དུས་འཁོར་སྒོམ་རིམ།

དུས་འཁོར་རྫོགས་རིམ་སྦྱོར་དྲུག་གི་སྒོམ་རིམ་གྲུབ་པའི་ལམ་བཟང་།

ཐུབ་བསྟན་དགེ་ལེགས་རྒྱ་མཚོ།

དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྒོམ་རིམ་གྲུབ་པའི་ལམ་བཟང་སྐུ་བཞིའི་རྒྱལ་སར་བགྲོད་པའི་ཤིང་རྟ་ཞེས་བྱ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།

བདེན་གཉིས་ཤེས་བྱའི་གནས་ཀུན་ཚུལ་བཞིན་གཟིགས།། རབ་འབྱམས་གཞུང་ལུགས་རྒྱ་འཚོའི་ཕ་རོལ་ཕྱིན།། རྒྱལ་བའི་མཚན་འཛིན་ཀུན་མཁྱེན་ཇོ་ནང་པ།། ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་འཚལ་ནས།། རྩ་བའི་རྒྱུད་རྒྱལ་སྟོང་ཕྲག་དྲུག་ཅུ་བར།། རབ་ཏུ་གསལ་བར་བསྟན་པའི་རྡོ་རྗེའི་ལམ།། དུས་ཀྱི་འཁོར་ལོའི་རྫོགས་རིམ་ཡན་ལག་དྲུག། དང་པོའི་ལས་ཅན་རྣམས་ཀྱིས་སྒོམ་ཚུལ་འཆད།། དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་པའི་ལམ་ཆེན། གྲུབ་པའི་དབང་ཕྱུག་མཐའ་དག་གི་བགྲོད་པ་གཅིག་པའི་ལམ། དབང་རྣོན་ཁམས་དྲུག་གི་རྡོ་རྗེའི་ལུས་དང་ལྡན་པ་རྣམས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་སར་བགྲོད་པ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་མ་སྤས་ཤིང་གསལ་བར་བསྟན་པ། གསང་བ་ལས་ཀྱང་ཆེས་གསང་བ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་རྫོགས་རིམ་གྱི་ལམ་ཉམས་སུ་ལེན་པའི་ཚུལ་ནི། རང་རྒྱུད་ཀྱི་འཁོར་བ་སྡུག་བདེན་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་གཙོ་བོར་བྱས་པའི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཡང་ཡང་བསྒོམས་པས་འཁོར་བ་འདི་མེ་མ་མུར་གྱི་འོབ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་མཐོང་སྟེ། ཤིན་ཏུ་སྐྲག་ཅིང་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པ་བཅོས་མིན་དུ་བསྐྱེད། མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་སྒོ་ནས་དེ་འདྲའི་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་ཏེ། མཆོག་གསུམ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་སུ་འཛིན་པའི་སྐྱབས་འགྲོ་ཡང་དག་པ་རྒྱུད་ལ་སྐྱེ་ངེས་བྱ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་ཐམས་ཅད་བདག་གི་དྲིན་ཅན་གྱི་ཕ་མར་མཐོང་བའི་སྒོ་ནས་དེ་དག་གི་རྒྱུད་ཀྱི་སྡུག་བསྔལ་མཐའ་དག་བདག་གིས་བསྒྲལ་འདོད་ཀྱི་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་བཅོས་མིན་བསྐྱེད། དེ་སྐྱེས་པ་ན་ད་ལྟ་དེ་འདྲའི་ནུས་པ་བདག་ལ་མེད་པས་སེམས་ཅན་མ་ལུས་པ་སྡུག་བསྔལ་མཐའ་དག་ལས་བསྒྲལ་ནུས་པའི་ཆེད་དུ་ཐོག་མར་བདག་གིས་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་ངེས་སུ་བྱ། དེ་ནས་སངས་རྒྱས་དེ་ཡང་རྒྱུ་མ་བསྒྲུབ་པ་ལས་ཐོབ་པ་མི་སྲིད་པས་གཞན་དོན་དུ་སངས་རྒྱས་ཐོབ་པའི་རྒྱུར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱ་སྙམ་པའི་བསམ་པ་སྐོམ་པས་གདུང་བས་ཆུ་འདོད་པ་ལྟར་ངམ་ངམ་ཤུགས་ཀྱིས་སྐྱེ་བ་ཞིག་འོང་བར་བྱ། དེ་ནས་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་བསྟེན་ནས། བསྐྱེད་རིམ་གྱི་ཡེ་ཤེས་དངོས་སུ་སྨིན་བྱེད་བྱིས་པ་འཇུག་པའི་དབང་བདུན་དང༌། རྫོགས་རིམ་ཡན་ལག་དྲུག་ལས་སོར་བསམ་གཉིས་ཀྱི་ཡེ་ཤེས་སྨིན་བྱེད་བུམ་པའི་དབང་དང༌། སྲོག་འཛིན་གཉིས་ཀྱི་ཡེ་ཤེས་སྨིན་བྱེད་གསང་བའི་དབང་དང༌། རྗེས་དྲན་གྱི་ཡེ་ཤེས་སྨིན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། ཏིང་ངེ་འཛིན་གྱི་ཡེ་ཤེས་སྨིན་བྱེད་དབང་བཞི་བ་ཚིག་གི་དབང་རྣམས་ལེགས་པར་ནོང༌། བསྐྱེད་རྫོགས་ཀྱི་ཡེ་ཤེས་རྣམས་སྨིན་བྱེད་ཀྱི་ནུས་པ་སེམས་རྒྱུད་ལ་བཞག་པའི་དབང་དེ་ཉམས་པར་བྱེད་པའི་རྩ་ལྟུང་བཅུ་བཞི་སོགས་སྤོང་བྱེད་ཀྱི་དམ་ཚིག་རྣམ་པར་དག་པ་བསྲུང་བས་སྨིན་བྱེད་དབང་གི་ནུས་པ་མི་ཉམས་པར་བྱེད། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ལ་གེགས་བྱེད་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྡོར་སེམས་སྒོམ་བཟླས་ཀྱིས་དག་པར་བྱེད། དེ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་མཎྜལ་གྱི་སྒོ་ནས་བསགས། སྔགས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ལ་མེད་ན་མི་འབྱུང་གི་རྒྱུ་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་བཅོས་མིན་བསྐྱེད། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་རྟེན་གཞི་རང་ཉིད་དུས་ཀྱི་འཁོར་ལོའི་སྐུ་དངོས་སུ་མཐོང་བའི་རྣལ་འབྱོར་རམ་བསྐྱེད་རིམ་གྲུབ་ངེས་སུ་བསྒོམས།

རྩིས་འཁོར་དུ་ཕབ་ཟིན་པའི་པར་རྩ་ཐུགས་མཁོ་ཡོད་རིགས་ཀྱིས་འབྲེལ་བ་གནོངས་དང་ཐད་གཏོང་བྱེད་ཆོག

འཕྲུལ་དེབ་ PDF ཐོག་་ཀློག་འདོད་ཡོད་ན་འདིར་ནོན།