ཅིང༌།   སླད་ན་འཛིན་སྟངས་ཀྱི་མན་ངག་ལེགས་པ་ཞིག་མཁོ་བར་འདུག་པས།  ཁྱོད་ཀྱིས་རྒྱ་ལུགས་ཀྱི་ཉི་ཟླ་འཛིན་སྟངས་ཞིག་སློབ་ལ་བོད་སྐད་དུ་བསྒྱུར་ཤོག་ཅིག་ཅེས་བཀའ་ཕེབས་འདུག  འབྲུག་པ་པད་དཀར་གྱི་མདོ་སྔགས་ཀྱི་བཤད་པ་རྣམས་མི་ལེགས་ཚུལ་གྱི་བཀའ་ཕེབས་ཀྱང༌།  དེ་རྒྱུས་མེད་༼0༽དྲང་སོགས་ཞུས་སོ།། ཡང་ཁྱོད་རང་དོན་དམ་པར་གྲུབ་མཐའ་གང་དང་གང་ལ་དད་གསུངས་བྱུང་བར།   བདག་ནི་གྲུབ་མཐའ་རྙིང་མ་ལ་དད་ཞུས་པས།   འོ་ན་ཁྱོད་ཀྱིས་རྙིང་མའི་གྲུབ་མཐའ་རྐང་ཚུགས་པའི་དམ་བཅའ་ཞིག་ཤར་གྱིས་ཞོག་དང༌།  ངས་དེ་ལ་བརྒལ་ལན་ཞིག་བྱ་ཡི་གསུངས།   བདག་གིས་དེ་ལྟ་བུའི་གྲུབ་མཐའ་རང་འཇོག་མི་ཤེས་ཀྱང༌།    བོད་གངས་རིའི་ལྗོངས་འདིར་བསྟན་དང་འགྲོ་བའི་རྩ་ལག་དམ་པ་ལྷག་པའི་ལྷ་གཅིག་པུའི་ཨོ་རྒྱན་རིན་པོ་ཆེ་ནི་བོད་འདིར་རྒྱལ་བསྟན་འཛིན་པ་པོ་གཅིག་པུར་ངེས་ཤིང༌།    ཕྱིས་གངས་ཅན་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ནི་རང་ཉིད་ཀྱིས་རྟོག་བཟོ་བྱས་པའི་ཆོས་ཚུལ་རྣམས་ལ་ཆོས་རྣམ་དག་ཏུ་རློམ་ཞིང་སྒྲོག   སྔགས་རྙིང་མའི་བཀའ་གཏེར་རྣམས་རྙིང་མ་ཞེས་གཡེལ་ཆུང་ངུར་འཇོག་པ་ལྟར་མཛད་མོད།   ཁོ་བོ་ནི་ཨོ་རྒྱན་ཆེན་པོ་ལ་ཐུན་མོང་མ་ཡིན་པའི་དད་པ་བརྟན་པོ་ཡོད་པ་འདི་ཁོ་ན་བདག་གི་གྲུབ་མཐའ་ལགས་སོ་ཞུས་པར། བདག་གི་རུས་ཡང་རྒྱ་གར་བ་ཡིན།  ངེད་ཀྱི་གདུང་རབས་ཆོས་རྒྱལ་རྣམས་ཀྱི་བླ་མ་གཅིག་པུ་ཡིན་པས་སློབ་དཔོན་ཆེན་པོ་ལ་མི་ཕྱེད་པའི་དད་པ་ཡོད།    རྫོགས་ཆེན་གྱི་ཁྲིད་རིམ་རྣམས་ཀྱང་ཤེས་ཞེས་བཀའ་བརྩལ་ཏོ།།  ཡང་ཁྱོད་ཀྱི་ལུགས་ལ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་ཇི་ལྟར་འདོད་ཞེས་གསུངས་པ་ལ།   ངེད་ཀྱི་ལུགས་ལ་འགྱུར་བ་མེད་པའི་དོན་དམ་པའི་སངས་རྒྱས་རང་སྣང་གི་ཞིང་ཁམས་དངོས་ནི་འོག་མིན་ཆེན་པོ་ལ་བྱེད།    དེ་ལ་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་ངོར་གཞི་དང་སྙིང་པོ་སོགས་ཀྱིས་བརྒྱན་པའི་འོག་མིན་དེར་སྣང༌།   དག་པ་ས་གསུམ་ལ་གནས་པའི་སྣང་ངོར་གཙང་གནས་སྤངས་པའི་འོག་མིན་ཆུང་ངུ་དེར་སྣང༌།   སར་གནས་ཙམ་ལ་བདེ་བ་ཅན་སོགས་ཀྱི་ཞིང་ཁམས་དེ་སོགས་འཆར།   དེ་རྣམས་ནི་གདུལ་བྱ་གཞན་སྣང་གིས་བསྡུས་པར་འདོད་ཞུས་པས། ངེད་ཀྱི་ལུགས་ལ་ཞིང་ཁམས་གཅིག་གི་ནང་དུ་བསྐལ་པ་ཞིང་གི་རྡུལ་སྙེད་ཀྱི་གྲངས་ཀྱི་ཞིང་ཁམས་རྣམས་གཅིག་གི་ནང་དུ་གཅིག་ཡོད་པ་ལྟ་བུའི་ཚུལ་དུ་ཡོད་པར་འདོད་གསུངས་ནས།  དཀོན་བརྩེགས་ཀྱི་ལུང་འདྲེན་ཞིག་གསུངས་བྱུང་བར་བདག་གིས་མ་ངེས་སོ།། ཁོང་གི་བཞེད་པ་ཡང་སངས་རྒྱས་རང་སྣང་གི་ཞིང་ཁམས་ནི་བཞེད་འདྲ།   དེ་ནས་བརྩེ་བ་ཆེན་པོས་འདི་སྐད་ཅེས་བཀའ་ཕེབས་ཏེ།   ཁྱོད་ཀྱི་གཞུང་མང་པོ་ཞིག་ལ་ཤིན་ཏུ་བྱང་བར་སྦྱངས་ཚོད་དུ་འདུག   ཁྱོད་ཡི་དམ་དུ་བཞག་རྒྱུར་ངེད་རང་པཎ་ཆེན་ན་རིམ་འཁོར་བཅས་ཀྱི་རྣམ་ཐར་ནི་གྲུབ་མཐའ་ཐམས་ཅད་ལ་ཆགས་སྡང་མེད་ཅིང༌།   ཞབས་ཕྱི་བྱེད་པ་ཤ་སྟག་ཡིན་པས་ཁྱེད་ཀྱིས་ཀྱང་གྲུབ་མཐའ་ལ་ཆགས་སྡང་མ་བྱེད།   རང་རྒྱུད་ལ་ཉེས་པ་འོང་གི་གསུངས་ནས་ཙི་ནའི་ཡུལ་གྱི་ལྷ་དར་དཀར་པོ་སྲིད་དུ་རིང་བ་ཞིག་བཞི་ལྟེབས་ཀྱི་རྣམ་པར་ལྟེབས་ནས་པདྨ་གསར་བ་ལྟ་བུའི་ཐུགས་རྗེས་ཕྱག་ཡས་རིང་བ་བརྐྱང་ཏེ་ཁོ་བོའི་ལག་པར་བརྩལ་བ།   བརྐྱང་ཕྱག་དང་བཅས་ཏེ་སྤྱི་པོར་འཆིང་ནས་རང་གི་བསྟི་གནས་སུ་དགའ་བའི་འཛུམ་དང་བཅས་ཏེ་ཕྱིན་ཏོ།། དེ་ནས་ཁོ་བོའི་བསམ་པར།   དེང་བསྒྲུན་དུ་མེད་པའི་པའི་བསོད་ནམས་ཀྱི་སྐལ་བས་དེ་རང་སེམས་དཔའ་མཆོག་དེའི་ཟབ་གསང་ཆོས་ཀྱི་གཏམ་བཟང་པོ་རིན་ཐང་དང་བྲལ་བ།  དེ་དག་ཐོས་པ་སྐལ་བ་ཤིན་ཏུ་བཟང་སྙམ་སྟེ།  དགེ་སྦྱོར་ལ་འབད་འབུང་བྱེད་ཁུལ་དུ་བསྡད།  བཀྲ་ཤིས་སོ།། དེའི་ནུབ་མོ་ཉིད་ཀྱི་གཅུང་ཆུང་ངུར་གྱུར་པ་ཞྭ་དམར་མཆོག་སྤྲུལ་ལ་བཀའ་སྩལ་པ།   ཁྱོད་རང་གི་དགེ་རྒན་གྱི་ལས་རིགས་བཞིན་མཐར་ཐུག་གི་བློ་གཏད་འཆའ་བའི་གྲུབ་མཐའ་རང་གི་ཉམས་ལེན་ནི་དབུ་མ་གཞན་སྟོང་ཉིད་ལེགས་ལ།  གཞན་མ་རྣམས་ལ་ཕྱི་ཚུལ་དུ་དབུ་མ་ཐལ་འགྱུར་ཡིན་བྱས་ན་བཤད་བདེ་བས་དེ་ལྟར་གྱིས་གསུངས་པར་འོས་པ་བདུད་རྩི་ལྟ་བུའི་གསུང་དེ་ཕེབས་པར་འདུག་པར་ཁོ་བོས་རྒྱལ་བ་ཐམས་ཅད་གཟིགས་པ་ཆེན་པོ་དཔང་དུ་གྱུར་པ།   ཚད་མར་གྱུར་པ་དེས་ཐུགས་གཟུ་བོའི་གསུང་ཆེས་གཉན་པར་འོས་པ་འདི་ལྟར་བཀའ་གནང་བ་ནི་ངོ་མཚར་ཤིན་ཏུ་ཆེ་བསམས་ནས་སླར་ཡང་སྨྲས་པ།།    ཐལ་འགྱུར་དབུ་མའི་གཞུང་ཆེན་མ་བཙུག་ན།  འཁོར་ལོ་བར་བའི་ཆོས་མཛོད་ཇི་ལྟར་འབྱེད།   །ཀླུ་སྒྲུབ་རིགས་ཚོགས་དགོངས་པ་ཇི་ལྟར་ལེན།  །ལྷག་མཐོང་སོར་རྟོག་ཤེས་རབ་རྟོགས་ཐབས་གང༌།  །གཞན་སྡེས་བཏགས་པའི་བདག་ལྟ་སུ་ཡིས་འཇོམས།   །སེམས་ཙམ་གཞན་སྟོང་ཁྱད་པར་གང་གིས་འབྱེད།  །གཤེགས་སྙིང་གློ་བུར་དྲི་མ་ཇི་ལྟར་སྦྱོངས།  །གཞན་སྟོང་དབུ་མའི་གཞུང་ཆེན་མ་བཙུག་ན།  །འཁོར་ལོ་ཐ་མའི་ངེས་དོན་ཇི་ལྟར་འབྱེད།  །ཀླུ་སྒྲུབ་བསྟོད་ཚོགས་དགོངས་པ་ཇི་ལྟར་ལེན།  །བྱམས་པ་ཐོགས་མེད་མཛད་པ་ཇི་ལྟར་སྐྱོང༌།  །དུས་འཁོར་ཀྱེ་རྡོར་འདུས་པ་སྡོམ་པ་སོགས།  །རྒྱུད་སྡེའི་དགོངས་པ་དབུ་མར་ཇི་ལྟར་འཆད།   །འདུས་པའི་རྒྱུད་གསུམ་རྣམ་བཞག་ཇི་ལྟར་འབྱེད། །དམ་པ་དང་པོའི་སངས་རྒྱས་ཇི་ལྟར་འཐད། །རྒྱལ་བ་ཉིད་ཀྱིས་དྲང་ངེས་བྱས་པ་དང༌། །འབྱེད་པར་ལུང་བསྟན་ས་གསུམ་རྙེས་པ་ཡི།  །འཕགས་པ་ཐོགས་མེད་ཀྱིས་ཕྱེས་དྲང་ངེས་དེ།  །དཀྲུགས་པས་ལོག་རྟོག་ལངས་པར་མི་ཤོར་རམ།  །གཟུངས་དབང་མདོ་དང་དགོངས་འགྲེལ་རྒྱུད་བླ་མ།  །མདོར་བསྡུས་དགོངས་པ་མཐར་ཐུག་ཐེག་གཅིག་གི།   །རྣམ་བཞག་འཐད་ལྡན་སུ་ཡིས་འབྱེད་པར་ནུས།།  ཅེས་པའོ།།  ཚུལ་འདི་ལྟ་བུ་ནི་སྐུ་ཞབས་ཁམས་སྤྲུལ་རིན་པོ་ཆེས།   སྐུ་ཞབས་པཎ་ཆེན་རིན་པོ་ཆེ་དང༌།  འབེལ་གཏམ་བྱུང་བའི་ས་བོན་ཞིག་ཡི་གེར་བགྱིས་ན་ལེགས་ཞེས་བཀའ་ཕེབས་པ་དང༌།  ཟུར་མང་ངེས་གླིང་གི་ཁྲི་སྤྲུལ་བའི་སྐུ་རིན་པོ་ཆེས་ཀྱང་མདོ་སྔགས་རིག་གནས་རྣམས་༼ལ༽མཁྱེན་པ་ཇི་ལྟར་རྒྱས་པའི་ཚུལ་བཀའ་འདྲི་གནང་བར།  དེའི་ཞུས་ལན་ཀྱང་ཞར་བྱུང་དུ་གོ་བར་འགྱུར་བའི་ཆེད་དུ་རྒྱལ་ཁམས་པ་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་སུ་ཕུལ་བའོ།།   བཀྲ་ཤིས་པར་གྱུར་ཅིག