ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ཞེས་བྱ་བ།
མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ཞེས་བྱ་བ། ཐེག་ཆེན་མདོ་སྡེའི་རྒྱན་གྱི་བརྒྱན།། ཐེག་ཆེན་རབ་གསལ་སྣང་བ་བཞུགས།། ཐེག་ཆེན་ཆོས་ལ་མོས་པ་རྣམས།། ཐེག་ཆེན་གཞུང་འདི་མཁྱེན་པར་མཛོད།། ཨོཾ་ཤྲཱི་མ་ཏེ་གུུ་ར་ཝེ་རཏྣ་ཏྲ་ཡཱ་ཡ་ཙ་ན་མོ་ན་མཿ ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། རང་བཞིན་རྣམ་དག་ཆོས་དབྱིངས་དྲི་མེད་མཁའ་ལྟར་ཁྱབ་པའི་དོན་རྟོགས་ནས། ། ལམ་བཟང་རྣམ་དག་ཕ་རོལ་ཕྱིན་དྲུག་ཚོགས་གཉིས་བརྩོན་པས་བསྒྲུབས་པའི་མཐུས། ། འབྲས་བུ་རྣམ་དག་སྐུ་དང་ཡེ་ཤེས་ཡོན་ཏན་ཕུན་ཚོགས་དང་ལྡན་པའི། ། འཕྲིན་ལས་རྣམ་དག་ནུས་པས་འགྲོ་ཀུན་སྐྱོང་མཛད་ཐུབ་དབང་ཞབས་ལ་འདུད། ། དེ་ཡི་བསྟན་པ་དམ་པའི་ཆོས། ། ལུང་དང་རྟོགས་པའི་བདག་ཉིད་ཅན། ། འཆད་དང་སྒྲུབ་ལ་རབ་བརྩོན་པས། ། ཡུན་རིང་གནས་ཤིང་གསལ་གྱུར་ཅིག ། ཟབ་ཡངས་གསུང་རབ་རྒྱ་མཚོའི་དབུས་ནས་ངེས་དོན་རིན་ཆེན་མཆོག་བླངས་ཏེ། ། ལེགས་བཤད་རྒྱལ་མཚན་རྩེ་ལ་བཅིངས་ནས་འགྲོ་བློའི་མི་ཤེས་མུན་སེལ་ཞིང༌། ། ཡེ་ཤེས་སྣང་བའི་དཔལ་རབ་རྒྱས་མཛད་དེད་དཔོན་མཚུངས་མེད་ཆོས་ཀྱི་རྗེ། ། ས་བཅུའི་དབང་ཕྱུག་རྒྱལ་བའི་རྒྱལ་ཚབ་བྱམས་མགོན་རྒྱལ་བའི་སྲས་ལ་འདུད། ། དེ་སྲས་འཕགས་པ་ཐོགས་མེད་དང༌། ། མཁས་མཆོག་དཔལ་ལྡན་དབྱིག་གཉེན་སོགས། ། ལེགས་བཤད་ཟབ་མོ་སྟོན་མཛད་པའི། ། དམ་པ་རྣམས་ལའང་ཕྱག་འཚལ་ནས། ། རྩོམ་པར་དམ་བཅའ་བ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་ཐེག་ཆེན་ཟབ་མོའི་བརྗོད་བྱའི་དོན། ། གཞི་དང་ལམ་དང་འབྲས་བུའི་གནས་ལུགས་ཤིན་ཏུ་གསལ་བར་སྟོན་པའི་གཞུང༌། ། དབུ་མ་ཆེན་པོ་མདོ་སྡེའི་རྒྱན་འདི་དམ་པ་རྣམས་ཀྱི་ལེགས་བཤད་ལ། ། བརྟེན་ནས་རང་གཞན་རྟོགས་པ་འཕེལ་ཕྱིར་ཇི་ལྟར་ནུས་བཞིན་བཤད་པར་བྱ། ། ཆོས་དབྱིངས་སྙིང་པོའི་དོན་རྟོགས་ནས། ། ཐེག་ཆེན་ལམ་ལ་ལེགས་ཞུགས་ཏེ། ། ཀུན་མཁྱེན་གོ་འཕང་ཐོབ་འདོད་པའི། ། སྐལ་ལྡན་ཚོགས་རྣམས་དགྱེས་པར་མཛོད། ། འདིར་གང་དག་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པའི་སྐལ་པ་དང་ལྡན་པ་དེ་དག་གིས་ནི། འཁོར་བའི་བྱ་བ་སྙིང་པོ་མེད་པ་ལ་ཆགས་པ་{མཐའ་དག་}སྤངས་ཏེ། དམ་པའི་ཆོས་ཐོག་མཐའ་བར་གསུམ་དུ་དགེ་བའི་ལམ་ལ་ཐོས་བསམ་སྒོམ་གསུམ་གྱི་རིམ་པས་འཇུག་པར་བྱ་བ་ཡིན་ལ། དེ་དག་གི་ཚུལ་ཡང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་ཉེ་བར་བསགས་པ་ལས། ས་འགྲེལ་གྱི་བསྟན་བཅོས་རབ་ཏུ་མང་པོ་རྣམས་ཀྱིས་ཀྱང་ཤིན་ཏུ་གསལ་བར་མཛད་པས། རེ་ཞིག་དང་པོར་བླང་དོར་གྱི་ཚུལ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་གི་ཆོས་རྣམས་ལ་ཐོས་བསམ་རྣམ་པར་དག་པས་འཇུག པར་བྱའོ། ། དེ་ལ་དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ་དང༌། སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་དུ་བཤད་པ་གཉིས་ལས། དང་པོ། ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ། དང་པོ་ལའང་ཐོབ་པར་བྱ་བ་ཐར་བའི་ཕན་ཡོན། སྤང་བར་བྱ་བ་འཁོར་བའི་ཉེས་དམིགས། བསྒྲུབ་པར་བྱ་བ་ཆོས་ལ་འཇུག་ཚུལ་ལོ། ། ༼༡༽ཐོབ་པར་བྱ་བ་ཐར་བའི་ཕན་ཡོན། དང་པོ་ནི། དམ་པའི་ཆོས་ལ་ཞུགས་པ་རྣམས་ཀྱིས་འབྲས་བུ་ཕུན་སུམ་ཚོགས་པ་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཡིན་ཞིང༌། དེ་ཡང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ལས་ཟག་པ་མེད་པའི་འབྱོར་བ་མཐའ་ཡས་པ་དང་ལྡན་པ་རང་དོན་དོན་དམ་ཆོས་ཀྱི་སྐུ་མངོན་དུ་གྱུར་པའི་ངང་ལས་མ་གཡོས་བཞིན་དུ། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་དཔག་ཏུ་མེད་པའི་དོན་ཕུན་སུམ་ཚོགས་པ་མཛད་པ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང༌། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། །ཞེས་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པར་གསུངས་ཤིང༌། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་འདུས་མ་བྱས་ཀྱི་ཡོན་ཏན་རྣམས་ནི་གདོད་མ་ནས་ཆོས་ཀྱི་སྐུ་ལ་དབྱེར་མེད་པར་མངའ་བ་དྲི་མ་དང་བྲལ་བ་ཙམ་གྱིས་མངོན་དུ་འགྱུར་བ་སྟེ། དེ་ལྟར་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུ་རབ་ཕྱེ་སྟེ། ། ནོར་བུ་རིན་ཆེན་འོད་མདོག་དང༌། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་པ་ལྟར་རོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྨིན་འབྲས་འདུས་བྱས་ཀྱི་ཡོན་ཏན་རྣམས་[ནི་{ཀྱི་}མཐོང་མ་ཐག་ཏུ་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་མངའ་བའི་སྒོ་ནས་[ཀྱང་]གདུལ་བྱ་མཐའ་དག་ཡོངས་སུ་སྨིན་པར་མཛད་པ་སྟེ། རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་བའི་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་ལ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་དབྱིངས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང༌། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་པས་མིའི་འཇིག་རྟེན་བཻཌཱུརྱའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོའི་གཟུགས་བརྙན་སྣང་བ་བཞིན་དུ་དོན་དམ་ཆོས་[ཀྱི]སྐུ་ལས་མ་གཡོས་པར་ཀུན་རྫོབ་གཟུགས་ཀྱི་སྐུའི་སྣང་བ་མཐའ་ཡས་པ་སྟོན་པ་དང༌། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་བཞིན་དུ་གདམས་ངག་དང་རྗེས་སུ་བསྟན་པ་སྣ་ཚོགས་པ་གསུང་བ་དང༌། སྤྲིན་གྱིས་ནམ་མཁའ་ཁྱབ་པར་བྱས་ཏེ་ཆར་འབེབས་པ་བཞིན་དུ་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེས་གདུལ་བྱ་མཐའ་ཡས་པ་ལ་ཁྱབ་པ་དང༌། ཚངས་པ་གཟུགས་ཁམས་ལས་མ་གཡོས་པར་སྤྲུལ་པ་འདོད་ཁམས་སུ་སྟོན་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་རང་[རང་]གི་མོས་པ་དང་མཐུན་པར་སྤྲུལ་པ་སྣ་ཚོགས་པ་སྟོན་པ་དང༌། ཉི་མས་འོད་ཟེར་གྱི་སྣང་བ་འགྱེད་པ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་མཐའ་ཡས་[པ]སྤྲོས་པ་དང༌། ནོར་བུ་རིན་པོ་ཆེ་དང་འདྲ་བར་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པར་དགོས་འདོད་མཐའ་དག་སྩོལ་བ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། བྲག་ཅ་ལ་སོགས་པའི་སྒྲ་བརྙན་བཞིན་དུ་ཡི་གེ་མེད་ཀྱང་སྣ་ཚོགས་སུ་ཐོས་པ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ནམ་མཁའ་བཞིན་དུ་ཐམས་ཅད་ལ་ཁྱབ་ཅིང་དབྱིབས་དང་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་འདུས་བྱས་ཀྱི་གཟུགས་སུ་གྲུབ་པ་མེད་ཅིང་རྟག་པ་ཡིན་པ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ས་གཞིས་ལོ་ཏོག་ལ་སོགས་པ་སྐྱེ་བའི་རྟེན་བྱེད་པ་བཞིན་དུ་གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཀྱི་ལོ་ཏོག་དང་རྩི་སྨན་རྣམས་འཕེལ་བ་བརྟན་པ་དང་ཡངས་པར་བྱེད་པའི་གཞི་ནི་གནས་མ་ལུས་པར་གྱུར་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སངས་རྒྱས་ཀྱི་ས་ཐོབ་པ་ཉིད་ཡིན་ནོ། །ཞེས་བསྟན་པ་ལ་སོགས་པ་ལྟ་བུ་དང༌། སྟོན་དང་གསུང་དང་ཁྱབ་པ་དང༌། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང༌། །ཐུགས་གསུང་སྐུ་ཡི་གསང་བ་དང༌། །ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། །ཅེས་ཀྱང་བསྡུས་ནས་གསུངས་པ་ལྟར་རོ། ། འབྲས་བུ་མཐར་ཕྱིན་པ་དེ་ཉིད་ལ། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དབྱེར་མེད་པར་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་རང་བཞིན་གྱི་རིགས་དྲི་མ་དང་བྲལ་བ་མངོན་དུ་གྱུར་པའི་ཆ་ནས་དེ་བཞིན་གཤེགས་པ་དང༌། ནམ་ཡང་གཞན་དུ་མི་འགྱུར་ཞིང་སླུ་བ་མེད་པའི་ཆོས་ཉིད་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆ་ནས་འཕགས་པའི་བདེན་པ་དང༌། དོན་དམ་པའི་བདེན་པ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཞི་བ་མངོན་དུ་གྱུར་པའི་ཆ་ནས་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ་ཞིང༌། ཉི་མའི་དཀྱིལ་འཁོར་དང་འོད་ཟེར་འབྲལ་མི་ཤེས་པ་བཞིན་དུ་དོན་དམ་པའི་ཡོན་ཏན་རྣམས་དང་དབྱེར་མེད་པའི་སངས་རྒྱས་ལས་མ་གཏོགས་པའི་མྱ་ངན་ལས་འདས་པ་གཞན་མེད་དེ། གང་ཕྱིར་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་གསུངས་པ་ལྟར་རོ། ། དེ་ཡང་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པ་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བ་སྤངས་པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་དག་ནི་དོན་དམ་པར་གཉིས་སུ་མེད་པའི་ཕྱིར་ཏེ། རྣམ་ཀུན་[མངོན་རྫོགས་{རྫོགས་སངས}བྱང་ཆུབ་དང༌། །དྲི་མ་བག་ཆགས་བཅས་སྤངས་པ༑ ༑སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་གསུངས་པ་ལྟར་རོ༑ ༑ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ལམ་རིང་པོས་དུབ་པ་ལ་འབྲོག་དགོན་པར་གྲོང་ཁྱེར་སྤྲུལ་པ་བཞིན་དུ་ངལ་བསོ་ཞིང་རིམ་གྱིས་གཞུག་པའི་ཆེད་དུ་བཏགས་པ་ཙམ་ཡིན་པས་མཐར་ཐུག་གི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཉིད་ཐོབ་པར་བྱ་དགོས་ཏེ། དེས་ན་སངས་རྒྱས་མ་[གཏོགས་{ཐོབ་}པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་གསུངས་པ་ལྟར་རོ། །དོན་དམ་པའི་སངས་རྒྱས་ནི་རང་བཞིན་རྣམ་པར་དག་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་བཞུགས་པའི་ཕྱིར་སྤང་བྱ་གློ་བུར་གྱི་དྲི་མ་སྦྱོང་བ་ལ་འབད་པར་རིགས་ཏེ། མདོ་ལས། ཐོག་མ་མེད་པའི་དུས་ཅན་ཁམས། ། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། ༼༢༽སྤང་བྱ་འཁོར་བའི་ཉེས་དམིགས། སྤང་བར་བྱ་བ་འཁོར་བའི་ཉེས་དམིགས་ནི། དེ་ལྟར་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཐམས་ཅད་ལ་ཁྱབ་པར་གནས་ཀྱང་དམ་པའི་ཆོས་ལ་བརྩོན་པར་མ་བྱས་ན། མེད་བཞིན་དུ་བདག་དང་བདག་གིར་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའི་དབང་གིས་ཉོན་མོངས་པ་རྣམས་འབྱུང་ཞིང༌། དེས་ཀུན་ནས་བསླངས་པའི་ལས་ངན་པ་ཟག་པ་དང་བཅས་པ་སྤྱད་པ་ལས། མཐའ་མེད་པའི་འཁོར་བར་སྐྱེས་ནས་བཟོད་པར་དཀའ་བའི་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་སྟེ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་ལ་དེ་ལ་ངར་འཛིན་ཡོད། ། ངར་འཛིན་པ་ལས་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར་རོ། །དེ་ཡང་བཤེས་སྤྲིང་དུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །དཔེར་ཡང་མི་ཕོད་འོལ་ཡང་མི་[འཆིའོ{དབྱིའོ}། །ཞེས་པ་ལྟར་དམྱལ་བ་རྣམས་ལ་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་དང༌། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། ། ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་པའི་མཐུ་དང་ལྡན་པ་མ་ལགས་སོ། ། ཞེས་པ་ལྟར་ཡི་དྭགས་རྣམས་ལ་བཀྲེས་སྐོམ་དང་དབུལ་ཕོངས་ལ་སོགས་པའི་སྡུག་བསྔལ་དང༌། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ལག་པ་དང༌། །ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་པ་ལྟར་དུད་འགྲོ་རྣམས་ལ་གཅིག་གིས་གཅིག་ཟ་བ་དང་དབང་མེད་གཞན་གྱིས་འཁོལ་བ་ལ་སོགས་པའི་སྡུག་བསྔལ་དང༌། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་ཚོལ་བས་ཤ་ཐང་ངོ༌། ། ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །གང་ནའང་དགའ་བ་མེད་[འགྱུར་{གྱུར་}པ། །ཞེས་པ་ལྟར་མི་རྣམས་ལ་ཡང་ཡོད་པ་བསྲུང་བ་དང་མེད་པ་ཚོལ་བ་ལ་སོགས་པའི་སྡུག་བསྔལ་དང༌། ལྷ་ཡི་གནས་ནས་འཕོ་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་[ནི{གང་}། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་ལྷ་རྣམས་ལ་འཆི་འཕོ་ལྟུང་འགྱུར་ལ་སོགས་པའི་སྡུག་བསྔལ་ཡོད་ལ། ཟག་བཅས་ཀྱི་བདེ་བ་ཅུང་ཟད་ཡོད་ཀྱང་དཔྱད་ན་འགྱུར་བའི་སྡུག་བསྔལ་ཡིན་པས་སྙིང་པོ་མེད་ཅིང༌། ཐམས་ཅད་ལ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པས། འགྲོ་བ་རྒྱུད་ལྔས་བསྡུས་པའི་འཁོར་བ་མཐའ་དག་ནི་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་དེ། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་སྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་པ་ལྟར་རོ། ། ༼༣༽བསྒྲུབ་བྱ་ཆོས་ལ་འཇུག་ཚུལ། ༡ གང་ལ་འཇུག་པར་བྱ་བའི་ཆོས། བསྒྲུབ་པར་བྱ་བ་ཆོས་ལ་འཇུག་ཚུལ་ལ་གཉིས་ལས། གང་ལ་འཇུག་པར་བྱ་བའི་ཆོས་ནི། རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་ཆོས་ཀྱི་སྒྲ་ཡུལ་བཅུ་ལ་འཇུག་པར་གསུངས་[པ་ལས{པས}། མྱ་ངན་ལས་འདས་པའི་ཆོས་ཐོབ་པའི་ཆེད་དུ་ལམ་གྱི་ཆོས་ལ་འབད་དགོས་ཤིང༌། དེའི་ཕྱིར་ཡང་གསུང་རབ་ལུང་གི་ཆོས་ལ་ཐོས་བསམ་རྣམ་པར་དག་པས་འཇུག་པར་བྱ་བ་ཡིན་ལ། ཁྱད་པར་དུའང་བདེ་བར་གཤེགས་པའི་གསུང་རབ་དམ་པའི་ཆོས་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། །འཇུག་པར་བྱ་བའི་གཞི་ཐེག་པ་ཆེན་པོ་བཀར་སྒྲུབ་པ། ཞུགས་ནས་སྒྲུབ་པ་ཀུན་གྱི་སྒོ་མཆོག་ལ་སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་བར་གྱུར་པ་ལས་སད་པར་འགྱུར་བ་རིགས་ཀྱི་དོན། རིགས་སད་པ་ལས་སྐྱེ་བའི་བསམ་པའི་ཁྱད་པར་སེམས་བསྐྱེད་པ། སེམས་བསྐྱེད་པ་ལས་འགྲུབ་པའི་རང་དང་གཞན་གྱི་དོན་བསྒྲུབ་ཚུལ། དོན་སྒྲུབ་པ་ལས་འཐོབ་པའི་དེ་བཞིན་ཉིད་ཀྱི་དོན་བསྟན་པ། དེ་ཁོ་ན་ཉིད་ཐོབ་པའི་མཐུ་མངོན་པར་ཤེས་པ་ངོས་གཟུང་བ། མཐུ་ཐོབ་པ་ལས་འབྱུང་བའི་བདག་གཞན་ཡོངས་སུ་སྨིན་པའི་དོན། ཡོངས་སུ་སྨིན་པའི་མཐར་ཐུག་པ་བྱང་ཆུབ་ཆེན་པོ་འགྲུབ་པའི་ཚུལ་ཞེས་པ་རྣམས་སོ། ། ༡༽ཕན་ཡོན་སོགས་བསྟན་ནས་རྩོམ་པར་འཇུག་ཚུལ། དང་པོར་བརྗོད་བྱ་ལ་སོགས་པ་མདོར་བསྟན་པ་ལ་བཞི་སྟེ། རྒྱན་པར་བྱས་ཏེ་ཆོས་ལྔ་སྟོན་ཚུལ། དཔེ་དང་སྦྱར་ཏེ་དགའ་བ་བསྐྱེད་ཚུལ། དཔེའི་ཚུལ་ལ་ཀླན་ཀ་སྤང་པ། ཆོས་འདིར་གུས་པའི་ཕན་ཡོན་བསྟན་པའོ། ། ⑴ རྒྱན་པར་བྱས་ཏེ་ཆོས་ལྔ་སྟོན་ཚུལ། དང་པོ་ནི། [(སེར་ངུར་སྐྱེར་མ་ནོར་བ་གལ་)དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། །སྡུག་བསྔལ་བསྒྲལ་ཕྱིར་སྡུག་བསྔལ་འགྲོ་ལ་སྙིང་རྗེ་ལས་ཏེ་དེའི་བདག་ཉིད། །ཐེག་མཆོག་བསྟན་པའི་རྣམ་པའི་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ། །འབྱོར་བའི་དོན་ཚུལ་བླ་མེད་གྱུར་པ་ལྔ་ཡི་བདག་ཉིད་སྟོན་པར་བྱེད། །]དེ་ཡང་ཆོས་མངོན་པ་ཀུན་ལས་བཏུས་པར། ཡང་དག་པར་དྲི་བ་རྣམ་པར་ངེས་པ་གང་ཞེ་ན། ཅི་ཞེས་བསྟན་པ་ཡང་དག་པར་དྲི་བ་རྣམ་པར་ངེས་པ་དང༌། ཅི་ཞེས་བསྟན་པ་ལ་ཇི་ལྟ་བར་གང་ཞེས་བསྟན་པ་ཡང་དེ་བཞིན་ནོ་ཞེས་སྒྲའི་རྣམ་དབྱེ་བདུན་བྱིན་པ་དབྱེ་བ་དང་བཅས་པ་ལས་བརྩམས་ནས་གཏན་ལ་དབབ་པར་གསུངས་ཤིང༌། བརྡ་སྤྲོད་པའི་གཞུང་ལས། (དུར་སིད་ལས)དོན་རྣམ་པར་འབྱེད་པའི་ཕྱིར་རྣམ་དབྱེ་རྣམས་སོ་ཞེས་པ་དང༌། (ཙནྡྲ་པར)དོན་ཙམ་སྟོན་པ་ལ་དང་པོ། བྱེད་པའི་བྱ་བ་ལ་གཉིས་པ། བྱེད་པ་པོ་ལ་གསུམ་པ། ཡང་དག་རབ་སྦྱིན་(ནམ་ཆེད་དུ་བྱ་བ།)ལ་བཞི་པ། འབྱུང་ཁུངས་ལ་ལྔ་པ། འབྲེལ་བ་ལ་དྲུག་པ།དེ་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་མཛེས་པའི་[བརྒྱན་{རྒྱན་}བྱེད་ན། དང་པོ་དོན་ཙམ་སྟོན་པ་གང་ཞིག་[བརྒྱན་{རྒྱན་}པར་བྱེད་ཅེ་ན། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་མགོན་པོ་བྱམས་པ་བརྒྱན་པར་བྱེད་དོ། ། གཉིས་པ་ལས་སུ་བྱ་བ་གང་ལ་བརྒྱན་པར་བྱེད་ཅེ་ན། ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་[ཞིང་]རབ་ཏུ་བྱེད་པའི་གཞུང་ལུགས་རྣམ་པར་དག་པ་རྣམས་ལ་བརྒྱན་པར་བྱེད་དོ། ། གསུམ་པ་བྱེད་པ་པོ་གང་གིས་བརྒྱན་པར་བྱེད་ཅེ་ན། ངག་དང་ཚིག་རྣམས་དྲི་མེད་པས། ། ཞེས་པ་སྟེ། ངག་དྲི་མ་མེད་པ་ནི་རྒྱལ་སྲས་ཚིག་ནི་མི་ཞན་པ། ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་ལྟར་མི་ཞན་པ་ནི་གྲོང་ཁྱེར་པ་སྟེ་འཁོར་ལ་ཁྱབ་པ་སྟེ། སྙན་ཅིང་འཇེབས་པ་དང་ལེགས་བཤད་གསལ་བ་དང་མཉན་པར་འོས་པ་ལ་སོགས་པ་དང༌། ཚིག་དྲི་མ་མེད་པ་ནི། བསྟན་དང་དེ་བཞིན་བཤད་པ་དང༌། །ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་ལྟར་ཚིག་དང་ཡི་གེ་རིགས་པ་དང་མཐུན་ཞིང་བསྟན་པ་དང་བཤད་པ་མི་འགལ་བ་ལ་སོགས་པ་འཇིག་རྟེན་ན་མཁས་པ་རྣམས་ལ་གྲགས་ཤིང་གོ་སླ་བ་རྣམ་པར་དག་པ་རྣམས་ཀྱིས་བརྒྱན་པར་བྱེད་དོ། ། (ཁ་(༧ས་རི་ཧ་ཏ)ཅིག་ངག་ནི་ཆེན་པོ་དང༌། ཚིག་ནི་དེར་གཏོགས་པའི་ཕྲན་དང༌། ཡང་(༧སད་ཛ་ན)ཉན་ཤེས་ལ་གྲགས་པ་དང༌། ཡིད་ཤེས་ལ་སྣང་བ་དང༌། ཡང་(འགྲེལ་ཆེན་དུ)རྐང་པ་བཞི་མ་ཚང་བ་ཚང་བའང་ཟེར་རོ། །ཡང་སྤྱན་རས་གཟིགས་བརྟུལ་ཞུགས་སུ་ཡི་གེ་དུ་མ་འདུས་པ་ལས་མིང་དང༌། མིང་དུུ་མ་འདུས་པ་ལས་ཚིག་དང༌། ཚིག་དུ་མ་འདུས་པ་ལས་ངག་དང༌། ངག་དུ་མ་འདུས་པ་ལས་ལེའུ་འམ་རབ་ཏུ་བྱེད་པ་དང༌། རབ་ཏུ་བྱེད་པ་དུ་མ་འདུས་པ་ལས་བསྟན་བཅོས་གསུང་རབ་ཅེས་བྱ་བར་འགྱུར་པའོ། །ཞེས་གསུངས་པའི་ངག་དང་ཚིག་རྣམས་དྲི་མ་མེད་པ་དག་གིས་སོ་ཞེས་ཀྱང་སྦྱར་རོ།།) བཞི་པ་དགོས་པ་གང་གི་ཆེད་དུ་བརྒྱན་པར་བྱེད་ཅེ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཕྱིར་དུ་བརྒྱན་པར་བྱེད་དོ། ། ལྔ་པ་འབྱུང་ཁུངས་གང་ལས་བརྒྱན་པར་བྱེད་ཅེ་ན། སྡུག་བསྔལ་སྣ་ཚོགས་པས་གདུངས་པའི་འགྲོ་པ་རྣམས་ལ་སྙིང་རྗེ་ཆེན་པོ་ཚད་མེད་པ་སྐྱེས་པའི་རྒྱུ་ལས་བརྒྱན་པར་བྱེད་དེ། དེའི་རྒྱུ་མཚན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། ། དྲུག་པ་འབྲེལ་པ་ཅན་གང་གི་རྒྱན་བྱེད་ཅེ་ན། ཆོས་གང་ལ་ཐེག་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་བསྟན་པའི་རྣམ་པ་མཐའ་དག་ཡོད་པའི་ཆོས་ཟབ་མོ་རྣམས་ཀྱི་རྒྱན་བྱེད་དོ། ། བདུན་པ་གཞི་གང་ལ་བརྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོ་དེ་ཡིས་བྱང་ཆུབ་ཆེན་པོར་འགྲོ་བའི་སེམས་ཅན་སྐལ་བ་ཆེན་པོ་དང་ལྡན་པ་རྣམས་ལ་བརྒྱན་པར་བྱེད་དོ། །ལ་ཞེས་པ་ནི་ཆེད་དུ་བྱ་བའམ་རྒྱུ་མཚན་གྱི་[བདུན་{སྟོན་}པ་སྟེ། རིགས་དམན་པ་རྣམས་རེ་ཞིག་ཐེག་ཆེན་གྱི་སྣོད་མ་ཡིན་པས། དབང་པོ་མཆོག་ཏུ་གྱུར་པ་ཐེག་ཆེན་པ་རྣམས་ལ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་བརྒྱན་པར་བྱེད་དོ། ། བརྒྱད་པ་དབྱེ་བ་གང་ལས་བརྩམས་ཏེ་རྣམ་པ་དུ་ཞིག་གིས་བརྒྱན་པར་བྱེད་ཅེ་ན། འབྱོར་ཞིང་རིགས་པའི་དོན་གྱི་ཚུལ་ཐེག་པ་བླ་ན་མེད་པར་གྱུར་པའི་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་པའི་དོན་རྣམ་པ་ལྔའི་བདག་ཉིད་སྟོན་པའི་སྒོ་ནས་བརྒྱན་པར་བྱེད་དོ་ཞེས་པ་སྟེ། མདོར་ན་ས་བཅུའི་དབང་ཕྱུག་རྗེ་བཙུན་བྱམས་པ་མགོན་པོས་ཐུགས་རྗེ་ཆེན་པོ་[ཚད་མེད་པ་]མངའ་བ་ལ་བརྟེན་[ནས]། {ལ་བ་དང་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་ཕན་གདགས་པའི་ཆེད་དུ། གསུང་རབ་མཐའ་དག་གི་སྙིང་པོ་ཐེག་པ་ཆེན་པོའི་དོན་མཐའ་དག་གསལ་བར་སྟོན་པའི་བསྟན་བཅོས་རྣམ་པར་དག་པ་འདི་མཛད་དོ་ཞེས་པའི་དོན་ཏོ། ། ⑵ དཔེ་དང་སྦྱར་ཏེ་དགའ་བ་བསྐྱེད་ཚུལ། དཔེ་དང་སྦྱར་བ་ནི། [གསེར་ལས་བརྡུངས་བྱས་འདྲ་ཞིང་པད་མ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཕྲིན་ཡིག་ལེགས་པར་ཐོས་འདྲ་རིན་ཆེན་སྒྲོན་ཕྱེ་ལྟའི། །ཆོས་དེ་འདིར་བཤད་པ་ཡང་དགའ་བ་མཆོག་བསྐྱེད་དོ། །]འགྲེལ་པར་ཚིགས་སུ་བཅད་པ་འདིས་ནི་དཔེ་ལྔས་ཆོས་དེ་དོན་རྣམ་པ་ལྔའི་དབང་དུུ་བྱས་ནས་སྟོན་ཏེ། [བསྒྲུབ་{སྒྲུབ་}པར་བྱ་བ་དང༌། བྱེ་བྲག་ཏུ་ཤེས་པར་བྱ་བ་དང༌། བསམ་པར་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ། །དེ་རྣམས་མདོ་སྡེའི་རྒྱན་འདིས་རྣམ་པར་ཕྱེ་ན། གསེར་ལས་བརྡུངས་བྱས་ལ་སོགས་པ་ལྟར་དགའ་བའི་མཆོག་བསྐྱེད་དོ་ཞེས་གསུངས་པ་ལ་འགྲེལ་བཤད་མཁན་པོ་(ངོ་བོ་ཉིད་མེད་པར་སྨྲ་བ་ལ་སོགས་པ་)ཁ་ཅིག་ལང་ཀར་གཤེགས་པར། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་པ་ནི་གཉིས་ཉིད་ཀྱིས། །ཐེག་ཆེན་མཐའ་དག་ཡོངས་བསྡུས་འགྱུར། །ཞེས་གསུངས་པའི་ཆོས་ལྔ་ནི་ཆོས་དང་གང་ཟག་གི་ཚིག་བླ་དྭགས་སུ་གྱུར་པའི་མིང་དང༌། གཞན་དབང་གི་གཟུང་བྱ་སྒྲའི་བརྗོད་བྱར་གྱུར་པ་རྒྱུ་མཚན་དང་ཁམས་གསུམ་པའི་སེམས་སེམས་བྱུང་རྣམས་རྣམ་པར་རྟོག་པ་དང༌། བདག་གཉིས་ཀྱིས་སྟོང་པའི་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་དང༌། དེ་མངོན་སུམ་དུ་རྟོགས་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡང་དག་པའི་ཡེ་ཤེས་ཡིན་ལ། དེ་རྣམས་རིམ་པ་བཞིན་དཔེ་ལྔས་མཚོན་པ་[བསྒྲུབ་{སྒྲུབ་}པར་བྱ་བ་ལ་སོགས་པའི་དོན་དང་སྦྱོར་བ་ནི་ཆོས་ལྔས་ཐེག་ཆེན་གྱི་བརྗོད་བྱ་མཐའ་དག་བསྡུས་ཀྱང༌། གཞུང་འདིས་ཆོས་ལྔ་བརྗོད་བྱའི་གཙོ་བོར་མི་སྟོན་པས་དོན་དང་མི་མཐུན་ཞིང༌། དེ་བཞིན་དུ་རང་བཞིན་གསུམ་དང་གང་ཟག་གསུམ་ལ་སོགས་པ་ལ་སྦྱོར་བའང་གཞུང་གི་སྐབས་དོན་མ་ཡིན་ནོ། །སྐྱབས་འགྲོ་ནས་བྱངཆུབ་ཀྱི་བར་བརྒྱད་ནི། ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་སྟོན་པས་ཤེས་པར་བྱ་བ་དང༌། མོས་པ་ནས་ཐབས་ལྡན་གྱི་བར་དྲུག་ནི་བསམ་པར་བྱ་བ་དང༌། ཕར་ཕྱིན་ནས་སྤྱོད་པའི་བར་ནི་བསམ་གྱིས་མི་ཁྱབ་པ་དང༌། མཐར་ཐུག་གི་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ་དཔེ་ལྔ་དང་སྦྱོར་བ་དང༌། ཡང་འགའ་ཞིག་གཞན་གསུམ་སྔར་དང་འདྲ་པ་ལ་མོས་པ་ནས་ཕྱོགས་མཐུན་གྱི་པར་ནི་བསམ་པར་བྱ་བ་དང༌། ཡོན་ཏན་གྱི་སྐབས་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་སྦྱོར་བ་དང༌། ཡང་(བློ་གྲོས་ཆེན་པོ་)འགའ་ཞིག་སྐྱབས་འགྲོ་དང་རིགས་དང་སེམས་བསྐྱེད་དང་རང་གཞན་གྱི་དོན་ནི་བསྒྲུབ་པར་བྱ་བ་དང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ནི་ཤེས་པར་བྱ་བ་དང༌། མཐུ་དང་ཡོངས་སྨིན་ནི་བསམ་པར་བྱ་བ་དང༌། དག་པ་ས་གསུམ་གྱི་གནས་སྐབས་ནི་བསམ་གྱིས་མི་ཁྱབ་པ་དང༌། འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོ་ནི་སོ་སོ་རང་གིས་རིག་པར་བྱའོ་ཞེས་སྡོམ་པ་དང་པོའི་བར་ལ་དོན་ལྔ་ཚང་བར་སྦྱར་ནས་ཕྱི་མ་རྣམས་ལ་མི་སྦྱོར་བ་དང༌། ཡང་(ཛྙཱ་ན་ཤྲི་ལ་སོགས་)འགའ་ཞིག་གང་ལ་སློབ་པའི་ཡུལ་བཀར་སྒྲུབ་པ་དང་སྐྱབས་འགྲོ་དང་རིགས་ཀྱི་སྐབས་གསུམ་ནི་བསྒྲུབ་པར་བྱ་བ་དང༌། སེམས་བསྐྱེད་དང་སྒྲུབ་པ་གཉིས་ནི་ཤེས་པར་བྱ་བ་དང༌། དེ་ཁོ་ན་ཉིད་ནི་བསམ་པར་བྱ་བ་དང༌། མཐུ་དང་ཡོངས་སྨིན་གཉིས་ནི་བསམ་གྱིས་མི་ཁྱབ་པ་དང༌། བྱང་ཆུབ་{་གསུམ་ཡོངས་སུ་གྲུབ་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ། དཔེ་ལྔ་དང་རིམ་པ་ལྟར་སྦྱོར་ཞིང་ཇི་ལྟར་སློབ་པའི་ཐབས་མོས་པ་དང་ཆོས་ཚོལ་བ་དང་བཤད་པ་དང་སྒྲུབ་པ་བཞི་ནི་བསྒྲུབ་པར་བྱ་བ་དང༌། གདམས་ངག་རྗེས་སུ་བསྟན་པ་ནི་ཤེས་པར་བྱ་བ་དང༌། ཐབས་ལྡན་ནས་ཕྱོགས་མཐུན་གྱི་བར་བཞི་ནི་བསམ་པར་བྱ་བ་དང༌། ཡོན་ཏན་གྱི་སྐབས་ནི་བསམ་གྱིས་མི་ཁྱབ་པ་དང༌། རྟགས་དང་མཐར་ཐུག་གི་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ་དཔེ་ལྔས་མཚོན་པའི་དོན་ལྔ་ཡིན་ནོ་ཞེས་པ་ལ་སོགས་པ་འཆད་ཚུལ་མི་འདྲ་བ་མང་པོ་ཞིག་བྱུང་བ་རྣམས་ཀྱང་བརྗོད་འདོད་ཀྱི་སྒོ་ནས་བཤད་དུ་རུང་མོད་ཀྱི། སྤྱི་རིགས་ནས་གཞུང་དབུ་ཞབས་ཐམས་ཅད་དུ་བརྗོད་བྱ་ཅི་ཙམ་ཞིག་སྟོན་པ་དང་སྦྱར་ན། ཐེག་ཆེན་བཀའི་མཆོག་ཏུ་བསྟན་པ་དང་མཆོག་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ་བསླབ་བྱ་བསྲུང་བ་དང༌། རང་གཞན་ཡོངས་སུ་སྨིན་པ་ལས་བྱང་ཆུབ་ཆེན་པོ་ཐོབ་པ་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ། དོན་གཉིས་ཕུན་སུམ་ཚོགས་པ་གྲུབ་པ་ནི་གསེར་བཟང་པོ་ལས་གཟོ་བོ་མཁས་པས་བརྡུངས་ཏེ་བྱས་པའི་རྒྱན་མཛེས་[པར་{པ་}གྲུབ་པ་དང་འདྲ་ཞིང་དགའ་བ་བསྐྱེད་པ་དང༌། བདེན་པ་གཉིས་དང་བདེན་པ་བཞི་དང་ངོ་བོ་ཉིད་གསུམ་དང་མོས་པའི་ཁྱད་པར་དང༌། ཆོས་ཀྱི་ཟབ་ཁྱད་དང༌། དེ་དག་གཞན་ལ་སྟོན་ཚུལ་དང༌། རང་གིས་བསྒྲུབས་པའི་གདམས་ངག་ལ་སོགས་པ་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཆོས་རྣམས་ཤེས་པ་ནི་ཉི་མའི་འོད་ཟེར་གྱིས་ཕྱེ་བའི་པདྨ་རྒྱས་པ་མཐོང་བ་བཞིན་དུ་དགའ་བ་བསྐྱེད་པ་དང༌། རྒྱུ་འབྲས་སླུ་བ་མེད་པ་དང་སྤང་བྱ་འཁོར་བའི་ཉེས་དམིགས་དང་ཐོབ་བྱ་ཐར་པའི་ཕན་ཡོན་དང༌། ཐབས་ལ་མཁས་པའི་ཁྱད་པར་དང་ཕྱིན་དྲུག་ཉམས་སུ་བླང་ཚུལ་དང༌། མཆོག་ལ་གུས་པར་བྱ་བ་དང་སེམས་ཅན་སྨིན་པར་བྱ་བ་ལ་སོགས་པ་བསམ་པར་བྱ་བ་རྣམས་བསམ་ནས་ཤེས་ཤིང་བླང་དོར་ཚུལ་བཞིན་དུ་བྱེད་པ་ནི། བཀྲེས་པས་ཉེན་པ་རྣམས་གཡོས་ལེགས་པོ་བྱས་པའི་ཁ་ཟས་བཟང་པོ་ཟ་བ་དང་འདྲ་བར་དགའ་བ་བསྐྱེད་པ་དང༌། རང་བཞིན་གྱི་རིགས་དོན་དམ་པའི་སངས་རྒྱས་ཆོས་ཀྱི་{་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པ་དང༌། དེ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་གློ་བུར་གྱི་དྲི་མ་སྦྱང་དགོས་པ་དང༌། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་སེམས་ཅན་གྱི་དུས་ན་ཡང་ཡོད་པ་དང༌། སངས་རྒྱས་ལ་འབད་རྩོལ་མི་མངའ་ཡང་སེམས་ཅན་གྱི་མོས་པ་བཞིན་འཕྲིན་ལས་འཇུག་པ་ལ་སོགས་པ་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལུང་རྣམ་དག་ལ་བརྟེན་ནས་རྟོགས་པ་ནི་སྙན་ངག་དང་བཅས་པའི་འཕྲིན་ཡིག་ལེགས་པར་ཐོས་པ་དང་འདྲ་བའི་དགའ་བ་བསྐྱེད་པ་དང༌། གདོད་མ་ནས་ཡོངས་སུ་གྲུབ་པའི་ཆོས་ཉིད་རིམ་གྱིས་མངོན་སུམ་དུ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་[དང་]། འབྲས་བུ་སངས་རྒྱས་ལ་མངའ་བ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་མངོན་དུ་གྱུར་པ་ནི་རིན་ཆེན་མཆོག་ཏུ་གྱུར་པ་གནས་པའི་སྒྲོམ་ཁ་ཕྱེ་ནས་མཐོང་བ་ལྟ་བུའི་དགའ་བ་བསྐྱེད་པ་སྟེ། དེ་ལྟར་དཔེ་ལྔ་དགའ་བ་བསྐྱེད་པའི་རྒྱུ་ཡིན་པ་དང་འདྲ་བར། དེ་རྣམས་ཀྱིས་མཚོན་པའི་ཆོས་འབྱོར་པའི་དོན་ཚུལ་ལྔ་པོ་དེ་གཞུང་འདིར་བཤད་པ་ཡང་མཁས་པ་རྣམས་དགའ་པ་མཆོག་ཏུ་གྱུར་པ་བསྐྱེད་པར་བྱེད་དོ་ཞེས་ཀྱང་བཤད་དུ་རུང་ཞིང༌། གཞུང་སོ་སོ་ལ་སྦྱོར་ན་ཡང་སྔར་བསྟན་པ་ལྟར་སྡོམ་དང་པོའི་དོན་རྣམས་ནི་ ལེགས་པར་བསྒྲུབ་པར་བྱ་བ་གསེར་ལས་བརྡུངས་བྱས་ལྟ་བུ་དང༌། གཉིས་པའི་དོན་རྣམས་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་པདྨ་རྒྱས་པ་ལྟ་བུ་དང༌། ཐབས་དང་ལྡན་པ་དང་ཕ་རོལ་ཏུ་ཕྱིན་པ་དང་མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་དོན་རྣམས་ནི་ཤེས་ནས་བསམ་པར་བྱ་བ་གཡོས་ལེགས་ཁ་ཟས་ཟ་བ་ལྟ་བུ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དོན་རྣམས་ནི་འཕྲིན་ཡིག་ལེགས་པ་ཐོས་པ་ལྟ་བུ་དང༌། བསམས་པས་རིག་པར་བྱ་བ་བྱང་ཆུབ་ཕྱོགས་མཐུན་ལ་སོགས་པ་ཡོན་ཏན་གྱི་ཆོས་མངོན་དུ་གྱུར་པ་རྣམས་ནི་རིན་པོ་ཆེའི་སྒྲོམ་ཕྱེ་བ་ལྟ་བུར་མཁས་པ་རྣམས་དགའ་བ་བསྐྱེད་པར་བྱེད་དོ་ཞེས་ཀྱང་བཤད་པར་བྱའོ། ། ⑶ དཔེའི་ཚུལ་ལ་ཀླན་ཀ་སྤང་པ། ཀླན་ཀ་སྤང་བ་ནི། ཐེག་ཆེན་གྱི་མདོ་སྡེ་རྣམས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཡིན་ན་རྒྱན་གྱིས་ཅི་ཞིག་བྱ་ཞེས་པ་ལ། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། ། མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །དཔེར་ན་སྐྱེས་བུ་འགའ་ཞིག་གཟུགས་བཟང་པོ་རྒྱན་དང་བཅས་པ་རང་བཞིན་གྱིས་མཛེས་པའི་ཡོན་ཏན་དང་ལྡན་པ་ཡིན་ཡང་དེ་ལྟར་མ་རྟོགས་ན་དགའ་བ་མི་སྐྱེད་ཅིང༌། དེ་མེ་ལོང་གི་ནང་དུ་སོང་ན་གཟུགས་བརྙན་མཛེས་པ་དེ་གསལ་བར་མཐོང་བའི་དབང་གིས་ལྟ་བ་པོའི་མི་རྣམས་རབ་ཏུ་དགའ་བ་མཆོག་ཏུ་གྱུར་པ་སྐྱེད་པ་དེ་བཞིན་དུ། བསྟན་བཅོས་འདིས་དོན་རྣམ་པར་ཕྱེ་ནས་རབ་ཏུ་གསལ་བར་བསྟན་པས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་རྟོགས་ནས་མཁས་པ་རྣམས་འདི་ན་དགའ་བ་མཆོག་ཏུ་གྱུར་པ་བསྐྱེད་པས་རྒྱན་འདི་བྱས་པ་ལ་དགོས་པ་ཆེན་པོ་ཡོད་དོ་ཞེས་པའོ། ། ⑷ ཆོས་འདིར་གུས་པའི་ཕན་ཡོན་བསྟན་པ། ཕན་ཡོན་ལ་གསུམ་སྟེ། སྨན་གྱི་དཔེས་སྒྲིབ་པ་སེལ་བ། རྒྱལ་པོའི་དཔེས་དབང་འབྱོར་ཐོབ་ཚུལ། ནོར་བུའི་དཔེས་དགའ་བ་བསྐྱེད་པའོ། ། ① སྨན་གྱི་དཔེས་སྒྲིབ་པ་སེལ་བ། དང་པོ་ནི། ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །ཡི་གེ་དོན་དུ་ཤེས་པར་བྱ། །ཇི་ལྟར་ཏེ་དཔེར་ན་དྲི་བསྣམས་ན་རབ་ཏུ་དཀུ་བ་སྟེ་མི་ཞིམ་པས་སྐྱོ་བ་སྐྱེད་པར་བྱེད་ལ། རོ་མྱངས་ན་ཞིམ་ཞིང་ཁོང་དུ་སོང་བས་ནད་ཐམས་ཅད་སེལ་བའི་དགའ་བ་སྐྱེད་པར་བྱེད་པའི་སྨན་ཇི་ལྟ་བ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་ཀྱང་དེ་བཞིན་དུ་གཉིས་སུ་གནས་ཏེ། ཡི་གེའི་སྒོ་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མེད་དོ་ཞེས་པ་ལ་སོགས་པས་སྐྱོ་བ་སྐྱེད་པར་བྱེད་ཀྱང༌། བྱིས་པས་ཀུན་བཏགས་པ་བཞིན་དུ་མེད་པ་ལ་དགོངས་པ་{ལ་}ཡིན་གྱི། དོན་གྱི་སྒོ་ནས་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་ཡང་མི་འགྱུར་པ་ཉིད་དུ་ཡོད་པས། དེ་ལྟར་རྟོགས་ནས་བསྒོམས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ནད་ཐམས་ཅད་སེལ་ཞིང་ཟག་པ་མེད་པའི་དགའ་བ་བསྐྱེད་པར་ཤེས་པར་བྱའོ། །ཡང་སྨན་འགའ་ཞིག་དྲི་མི་ཞིམ་པ་དང་འདྲ་བར་ཆོས་རྣམས་ཀྱང་ཡི་གེའི་སྒོ་ནས་མཐའ་ཡས་ཤིང་གཟུང་བར་དཀའ་ཡང༌། རོ་ཞིམ་པ་དང་འདྲ་བར་ངེས་པའི་དོན་མཐར་ཐུག་ཆོས་ཀྱི་དབྱིངས་སུ་གཅིག་པས་གོ་སླ་བར་ཡང་རིག་པར་བྱའོ། ། ② རྒྱལ་པོའི་དཔེས་དབང་འབྱོར་ཐོབ་ཚུལ། རྒྱལ་པོའི་དཔེ་ནི། ཆོས་དཀའ་རྒྱ་ཆེན་ཟབ་མོ་འདི། །རྒྱལ་པོ་བཞིན་དུ་མཉེས་པར་དཀའ། ། མཉེས་པར་བྱས་ན་དེ་བཞིན་དུ། །ཡོན་ཏན་མཆོག་གི་ནོར་སྦྱིན་བྱེད། །ཐེག་པ་ཆེན་པོའི་ཆོས་ཀྱིས་དོན་ཕལ་པ་རྣམས་ཀྱིས་སྒྲུབ་པར་དཀའ་བ་ཐབས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་དང་ཤེས་རབ་ཟབ་མོ་སྟོང་པ་ཉིད་སྟོན་པ་འདི་ནི། དཔེར་ན་རྒྱལ་པོ་ཆེན་པོ་འབངས་ཕལ་པ་རྣམས་ཀྱིས་མཉེས་པར་དཀའ་བ་བཞིན་དུ་མཉེས་པའམ་བསྒྲུབ་པ་ཤིན་ཏུ་དཀའ་མོད་ཀྱི། འབད་པ་ཆེན་པོས་མཉེས་པའམ་[བསྒྲུབ་{གྲུབ་}པར་བྱས་ན་རྒྱལ་པོ་མཉེས་པ་ལས་ནོར་མང་པོ་སྟེར་བ་དེ་བཞིན་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་མཆོག་ཏུ་གྱུར་བ་དག་གི་ནོར་རྒྱ་ཆེན་པོ་རྣམས་བཞིན་པར་བྱེད་དོ། ། ③ ནོར་བུའི་དཔེས་དགའ་བ་བསྐྱེད་པ། ནོར་བུའི་དཔེ་ནི། རིན་ཆེན་རིགས་ལྡན་རིན་ཐང་མེད། །ལྟ་མི་ཤེས་པའི་མི་མི་མགུ། །དེ་བཞིན་མི་མཁས་ཆོས་འདི་ལ། །བཟློག་ན་དེ་བཞིན་མགུ་བར་འགྱུར། །དཔེར་ན་ནོར་བུ་རིན་ཆེན་རིགས་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་རིན་ཐང་གཞལ་དུ་མེད་པ་ལ། དེ་ལྟར་མི་ཤེས་པའི་མི་བླུན་པོ་བ་ལང་རྫི་ལ་སོགས་པ་མི་མགུ་བ་དེ་བཞིན་དུ་བཟང་ངན་གྱི་ཁྱད་པར་རྟོག་པ་ལ་མི་མཁས་པ་བྱིས་པ་སོ་སོའི་སྐྱེ་བོ་སྐལ་བ་དང་མི་ལྡན་པ་རྣམས་ཐེག་པ་ཆེན་པོའི་ཆོས་འདི་ལ་མི་མགུ་ཞིང་མི་འཇུག་ནའང༌། དེ་དག་[ལས་བཟློག་ནས་{ལ་བཟློག་ན་}དེད་དཔོན་མཁས་པ་རྣམས་རིན་པོ་ཆེ་མཆོག་ལ་མགུ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཁས་པ་འཕགས་པ་རྣམས་ནི་མགུ་ཞིང་འཇུག་པར་འགྱུར་ཏེ། རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་བཞིན་དུ་ཐེག་པ་ཆེན་པོ་འདི་ལས་འཕགས་པའི་ནོར་བདུན་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། ། ནོར་བདུན་ནི་བཤེས་སྤྲིང་ལས། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་གསུངས་པ་ལྟར་རོ། །འདི་དག་གིས་ནི་དགོས་འབྲེལ་བཞིའང་བསྟན་པས། དེ་འཆད་པ་ན་དགོས་འབྲེལ་བཀོད་པའི་དགོས་པ། དགོས་པ་ནི་དགོས་འབྲེལ་སྔོན་དུ་བཀོད་ནས་བསྟན་བཅོས་བརྩམས་པས་གཞུང་གི་བཀོད་པ་མཛེས་པར་འགྱུར་བ་དང༌། མཁས་པ་སྔ་མ་རྣམས་ཀྱི་སྲོལ་རྗེས་སུ་བསྐྱང་བའི་དོན་དང༌། ངག་ལས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་ནས་འཇུག་པར་འགྱུར་བ་ལ་སོགས་པའོ། ། སོ་སོའི་ངོ་བོ་ལ་གསུམ་ལས། བདེན་ཚིག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི་ནི། དོན་དང་མཐུན་[པའི་{པར་}ངག་གང་ཡིན་པ་དེས་བསྟན་པར་བྱ་བ་ནི་བརྗོད་བྱ་དང༌། དེ་ལས་དེའི་དོན་རྟོགས་པ་ནི་དགོས་པ་དང༌། རྟོགས་ནས་དགོས་པ་གཞན་ཡང་རིམ་གྱིས་འགྲུབ་པ་ནི་ཉིང་དགོས་དང༌། དེ་དགོས་པ་ལས་བྱུང་ཞིང་དགོས་པ་བདེན་ཚིག་ལས་བྱུང་བ་ནི་འབྲེལ་པའོ། །དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི་ནི་བསྟན་བཅོས་ལ་ཡོད་པའི་དགོས་སོགས་ཆོས་བཞི་[ནི་] བརྗོད་བྱ་དང༌། དེ་ལས་བསྟན་བཅོས་ལ་ཆོས་བཞི་ཡོད་པར་རྟོགས་པ་དགོས་པ་དང༌། དེ་ལས་རྟོགས་ལྡན་བསྟན་བཅོས་ལ་སྤྲོ་བས་འཇུག་པ་ཉིང་དགོས་དང༌། དེ་བསྟན་བཅོས་ལ་དགོས་སོགས་ཡོད་པར་རྟོགས་པ་ལས་བྱུང་ཞིང་དེའང་དགོས་འབྲེལ་གྱི་ངག་ལས་བྱུང་བ་ནི་འབྲེལ་པའོ། །བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་ནི།གཞུང་འདིས་བསྟན་པར་བྱ་བ་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་པའི་ཆོས་འབྱོར་པའི་[དོན་]ཚུལ་བླ་མེད་གྱུར་པ་ལྔའི་བདག་ཉིད་ནི་བརྗོད་བྱ་དང༌། དེ་རྣམས་ཐེག་པ་ཆེན་པོ་དེ་ཡིས་འགྲོ་བའི་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ལ་བསྟན་ཞིང་རྟོགས་པ་ལས་སྒྲིབ་པ་སེལ་བ་དང༌། འབྱོར་པ་ཐོབ་པ་དང་དགའ་བ་འཕེལ་བ་ལ་སོགས་པ་ནི་དགོས་པ་དང༌། རྟོགས་པ་ལྟར་བླང་དོར་ཚུལ་བཞིན་དུ་བྱས་པས་སྡུག་བསྔལ་བསྒྲལ་ཕྱིར་ཞེས་པ་ལྟར་འཁོར་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་ནས་ཐར་པ་ཆེན་པོའི་བདེ་བ་ཐོབ་པ་ནི་ཉིང་དགོས་དང༌། དེ་དགོས་པ་ལས་བྱུང་ཞིང་དེའང་ངག་དང་ཚིག་རྣམས་དྲི་མ་མེད་པའི་བསྟན་བཅོས་ལས་བྱུང་པ་ནི་འབྲེལ་པའོ། །གྲངས་དང་གོ་རིམ་དཔྱད་པ་ནི་འགྲེལ་ཆེན་མང་པོར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་སྟེ་ལྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམ་ངེས་པ་ནི་མེད་ཅིང༌། དེ་དག་གི་འབྲེལ་པ་ཡང་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པར་གསུངས་ལ། དགོས་འབྲེལ་གྱི་ངག་བཞིར་བསྟན་པ་ནི་འགའ་ཞིག་གི་བློ་ཡུལ་དུ་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་མེད་དམ་སྙམ་པའི་ལོག་རྟོག་བཞི་སྐྱེ་སྲིད་པས་དེ་དག་སེལ་བ་ལ་བཀོད་པའོ། །དང་པོར་བརྗོད་བྱ་ཕན་ཡོན་སོགས་བསྟན་ནས་བརྩོན་པར་འཇུག་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༢༽མཁས་པར་འཇུག་པར་བྱ་བའི་གཞི་ཐེག་ཆེན་བཀར་སྒྲུབ་པ། ད་ནི་མཁས་པས་འཇུག་པར་བྱ་བའི་གཞི་ཐེག་པ་ཆེན་པོ་བཀར་སྒྲུབ་པ་ལ་གཉིས་ཏེ། གཏན་ཚིགས་ཀྱི་དབྱེ་བ་མདོར་བསྟན་དང༌། ཚུལ་སྒྲུབ་ཀྱིས་རྒྱས་པར་བཤད་པའོ། ། གཏན་ཚིགས་ཀྱི་དབྱེ་བ་མདོར་བསྟན་པ། དང་པོ་ནི། བློ་དང་བསོད་ནམས་དམན་པ་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན་སྔར་བཤད་པའི་ཕན་ཡོན་དེ་དག་ལྟ་ག་ལ་ཡོད། འདི་དག་ནི་བསྟན་པ་ལ་གནོད་པའི་ཆེད་དུ་བདུད་དང་མུ་སྟེགས་ལ་སོགས་པ་རྟོག་གེ་པ་རྣམས་ཀྱིས་བྱས་པ་ཡིན་ཞིང༌། ཕྱི་བཞིན་དུུ་འབྲང་བའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་མ་ཐོས་ལ་འཁོར་བའི་སྐྱོན་སྤོང་པའི་ཐབས་སམ་གཉེན་པོར་ཡང་མི་འགྱུར་ཞིང༌། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཡང་བསྟན་པའི་ཕྱིར་རོ་ཞེ་ན། }ར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། ། གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཐེག་པ་ཆེན་པོ་འདི་བསྟན་པ་ལ་གནོད་པའི་ཆེད་དུ་ཕྱིས་བྱུང་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་བསྟན་པ་བསྲུང་བའི་ཆེད་དུ་མ་འོངས་པ་ན་འདི་ལྟ་བུ་འབྱུང་བར་འགྱུར་རོ་ཞེས་སྔར་སངས་རྒྱས་ཀྱིས་ལུང་སྟོན་པར་རིགས་པ་ལ། དེ་ལྟར་ལུང་མ་བསྟན་པའི་ཕྱིར་དང༌། ཉན་ཐོས་ཆེན་པོ་རྣམས་ཀྱིས་མ་ཐོས་ཀྱང༌། མོས་པ་དུ་མ་དང་ལྡན་པ། །སྤྱོད་ཡུལ་གནས་པ་རྣམས་ལ་ནི༑ ༑གསུང་གཅིག་ཉིད་དུ་གསུངས་ན་ཡང༌། །དུ་མ་ཉིད་དུ་སོ་སོར་སྣང༌། །ཞེས་པ་ལྟར་ཉན་ཐོས་ཀྱི་ཐེག་པ་དང་ལྷན་ཅིག་ཏུ་བྱུང་པའི་ཕྱིར་དང༌། རྟོག་གེ་པ་རྣམས་ཀྱིས་བྱས་པ་ཡང་མ་ཡིན་ཏེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ལྟ་བུ་ནི་དེ་དག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དང༌། གལ་ཏེ་ཐུབ་པ་ལས་གཞན་པའི་སངས་རྒྱས་ཞིག་གིས་བཤད་པའོ་ཞེ་ན། དེ་ལྟ་ནའང་བཀའ་ཡིན་པར་གྲུབ་པ་ཉིད་དེ་གསུང་པ་པོ་སངས་རྒྱས་ཡིན་པའི་ཕྱིར་དང༌། གལ་ཏེ་ཐེག་པ་ཆེན་པོ་ཞིག་ཡོད་ན་འདི་ཉིད་བཀའ་ཡིན་པར་གྲུབ་སྟེ། འདི་ལས་གཞན་པའི་ཐེག་པ་ཆེན་པོ་མ་དམིགས་པའི་ཕྱིར་དང༌། ཉན་ཐོས་ཀྱི་ཐེག་པའང་སངས་རྒྱས་ཀྱིས་གསུངས་པ་མེད་པས་བཀའ་མ་ཡིན་པར་འགྱུར་བའི་ཕྱིར་དང༌། ཉོན་མོངས་པའི་གཉེན་པོ་མི་བྱེད་པས་བཀའ་མ་ཡིན་[ནོ་]ཞེས་པའང་རིགས་པ་མ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལས་ཟབ་མོ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུ་རྒྱ་ཆེན་པོ་བསྟན་ནས་རང་གཞན་ཡོངས་སུ་སྨིན་པར་བྱེད་པས་གཉེན་པོའམ་ཐབས་ཀྱི་མཆོག་ཡིན་པའི་ཕྱིར་དང༌། ཐམས་ཅད་མེད་པར་སྟོན་པས་བཀའ་[ནི་]མ་ཡིན་[ནོ་]ཞེས་པའང་རིགས་པ་མ་ཡིན་ཏེ། མེད་དོ་ཞེས་པའི་སྒྲ་ནི་བྱིས་པས་ཀུན་བཏགས་པ་བཞིན་མེད་ཅེས་དོན་གཞན་ལ་དགོངས་ནས་གསུངས་པ་ཡིན་གྱི། ཀུན་རྫོབ་གཞན་དབང་དང་དོན་དམ་ཡོངས་གྲུབ་མེད་པར་ནི་སྟོན་པ་མ་ཡིན་པའི་ཕྱིར་བཀའི་མཆོག་ཏུ་གྲུབ་པོ། ། ཚུལ་སྒྲུབ་ཀྱིས་རྒྱས་པར་བཤད་པ། ཚུལ་སྒྲུབ་ཀྱིས་རྒྱས་པར་བཤད་པ་ལ། རྟགས་དང་པོ་དང་ལྔ་པའི་ཁྱབ་པ་སྒྲུབ་པ་དང༌། གསུམ་པ་དང་དྲུག་པ་དང་བདུན་པའི་ཕྱོགས་ཆོས་སྒྲུབ་པའོ། ། ⑴ རྟགས་དང་པོ་དང་ལྔ་པའི་ཁྱབ་པ་སྒྲུབ་པ། རྟགས་དང་པོ་བསྟན་པ་ལ་གནོད་པ་ཡིན་ན་སྔར་ལུང་སྟོན་པར་རིགས་བཞིན་དུ་མ་བསྟན་པའི་ཕྱིར་ཞེས་པ་ལ། གནོད་བྱེད་ཡིན་ཡང་ལུང་སྟོན་པའི་ངེས་པ་མེད་དེ། མ་མཁྱེན་པའམ་ཆེད་ཆེར་མི་མཛད་པའམ་མ་འོངས་པ་ཐག་རིང་པོ་མི་གཟིགས་པ་སྲིད་པས་སོ་སྙམ་ན། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་བར་མཛད། །དུས་ལའང་ཡེ་ཤེས་མ་སྒྲིབས་པ། །དེ་ཕྱིར་བཏང་སྙོམས་མི་རུང་ངོ༌། ། མ་མཁྱེན་ནས་བཏང་སྙོམས་སུ་འཇོག་པ་མི་རུང་སྟེ་སངས་རྒྱས་རྣམས་ནི་ཤེས་བྱ་ཐམས་ཅད་འབད་པ་མེད་པར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཕྱིར་རོ། །མཁྱེན་བཞིན་དུ་ཆེད་ཆེར་མི་མཛད་པ་ཡང་མ་ཡིན་ཏེ་བསྟན་པ་དག་ཀྱང་ལེགས་པར་བསྲུང་བ་ལ་འབད་པ་ཆེན་པོ་མཛད་པའི་ཕྱིར་རོ། །མ་འོངས་པ་ཐག་རིང་པོ་མ་གཟིགས་པའང་མ་ཡིན་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཐམས་ཅད་ལའང་ཡེ་ཤེས་ཀྱི་གཟིགས་པ་མ་སྒྲིབས་ཤིང་ཐོགས་པ་མེད་པར་འཇུག་པའི་ཕྱིར་རོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་བསྟན་པ་ལ་གནོད་བྱེད་ཡིན་ན་ལུང་མི་སྟོན་པར་བཏང་སྙོམས་སུ་འཇོག་པ་མི་རུང་ངོ་ཞེས་པའོ། །རྟགས་ལྔ་པ་ཡོད་དང་མེད་ན་ཡོད་མེད་དང༌། ཞེས་པ་ལ་ཐེག་པ་ཆེན་པོ་མེད་ཀྱང་ཉན་ཐོས་ཀྱི་ཐེག་པ་སངས་རྒྱས་ཀྱི་བཀའ་ཡིན་པ་མི་འགལ་ཏེ། དེ་དགག་པ་ལ་རྟགས་བཀོད་དེ་དབྱེ་བ་བསྟན་པ། འགལ་བ་ཉིད་ཁྱད་པར་དུ་བཤད་པ། མཚན་ཉིད་དང་འགལ་བ་སྤང་བའོ། ། དང་པོ་ནི། མ་ཚང་བ་དང་འགལ་བ་དང༌། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཉན་ཐོས་ཀྱི་ཐེག་པ་ལས་ནི་རང་ཉིད་འཁོར་བ་ལས་གྲོལ་བའི་ཐབས་ཙམ་ཞིག་བསྟན་གྱི་གཞན་[གྱི་]དོན་རྒྱ་ཆེན་པོ་སྟོན་པ་མ་ཚང་བའི་ཕྱིར་དང༌། རང་གི་གདུལ་བྱ་རྣམས་ཀྱང་རང་དོན་ཁོ་ན་ལ་སྦྱོར་ཞིང་རང་དོན་འབའ་ཞིག་བྱས་པས་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་འགལ་བའི་ཕྱིར་དང༌། ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་མིན་པས་དེ་ལ་ཡུན་རིང་དུ་འབད་ཀྱང་འདོད་པའི་དོན་ཐོབ་པར་མི་འགྱུར་པའི་ཕྱིར་དང༌། འོན་ཏེ་བྱང་ཆུབ་སེམས་དཔའི་བསླབ་བྱ་དེ་དག་ཉན་ཐོས་ཀྱི་ཐེག་པ་གཞན་ཞིག་ཏུ་བསྟན་ཏོ་ཞེ་ན། ས་བཅུ་ལ་སོགས་པའི་བསླབ་བྱ་རྒྱ་ཆེན་པོ་ཐེག་ཆེན་ལས་བསྟན་པ་དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་མ་བསྟན་ཞིང༌། གལ་ཏེ་བསྟན་ན་སྣང་དུ་རུང་བ་ལ་མ་དམིགས་པའི་ཕྱིར་ཉན་ཐོས་ཀྱི་ནི་ཐེག་པ་འདི་ཐེག་ཆེན་གྱི་ཆོས་ཟབ་པ་དང་རྒྱ་ཆེ་བ་ཞེས་བྱ་བ་དེ་མིན་པ་ཉིད་དུ་གྲུབ་པོ། ། འགལ་བ་བཤད་པ་ནི། བསམ་པ་དང་ནི་སྟོན་པ་དང༌། །སྦྱོར་བ་དང་ནི་སྟོན་པ་དང༌། །དུས་འགལ་ཕྱིར་ན་དམན་པ་གང༌། །དེ་ནི་དམན་པ་ཁོ་ན་ཡིན། །ཉན་ཐོས་པ་རྣམས་ནི་རང་ཉིད་གཅིག་པུ་ཞི་བ་ཐོབ་པར་འདོད་པའི་བསམ་པ་དང་ནི་ཆོས་ཀྱང་དེ་དང་མཐུན་པར་སྟོན་པ་དང༌། སྦྱོར་པའང་རང་གཅིག་པུའི་དོན་དུ་ལམ་སྒོམ་པ་དང་ནི་ཚོགས་གཉིས་ཀྱང་སྦྱིན་སོགས་ཅུང་ཟད་ཙམ་དང་གང་ཟག་གི་བདག་མེད་ཙམ་རྟོགས་པའི་སྒོ་ནས་ཉེ་བར་སྟོན་པ་རྒྱ་ཆུང་བ་དང༌། དུས་ཀྱང་མྱུར་བ་སྲིད་པ་གསུམ་ཙམ་གྱིས་ཐར་པ་འདོད་པས་ཡུན་ཐུང་ཞིང་དམན་པ་ཡིན་ལ། ཐེག་ཆེན་པ་རྣམས་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པར་འདོད་པའི་བསམ་པ་དང༌། ཆོས་ཀྱང་དེ་དང་མཐུན་པར་གཞན་ལ་སྟོན་པ་དང༌། སྦྱོར་བའང་རང་གཞན་ཐམས་ཅད་ཀྱི་དོན་དུ་ལམ་རྣམ་དག་བསྒོམ་པ་དང༌། ཚོགས་གཉིས་ཀྱང་སྦྱིན་སོགས་རྒྱ་ཆེན་པོ་དང་བདག་མེད་གཉིས་ཀ་རྟོགས་པའི་སྒོ་ནས་ཉེ་བར་སྟོན་པ་རྒྱ་ཆེ་བ་དང༌། དུས་ཀྱང་བསྐལ་བ་གྲངས་མེད་པ་གསུམ་དུུ་བརྩོན་པས་མཆོག་ཏུ་གྱུར་པ་ཡིན་པས། དེ་ལྟར་དོན་{ལྔ་}རྣམ་པ་ལྔས་འགལ་པའི་ཕྱིར་ན་བསམ་པ་ལ་སོགས་པ་དམན་པ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལས་དམན་པ་ཁོ་ན་ཡིན་ནོ། ། མཚན་ཉིད་དང་འགལ་བ་སྤང་བ་ནི། ཡང་འགའ་ཞིག་སངས་རྒྱས་ཀྱི་བཀའི་མཚན་ཉིད་མདོ་སྡེ་ལའང་འཇུག་འདུལ་བ་ལའང་སྣང༌།ཆོས་ཉིད་དང་ཡང་མི་འགལ་བ་ཡིན་པ་ལ། ཐེག་པ་ཆེན་པོ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པས་མཚན་ཉིད་དང་འགལ་བའི་ཕྱིར་བཀའ་མ་ཡིན་ནོ་སྙམ་ན། རང་གི་ཉིད་ལ་འཇུག་པ་དང༌། །རང་གི་འདུལ་ལ་སྣང་ཕྱིར་དང༌། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཉན་ཐོས་སྡེ་པ་རྣམས་ལའང་ཕན་ཚུན་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་རང་རང་གི་མདོ་སྡེ་ལ་འཇུག་པ་ལ་སོགས་པས་བཀའ་ཡིན་པར་འཇོག་པ་བཞིན་དུ། འདིར་ཡང་བྱང་ཆུབ་སེམས་དཔའི་བསླབ་བྱ་རྒྱ་ཆེན་པོར་སྟོན་པས་ཐེག་པ་ཆེན་པོ་རང་གི་མདོ་སྡེ་ཉིད་ལ་འཇུག་པ་དང༌། སྤང་བྱ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་རྣམ་པར་རྟོག་པ་འདུལ་བར་བྱེད་པ་རང་གི་འདུལ་བ་ལའང་སྣང་བའི་ཕྱིར་དང༌། ལྟ་བ་ཟབ་མོ་སྟོང་པ་ཉིད་སྟོན་པའི་ཕྱིར་དང་སྤྱོད་པ་ཐབས་ལ་མཁས་པ་རྒྱ་ཆེན་པོ་སྟོན་པའི་ཕྱིར་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་པའི་ཆོས་ཉིད་དང་ནི་འགལ་པ་མེད་པས་བཀའི་མཆོག་ཡིན་པར་གྲུབ་པོ། ། ⑵ གསུམ་པ་དང་དྲུག་པ་དང་བདུན་པའི་ཕྱོགས་ཆོས་སྒྲུབ་པ། རྟགས་གསུམ་པ་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་པ་དེ་བསྒྲུབ་པ་ནི། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །དེར་ཕྱིར་དེ་ནི་དེ་ཡུལ་མིན། །རྟོག་གེ་པ་རྣམས་ནི་རང་གིས་དེ་ཁོ་ན་ཉིད་མ་མཐོང་བས་གཞན་གྱི་ལུང་ཅུང་ཟད་ལ་བརྟེན་པ་ཡིན་ཞིང༌། }ར་ཁས་བླངས་པ་ལ་སྐྱོན་མཐོང་ན་གཞན་དུ་འགྱུར་པས་མཐའ་གཅིག་ཏུ་མ་ངེས་པ་ཡིན་ལ། ཇི་སྙེད་པ་མི་ཤེས་པས་ཤེས་བྱ་ཐམས་ཅད་ལ་བློས་མ་ཁྱབ་པ་ཡིན་པ་དང༌། དོན་དམ་པ་མ་རྟོགས་པས་ཀུན་རྫོབ་བདེན་པའི་ཡུལ་ཅན་ཡིན་པ་དང༌། རྒྱ་ཆེན་པོ་ལ་དཔྱད་ན་མགོ་མྱོས་ཤིང་སྤོབས་པ་ཡོངས་སུ་གཏུགས་པར་འགྱུར་བས་སྐྱོ་བ་ཅན་ཡིན་པ་དང༌། འཕགས་པའི་གོ་འཕང་མ་ཐོབ་པས་བྱིས་པ་ལ་ནི་བརྟེན་པ་ཡིན་པར་འདོད་པས་རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ཐེག་པ་ཆེན་པོ་དེ་ ནི་རྟོག་གེ་པ་དེ་རྣམས་ཀྱི་བློའི་སྤྱོད་ཡུལ་མིན་པ་ཉིད་དོ། ། རྟགས་དྲུག་པ་ཐེག་པ་ཆེན་པོ་ནི་ཐབས་སམ་གཉེན་པོ་མཆོག་ཡིན་ཞེས་པ་དང༌། གོང་དུ་ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཐོབ་པའི་ཐབས་མ་ཡིན་ཞེས་བསྟན་པ་ལ། འོ་ན་ཐེག་ཆེན་[པ་]ཡང་སངས་རྒྱས་ཐོབ་པའི་ཐབས་སུ་ཇི་ལྟར་རུང་ཞེ་ན། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །དེ་ཕྱིར་འདི་ལས་གཉིས་བསྟན་ཏེ། །དེ་ནི་བླ་ན་མེད་པའི་ཐབས། །འདིར་ནི་མངོན་པར་ཤེས་པ་ལ་སོགས་པ་མཐུ་རྒྱ་ཆེན་པོ་བསྟན་པའི་ཕྱིར་དང༌། ཟབ་མོ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་པའི་ཕྱིར་ན་རིམ་པ་བཞིན་དུ་མཐུས་གདུལ་བྱ་གཞན་ཡོངས་སུ་སྨིན་པར་བྱེད་པ་དང༌། རྣམ་པར་མི་རྟོག་པས་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྦྱོང་བར་བྱེད་པ་དེའི་ཕྱིར་ཐེག་པ་ཆེན་པོ་འདི་ལས་རྒྱ་ཆེ་བ་དང་ཟབ་པ་གཉིས་ཀ་གསལ་བར་བསྟན་ཏེ། དེ་དག་ནི་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། ། རྟགས་བདུན་པ་སྒྲ་གཞན་ཕྱིར་ཞེས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་གསུངས་པའི་དགོངས་པ་ཤེས་ན་སྐྲག་མི་དགོས་ཞེས་པ་དེ་རྒྱས་པར་བཤད་པ་ལ་བརྒྱད་དེ། ཐེག་ཆེན་ལ་སྐྲག་པའི་ཉེས་དམིགས། མི་སྐྲག་པའི་རྒྱུ་མཚན་བསམ་པ། ཡེ་ཤེས་ཀྱི་ཡུལ་དུ་བསྟན་པ། སྐྲག་པའི་གཞི་མིན་པར་བསྟན་པ། མ་མོས་པས་གྲུབ་པ་བསྟན་པ། མ་ཐོས་པར་སྤོང་པ་དགག་པ། ཚུལ་མིན་དུ་སེམས་པའི་ཉེས་དམིགས། མི་ཤེས་པར་ཁྲོ་བ་དགག་པའོ། ། ① ཐེག་ཆེན་ལ་སྐྲག་པའི་ཉེས་དམིགས། དང་པོ་ནི་ཆོས་ཀྱི་སྐྱོན་མ་ཡིན་ཞིང་གང་ཟག་གི་ཉེས་པ་ཡིན་ནོ་ཞེས་སྟོན་པ་སྟེ། འགྲོ་བ་དེ་གནས་མིན་ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་བྱེད་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྷུང༌། །འགྲོ་བ་བླུན་པོ་སྐྲག་པ་དེའི་གནས་མིན་པ་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ཐེག་པ་ཆེན་པོ་ལ་སྐྲག་པས་ཆོས་ཟབ་མོ་སྤོང་བ་རྣམས་ནི་ངན་སོང་གི་སྡུག་བསྔལ་དྲག་པོས་གདུང་བར་བྱེད་པར་འགྱུར་ཏེ། བསོད་ནམས་མ་ཡིན་པ་སྡིག་པའི་ཕུང་པོ་ཆེན་པོ་བསགས་ཤིང་དམ་པའི་ཆོས་སྤོང་བའི་ལས་ངན་པ་བྱས་པའི་ཕྱིར་རོ། །དུས་ཀྱང་ཡུན་རིང་པོའི་བར་དུ་གདུང་བར་འགྱུར་ཞིང་སྐྲག་པའི་རྒྱུ་མཚན་ཡང་ཐེག་ཆེན་རྒྱས་འགྱུར་གྱི་རིགས་སད་པ་མེད་པ་དང༌། ཐེག་ཆེན་སྤོང་བའི་གྲོགས་ངན་པ་དང་འགྲོགས་པ་དང༌། ཚེ་སྔོན་མ་ལའང་ཐེག་ཆེན་ལ་དད་པར་འགྱུར་པའི་དགེ་བའི་རྩ་བ་མ་བསགས་པ་དང༌། ཚེ་འདིར་ཡང་ཐེག་ཆེན་གྱི་ཆོས་ལ་བློ་མ་སྦྱངས་པའི་ཕྱིར་ཏེ། རྒྱུ་དེ་རྣམས་ལ་བརྟེན་ནས་ཆོས་ཟབ་མོ་འདིས་སྐྲག་པར་འགྱུར་ཞིང༌། {བས་འདི་[ནི་{ན་}དོན་ཆེན་པོ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་ཚོགས་གསོག་པ་འདི་ལས་ཀྱང་ལྟུང་ཞིང་ཉམས་པར་[འགྱུར་{གྱུར་}པའོ། ། ② མི་སྐྲག་པའི་རྒྱུ་མཚན་བསམ་པ། གཉིས་པ་མི་སྐྲག་པའི་རྒྱུ་མཚན་ནི་ཆོས་ལ་ནི་ཉེས་པ་ཅུང་ཟད་ཀྱང་མེད་དོ་ཞེས་སྟོན་པ་སྟེ། དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར། །སྣ་ཚོགས་སྟོན་ཞིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིས་སྐྲག་མི་འགྱུར། །གལ་ཏེ་ཐེག་ཆེན་ཞིག་ཡོད་པར་འདོད་ན་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་གསུང་རབ་དེ་དག་ལས་གཞན་མེད་པས་སྐྲག་པར་མི་བྱ་བ་དང༌། འོན་ཏེ་ཉན་རང་གི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ན་གཞན་ཉན་ཐོས་དང་རང་སངས་རྒྱས་མེད་པར་ཐམས་ཅད་སངས་རྒྱས་ཁོ་ནར་འགྱུར་བས་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཤིན་ཏུ་ཟབ་ཅིང༌། རྟོགས་པར་དཀའ་བའི་ཕྱིར་དང༌། ཐེག་པ་ཆེ་ཆུང་གཉིས་ཀའང་དུས་མཉམ་དུ་བྱུང་ཞིང་རྗེས་སུ་སོང་བའི་ཕྱིར་དང༌། སྟོང་པ་ཉིད་འབའ་ཞིག་སྟོན་པ་མ་ཡིན་གྱི་ཐབས་བསོད་ནམས་ཀྱི་ཚོགས་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྟོན་ཅིང་གསལ་བར་མཛད་པའི་ཕྱིར་དང༌། སྟོང་པ་ཉིད་དེའང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་མང་པོའི་སྒོ་ནས་རྟག་ཏུ་སྟོན་པ་དང་ལྡན་ཞིང་དེ་ལྟར་བསྟན་པ་ལ་དགོས་པ་ཆེན་པོ་ཡོད་པ་དང༌། ཐམས་ཅད་མེད་པར་གསུངས་པའང་སྒྲ་ཇི་སྐད་བཤད་པ་བཞིན་ཀྱི་དོན་མིན་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤིན་ཏུ་ཟབ་པས། (དབུ་མ་རྩ་བར།) བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱི་བདག་དང་ནི། །བདག་མེད་འགའ་ཡང་མེད་ཅེས་བསྟན། །ཞེས་པ་ལ་སོགས་པའི་ཡོད་མེད་ཀྱི་དོན་ཡང་གསུང་རབ་ཀྱི་དགོངས་པ་ཤེས་པའི་མཁས་པ་རྣམས་ཀྱིས་ཚུལ་བཞིན་དུ་ལེགས་པར་བརྟག་ན་ཐེག་ཆེན་གྱི་ཆོས་འདིས་སྐྲག་པར་མི་འགྱུར་བར་ཤེས་པར་བྱའོ། ། ③ ཡེ་ཤེས་ཀྱི་ཡུལ་དུ་བསྟན་པ། (གསུམ་པ་)ཡེ་ཤེས་ཀྱི་ཡུལ་དུ་བསྟན་པ་ནི། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །ཐེག་པ་ཆེན་པོ་ལ་སྤྱོད་པའི་སྐབས་འདི་ན་དང་པོ་གཞུང་ལུགས་རྣམ་པར་དག་པ་ཐོས་པ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་ལེགས་པར་བསམས་པ་ལས་བྱུང་བའི་ཤེས་རབ་དང༌། འཇིག་རྟེན་པའི་ལམ་བསྒོམས་པ་ལས་བྱུང་བའི་ཤེས་རབ་འབྱུང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་མཐོང་ལམ་གྱི་ཡེ་ཤེས་འབྱུང་ལ། དེ་ཉིད་གོམས་པར་བྱས་པ་ལས་རྣམ་པར་གྲོལ་བའི་ཆོས་ཐོབ་ཅིང༌། ཐོབ་པ་དེ་ཡོད་ན་དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བློ་གྲོས་རབ་ཏུ་སྐྱེས་ནས་བཀའ་ཡིན་མིན་ལ་སོགས་པའི་ཁྱད་པར་ཤེས་པ་ཡིན་པ་ལ་གང་གི་ཚེ་ཐེག་ཆེན་ལ་མི་མོས་པ་དེ་དག་ནི། དང་པོར་ཐོས་པ་ལ་མི་འཇུག་པས་མཐར་སོ་སོ་རང་གིས་རིག་པའི་ཡེ་ཤེས་སྐྱེས་པ་མེད་ན་བཀའ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ངེས་ཏེ་མི་ངེས་པས་ཆོས་ཟབ་མོ་སྤོང་བར་མི་རིགས་སོ། ། ④ སྐྲག་པའི་གཞི་མིན་པར་བསྟན་པ། (བཞི་པ་)སྐྲག་པའི་གཞི་མིན་པར་བསྟན་པ་ནི། བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེས་ཡུལ་མ་ཡིན། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །{ལ་བ་དང་མི་ལྡན་པ་ཁ་ཅིག་ཐེག་པ་ཆེན་པོ་འདི་ནི་བདག་གིས་མི་ཤེས་པའི་ཕྱིར་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། རིགས་མེད་གྲོགས་ངན་སྔོན་དགེ་མ་བྱས་བློ་མ་སྦྱངས། །ཞེས་སྔར་བཤད་པ་ལྟར་མི་ཤེས་པ་དེ་གང་ཟག་གི་སྐྱོན་ཡིན་གྱི་ཆོས་ཀྱི་སྐྱོན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སངས་རྒྱས་ཀྱིས་ཀྱང་ཟབ་མོ་མཁྱེན་པ་མ་ཡིན་པས་ཐེག་ཆེན་པས་ཐེག་ཆེན་སྟོན་པ་མི་འཐད་དོ་ཞེ་ན་མ་ཡིན་ཏེ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །ཞེས་སྔར་བསྟན་པ་ལྟར་ཤེས་བྱ་ཇི་ལྟ་བ་དང་ཇི་རྙེད་པའི་དོན་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་སྒོ་ནས་ཆོས་ཟབ་མོ་དེ་ཉིད་གདུལ་བྱའི་མཆོག་རྣམས་ལ་གཙོ་བོར་སྟོན་པའི་ཕྱིར་རོ། །ཡང་ཐེག་ཆེན་ཟབ་མོ་དེ་རྒྱུ་མཚན་ཅིའི་ཕྱིར་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ་ཡིན་དགོས་སོ་ཞེས་པའང་རིགས་པ་མ་ཡིན་ཏེ། རྟོག་གེ་རྟེན་ཅིང་མ་ངེས་ལ། ། ཞེས་པ་ལ་སོགས་པས་སྔར་བཤད་པ་བཞིན་ཟབ་མོ་མཐར་ཐུག་དེ་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པར་སྒྲུབ་ཟིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སྟོང་པ་ཉིད་ཟབ་མོའི་དོན་རིག་ཅིང་མི་རྟོག་པ་སྒོམ་པ་དག་ཁོ་ན་འཁོར་བ་ལས་ཐར་བར་འགྱུར་གྱི། རྟོག་གེ་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་འཐད་པ་མ་ཡིན་པས་སྐྲག་གོ་ཞེ་ན། དེ་ལྟར་གསུངས་པ་དེ་ནི་སྐྲག་པའི་གནས་སུ་རིགས་པ་མ་ཡིན་ཏེ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་རྟོག་དཔྱོད་ལས་མ་འདས་པ་རྣམས་ནི་འཁོར་བ་ལས་མི་ཐར་ཞིང་སྟོང་ཉིད་ཟབ་མོ་རྟོགས་ནས་མི་རྟོག་པའི་ཏིང་[ངེ་]འཛིན་སྒོམ་ པ་རྣམས་ནི་འཁོར་བ་ལས་གྲོལ་བར་གསུངས་པའི་ཕྱིར་རོ། ། ⑤ མ་མོས་པས་གྲུབ་པ་བསྟན་པ། (ལྔ་པ་)མ་མོས་པས་གྲུབ་པར་བསྟན་པ་ནི། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། ། གྲོགས་པོ་དམན་པ་དག་གིས་ཡོངས་སུ་བསྐོར། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས༌། །འདི་ལ་གལ་དེ་མོས་མེད་གྲུབ་པ་ཡིན། །གང་ཟག་སྐལ་པ་དང་མི་ལྡན་པ་གང་ཞིག་ཆོས་དམན་པར་གྱུར་པ་ལ་མོས་ཤིང༌། ཁམས་ཀུན་གཞིའི་རྣམ་ཤེས་ལ་ཡོད་པའི་དགེ་པའི་བག་ཆགས་ཐེག་ཆེན་རྒྱས་འགྱུར་གྱི་རིགས་ཀྱང་ཤིན་ཏུ་དམན་ལ་གྲོགས་པོ་དམན་པ་ཐེག་ཆེན་ལ་མི་མོས་པ་དག་གིས་ཡོངས་སུ་བསྐོར་བ་དེ་རྣམས་ཤེས་རབ་སྟོང་པ་ཉིད་ཟབ་ཅིང་ཐབས་སྙིང་རྗེ་རྒྱ་ཆེན་པོ་ལེགས་པར་བཤད་པའི་ཆོས་འདི་ལ་གལ་ཏེ་མོས་པ་མེད་ན། དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་འདི་ཆོས་རྣམས་ཀྱི་མཆོག་ཏུ་གྲུབ་པ་ཡིན་ནོ། ། ⑥ མ་ཐོས་པར་འོང་པ་དགག་པ། (དྲུག་པ་)མ་ཐོས་པར་སྤོང་བ་དགག་པ་ནི། ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི། །གང་ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་པ། །རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ན། །རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །ཆོས་གང་ཞིག་ཐོས་པའི་རྗེས་སུ་འབྲངས་ཏེ་དོན་རྟོགས་པའི་བློ་དང་ལྡན་པ་ཐོབ་ནས་ནི་བླང་དོར་ཚུལ་བཞིན་དུ་བྱེད་དགོས་པ་ཡིན་པ་ལ། ཉན་ཐོས་ཀྱི་ཐེག་པ་ཐོས་པ་ཙམ་གྱིས་ཆོག་པར་བཟུང་ནས་གང་ཞིག་ཐེག་པ་ཆེན་པོའི་ཆོས་ཐོས་པ་ལ་རབ་ཏུ་བརྙས་པར་བྱེད་ཅིང་མ་ཐོས་པར་སྤོང་པ་ནི་རིགས་པ་མ་ཡིན་ཏེ། ཟབ་པ་དང་རྒྱ་ཆེ་བའི་བརྗོད་བྱ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་[སྟོན་པ་]}ར་མ་ཐོས་ཤིང་མ་རྟོགས་པ་མང་པོ་ལོགས་ན་ལུས་པ་ཡོད་ན། རྨོངས་པ་རྣམས་གང་གི་ཕྱིར་ན་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ངེས་པར་བྱེད། ཡིན་མ་ཡིན་གྱི་ཁྱད་པར་ཤེས་པ་ལ་ནི་གཞུང་ལུགས་རྣམ་པར་དག་པ་རྣམས་ཐོས་[པར་བྱ་]དགོས་པའི་ཕྱིར་རོ། ། ⑦ ཚུལ་མིན་དུ་སེམས་པའི་ཉེས་དམིགས། (བདུན་པ་)ཚུལ་མིན་དུ་སེམས་པའི་ཉེས་དམིགས་ནི། དོན་སྒྲ་ཇི་བཞིན་ཡོངས་རྟོགས་ན། ། བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤང་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཐེག་པ་ཆེན་པོ་ལས་ངོ་བོ་ཉིད་མེད་པར་གསུངས་པའི་དོན་སྒྲ་ཇི་བཞིན་པར་བཟུང་ནས་ཆད་ལྟ་སྟོན་པས་བཀའ་མ་ཡིན་ནོ་ཞེས་ཡོངས་སུ་རྟོག་ཅིང་སྤོང་ན། བདག་ཉིད་ཀྱི་ལྟ་བ་དམན་པ་ལ་མཆོག་ཏུ་འཛིན་པས་སྙེམས་ཤིང་ཁེངས་པས་མཁས་པ་ལས་དོན་མི་ཚོལ་ལ། ཡང་དག་པའི་དོན་ཇི་ལྟ་བ་བཞིན་མི་ཤེས་པས་བློ་གྲོས་ཉམས་པར་འགྱུར་ཞིང་ལེགས་པར་གསུངས་པ་ཐེག་ཆེན་གྱི་ཆོས་སྤངས་པས་ན་འཁོར་བར་ངན་སོང་གི་སྡུག་བསྔལ་ཆེན་པོས་གདུང་ཞིང་བརླག་པར་འགྱུར་ཏེ། ཆོས་ཟབ་མོ་ལ་ཁོང་ཁྲོ་བས་སྤོང་པ་ནི་སྒྲིབ་པ་རྣམས་ཀྱི་ནང་ནས་ཤིན་ཏུ་མི་བཟད་པ་ཆེན་པོ་ཡིན་པས་ཐར་པ་མི་ཐོབ་པའི་ཕྱིར་རོ། ། ⑧ མི་ཤེས་པར་ཁྲོ་བ་དགག་པ། (བརྒྱད་པ་)མི་ཤེས་པར་ཁྲོ་བ་དགག་པ་ནི། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བས་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཡིད་ཀྱི་ཉེས་པ་ཁོང་ཁྲོ་བ་ནི། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཅེས་པ་ལྟར་རང་བཞིན་གྱི་གདུག་པ་སྟེ་ཁ་ན་མ་ཐོ་བ་སྡིག་པ་ཆེན་པོ་དང་བཅས་པ་ཡིན་པས། འགལ་དུམ་མེས་ཚིག་པ་ལ་ཡང་ཁྲོ་བར་མི་བྱ་ན་སེམས་དང་བཅས་པའི་གཟུགས་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལྟར་མི་རིགས་པ་གནོད་པ་བྱེད་པའམ་སེམས་མེད་པའི་གཟུགས་ལའང་ཁྲོ་བར་མི་རིགས་ན། ཐེ་ཚོམ་ཟ་པའི་སྒོ་ནས་ཆོས་ཟབ་མོ་ལ་ཁྲོས་ན་ཉེས་པ་ཆེན་པོ་[འབྱུང་བ་]ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་གུས་པ་མ་སྐྱེས་ནའང་བཏང་སྙོམས་སུ་བཞག་ན་ལེགས་ཏེ་ཆོས་སྤོང་བའི་ཉེས་པ་མེད་པའི་ཕྱིར་རོ། །རིན་ཆེན་ཕྲེང་བ་ལས། ཐེག་གཅིག་ཐེག་པ་གསུམ་བསྟན་པ། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་མི་འགྱུར། ། ཞེས་གསུངས་ཤིང་ཆོས་སྤོང་བ་ནི་འཚམས་མེད་པ་ལྔ་བྱེད་པ་ལས་ཀྱང་སྡིག་པ་ལྕི་བར་གསུངས་པས། ཐར་བ་ཐོབ་པར་འདོད་པ་རྣམས་ཀྱིས་ཆོས་ཟབ་མོ་ལ་མོས་པར་བྱ་སྟེ༑ རྒྱུད་བླ་མར་ཡང༌། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་[པས་{པ་}སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་མེད་ལ་[དེ་ལ་]ཐར་བ་ག་ལ་ཡོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །མཁས་པས་འཇུག་པར་བྱ་བའི་གཞི་ཐེག་པ་ཆེན་པོ་བཀར་བསྒྲུབ་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༣༽ཞུགས་ནས་མཆོག་ལ་སྐྱབས་སུ་འགྲོ་བའི་ཚུལ། སྤྱི་དོན། ད་ནི་ཞུགས་ནས་སྒྲུབ་པ་ཀུན་གྱི་སྒོ་མཆོག་ལ་སྐྱབས་སུ་འགྲོ་བའི་ཚུལ་ལ། སྤྱི་དོན་དང་གཞུང་དོན་གཉིས་ལས་དང་པོ་ལའང༌། ཐུན་མོང་གི་མཚན་ཉིད། གནས་སྐབས་ཀྱི་དབྱེ་བ། མཐར་ཐུག་གི་ངོ་བོ་གསུམ་ལས། ཐུན་མོང་གི་མཚན་ཉིད། དང་པོ་ནི་འཇིགས་པས་ཉེན་ནས་དེ་ལས་གྲོལ་པར་འདོད་པས་རང་བས་ཡུལ་མཆོག་ཏུ་གྱུར་པ་ཞིག་ལ་བློ་གཏོད་ཅིང་སྐྱབས་གནས་སུ་ཁས་བླངས་ཏེ་བརྟེན་པར་དམ་བཅས་ནས་གསོལ་བ་འདེབས་པའོ། ། ➁ གནས་སྐབས་ཀྱི་དབྱེ་བ། དབྱེ་བ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི། འཇིག་རྟེན་ཐ་མལ་པ་རྣམས་དགྲ་དང་འདྲེ་ལ་སོགས་པའི་འཇིགས་པས་ཉེན་ནས་དེ་དག་ལས་ཐར་བར་འདོད་པས་རྗེ་བོ་དང༌། གནས་དང་ལྷ་ཀླུུ་ལ་སོགས་པ་རྣམས་ལ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་དག་གིས་ཀྱང་རེ་ཞིག་གནས་སྐབས་སུ་ཕན་ཐོགས་པའང་སྲིད་མོད། མཐར་ཐུག་གི་སྐྱབས་གནས་ནི་མ་ཡིན་ཏེ། མདོ་(རྒྱལ་མཚན་དམ་པ་)ལས། འཇིགས་པས་ཉེན་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ལྗོན་ཤིང་ཀུན་དགའ་ར་བ་དང༌།(ལྷ་)།མཆོད་(པའི་)རྟེན་རྣམས་ལ་སྐྱབས་སུ་འགྲོ(གཅིག)། །སྐྱབས་དེ་གཙོ་བོ་མ་ཡིན་པས། །སྐྱབས་དེ་དག་ལ་བརྟེན་ནས་ནི། ། སྡུག་བསྔལ་ཆེ་ལས་སྒྲོལ་མི་ནུས། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཡུལ་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཡང་བསམ་པ་རང་དོན་དུ་འཁོར་བའི་བདེ་བ་འདོད་པའང་འཇིག་རྟེན་པ་ཉིད་དོ། །འཇིག་རྟེན་ལས་འདས་པ་ལའང་གཉིས་ལས། ཐེག་པ་ཆུང་ངུ་བ་རྣམས་ནི་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་གྱི་འཇིགས་པས་ཉེན་ནས་མྱ་ངན་ལས་འདས་པའི་བདེ་པ་ཐོབ་པར་འདོད་པས་ཡུལ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་དུས་ཇི་སྲིད་འཚོའི་བར་དུ་བརྟེན་པར་དམ་འཆའ་བ་སྟེ་སྐྱབས་གསུམ་བདུན་ཅུ་པ་ལས།(སངས་རྒྱས་)ཐུབ་པའི་དབང་པོའི་{་གཉིས་དང༌། །(ཆོས་)མྱ་ངན་འདས་དང་(དགེ་འདུན་)གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང༌། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། ཐེག་པ་ཆེན་པོ་པ་རྣམས་ནི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་བའི་འཇིགས་པས་ཉེན་ནས་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་ཡུལ་མཐར་ཐུག་གི་དཀོན་མཆོག་གསུམ་ལ་དུས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བརྟེན་པར་ཁས་ལེན་ཞིང་སྐྱབས་སུ་འགྲོ་བ་སྟེ། (མདོ་ལས)སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་[ནི་{ནས་}ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས་པ་ལྟར་རོ། ། ➂ མཐར་ཐུག་གི་ངོ་བོ། མཐར་ཐུག་ངོས་བཟུང་བ་ལ། རྒྱུ་དང་ཡུལ་དང་ངོ་བོ་དང༌། །བསླབ་བྱ་དང་ནི་ཕན་ཡོན་ནོ། ། རྒྱུ་ནི་ལས་རྒྱུ་འབྲས་བདེན་པར་ཡོད་པ་ལ་མངོན་པར་ཡིད་ཆེས་པའི་དད་པ་དང༌། ཡོན་ཏན་ཅན་དཀོན་མཆོག་ལ་དང་བའི་དད་པ་དང༌། རང་གིས་སངས་རྒྱས་བསྒྲུབ་པར་ནུས་པ་ལ་འདོད་པའི་དད་པ་[དང་]གསུམ་སྐྱེས་པ་ལས་སོ། །ཡུལ་དཀོན་མཆོག་གསུམ་གྱི་སངས་རྒྱས་ནི་ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང༌། དེ་སེམས་ཅན་ཐམས་ཅད་ལ་ཡང་ཡོད་པར་མཁྱེན་ནས་ཐུགས་རྗེ་ཆེན་པོས་ལམ་སྟོན་ཞིང༌། སྡུག་བསྔལ་དང་ཉོན་མོངས་པ་སྤོང་བར་ནུས་པ་གཞན་དོན་ཕུན་སུམ་ཚོགས་པའང་གྲུབ་པས་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པ་སྟེ། རྒྱུད་བླ་མར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་རོ། །ཆོས་ནི་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཞི་བ་དང༌། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དྲི་མས་དག་ཅིང་ཡེ་ཤེས་ཀྱི་སྣང་བ་གསལ་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པ་སྟེ། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ། ཞེས་པ་ལྟར་རོ། །དགེ་འདུན་ནི་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་ལྡན་[པས་{པ་}ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པར་གྱུར་བ་སྟེ། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར་རོ། །མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་ཁོ་ན་ཡིན་ཞིང་དེ་ལ་དཀོན་མཆོག་གསུམ་གའང་ཚང་བ་ཉིད་དེ། དམ་པའི་དོན་དུ་འགྲོ་རྣམས་ཀྱི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་{་ཅན་ཏེ། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། ། ཞེས་པ་ལྟར་རོ། ། རཏྣའི་སྒྲ་ནི་དཀོན་མཆོག་དང་རིན་པོ་ཆེ་གཉི་ག་ལ་འཇུག་པས། རྙེད་པར་དཀའ་ཞིང་འབྱུང་བ་དཀོན་པ་དང༌། །དྲི་མ་མེད་[ཅིང་{པའི་}རྣམ་པར་དག་པ་དང༌། །ཡོན་ཏན་ཀུན་གྱི་མཐུ་དང་ལྡན་པ་དང༌། །འཇིག་རྟེན་ཀུན་གྱི་རྒྱན་དུ་གྱུར་པ་དང༌། །ཆོས་རྣམས་ཀུན་གྱི་མཆོག་ཏུ་གྱུར་པ་དང༌། བསྟོད་སྨད་སོགས་ཀྱིས་འགྱུར་བ་མེད་པའི་ཕྱིར་ན་དཀོན་མཆོག་གམ་རིན་པོ་ཆེ་ཞེས་ཀྱང་བྱ་སྟེ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར་རོ། །ངོ་བོ་ནི་བསྡུ་བར་ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང་ཁས་བླངས་པ་དང༌། གཞན་མི་སྨྲ་བའི་ཁྱད་པར་བཞི་དང་ལྡན་པས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཅིང་བློ་གཏོད་པའོ་ཞེས་གསུངས་པ་ལྟ་བུའོ། ། བསླབ་བྱ་ནི་ཐུན་མོང་དུ་ཐོས་པའི་སར། སྦྱོར་བས་དགེ་པའི་རྟེན་བཞི་དང༌། དབང་པོ་མི་རྒོད་པ་དང༌། བསླབ་པའི་གཞི་བླང་བ་དང༌། སེམས་ཅན་ལ་སྙིང་རྗེ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པར་བྱ་བ་རྣམས་ལ་བསླབ་པར་གསུངས་ཤིང༌། ཁྱད་པར་དུ་མྱ་ངན་ལས་འདས་པའི་མདོར། གང་ཞིག་སངས་རྒྱས་སྐྱབས་སོང་བས། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ༑ ༑སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱོགས་མི་བྱ། །ཞེས་གསུངས་པ་ལྟར་རོ། ། ཕན་ཡོན་ནི་བསྡུ་བར། བསྲུང་བ་ཆེན་པོ་དང་ལྡན་པ་དང༌། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་ཟད་པ་དང༌། སྐྱེས་བུ་དམ་པའི་ནང་དུ་བགྲང་བ་དང༌། སྟོན་པ་དང་ཆོས་གྲོགས་དང་བསྟན་པ་ལ་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་བ་སྟེ་བཞི་དང་བསོད་ནམས་ཆེན་པོ་དང་དགའ་བ་ཆེན་པོ་དང་ཏིང་ངེ་འཛིན་དང་རྣམ་པར་དག་པ་སྟེ་བཞི་ཐོབ་པར་གསུངས་པ་ལ་སོགས་པའོ། ། ❷ གཞུང་དོན། གཞུང་དོན་ལ་ལྔ་སྟེ། དབྱེ་བའི་ཁྱད་པར་མདོར་བསྟན། དེ་ལ་སྤྲོ་བ་བསྐྱེད་པ། ངོ་བོ་རྒྱས་པར་བཤད་པ། {བས་དོན་གཏན་ལ་དབབ་པ། ཆེ་བའི་ཕན་ཡོན་བསྟན་པའོ། ། ⒈ དབྱེ་བའི་ཁྱད་པར་མདོར་བསྟན། དབྱེ་བ་ནི། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡིས་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང༌། །དེ་ནི་སྐྱབས་སོང་རྣམས་ཀྱི་མཆོག་ཏུ་ཤེས་པར་བྱ། །དམིགས་ཡུལ་ཀུན་ཏུ་འགྲོ་བའི་དོན་དང༌།ངོ་བོ་ཁས་ལེན་པའི་དོན་དང༌། འབྲས་བུ་རྟོགས་པ་འཐོབ་པའི་དོན་དང༌། གཞན་རྣམས་ཟིལ་གྱིས་གནོན་པར་བྱེད་པའི་དོན་ཏེ་དབྱེ་བའི་རང་བཞིན་དོན་རྣམ་པ་བཞིའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཕྱིར་ན། བགྲོད་པར་བྱ་བའི་ཐེག་པ་རྣམས་ཀྱི་མཆོག་ཏུ་གྱུར་པར་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་ཡུལ་བླ་ན་མེད་པ་ཐེག་ཆེན་གྱི་དཀོན་མཆོག་ལ་སྐྱབས་སུ་རབ་ཏུ་སོང་བ་གང་ཡིན་པ་དེ་ཉིད་ནི་སྐྱབས་སུ་སོང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པར་ཤེས་པར་བྱའོ། ། ⒉ དེ་ལ་སྤྲོ་བ་བསྐྱེད་པ། མཆོག་ཏུ་གྱུར་ཀྱང་སྒྲུབ་པར་དཀའོ་སྙམ་པ་ལ་དཀའ་ཡང་ཕན་ཡོན་ཆེ་བས་འཇུག་པར་རིགས་སོ་ཞེས་སྤྲོ་བ་བསྐྱེད་པ་ནི། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་དཀའ་སྟེ། །དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་བསྒྲུབ་པར་དཀའ། །གང་ཕྱིར་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་དེ། །དེ་ཕྱིར་ཐེག་པ་འདི་ལ་སྐྱབས་དོན་མཆོག་ཡིན་ནོ། །ཕལ་པ་རྣམས་ཀྱིས་བསྒྲུབ་པར་དཀའ་བའི་རྒྱུ་མཚན་གང་གི་ཕྱིར་ན་དང་པོར་ངེས་པར་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་གནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་འདི་ཤིན་ཏུ་དཀའ་སྟེ། དེའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་ཏེ། གྲངས་མེད་གསུམ་ལ་སོགས་པར་བསྒྲུབ་དགོས་པའང་དཀའ་མོད་ཀྱི། དཀའ་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་འཇུག་པར་རིགས་པའི་རྒྱུ་མཚན་གང་གི་ཕྱིར་ན་བསམ་སྦྱོར་ཕུན་སུམ་ཚོགས་པ་དེའི་འབྲས་བུ་གྲུབ་པར་གྱུར་པ་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་པའི་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་ཐེག་པའི་མཆོག་འདི་ལ་བརྟེན་ནས་སྐྱབས་སུ་སོང་བ་ནི་དོན་ཆེན་པོ་མཆོག་དང་ལྡན་པ་གྲུབ་པ་ཡིན་པས་མཁས་པ་རྣམས་ཀྱིས་སྤྲོ་བར་བྱ་བ་ཡིན་ནོ། ། ⒊ ངོ་བོ་རྒྱས་པར་བཤད་པ། ངོ་བོ་རྒྱས་པར་བཤད་པ་ལ། ཀུན་འགྲོ་ཁས་ལེན་རྟོགས་པ་ཟིལ་གནོན་ཏེ་དོན་བཞི་ལས་དང་པོ་ཀུན་འགྲོའི་དོན་ནི། གང་ཞིག་སེམས་ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་དང༌། །ཐེག་པ་ཡེ་ཤེས་ཀུན་དུ་འགྲོ་ལ་མཁས་པར་ལྡན། །གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅིག་པ། །དེ་འདྲའི་བློ་ལྡན་དེ་འདིར་ཀུན་འགྲོར་ཤེས་པར་བྱ། །ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་ལྡན་པ་ནི་ཉི་ཚེ་བ་ཕྱོགས་རེ་བ་མ་ཡིན་ཞིང་ཀུན་ཏུ་འགྲོ་བའི་དོན་ཅན་{ཡིན་}ཏེ། སེམས་ཅན་དང་ཐེག་པ་དང་ཡེ་ཤེས་དང་མྱ་ངན་ལས་འདས་པ་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་སེམས་ཅན་ཀུན་ཏུ་འགྲོ་བའི་དོན་ནི། ཉེ་རིང་དང་ཕྱོགས་འབྱེད་པ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་གང་ཞིག་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཆེད་དུ་ཞུགས་པ་ཡིན་པའི་ཕྱིར་དང༌། ཐེག་པ་ཀུན་ཏུ་འགྲོ་བའི་དོན་ནི། ཐེག་པ་གང་རུང་རེ་རེ་ལ་མཁས་པ་ཙམ་མ་ཡིན་གྱི་ཐེག་པ་གསུམ་པོ་ཐམས་ཅད་ཀྱི་དོན་ལ་མཁས་པ་དང་ལྡན་པའི་ཕྱིར་དང༌། ཡེ་ཤེས་ཀུན་ཏུ་འགྲོ་བའི་དོན་ནི། བདག་མེད་ཕྱོགས་རེ་ཙམ་རྟོགས་པ་མ་ཡིན་གྱི་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་མེད་པར་རྟོགས་པ་ལ་མཁས་པ་དང་ལྡན་པའི་ཕྱིར་དང༌། མྱ་ངན་ལས་འདས་པ་ཀུན་ཏུ་འགྲོ་བའི་དོན་ནི། འཁོར་འདས་ཀྱི་རང་བཞིན་ཐ་དད་དུ་འཛིན་པ་མ་ཡིན་གྱི་བློ་ལྡན་གང་ཞིག་མི་གནས་པའི་མྱ་ངན་ལས་འདས་པ་ལ་འཁོར་བ་དང་ཞི་བའི་རིང་བཞིན་རོ་གཅིག་པར་རྟོགས་པའི་ཕྱིར་ཏེ། དེ་ཡང་ཤེས་རབ་དང་སྙིང་རྗེས་མཐའ་གཉིས་ལ་མི་གནས་ཤིང་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །ཡོན་ཏན་བཞི་པོ་དེ་འདྲ་དང་ལྡན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ནི་ཐེག་ཆེན་གྱི་སྐྱབས་འགྲོ་སྟོན་པའི་སྐབས་འདིར་ཀུན་འགྲོའི་ཁྱད་པར་རྣམས་དང་ལྡན་པར་ཤེས་པར་བྱའོ། ། གཉིས་པ་ལ། ཁས་ལེན་གྱི་དོན་དངོས་བསྟན་པ། རྒྱལ་སྲས་ཀྱི་མཆོག་ཏུ་འགྱུར་ཚུལ། བློན་པོ་དང་མཚུངས་པས་བསྔགས་པའོ། །དོན་དངོས་ནི། གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །དེ་ཡང་ཁྱད་པར་གསུམ་དང་ལྡན་པ་ཡིན་པས་སྨོན་ལམ་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་གང་ཞིག་དཀོན་མཆོག་གི་ཡོན་ཏན་ཤེས་ནས་དགའ་པ་མང་པོས་སྐྱབས་གནས་མཐར་ཐུག་བྱང་ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་དོན་དུ་གཉེར་ཞིང་ཐོབ་བྱར་ཁས་ལེན་པ་དང༌། སྒྲུབ་པའི་ཁྱད་པར་གང་ཞིག་ནམ་ཡང་སྐྱོ་བ་མེད་པར་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཀའ་བ་ཡང་དག་པར་སྤྱོད་པར་ཁས་ལེན་པ་དང༌། ཐོབ་པའི་ཁྱད་པར་འབྲས་བུ་གང་ཞིག་རྣམ་པར་སངས་རྒྱས་ནས་དུས་གསུམ་གྱི་སངས་རྒྱས་ཀུན་དང་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པར་འགྱུར་བར་ཁས་ལེན་པ་སྟེ༑ དེ་རྣམས་དང་ལྡན་པའི་བློ་ལྡན་དེ་ནི་སྐྱབས་སུ་སོང་པ་གཞན་རྣམས་ལས་ཁས་ལེན་མཆོག་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། །བར་པ་ལ། སྐྱེ་པའི་ཁྱད་པར། ལུས་ཀྱི་ཁྱད་པར། རྒྱལ་ཚབ་འཛིན་ཚུལ་ལོ། ། དང་པོ་ནི། སངས་རྒྱས་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པ། །སེམས་དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་འདིའི། །ས་བོན་མ་དང་མངལ་གནས་མ་ལ་མཚུངས་པ་མེད། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་མཆོག་ལེགས་པར་གང་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི། དཔེར་ན་ས་བོན་དང་མ་དང་མངལ་གྱི་གནས་དང་མ་མ་སྟེ་ཆོས་བཞི་ཕུན་སུམ་ཚོགས་པ་ལས་འཁོར་ལོས་བསྒྱུར་པའི་སྲས་སུ་འགྱུར་བ་ལྟར། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་དང་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། རིམ་པ་བཞིན་དུ་འདིའི་བྱང་ཆུབ་ཀྱི་སེམས་ནི་ཕའི་ས་བོན་ལྟ་བུ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ལྟ་བུ་དང༌། ཚོགས་གཉིས་ནི་རྟེན་དུ་གྱུར་པས་མངལ་གྱི་གནས་ལྟ་བུ་དང་སྙིང་རྗེ་ནི་སྐྱེད་བསྲིང་བར་བྱེད་པས་མ་མ་ལྟ་བུ་སྟེ། ཆོས་བཞི་མཚུངས་པ་མེད་པ་མངའ་བའི་བློ་ལྡན་དེ་ནི་སྐྱབས་སུ་སོང་བ་གཞན་རྣམས་ལས་ཁས་ལེན་མཆོག་ཏུ་གྱུར་བ་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། ། ལུས་ཀྱི་ཁྱད་པར་ནི། སྣ་ཚོགས་མཚན་རྣམས་ཀུན་གྱིས་དེ་ལུས་བརྒྱན། །སེམས་ཅན་ཐམས་ཅད་སྨིན་པར་བྱེད་སྟོབས་ཐོབ། །སངས་རྒྱས་བདེ་ཆེན་མཐའ་ཡས་ཞི་བ་རྙེད། །སེམས་ཅན་ཀུན་སྐྱབ་ཐབས་ཆེན་བཤམ་པ་ཤེས། །དཔེར་ན་འཁོར་ལོས་བསྒྱུར་པའི་སྲས་དེ་ཆེར་སྐྱེས་པ་ན་མཚན་བཟང་པོས་བརྒྱན་པའི་གཟུགས་ཕུན་སུམ་ཚོགས་པ་དང༌། མངའ་འོག་ལེགས་པར་སྐྱོང་བའི་སྟོབས་ཕུན་སུམ་ཚོགས་པ་དང༌། རིན་ཆེན་སྣ་བདུན་དང་ལྡན་པའི་བདེ་བ་ཕུན་སུམ་ཚོགས་པ་དང༌། རྒྱལ་སྲིད་ཆོས་བཞིན་འཛིན་པའི་ཐབས་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བཞིན་དུ། ས་བརྒྱད་པ་ཡན་ཆད་ལ་གནས་པའི་[རྒྱལ་སྲས་]བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁྱད་པར་བཞི་དང་ལྡན་པ་སྟེ། གཟུགས་བཟང་པའི་ཁྱད་པར་དག་ཅིང་གསལ་ལ་རྫོགས་པ་ལ་སོགས་པ་སྣ་ཚོགས་པའི་སྒོ་ནས་འཁོར་ལོས་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པའི་མཚན་བཟང་པོ་རྣམས་ཀུན་གྱིས་དེའི་ལུས་ལེགས་པར་བརྒྱན་པ་དང༌། སྟོབས་ཀྱི་ཁྱད་པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་གི་སྒོ་ནས་ཡོངས་སུ་སྨིན་པར་བྱེད་པའི་སྟོབས་ཕུན་སུམ་ཚོགས་པ་ཐོབ་པ་དང༌། བདེ་བའི་ཁྱད་པར་ཟག་པ་མེད་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཞི་བ་རྙེད་པ་དང༌། ཡེ་ཤེས་ཀྱི་ཁྱད་པར་སེམས་ཅན་ཀུན་འཁོར་བའི་སྡུག་བསྔལ་མཐའ་དག་ལས་སྐྱབ་ཅིང་ཐར་པའི་བདེ་པ་ཆེན་པོ་ལ་དགོད་པའི་ཐབས་ཆེན་བཤམ་པ་ཤེས་པ་རྣམས་སོ། ། རྒྱལ་ཚབ་འཛིན་ཚུལ་ནི། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་དབང་བ{ར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་བས་ཚར་གཅོད་ཕན་འདོགས་བྱེད་ལ་བརྩོན། །དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་དེ་ནར་སོན་པ་ན་རྒྱལ་ཚབ་ཏུ་དབང་བ{ར་བ་ཐོབ་པ་དང༌། རྒྱལ་པོའི་བྱ་བ་ལ་དབང་ཐོགས་པ་མེད་པ་དང༌། རྩོད་པ་བརྟགས་ཏེ་འདུལ་བའི་ཐབས་ལ་མཁས་པ་དང་ངན་པ་ཚར་གཅོད་ཅིང་བཟང་པོ་རྗེས་སུ་འཛིན་པའི་སྒོ་ནས་རྒྱལ་སྲིད་ལེགས་པར་སྐྱོང་བ་དེ་བཞིན་དུ། ས་བཅུ་པ་ལ་གནས་པ་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བ{ར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་མ་ཐག་ཏུ། སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨ་རིན་པོ་ཆེ་ལས་གྲུབ་པ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད་ཀྱི་པདྨའི་འཁོར་གྱིས་བསྐོར་བ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་པདྨ་དེ་དང་འཚམ་པའི་ལུས་ཀྱིས་དེ་ལ་འདུག་ཅིང༌། པདྨའི་འཁོར་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་རེ་རེ་འདུག་ནས་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་མངོན་པར་བལྟའོ། །དེ་ནས་དེའི་ཞབས་ཀྱི་མཐིལ་གཉིས་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་བས་ཕྱོགས་བཅུའི་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་རྒྱུན་ཆད་པར་བྱེད་དོ། །དེ་བཞིན་དུ་འོད་ཟེར་དེ་སྙེད་རེ་པུས་མོ་གཉིས་ནས་བྱུང་བས་དུད་འགྲོ་རྣམས་དང༌། ལྟེ་བ་ནས་བྱུང་བས་གཤིན་རྗེའི་འཇིག་རྟེན་དང་རྩིབ་ལོགས་གཉིས་ནས་བྱུང་བས་མི་རྣམས་དང༌། ལག་མཐིལ་གཉིས་ནས་བྱུང་བས་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་བྱུང་བས་ཉན་ཐོས་རྣམས་ཀྱི་གནས་སྣང་བར་བྱེད་ཅིང་ཆོས་སྣང་བའི་སྒོ་ཉེ་པར་སྒྲུབ་པོ། །རྒྱབ་དང་མགུལ་ནས་བྱུང་བས་རང་རྒྱལ་རྣམས་ཀྱི་གནས་སྣང་བར་བྱེད་ཅིང་ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་ཉེ་བར་སྒྲུབ་པོ། །ཁའི་སྒོ་ནས་བྱུང་བས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་[ས་]དགུ་པའི་བར་ལ་གནས་པ་རྣམས་སྣང་བར་བྱེད་ཅིང་ཤེས་རབ་དང་ཐབས་ལ་མཁས་པའི་ཚུལ་ཉེ་བར་བསྒྲུབ་པོ། ། སྨིན་མཚམས་གྱི་མཛོད་སྤུ་ནས་བྱུང་བས་ཕྱོགས་བཅུའི་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱེད་ཅིང་དབང་བ{ར་བའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ཏེ་དེ་དག་གི་{་ལ་ཐིམ་པར་འགྱུར་རོ། །སྤྱི་གཙུག་ནས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་སྙེད་ཀྱི་འོད་ཟེར་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱེད་ཅིང་སངས་རྒྱས་དེ་དག་གི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དབང་བ{ར་བའི་དུས་ལ་བབ་པར་མཁྱེན་ནས། དབང་བ{ར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ཐམས་ཅད་ལས་རྒྱལ་བ་ཞེས་[བྱ་]བའི་འོད་ཟེར་བྱུང་སྟེ། དེའི་དཔལ་གྱི་བེའུ་ལ་སོགས་པ་རྣམས་སུ་ནུབ་པར་གྱུར་པས་དེའི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་འབུམ་འགྱུར་བས་ལྷག་པར་འཕེལ་བར་གྱུར་ཏོ། །སངས་རྒྱས་དེ་དག་གི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ཉིད་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། དེའི་སྤྱི་བོར་ནུབ་པས་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བ{ར་བ་ཞེས་བྱ་བར་ས་བཅུ་བའི་མདོ་ལས་གསུངས་པ་ལྟར། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་མངོན་པར་དབང་བ{ར་བ་བྱིན་ནས་ཆོས་ཀྱི་རྒྱལ་[པོའི་རྒྱལ་]ཚབ་དམ་པར་གྱུར་པ་དང༌། དེ་ནི་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པ་དང་ལྡན་པས་ཆོས་ཐམས་ཅད་ལ་དབང་བ་ཀུན་དང་ཡང་དག་པར་ལྡན་པ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཕན་ཚུན་འདྲི་བ་དང་ལན་འདེབས་པ་དང་རྫུ་འཕྲུལ་སྟོན་པ་ལ་སོགས་པའི་རྣམ་པར་ཤེས་པ་དང༌། ལྷག་པ་ཚུལ་ཁྲིམས་ལ་སོགས་པའི་བསླབ་བའི་གཞི་བཅའ་བས་ཉེས་པ་དང་ལྡན་པ་རྣམས་ཚར་གཅོད་ཅིང་སུན་འབྱིན་པ་དང༌། ཡོན་ཏན་དང་ལྡན་པ་རྣམས་ལ་ཕན་འདོགས་ཤིང་རྗེས་སུ་འཛིན་པར་བྱེད་པ་ལའང་བརྩོན་པའི་སྒོ་ནས་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་ཅིང་བཙུན་པར་སྐྱེས་པ་ཉིད་དོ། ། བློན་པོ་དང་མཚུངས་པས་བསྔགས་པ་ནི། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཕྱིན་ལ་འཇུག་པའི་ཕྱིར། །བྱང་ཆུབ་ཆེན་པོའི་ཕྱོགས་མཐུན་བརྡལ་ལ་རྟག་ཏུ་སྤྱན་བྱེད་ཕྱིར། །གསང་བའི་གནས་ནི་རྣམ་གསུམ་རྟག་ཏུ་ཡང་དག་འཛིན་པའི་ཕྱིར། །སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་བྱེད་ཕྱིར། །དཔེར་ན་བློན་པོ་ཆེན་པོ་རྣམས་ལོག་པར་མི་སྤྱོད་པས་བཙུན་མོའི་འཁོར་གྱི་ནང་དུ་འགྲོ་བ་དང༌། ནོར་མི་ཟད་ཅིང་འཕེལ་བའི་སྒོ་ནས་བང་མཛོད་ཐམས་ཅད་ཀྱི་གཉེར་རམ་སྤྱན་བྱེད་པ་དང༌། གསང་བར་བྱ་བའི་གཏམ་གཞན་ལ་མི་སྨྲ་བས་ཡིད་བརྟན་དུ་རུང་བ་དང༌། ལོངས་སྤྱོད་བགོ་བཤའ་ལ་དབང་བས་གང་ལ་གང་འོས་སྦྱིན་པའི་སྒོ་ནས་འཁོར་མང་པོ་ལ་ཕན་འདོགས་པ་ལྟ་བུར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ས་བཅུར་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་ལ་འཇུག་ཅིང་སྤྱོད་པའི་ཕྱིར་དང༌། བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་ལས་བརྡལ་བ་སྟེ། རབ་ཏུ་གསལ་བར་བསྟན་པ་རྣམས་རྟོགས་ཏེ་མི་བརྗེད་པར་འཛིན་ཞིང་སྤེལ་བ་ལ་སོགས་པའི་སྒོ་ནས་རྟག་ཏུ་སྤྱན་བྱེད་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་{་དང་གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ནི་རྣམ་པ་གསུམ་རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཛིན་པའི་ཕྱིར་དང༌། སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བའི་དོན་ཚེ་རབས་ཐམས་ཅད་དུ་རྟག་ཏུ་རྒྱུན་མི་འཆད་པར་རབ་ཏུ་བྱེད་པའི་ཕྱིར་ན། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བློན་པོ་ཆེན་པོ་དང་ཡང་འདྲ་བ་ཉིད་དོ། ། རྟོགས་པའི་དོན་ནི། བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མ་སྲིད་པའི་བདེ་བ་དང༌། །སྡུག་བསྔལ་ཕུང་པོ་ཆེན་པོ་རབ་ཞི་བློ་མཆོག་བདེ་བ་དང༌། །ཆོས་མང་ཕུང་པོ་མཆོག་རབ་རྟག་པའི་{་སྟེ་དགེ་བའི་ཚོགས། །བག་ཆགས་བཟློག་ཅིང་སྲིད་དང་ཞི་ལས་རྣམ་པར་གྲོལ་བ་ཐོབ། །ཡོན་ཏན་བརྒྱད་དང་ལྡན་པའི་སྒོ་ནས་རྟོགས་པ་མཆོག་ཏུ་གྱུར་པ་ཐོབ་པ་སྟེ། དང་པོར་ཐེག་པ་ཆེན་པོའི་ཆོས་འདི་ལ་མོས་པའི་དབང་གིས་སྐྱབས་སུ་འགྲོ་བའི་དུས་ཉིད་ན་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དཔག་ཏུ་མེད་ཅིང་མཐའ་ཡས་པ་ཐོབ་པ་དང་ཐོག་མར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་དུས་ཉིད་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་གྱི་བླ་མ་མཆོག་ཏུ་གྱུར་པའི་གོ་འཕང་ཐོབ་པ་དང༌། མོས་པ་སྤྱོད་པའི་དུས་སུ་བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པ་ན་ཇི་ལྟར་འདོད་པའི་ལྷ་དང་མིའི་སྲིད་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང༌། ས་དང་པོར་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་བདག་གཞན་མཉམ་པ་ཉིད་དུ་རྟོགས་ཏེ་རང་གཞན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རབ་ཏུ་ཞི་བར་བྱེད་ཅིང་དེ་ལ་བརྟེན་པའི་རབ་ཏུ་དགའ་བ་ཁྱད་པར་ཅན་ཐོབ་པ་དང༌། ས་བརྒྱད་པ་ལ་སོགས་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་འགྲུབ་པའི་སྣང་བ་རྒྱ་ཆེན་པོར་གྱུར་པས་བློ་མཆོག་ཏུ་གྱུར་པའི་བདེ་བ་ཐོབ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་[ན་]སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་{་ནི་མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། ཆོས་མང་པོའི་ཕུང་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་མཆོག་གམ་རབ་ཏུ་གྱུར་པ་ནམ་ཡང་འགྱུར་བ་མེད་ཅིང་ཟད་མི་ཤེས་པས་རྟག་པའི་{་སྟེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་པའི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ཐོབ་པ་དང༌། དེ་ལྟ་བུའི་{་དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་བཟློག་ཅིང་སྤངས་པ་མཐར་ཕྱིན་པའི་གོ་འཕང་ཐོབ་པ་དང༌། དེ་དག་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་ཤིང་ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པས་མྱ་ངན་ལས་འདས་པའི་མཐའ་ལའང་མི་གནས་པའི་ཕྱིར་སྲིད་པ་དང་ཞི་པ་དག་ལས་རྣམ་པར་གྲོལ་པའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པའོ། ། དེ་བས་ན་རྟོགས་པའི་དོན་ནི་གནས་སྐབས་དེ་དང་དེར་ཡོན་ཏན་དེ་དག་ཐོབ་པ་ཡིན་པས་འབྲས་བུའི་ཁྱད་པར་དུའང་ཤེས་པར་བྱའོ། ། ཟིལ་གནོན་གྱི་དོན་ནི། བློ་ལྡན་ཉན་ཐོས་ཚོགས་བཅས་དགེ་བ་རྒྱ་ཆེན་དོན་ཆེན་དང༌། ། མཐའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པའི་ཟིལ་གྱིས་གནོན། །དགེ་བ་དེ་ཡང་འཇིག་རྟེན་འཇིག་རྟེན་མ་ཡིན་ཡོངས་སྨིན་བྱེད། །དབང་འབྱོར་རྙེད་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ཚོགས་རང་སངས་རྒྱས་དང་བཅས་པ་རྣམས་ཟིལ་གྱིས་གནོན་ཏེ་རྒྱུ་གང་གིས་ཞེ་ན་དགེ་པ་རྒྱ་ཆེན་པོ་དང༌། དོན་རྒྱ་ཆེན་པོ་དང་མཐའ་ཡས་ཤིང་ཚད་མེད་པ་དང་རྟག་ཏུ་རྒྱུན་མི་འཆད་ཅིང་ཟད་མི་ཤེས་པས་ཟིལ་གྱིས་གནོན་ཏོ། །ཚུལ་ཇི་ལྟར་ཞེ་ན། དགེ་པ་དེའི་ཁྱད་པར་ཡང་མོས་པས་སྤྱོད་པ་འཇིག་རྟེན་པའི་གནས་སྐབས་སུ་བསམ་པ་སེམས་བསྐྱེད་རྒྱ་ཆེན་པོ་སྐྱེས་པ་དང༌། འཇིག་རྟེན་མ་ཡིན་པ་སྟེ་འཇིག་རྟེན་ལས་འདས་པའི་ལམ་ས་དང་པོ་ཐོབ་པ་ཡན་ཆད་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་སྦྱོར་པ་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་དང༌། དེ་ནས་ས་བདུན་པའི་བར་ལ་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པས་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང༌། ས་བརྒྱད་པ་ཡན་ཆད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པ་ལ་དབང་འབྱོར་རྙེད་པ་དེ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མཐར་ཐུག་པ་ཐོབ་པའི་གནས་སྐབས་ན་ཡང་ཉན་རང་ལྟར་ཕུང་པོ་ཞི་བས་ཡོན་ཏན་ཟད་པར་འགྱུར་བ་མ་ཡིན་གྱི། སྟོབས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྟག་ཏུ་རྒྱུན་མི་འཆད་ཅིང་ཟད་མི་ཤེས་པ་བརྙེས་པའི་སྒོ་ནས་གཞན་རྣམས་ཟིལ་གྱིས་གནོན་པ་སྟེ། འདི་དག་ཀྱང་ཕན་ཡོན་གྱི་ཁྱད་པར་སྟོན་པའོ། ། ⒋ བས་དོན་གཏན་ལ་དབབ་པ། བས་དོན་གཏན་ལ་དབབ་པ་ནི། འདི་ནི་དེ་དངོས་འདོད་པའི་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་སྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཉིད། །སྐྱབས་སུ་འགྲོ་བ་འདི་ནི་ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པའི་དོན་དྲུག་གིས་གཏན་ལ་འབེབས་པ་སྟེ། ངོ་བོ་ནི་གཞན་དོན་དུ་སངས་རྒྱས་དེའི་དངོས་པོ་ཐོབ་པར་འདོད་པས་དཀོན་མཆོག་རིན་པོ་ཆེ་གསུམ་ལ་བརྟེན་པར་ཁས་ལེན་པ་ཡིན་ལ། དེ་ཡང་རྒྱུ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་སྐྱེས་པ་ལས་འབྱུང་བར་རིག་པར་བྱ་ཞིང༌། དེ་ལས་འབྲས་བུ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པའི་སངས་རྒྱས་ཉིད་ཐོབ་པའོ། །ལས་ནི་སེམས་ཅན་ཐམས་ཅད་ལ་གཏན་དུ་ཕན་པ་དང་འཕྲལ་དུ་བདེ་བའི་ཐབས་སྣ་ཚོགས་ལ་བརྩོན་པར་བྱེད་ཅིང་དེ་དག་གི་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་པར་འཇུག་པ་ཡང་ཡིན་ལ། ལྡན་[པ་ནི་{པའི་}གདུལ་བྱ་རྣམས་འཁོར་བ་ལས་ངེས་པར་འབྱུང་བའི་ཐབས་ལ་ཐེག་པ་ཀུན་རིམ་གྱིས་བསྟན་པས་རིགས་ཅན་གསུམ་གྱི་རྒྱུད་ལ་ཚོགས་གཉིས་ཀྱིས་ཉེ་བར་རྟོན་པའི་ཡོན་ཏན་རྣམས་དང་རྟག་ཏུ་ལྡན་པ་ཡིན་ཞིང༌། རབ་ཏུ་དབྱེ་བའི་འཇུག་པ་ནི། མོས་པས་སྤྱོད་པའི་གནས་སྐབས་སུ་དགེ་བའི་བཤེས་གཉེན་ལ་སོགས་པ་ལས་ཐོབ་པ་རགས་པ་བརྡ་ལས་བྱུང་པ་དང༌། ས་དང་པོ་ཐོབ་པ་ཡན་ཆད་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་ལ་སོགས་པར་འབྱེད་པ་སྟེ། དེ་ལྟར་ཁྱད་པར་དྲུག་དང་ལྡན་པའི་སྒོ་ནས་བློ་ལྡན་ཐེག་པ་ཆེན་པོ་[པ་]རྣམས་ཀྱི་སྐྱབས་སུ་འགྲོ་པ་འདི་ནི་སྐྱབས་འགྲོ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཉིད་ཡིན་ནོ། ། ⒌ ཆེ་བའི་ཕན་ཡོན་བསྟན་པ། ཆེ་བའི་ཕན་ཡོན་བསྟན་པ་ནི། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེས་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེས་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བ་འདིར་སྐལ་བ་ཆེན་པོ་དང་ལྡན་པ་རྣམས་སྐྱབས་སུ་སོང་ན་རང་གཞན་གྱི་དོན་ཆེན་པོ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ཏེ༑ དེས་ནི་རང་དོན་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཚད་མེད་པའི་ཡོན་ཏན་གྱི་ཚོགས་རྟོག་གེས་གཞལ་དུ་མེད་པ་དང་གྲངས་ཀྱིས་བགྲང་དུ་མེད་པ་དང་དུས་ཀྱིས་དཔག་ཏུ་མེད་པ་རྣམས་འཕེལ་བར་འགྱུར་ཞིང༌། གཞན་དོན་དུ་བསམ་པའི་སྒོ་ནས་འགྲོ་བ་མཐའ་ཡས་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོའི་བསམ་པས་ཁྱབ་པར་བྱས་ཏེ། སྦྱོར་བའི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པས་ན་མཚུངས་པ་མེད་པའི་འཕགས་པ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ཟབ་མོ་རྣམས་ཀྱང་གདུལ་བྱ་དཔག་ཏུ་མེད་པའི་རྒྱུད་ལ་རྒྱས་ཤིང་འཕེལ་བར་བྱེད་པའི་ཕྱིར་རོ། །ཞུགས་ནས་སྒྲུབ་པ་ཀུན་གྱི་ སྒོ་མཆོག་ལ་སྐྱབས་སུ་འགྲོ་བའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༤༽སྐྱབས་སུ་སོང་བ་ལས་སད་པར་འགྱུར་བ་རིགས་ཀྱི་དོན། ⑴ སྤྱི་དོན། ད་ནི་སྐྱབས་སུ་སོང་བར་གྱུར་པ་ལས་སད་པར་གྱུར་པ་རིགས་ཀྱི་དོན་འཆད་པ་ལ། སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ལ་ངོ་བོ་ངོས་བཟུང་རྒྱས་པར་བཤད་པ། རྩོད་པ་སྤང་པའོ། ། ༡ ངོ་བོ་ངོས་བཟུང་བ། དང་པོ་ནི། བྱང་ཆུབ་སེམས་དཔའི་ས་ལས། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་རིགས་ལ་བརྟེན་ཅིང་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་མཐུ་ཡོད་པར་འགྱུར་[བའི་ཕྱིར་]ཏེ། དེ་ལྟ་བས་ན་རིགས་ནི་སྐལ་བ་དང་ལྡན་བའི་གཞི་ཞེས་བྱའོ་ཞེས་པ་དང༌། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་དེ་རང་བཞིན་གྱིས་གནས་པ་དང༌། ཡང་དག་པར་སྒྲུབ་པའོ། ། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་(མངོན་པར་ཆོས་ཀྱི་སྐྱེ་མཆེད་ཀྱི་སྐབས་སུ་དེ་བཞིན་ཉིད་གསུམ་གསུངས་པ་)གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་ཏེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་སྒྲུབ་པའི་རིགས་{པ་}ནི། }ོན་དགེ་བའི་རྩ་བ་གོམས་པར་བྱས་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ། །རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དང་རང་བཞིན་ཞེས་ཀྱང་བྱའོ་ཞེས་གསུངས་ཤིང༌། རྒྱུད་བླ་མར་ཡང༌། རྫོགས་སངས་{་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པས་དོན་དམ་པའི་ཆོས་ཀྱི་{་དང་དེ་བཞིན་ཉིད་དང་རང་བཞིན་གྱི་རིགས་ཐམས་ཅད་ལ་ཁྱབ་པར་ཡོད་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ལ། མདོ་ལས་ཀྱང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་པའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་པ་དང༌། རྒྱུད་ལས་ཀྱང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་པ་དང༌། ཆོས་དབྱིངས་བསྟོད་པར་ཡང༌། གང་ཞིག་ཀུན་དུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་པ་ལ་སོགས་པ་གསུངས་པས་ཆོས་ཉིད་རང་བཞིན་གྱི་རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་ཅིང་གནས་སྐབས་རྒྱས་འགྱུར་གྱི་རིགས་རིམ་གྱིས་སད་པ་ལས་རིགས་ཅན་གསུམ་དུ་ཡང་འགྱུར་བའོ། ། ༢ རྒྱས་པར་བཤད་པ། རང་བཞིན་གསུམ་གྱིས་བསྡུས་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་རྒྱས་པར་བཤད་པ་ནི། རྒྱུད་བླ་མ་ཉིད་ལས་གསལ་བས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་པ་ལྟར་དོན་རྣམ་པ་བཅུའི་དང་པོ་ངོ་བོ་དང་རྒྱུ་ལས་དག་པའི་དོན་ནི། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང༌། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །ཞེས་པ་སྟེ། དཔེར་ན་རིན་པོ་ཆེ་རང་བཞིན་གྱིས་དག་པ་དང༌། ནམ་མཁའ་རང་བཞིན་གྱིས་དག་པ་དང༌། ཆུ་རང་བཞིན་གྱིས་དག་པ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཉིད་རང་བཞིན་གྱི་རིགས་ཀྱང་དུས་རྟག་ཏུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ལ༑ ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང༌། བདེ་པ་དང་ལྡན་པའི་ཏིང་ངེ་འཛིན་ཚད་མེད་པ་དང༌། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་དག་པའི་རྒྱུའི་དོན་ཡིན་པས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡིད་ཆེས་པའི་སྒོ་ནས་སྤང་བྱ་གློ་བུར་གྱི་དྲི་མ་སྦྱོང་བའི་རྒྱུ་འདི་དག་ལ་ཡང་བསླབ་པར་བྱའོ། ། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན་ནི། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །ཞེས་པ་སྟེ་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བར་བྱེད་པའི་རྒྱུ་བཞི་བསྒོམས་ནས་མི་གཙང་བར་འཛིན་པ་ལ་སོགས་པའི་སྒྲིབ་པ་བཞི་སྦྱངས་པ་ལས་ཆོས་ཀྱི་{་དག་པ་གཉིས་ལྡན་དུ་གྱུར་པ་གཙང་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་དང་བདག་མེད་པའི་སྤྲོས་པ་དང་བྲལ་བ་བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། སྡུག་བསྔལ་མཐའ་དག་ལས་གྲོལ་བ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། འཁོར་འདས་རང་བཞིན་མཉམ་ཉིད་དུ་རྟོགས་པ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་ནི་འབྲས་བུའི་དོན་ཡིན་ལ། འཁོར་བའི་སྡུག་བསྔལ་ལ་སྐྱོ་ཞིང་ཡིད་འབྱུང་བའི་སྒོ་ནས་གྲོལ་བར་འདོད་པ་དང་མྱ་ངན་ལས་འདས་པ་ལ་ཞི་ཞིང་བདེ་བའི་ཡོན་ཏན་མཐོང་ནས་ཐོབ་པར་འདོད་པའི་འདུན་པ་དང་སྨོན་པ་ལ་སོགས་པ་འབྱུང་བ་ནི་ཁམས་རང་བཞིན་གྱི་རིགས་དང་རྒྱས་འགྱུར་གྱི་རིགས་ཡོད་པའི་བྱེད་ལས་ཀྱི་དོན་ཡིན་ནོ། ། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན་ནི། རྒྱ་མཚོ་ཆེ་བཞིན་དཔག་མེད་པའི། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་པ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་སྣོད་རབ་ཏུ་ཡངས་པར་ཆུ་དཔག་ཏུ་མེད་པ་འདུ་བ་བཞིན་ཏུ་ཆོས་ཀྱི་དབྱིངས་ཀྱང་མོས་པའི་སྣོད་རབ་ཏུ་ཡངས་པར་ཤེས་རབ་དང་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོའི་ཆུ་མི་ཟད་པའི་གནས་སུ་གྱུར་པའི་ཕྱིར་རྒྱུའི་ཡོན་ཏན་དང་ལྡན་པའི་དོན་ཡིན་ལ། དཔེར་ན་མར་མེའི་སྣང་བ་དང་དྲོ་བ་དང་ཁ་དོག་རྣམས་དབྱེར་མེད་པ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱང་མངོན་པར་ཤེས་པ་དང་ཟག་པ་མེད་པའི་ཡེ་ཤེས་དང་ཟག་པ་མེད་པའི་[སྤངས་{ཡངས་}པ་རྣམས་རྣམ་པར་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན་ཡིན་ནོ། ། གང་ཟག་གི་དབྱེ་བས་འཇུག་པའི་དོན་ནི། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། ། ཞེས་པ་སྟེ། ཆོས་ཉིད་རང་བཞིན་གྱི་རིགས་དེ་བཞིན་ཉིད་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ཀྱང༌། ཆོས་ཅན་གང་ཟག་གི་དབྱེ་བས་བྱིས་པ་སོ་སོ་སྐྱེ་བོའི་དེ་བཞིན་ཉིད་དང༌། འཕགས་པ་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གསུམ་དུ་རབ་ཏུ་[དབྱེ་{ཕྱེ་}བའི་འཇུག་པ་ལས་བརྩམས་ཏེ། དེ་ཉིད་གཟིགས་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་{ལ་བ་དང་ལྡན་པ་རྣམས་ལ་རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་འདི་གསལ་བར་བསྟན་པའོ། ། གནས་སྐབས་ཀྱིས་མིང་ཙམ་བྱེ་བའི་དོན་ནི། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། ། ཞེས་པ་སྟེ། ཆོས་ཉིད་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད། སྤང་བྱ་གློ་བུར་གྱི་དྲི་མ་མཐོང་སྤང་གིས་ཀྱང་མ་དག་པ་སོ་སོ་སྐྱེ་བོའི་གནས་སྐབས་ལ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང༌། སྒོམ་སྤང་གི་དྲི་མ་ཅི་རིགས་པས་མ་དག་ཅིང་མཐོང་སྤང་གི་དྲི་མས་དག་པའི་གནས་{བས་ལ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་ཞེས་བྱ་བ་དང༌། སྤང་བྱ་བག་ཆགས་དང་བཅས་པའི་དྲི་མ་མཐའ་དག་གིས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་གསུངས་པས་གནས་སྐབས་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཐོབ་པར་བྱའོ། ། ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ནི། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་པ་སྟེ། དཔེར་ན་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་གཟུགས་བཟང་ངན་བར་མ་ཐམས་ཅད་ལ་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་བཞིན་དུ་སེམས་ཀྱི་རང་བཞིན་འོད་གསལ་གདོད་མ་ནས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱང་སྤྱིར་བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅིང༌། ཁྱད་པར་གང་ཟག་བཟང་ངན་བར་མ་ཐམས་ཅད་ལ་ཀུན་ཏུ་འགྲོ་ཞིང་ཁྱབ་པ་ཉིད་དུ་ཤེས་པའི་སྒོ་ནས་དག་པའི་སྣང་བ་སྦྱང་བར་བྱའོ། ། དུས་རྟག་ཏུ་འགྱུར་བ་མེད་པའི་དོན་ནི། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་པ་སྟེ། }ར་མ་དག་པའི་གནས་སྐབས་ན་ཉོན་མོངས་པ་ལ་སོགས་པའི་ཉེས་པ་ཡོད་པ་རྣམས་ནི་སྤང་རུང་གློ་བུར་བ་ཉིད་སེམས་ཅན་ལ་ལྡན་པ་ཡིན་གྱི་རང་བཞིན་གྱི་ཆོས་ཉིད་ལ་གོས་པ་མེད་པའི་ཕྱིར་དང༌། ཕྱིས་དག་པའི་གནས་སྐབས་ན་སྟོབས་ལ་སོགས་པའི་ཡོན་ཏན་མངོན་དུ་གྱུར་པ་རྣམས་ནི་རང་བཞིན་དུ་གདོད་མ་ཉིད་ནས་ལྡན་པ་ཡིན་གྱི། གློ་བུར་དུ་སྐྱེས་པ་མ་ཡིན་པའི་ཕྱིར་ན་ཇི་ལྟར་སྔར་འཁོར་བའི་ཁམས་སུ་ཡོད་པ་བཞིན་གྱིས་མྱ་ངན་ལས་འདས་པ་ན་ཡང་དེ་བཞིན་དུ་གནས་ཤིང༌། ནམ་ཡང་ངོ་བོ་འགྱུར་པ་མེད་པ་ནི་ཆོས་ཀྱི་དབྱིངས་འདིའི་ཆོས་ཉིད་དམ་རང་བཞིན་ཉིད་དོ་ཞེས་པའོ། ། ཡོན་ཏན་རྣམས་རྣམ་དབྱེ་མེད་པའི་དོན་ནི། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་{་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །ཞེས་པ་སྟེ། མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི་དོན་གྱི་རབ་ཏུ་དབྱེ་བ་བཞི་ཡོད་པས། དེ་དང་མཐུན་པར་ཆོས་ཀྱི་{་དང་དེ་བཞིན་གཤེགས་པ་དང་འཕགས་པའི་བདེན་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བའི་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པར་རིག་པར་བྱ་ཞིང༌། དེ་རྣམས་དོན་དང་སྦྱར་ན། སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌། །རྫུན་མེད་སླུ་མེད་ཆོས་ཉིད་དང༌། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་པ་སྟེ། ཆོས་ཀྱི་དབྱིངས་དེ་ཉིད་ལ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དབྱེར་མེད་པར་ལྡན་པའི་ཆ་ནས་ཆོས་ཀྱི་{་ཞེས་བྱ་བ་དང༌། སངས་རྒྱས་དེའི་རང་བཞིན་གྱི་རིགས་ཐོག་མ་མེད་པ་ནས་གནས་པའི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཐོབ་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་དང༌། ནམ་ཡང་རྫུན་པ་མེད་ཅིང་རྟག་ཏུ་སླུ་བ་མེད་ལ་གཞན་དུ་མི་འགྱུར་བའི་ཆོས་ཉིད་དེ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆ་ནས་འཕགས་པའི་བདེན་པ་ཞེས་བྱ་བ་དང༌། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི་བའི་ཆ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ་རྣམས་དོན་གྱི་ངོ་བོ་གཅིག་ཡིན་པས་སངས་རྒྱས་ལ་མངའ་བའི་དོན་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡང་ཡོད་པར་ཤེས་པའི་སྒོ་ནས་མངོན་དུ་འགྱུར་བའི་ཐབས་ལ་འབད་པར་བྱའོ། ། ༣ རྩོད་པ་སྤང་པ། རྩོད་པ་སྤང་བ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་དུ་མཚུངས་པ་ཡིན་ན་རིགས་ཐ་དད་པ་གསུམ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། ཡུམ་གྱི་རྒྱན་ལས། བརྟེན་པའི་ཆོས་ཀྱི་བྱེ་དྲག་གིས། དེ་ཡི་དབྱེ་བ་ཡོངས་སུ་བརྗོད། ། ཅེས་གསུངས་པ་ལྟར་གནས་སྐབས་རྒྱས་འགྱུར་གྱི་རིགས་ཐ་དད་པ་གསུམ་ཡོད་པ་ལ་དགོངས་པ་ཡིན་གྱི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། ། ཞེས་གསུངས་པ་ལྟར་མཐར་ཐུག་རང་བཞིན་གྱི་རིགས་གཅིག་ཡིན་པ་དང་མི་འགལ་ཏེ། }གས་མཚན་ཉིད་ངེས་དོན་གཅིག་ཡིན་པས། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལྟར་གནས་སྐབས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་ཡང་ཡིན་ལ། མཐར་ཐུག་ཐེག་པ་གཅིག་གི་འབྲས་བུར་གནས་པ་ཡང་མི་འགལ་བ་བཞིན་ནོ། །ཡང་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཡིན་ན་རིགས་ཆད་ཀྱི་སེམས་ཅན་གསུངས་པ་དང་འགལ་ལོ་ཞེ་ན། དེ་ཡང་ཡུན་རིང་པོར་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་པ་ཡིན་གྱི། རང་བཞིན་གྱི་རིགས་ཆད་པ་ནི་མ་ཡིན་ཏེ། རྒྱུད་བླ་མའི་འགྲེལ་པར། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། ། དེ་བཞིན་དུ་རིགས་མ་ངེས་པར་གསུངས་པ་ཡང་གནས་སྐབས་རྒྱས་འགྱུར་ཀྱི་རིགས་མ་ངེས་པ་ལ་དགོངས་པ་ཡིན་གྱི། མཐར་ཐུག་རང་བཞིན་གྱི་རིགས་ནི་གཅིག་ཏུ་ངེས་པ་ཉིད་དེ། ཟླ་བ་སྒྲོན་མར། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །ཞེས་པ་དང༌། དཔལ་ཕྲེང་གི་མདོ་ལས། ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ་ཞེས་པ་དང༌། རྒྱུད་ལས་ཀྱང༌།འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་འདི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཡང་འགའ་ཞིག་རྒྱུད་བླ་མར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་ཕན་ཡོན་ནམ་དགོས་པ་ཁྱད་པར་ཅན་ལྔ་ཡོད་པར་གསུངས་པ་རྒྱུ་མཚན་དུ་[བྱས་ནས་]དྲང་དོན་དུ་འདོད་པ་ཡང་རིགས་པ་མ་ཡིན་ཏེ། དགོས་པ་ཡོད་པས་དྲང་དོན་དུ་འགྱུར་ན་ངེས་པའི་དོན་གང་ཡིན་པ་ཐམས་ཅད་ཀྱང་དྲང་བའི་དོན་དུ་ཐལ་བར་འགྱུར་ཞིང༌། རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་[ལ་{ལས་}མ་སྐྱེས་པའོ། །ཞེས་པ་ལ་སོགས་པས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐམས་ཅད་ལ་ཁྱབ་པར་གསུངས་པ་ཡང་དྲང་དོན་དུ་ཐལ་བར་འགྱུར་ཏེ། དེ་དག་ནི་དོན་གཅིག་པའི་ཕྱིར་རོ། །ཡང་འགའ་ཞིག་སེམས་ཅན་ལ་སངས་རྒྱས་ཀྱི་རིགས་ཡོད་པར་གསུངས་པ་ནི་ས་བོན་ཙམ་ལ་དགོངས་པའོ་ཞེས་ཟེར་བ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། ས་བོན་ཡོངས་སུ་སྨིན་པ་ལས་བྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་འདུས་{མ་}བྱས་སུ་འགྱུར་ཞིང༌། དེ་ལྟ་ན་དཔལ་ཕྲེང་གི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་གྱིས་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་[རྙེད་{བརྙེས་}ཏེ། ཞེས་གསུངས་པས་ཀྱང་གནོད་ལ་ས་བོན་གྱི་ཆ་ནས་གསུངས་པ་རྣམས་ནི་གཙོ་ཆེར་རྒྱས་འགྱུར་གྱི་རིགས་ལ་དགོངས་པ་ཡིན་གྱི། རང་བཞིན་གྱི་རིགས་ནི་འདུས་མ་བྱས་དོན་དམ་པའི་ཡོན་ཏན་རྣམས་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས་ཀྱང༌། སངས་རྒྱས་རྣམས་དང་ཆོས་དབྱིངས་དག །དེས་ན་དོན་དུ་ཐ་མི་དད། ། བདག་ཉིད་དང་ནི་གཞན་རྣམས་དག ། དེས་ན་མཉམ་པར་ཁྱོད་བཞེད་ལགས། །ཞེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པ་ནི་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་དགོངས་པ་ཡིན་ཞིང༌། དེ་(དེ་ཡིན་ནའང་)བཞིན་ཉིད་ཀྱི་དོན་ཡང་ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན་བདེན་པར་མ་གྲུབ་པ་རང་རང་གི་ངོ་བོས་སྟོང་བར་གནས་པ་ཉིད་ཡིན་གྱི། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དང་ལྡན་པ་དང་པོ་ནས་ཡོད་པ་[ནི་]མ་ཡིན་ནོ་སྙམ་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློབུར་དག་གིས་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པས་ཁམས་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་ཆོས་ཉིད་ལས་ཐ་དད་དུ་རྣམ་པར་དབྱེ་བ་དང་བཅས་པ་སོ་སོར་འབྲལ་ཤེས་པའི་མཚན་ཉིད་ཅན་སྤང་རུང་གློ་བུར་གྱི་དྲི་མ་དག་གིས་སྟོང་པའི་ཕྱིར་ཡོད་པ་རྟག་པའི་མཐའ་དང་བྲལ་བར་མཐོང་གི། ཆོས་ཉིད་ལས་ཐ་དད་དུ་རྣམ་པར་དབྱེར་མེད་ཅིང་སོ་སོར་འབྲལ་མི་ཤེས་པའི་མཚན་ཉིད་ཅན་རང་བཞིན་དོན་དམ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱིས་ནི་སྟོང་བ་མ་ཡིན་པའི་ཕྱིར་མེད་པ་ཆད་པའི་མཐར་ལྷུང་བ་ཡང་མ་ཡིན་པར་གསུངས་པ་དང༌། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པའི་འགྲེལ་བར། དེ་ལ་དྲི་{མ-་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་པར་ཡོད་པའི་ཕྱིར་བསམ་གྱིས་མི་ཁྱབ་སྟེ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཡང་འགའ་ཞིག་ཆོས་ཀྱི་དབྱིངས་དེ་ཉིད་རང་བཞིན་དང་བདག་དང་རྟག་པ་དང་ཁྱབ་པ་ལ་སོགས་པར་བསྟན་པའི་ཕྱིར། མུ་སྟེགས་པ་འདོད་པའི་བདག་དང་གཙོ་བོ་ལ་སོགས་པ་དང་མཚུངས་སམ་སྙམ་ན། དེ་ལྟར་ཡང་མི་བསམ་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་བདག་དང་རྟག་པ་ལ་སོགས་པ་དེ་ལྟར་མ་ཡིན་པ་ལ་དེར་བཟུང་བའི་ཕྱིར་འཁྲུལ་པ་ཡིན་ལ། འདིར་ནི་ཟག་པ་མེད་པའི་དེ་བཞིན་ཉིད་དེ་ལྟར་གནས་པ་ལ་དོན་དང་མཐུན་པར་བསྟན་པའི་ཕྱིར་མ་འཁྲུལ་བ་ཡིན་པས་སྣང་{བ}དང་མུན་པ་ལྟར་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ལྟར་ཡང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི་སངས་རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས། དེ་དག་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་སྟེ་ཕྱིན་ཅི་ལོག་ཅེས་བྱའོ་ཞེས་པ་དང༌། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་བདག་ཅེས་བྱ་བའི་དོན་ཏོ་ཞེས་པ་དང༌། འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ལ་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་གོ་ཞེས་པ་དང༌། ལང་ཀར་གཤེགས་པ་ལས་ཀྱང༌། རང་བཞིན་གྱིས་འོད་གསལ་བ་མཚན་སུམ་ཅུ་རྩ་གཉིས་དང་བཅས་པ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་ཏེ་རྟག་པ་དང་བརྟན་པ་དང་ཐེར་ཟུག་ཏུའང་བརྗོད་ན། འདི་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཀའ་བསྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་དང་མཚུངས་པ་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་ཅིང་ཚིག་དང་ཡི་གེའི་རྣམ་གྲངས་སྣ་ཚོགས་པས་སྟོན་ཏོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཆོས་ཀྱི་དབྱིངས་ཟབ་མོ་དེ་ཉིད་རྟོག་གེའི་སྤྱོད་ཡུལ་མ་ཡིན་བཞིན་དུ་བརྟགས་པ་ལ་བརྟེན་ནས་ལོག་རྟོག་སྣ་ཚོགས་པ་ཞིག་[འབྱུང་{བྱུང་}མོད་ཀྱི། རྒྱུད་བླའི་འགྲེལ་པར། ཆོས་ཀྱི་{་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་དོ་ཞེས་བྱ་བར་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཞེས་གསུངས་པ་ལྟར་མཐར་ཐུག་ཆོས་ཉིད་ཀྱི་རིགས་[པ་]ལ་བརྟེན་ནས་རྟོགས་པར་བྱ་ཞིང༌། གནས་སྐབས་སུ་ཡང་དེ་བཞིན་གཤེགས་པ་ལ་དད་པའི་སྒོ་ནས་ངེས་པའི་དོན་གྱི་གསུང་རབ་ལ་ཡིད་ཆེས་[པས་]རྟོགས་པར་བྱ་སྟེ། རྩ་བར་ཡང༌། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པ་ཡིས་མཐོང་བ་མེད། །ཅེས་གསུངས་པ་ལྟར་རོ། ། ⑵ གཞུང་དོན་ལ་བཞི། གཞུང་དོན་ལ་བཞི་སྟེ། དབྱེ་བ་མདོར་བསྟན། ངོ་བོ་རྒྱས་བཤད། རྒྱས་འགྱུར་འཆད་ཚུལ། རིགས་ཀྱི་ཡོན་ཏན་ནོ། ། ༡ དབྱེ་བ་མདོར་བསྟན། དབྱེ་བ་ནི། ཡོད་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་རབ་དབྱེ་བ་དང༌། ། ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམས་གཉིས་ཏེ་རྣམ་པ་བཞི། །གནས་སྐབས་སུ་རྒྱས་འགྱུར་གྱི་རིགས་ཐ་དད་ཡོད་པའི་སྒྲུབ་བྱེད་དང༌། དེ་དག་གི་ནང་ནས་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་དང༌། ཐུན་མོང་དུ་རིགས་ཀྱི་རང་བཞིན་ནམ་མཚན་ཉིད་དང༌། ཁྱད་པར་དུ་ཐེག་ཆེན་གྱི་རིགས་སད་པའི་རྟགས་དང༌། སྤྱི་རིགས་ནས་རིགས་ཀྱི་རབ་ཏུ་དབྱེ་བ་དང༌། རྒྱས་འགྱུར་གྱི་རིགས་ལ་བར་དུ་གཅོད་པའི་ཉེས་དམིགས་དང་ནི་ཐེག་ཆེན་གྱི་རིགས་སད་པའི་ཕན་ཡོན་དང༌། ཐུན་མོང་གི་ཡོན་ཏན་བསྐྱེད་པ་གསེར་གྱི་དཔེ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་བསྐྱེད་པ་རིན་པོ་ཆེའི་དཔེ་རྣམ་པ་གཉིས་ཏེ། དེ་རྣམས་རེ་རེ་ཡང་དོན་རྣམ་པ་བཞི་བཞིས་འཆད་པར་འགྱུར་བའོ། ། ༢ ངོ་བོ་རྒྱས་བཤད། ངོ་བོ་ལ་བརྒྱད་དེ། ཡོད་པ་བསྟན་པ། མཆོག་ཏུ་བསྟན་པ། མཚན་ཉིད་བསྟན་པ། རྟགས་ཀྱིས་བསྟན་པ། དབྱེ་བ་བསྟན་པ། ཉེས་དམིགས་བསྟན་པ། ཕན་ཡོན་བསྟན་པ། དཔེ་ཡིས་བསྟན་པའོ། ། དང་པོ་ནི། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲིབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཁམས་རྣམས་དང་ནི་ཞེས་པ་སེམས་ཅན་རྣམས་ནི་ཁམས་དང་རིགས་སྣ་ཚོགས་པ་ཅན་ཡིན་ཏེ། བ་རུ་རའི་མདོ་ལས། དགེ་སློང་དག་དཔེར་ན། བ་རུ་རའི་ཕུང་པོ་འཕང་དུུ་དཔག་ཚད་ཙམ་རྒྱར་དཔག་ཚད་ཙམ་ཞིག་ཡོད་པར་གྱུར་ལ༑ དེ་ལས་ལོ་བརྒྱ་བརྒྱ་ན་རེ་རེ་བླངས་ཏེ་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ། །འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ་ཞེས་བརྗོད་ན། བ་རུ་རའི་ཕུང་པོ་དེ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་གྱི། ཁམས་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་རིགས་ཀྱི་དབྱེ་བ་མཐའ་ཡས་པ་གསུངས་པའི་ཕྱིར་གནས་སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་དོ། །དེ་བཞིན་དུ་འགའ་ཞིག་གཞན་གྱིས་མ་བ{ལ་བཞྀན་དུའང་ཐོག་མར་རྒྱུའི་དུས་ན་ཐེག་པ་གསུམ་ལས་གང་ཡང་རུང་བ་ཞིག་ཁོ་ན་ལ་མོས་པ་འཇུག་པ་མཐོང་བའི་ཕྱིར་དང༌། ཡང་དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱི་དབང་གིས་ཐེག་ཆེན་ལྟ་བུ་ལ་མོས་པ་བསྐྱེད་དུ་ཟིན་ཀྱང༌། ཁ་ཅིག་གིས་ནི་ལམ་ངེས་པར་བསྒྲུབ་ནུས་ལ་ཁ་ཅིག་གིས་ནི་སྒྲུབ་མི་ནུས་པ་ལྟ་བུ་སྒྲུབ་པ་ཐ་དད་པའི་དབྱེ་བ་མཐོང་བའི་ཕྱིར་དང༌། རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བའང་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། ལམ་མཐར་ཕྱིན་པ་ལས་འབྲས་བུ་གྲུབ་པའི་དུས་ནའང་བྱང་ཆུབ་དམན་པ་དང་འབྲིང་དང་ཁྱད་པར་ཅན་གསུམ་དུ་ཐ་དད་པར་དམིགས་པའི་ཕྱིར་གནས་སྐབས་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པ་ཉིད་དུ་ངེས་པ་བརྗོད་དོ། །མཐར་ཐུག་རང་བཞིན་གྱི་རིགས་གཅིག་པ་ཉིད་ནི་བཤད་ཟིན་ཅིང་འཆད་པར་འགྱུར་རོ། ། དེས་ན་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་ནི། དེ་དགེ་ཁྱབ་པར་འཕགས་པ་དང༌། །ཐམས་ཅད་དང་ནི་དོན་ཆེན་དང༌། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །ཐེག་པ་ཆེན་པོའི་རིགས་སད་པ་ལ་བརྟེན་པ་དེའི་དགེ་བ་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྦྱོང་བར་བྱེད་པས་ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་བྱེད་པའི་ཕྱིར་དང་ནི་རང་གཞན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་སྒྲུབ་པར་བྱེད་པའི་ཕྱིར་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དུས་ནའང་ཡོན་ཏན་མི་ཟད་ཅིང་འཕེལ་བར་འགྱུར་པའི་ཕྱིར་ཏེ། རྒྱུ་མཚན་བཞི་པོ་དེ་དག་ཐེག་དམན་ལ་མེད་ཅིང་ཐེག་ཆེན་ལ་ཡོད་པའི་ཕྱིར་རིགས་རྣམས་ལས་མཆོག་ཏུ་གྱུར་པ་ཉིད་ཅེས་བརྗོད་པ་ཡིན་ནོ། ། མཚན་ཉིད་ནི། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་ལ་རིགས་ཞེས་བྱ། །རྒྱུད་བླ་མར་ཡང༌། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཡིན་ནོ། །ཞེས་གསུངས་ཤིང་སྔར་རྒྱས་པར་བསྟན་པ་ལྟར་ཆོས་ཀྱི་དབྱིངས་གདོད་མ་ནས་རྣམ་པར་དག་པ་ནམ་མཁའ་ལྟར་ཁྱབ་པར་གནས་པ་རང་བཞིན་གྱི་རིགས་དང་ནི། དེ་རྟོགས་པ་དང་རྒྱུ་མཐུན་པའི་ཐོས་པ་ལ་སོགས་པ་དགེ་བའི་བག་ཆགས་འཕེལ་བ་རྒྱས་པ་ལས་བྱུང་བའི་རིགས་དང་གཉིས་ཡིན་ལ། དེ་དག་ནི་གོ་རིམ་བཞིན་དུ་ཆོས་ཉིད་རང་བཞིན་གྱི་རིགས་ཐོག་མ་མེད་པ་ནས་གནས་པ་ནི་རྟེན་ནམ་གཞི་ཡིན་པ་དང༌། ཐོས་སོགས་དགེ་པའི་རྩ་བ་ཡང་དག་པར་བསྒྲུབས་པ་ལས་བྱུང་བ་རྒྱས་འགྱུར་གྱི་རིགས་ནི་བརྟེན་པ་ཡིན་པ་དང་གཉིས་ཏེ་བཞིས་བསྟན་པ་ཡིན་ཞིང་དེ་དག་ཀྱང༌། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཏེ་གཏེར་དེ་ཡང༌། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང༌། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་ཏུ་སྐྱེ་དགུ་འདིས་མྱོང་ངོ༌། །ཞེས་གསུངས་པ་ལྟར་རང་བཞིན་གྱི་རིགས་ནི་དྲི་མ་དང་བྲལ་བར་བྱ་བའི་རྒྱུའི་ངོ་བོར་ཡོད་པ་ཉིད་དང༌། རྒྱས་འགྱུར་གྱི་རིགས་ཀྱང་སྐྱེད་བྱེད་ཀྱི་རྒྱུའི་ངོ་བོར་ཡོད་པ་ཉིད་དང༌། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །{་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་{་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་རིགས་གཉིས་ལས་{་གསུམ་འགྲུབ་པར་གསུངས་པའི་ནང་ནས་རང་བཞིན་གྱི་རིགས་ནི་ངོ་བོ་ཉིད་ཀྱི་{་དག་པ་གཉིས་ལྡན་གྱི་འབྲས་བུའི་ངོ་བོར་མེད་པ་ཉིད་དང་རྒྱས་འགྱུར་གྱི་རིགས་དང་གཟུགས་{་གཉིས་གྲུབ་ཟིན་འབྲས་བུའི་ངོ་བོར་མེད་པ་ཉིད་དེ། དེ་དག་གིས་ནི་རང་བཞིན་དང་མཚན་ཉིད་ཀྱང་གསལ་བར་བསྟན་ནས། སྒྲའི་དོན་ནི་གོ་ཏྲ་ཞེས་[པ་]རིགས་ཀྱི་མིང་ཡིན་ལ་གོ་ཡིག་གུ་ཎ་ཞེས་པར་བསྒྱུར་བ་ཡོན་ཏན་དང༌། ཏྲ་ཡིག་ཏཱ་ར་ཞེས་པར་ཕྲལ་བ་སྒྲོལ་བ་ལ་འཇུག་པས། མོས་སྤྱོད་ནས་བཟུང་སྟེ་མི་སློབ་པའི་བར་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་ནི་གོང་ནས་གོང་དུ་སྒྲོལ་ཞེས་འབྱུང་བའི་དོན་དང་ལྡན་པ་ལ་རིགས་ཞེས་བྱ་བ་ཉིད་དུ་ཤེས་པར་བྱའོ། ། རྟགས་ཀྱིས་བསྟན་པ་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཆོས་བཅུ་བའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། ། རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་ལམ་སྒྲུབ་པ་ལ་སྦྱོར་པའི་སྔོན་རོལ་ཏུའང་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་བ་ལས་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་ཡོན་ཏན་[མི་]ཤེས་བཞིན་དུའང་མོས་པ་ཆེན་པོ་སྐྱེ་བ་དང་ནི་གཞན་དོན་སྒྲུབ་པའི་དཀའ་སྤྱད་ལ་ནམ་ཡང་ཇི་མི་སྙམ་པའི་བཟོད་པ་ཆེན་པོ་སྐྱེ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བ་རྒྱ་ཆེན་པོ་ལ་ཡང་དག་པར་སྤྱོད་པ་སྟེ་རྣམ་པ་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་ཆེན་རྒྱས་འགྱུར་གྱི་རིགས་སད་པ་ཉིད་ཀྱི་རྟགས་སུ་ངེས་པར་བཤད་པ་ཡིན་ནོ། ། དབྱེ་བ་བསྟན་པ་ནི། རིགས་ནི་ངེས་དང་མ་ངེས་དང༌། །རྐྱེན་རྣམས་ཀྱིས་མི་འཕྲོགས་པ་དང༌། །འཕྲོགས་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་དེ་ནི་རྣམ་པ་བཞི། །ཆོས་ཉིད་རང་བཞིན་གྱི་རིགས་ལ་ཁྱད་པར་མེད་ཀྱང་གནས་སྐབས་རྒྱས་འགྱུར་གྱི་རིགས་ནི་ངེས་པ་དང་མ་ངེས་པ་ཞེས་བྱ་བ་དང་གཉིས་ཡིན་ལ། དེ་དག་གི་དོན་ཡང་རིམ་པ་ལྟར་རེ་ཞིག་རང་རང་གི་བྱང་ཆུབ་ཏུ་འགྲོ་བ་ལ་རྐྱེན་གཞན་རྣམས་ཀྱིས་ནི་མི་འཕྲོགས་ཤིང་བསྒྱུར་པར་མི་ནུས་པ་རིགས་ངེས་པ་ལ་གནས་པ་དང༌། རྐྱེན་གྱི་དབང་གིས་གཞན་དུའང་འཕྲོགས་ཤིང་བསྒྱུར་བར་ནུས་པ་རིགས་མ་ངེས་པ་ལ་གནས་པ་ཉིད་དེ། མདོར་བསྡུ་ན་རིགས་ཀྱི་དབྱེ་བ་དེ་ནི་རྣམ་པ་བཞི་ཡིན་པར་རིག་པར་བྱའོ། ། ཉེས་དམིགས་བསྟན་པ་ནི། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཡིན་ཀྱང་ཉོན་མོངས་པ་དུག་གསུམ་ལ་གོམས་ཤིང་འདྲིས་ཏེ་ཉེས་དམིགས་སུ་མི་ལྟ་བས་དགེ་བའི་གེགས་བྱེད་པ་དང༌། གྲོགས་ངན་[པ་]སྡིག་པའི་གྲོགས་པོའི་དབང་དུ་གྱུར་པས་དགེ་བ་ལས་ཟློག་ཅིང་མི་དགེ་བ་ལ་སྦྱོར་བ་དང༌། རང་གི་འཚོ་བ་དང་གཞན་ལ་སྦྱིན་པ་ལ་སོགས་པའི་ཡོ་བྱད་ཀྱིས་ཕོངས་ཤིང་བྲེལ་བས་ལམ་སྒྲུབ་པའི་སྐབས་མེད་པ་དང༌། གཞན་རྒྱལ་པོ་དང་རྗེ་བོ་ལ་སོགས་པ་རྣམས་ཀྱི་དབང་དུ་གྱུར་པས་དམ་པའི་ཆོས་སྒྲུབ་པ་ལ་རང་དབང་མེད་པ་ཉིད་དེ། མདོར་ན་ཐེག་ཆེན་གྱི་རིགས་སད་པ་ལས་ཡོན་ཏན་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་བ་ཉིད་ཀྱི་བར་ཆད་དམ་ཉེས་དམིགས་ནི་རྣམ་པ་བཞིར་ནི་ཤེས་པར་བྱ་སྟེ། དེ་དག་སྤོང་བ་ལ་འབད་པར་བྱའོ། ། ཕན་ཡོན་བསྟན་པ་ནི། རིང་མོ་ཞིག་ནས་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང༌། །དེར་ཡང་སྡུག་བསྔལ་ཆུང་ངུ་མྱོང༌། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཐེག་ཆེན་གྱི་རིགས་ལ་གནས་པ་དེས་གལ་ཏེ་མི་དགེ་བ་བྱས་ཀྱང་དུས་རིང་མོ་ཞིག་ནས་ངན་སོང་དུ་འགྲོ་ཞིང་སྐྱེ་བ་སྲིད་ཀྱི་མྱུར་དུ་མི་འགྲོ་བ་དང༌། གལ་ཏེ་ངན་སོང་དུ་སྐྱེས་ནའང་ཡུན་རིང་དུ་མི་གནས་ཤིང་མྱུར་དུ་ཐར་བར་འགྱུར་བ་དང༌། ངན་སོང་དེར་གནས་པ་ན་ཡང་སྡུག་བསྔལ་ཆུང་ངུ་ཙམ་ཞིག་མྱོང་གི་ཆེན་པོ་མྱོང་བར་མི་འགྱུར་བ་དང༌། དེའི་བར་ལ་ཡང་མི་དགེ་བ་དང་སྡུག་བསྔལ་ལ་ཡིད་སྐྱོ་བ་དང་བཅས་ཤིང་ངན་སོང་ན་གནས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཕན་ཡོན་རྣམ་པ་བཞི་ཐོབ་ན། དགེ་བས་བདེ་འགྲོར་སྐྱེས་ན་ཕན་ཡོན་ཆེན་པོ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། ། དཔེ་ཡིས་བསྟན་པ་ལ། གསེར་གྱི་དཔེ་དང་ནོར་བུའི་དཔེ་གཉིས་ལས། དང་པོ་ནི། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་གསེར་གྱི་རིགས་མང་པོ་དང༌། འོད་གསལ་བ་དང་དྲི་མ་མེད་པ་དང་ལས་སུ་རུང་བ་སྟེ་ཆོས་བཞི་དང་ལྡན་པ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་གསེར་འབྱུང་ཁུངས་བཟང་པོ་ལས་བྱུང་ཞིང་མང་པོ་ཡིན་པ་དང་ཆོས་མཐུན་པར་ཐེག་ཆེན་གྱི་རིགས་དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་དང་སྟོབས་[བཅུུ་]ལ་སོགས་པ་དགེ་བ་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་པ་དང༌། གསེར་འོད་གསལ་བ་དང་ཆོས་མཐུན་པར་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་གསལ་{བ་འབྱུང་}བའི་གནས་ཡིན་པ་དང་ནི། གསེར་དྲི་མ་མེད་པ་དང་ཆོས་མཐུན་པར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པ་དང་ལྡན་པ་འབྱུང་བའི་གནས་ཡིན་པ་དང༌། གསེར་{་གཟུགས་དང་རྒྱན་ལ་སོགས་པ་གང་འདོད་པར་བསྒྱུར་དུ་བཏུབ་པས་ལས་སུ་རུང་པ་དང་ཆོས་མཐུན་པར་ཐུན་མོང་གི་ཡོན་ཏན་མཐུ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ཡང་འབྱུང་བའི་གནས་ཡིན་ནོ་ཞེས་པའོ། ། ནོར་བུའི་དཔེ་ནི། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་དང་ནི་ཏིང་འཛིན་འཕགས། །སེམས་ཅན་མང་པོའི་དོན་གནས་ཕྱིར། །བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་རིན་ཆེན་མཆོག་ཏུ་གྱུར་པའི་རིགས་རྣམས་རིགས་དང་ཁ་དོག་དང་དབྱིབས་དང་ཚད་ཕུན་སུམ་ཚོགས་པ་སྟེ་ཆོས་བཞི་དང་ལྡན་པ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་རིན་པོ་ཆེ་འབྱུང་ཁུངས་བཟང་ཞིང་རིགས་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་ཐེག་ཆེན་གྱི་རིགས་དེ་ཡང་རྣམ་གྲོལ་གསུམ་ལས་མཆོག་ཏུ་གྱུར་པ་རྫོགས་པའི་བྱང་ཆུབ་ཆེན་པོ་འབྱུང་བའི་གནས་སམ་རྒྱུ་མཚན་ཡིན་པའི་ཕྱིར་དང༌། རིན་པོ་ཆེ་ཁ་དོག་ཕུན་སུམ་ཚོགས་པ་དང་ཆོས་མཚུངས་པར་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཆེན་པོ་འོད་གསལ་བ་འབྱུང་བའི་གནས་ཡིན་པའི་ཕྱིར་དང་ནི། རིན་པོ་ཆེ་དབྱིབས་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་རྣམས་འབྱུང་པའི་གནས་ཡིན་པའི་ཕྱིར་དང༌། རིན་པོ་ཆེ་ཚད་དང་མཐུ་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་སེམས་ཅན་མང་པོ་མཐའ་ཡས་པ་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བའི་དོན་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་པའི་ཕྱིར། ཉན་རང་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཀྱི་གཞི་ཡིན་པར་[ཡང་]ཤེས་པར་བྱའོ། ། ༣ རྒྱས་འགྱུར་འཆད་ཚུལ། རྒྱས་འགྱུར་འཆད་ཚུལ་ནི། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་[གཉིས་]གསུངས་ཏེ། དེའི་དུས་ཏེ་མྱུར་པར་མྱ་ངན་ལས་མི་འདའ་བ་དང་གཏན་མྱ་ངན་ལས་མི་འདའ་བའོ། ། དང་པོ་ལ་བཞི་སྟེ། གང་ཟག་ལ་ལ་མཐའ་གཅིག་ཏུ་མཚམས་མེད་པ་ལ་སོགས་པའི་ཉེས་པར་སྤྱོད་པ་མི་དགེ་བ་འབའ་ཞིག་ངེས་པར་བྱེད་པ་ཡོད་པ་དང༌། ལ་ལ་རྒྱུ་འབྲས་ལ་{ར་པར་འདེབས་པའི་ལོག་ལྟ་ལ་སོགས་པས་དཀར་པོའི་ཆོས་དགེ་བའི་རྩ་བ་སྔར་བསགས་པ་རྣམས་ཀུན་ཏུ་བཅོམ་པ་དང༌། ལ་ལ་བསོད་ནམས་ཆ་མཐུན་གྱི་དགེ་བ་ཅུང་ཟད་ཡོད་ཀྱང་ཐར་པའི་ཆ་དང་མཐུན་པའི་དགེ་བ་བསགས་པ་མེད་པ་དང༌། ལ་ལ་ཐར་བ་ཆ་མཐུན་གྱི་དགེ་བ་དཀར་པོ་དམན་པ་ཅུང་ཟད་ཡོད་པ་རྣམས་ཀྱང་ལེ་ལོ་ལ་སོགས་པའི་དབང་གིས་ཚོགས་ཡོངས་སུ་རྫོགས་པར་མ་བྱས་པའོ།།འདི་རྣམས་ནི་ནོར་ཉུང་བ་ལ་མེད་ཅེས་དམན་པ་ལ་དགག་པའི་སྒྲ་སྦྱོར་བ་ལྟར་རེ་ཞིག་མྱ་ངན་ལས་མི་འདའ་བ་ལ་དགོངས་པ་ཡིན་གྱི། གཏན་མྱ་ངན་ལས་མི་འདའ་བ་མ་ཡིན་ཏེ་མྱ་ངན་ལས་འདས་པའི་མདོ་ལས། ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ནས། གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཡོད་པར་གསུངས་སོ་ཞེས་པ་ལྟར་རོ། ། གཉིས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསུངས་པ་ནི། རྒྱུ་དང་བྲལ་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བའི་བག་ཆགས་མ་བཞག་པས་རྒྱས་འགྱུར་གྱི་རིགས་ཆད་ནས་འཁོར་བ་མཐའ་མེད་པར་གནས་པ་རྣམས་སོ། །དེ་དག་ལ་ཡང་རང་བཞིན་གྱི་རིགས་མེད་པ་[ནི་]མ་ཡིན་ཏེ། རྒྱུད་བླ་མར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་རྟེན་ཀུན་འགྲོ་བ་ཉིད། །ཅེས་ནམ་མཁའ་ལྟར་ཁྱབ་པར་གསུངས་པའི་ཕྱིར་རོ། །དེ་བས་ན་རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱའོ། ། ༤ རིགས་ཀྱི་ཡོན་ཏན། ཡོན་ཏན་ལ་གཉིས་ལས། རྒྱུའི་ཡོན་ཏན་ནི། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་པར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་སྒྲུབ་ལ་བཟོད། །དེ་དག་ཐ་མར་རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། །བརྗོད་བྱ་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཟབ་ཅིང་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བཤད་པ་དམིགས་ཡུལ་སེམས་ཅན་གཞན་མང་པོ་ལ་ཕན་པར་བྱ་བའི་ཕྱིར་བསྟན་པའི་ཆོས་ཐེག་པ་ཆེན་པོ་ལ་དོན་ཇི་ལྟ་བར་མི་ཤེས་བཞིན་དུའང༌། བསམ་པའི་སྒོ་ནས་མོས་པ་དང་གུས་པ་ཤིན་ཏུ་རྒྱ་ཆེན་པོ་འབྱུང་ཞིང་སྦྱོར་བའི་སྒོ་ནས་གཞན་དོན་འབའ་ཞིག་སྒྲུབ་པའི་དཀའ་སྦྱད་ལ་ནམ་ཡང་སྐྱོ་བ་མེད་པར་བཟོད་པ་དེ་དག ཐ་མར་འབྲས་བུ་ཐོབ་པའི་དུས་ན་འཇིག་རྟེན་པ་དང་ཐེག་ཆུང་བ་རྣམ་པ་གཉིས་ལས་མཆོག་ཏུ་གྱུར་པ་བྱང་ཆུབ་ཆེན་པོའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་རིགས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་དེ་དང་རྒྱས་པའི་རིགས་སད་པ་ལས་འབྱུང་བར་ཤེས་པར་བྱའོ། ། འབྲས་བུའི་ཡོན་ཏན་ནི། ཡོན་ཏན་ཤིན་ཏུུ་རྒྱ་ཆེན་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱེད་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །དཔེར་ན་ལྗོན་ཤིང་གི་རྩ་བ་བརྟན་པོ་ལ་བརྟེན་ནས་ཡལ་འདབ་ཀྱི་གྲིབ་མས་བསིལ་བའི་བདེ་བ་བསྐྱེད་ཅིང་ཚ་པའི་གདུང་བ་སེལ་བ་དང་འབྲས་བུ་བཟང་པོས་ནད་སེལ་ཞིང་རོ་ཞིམ་པོའི་བདེ་བ་བསྐྱེད་པ་ལྟར། བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་སྟོབས་ལ་སོགས་པའི་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཆེན་པོའི་ལྗོན་ཤིང་རིམ་གྱིས་སྐྱེད་པར་བྱེད་པའི་ཕྱིར་དང༌། འཕྲིན་ལས་ཀྱི་གྲིབ་བསིལ་ལ་བརྟེན་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་དང༌། འཁོར་བའི་སྡུག་བསྔལ་གྱི་གདུང་བ་ཆེན་པོ་ཞི་བ་ཐོབ་པར་བྱེད་པའི་ཕྱིར་དང༌། བདག་ལ་ཕན་བདེ་བྱེད་པ་ཆོས་ཀྱི་{་དང༌། གཞན་ལ་ཕན་བདེ་བྱེད་པ་གཟུགས་ཀྱི་{འི་འབྲས་བུ་ཕུན་སུམ་ཚོགས་པ་འགྲུབ་པའི་གཞི་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་རིགས་མཆོག་ཏུ་གྱུར་པ་དེ་ནི་ལྗོན་ཤིང་རྩ་བ་བཟང་པོ་ལྟ་བུ་ཡིན་ནོ་ཞེས་པའི་དོན་ཏོ། །སྐྱབས་སུ་སོང་བར་གྱུར་པ་ལས་སད་པར་འགྱུར་པ་རིགས་ཀྱི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༥༽རིགས་སད་པ་ལས་ཁྱད་པར་སེམས་བསྐྱེད་པ། ད་ནི་རིགས་སད་པ་ལས་སྐྱེ་བའི་བསམ་པའི་ཁྱད་པར་སེམས་བསྐྱེད་པ་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། ⑴ སྤྱི་དོན། དང་པོ་ལ་སེམས་བསྐྱེད་པའི་ཕན་ཡོན། མ་བསྐྱེད་པའི་ཉེས་དམིགས། རྒྱུ་གང་ལས་འབྱུང་ཚུལ། ངོ་བོ་དང་དབྱེ་བ། ཚུལ་ཇི་ལྟར་བླང་ཚུལ། བསླབ་བྱ་རྣམས་བསྲུང་ཚུལ་ལོ། ། ༡ སེམས་བསྐྱེད་པའི་ཕན་ཡོན། ཕན་ཡོན་ནི་དཔལ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་གྱུར། ། ཞེས་པ་དང༌། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་ཚད་ནི་མ་མཆིས་སོ། །ཞེས་པ་དང༌། རིན་ཆེན་ཕྲེང་བར་ཡང༌། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །{ད་ཅིག་ཙམ་ནི་བསྒོམ་བྱེད་ན། །དེ་ཡི་བསོད་ནམས་ཕུང་པོ་འདི། །རྒྱལ་བ་ཡིས་ཀྱང་བགྲང་མི་བརྗོད། །ཅེས་གསུངས་པ་ལྟར་བསོད་ནམས་མཐའ་ཡས་པ་ཐོབ་པ་དང༌། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། ། ཞེས་གསུངས་པ་ལྟར་འཁོར་བའི་སྡུག་བསྔལ་ལས་གྲོལ་ཞིང་མཆོད་པའི་འོས་སུ་འགྱུར་བ་དང༌། སྡིག་པ་སྟོབས་ཆེན་མི་ཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་ལྟར་སྡིག་པ་ཆེན་པོའང་བྱང་བར་འགྱུར་བ་དང༌། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཕྱིན་པ་ནི་ཐབས་སོ་ཞེས་པ་དང༌། དབུ་མ་སྙིང་པོ་ལས། བྱམས་པ་དང་ནི་སྙིང་རྗེ་དང༌། །ཤེས་རབ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་གཏང༌། །ཞེས་གསུངས་པ་ལྟར་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ལ་སོགས་པའོ། ། ༢ མ་བསྐྱེད་པའི་ཉེས་དམིགས། མ་བསྐྱེད་པའི་ཉེས་དམིགས་ནི། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང༌། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་མཐར་ཐུག་སངས་རྒྱས་མི་ཐོབ་ཅིང་གནས་སྐབས་རང་གཞན་གྱི་དོན་མི་འགྲུབ་པའི་ཉེས་པ་དང༌། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། ། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་བདེ་སྡུག་ལ་བླང་དོར་བྱེད་འདོད་ཀྱང་ཐབས་ཕྱིན་ཅི་ལོག་ལ་འཇུག་པའི་ཉེས་པ་དང༌། མདོ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་[འཁོར་{བསྐོར་}བ་བཞིན། ཞེས་གསུངས་པ་ལྟར་ཉོན་མོངས་པའི་དབང་གིས་ལས་ངན་པ་བསགས་ཏེ་ཁམས་གསུམ་གྱི་འཁོར་བར་སྡུག་བསྔལ་རྒྱུན་མི་འཆད་པར་མྱོང་བའི་ཉེས་པ་དང༌། གལ་ཏེ་འཁོར་བ་ལས་ཐར་བར་འདོད་པས་ཉན་རང་གི་ལམ་དུ་ཞུགས་ཀྱང༌། མདོ་ལས། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས། །གཏན་གྱི་གེགས་བྱེད་མ་ཡིན་གྱིས། །ཉན་ཐོས་དང་ནི་རང་སངས་རྒྱས། །ཐར་བ་འདོད་པ་རྣམས་ཀྱི་གེགས། །ཞེས་གསུངས་པ་ལྟར། ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་སུ་འགྱུར་བ་ལ་སོགས་པའོ། ། ༣ རྒྱུ་གང་ལས་འབྱུང་ཚུལ། རྒྱུ་གང་ལས་འབྱུང་ཚུལ་ནི། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སངས་རྒྱས་ཀྱི་{་མཐོང་བ་དང་ཐེག་ཆེན་གྱི་ཆོས་ཐོས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བཟང་པོ་དང་བྱང་ཆུབ་ཆེན་པོའི་ཡོན་ཏན་ཤེས་པའི་དད་པ་རྣམས་ལས་སྐྱེ་བར་གསུངས་ཤིང༌། བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང༌། །[བདེ་བའི་མཐར་ཡང་བྱིན་འདོད་པས། །]དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །ཞེས་སྡུག་བསྔལ་མཐའ་དག་ལས་གྲོལ་ཞིང་བདེ་བ་མཐར་ཐུག་པ་དང་ལྡན་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་འདུན་པ་དང་དད་པ་ལས་སྐྱེ་བར་གསུངས་ལ། བྱང་ས་ལས། རྐྱེན་བཞི་དང༌། རྒྱུ་བཞི་དང༌། སྟོབས་བཞི་ལས་སྐྱེ་བར་གསུངས་པའི་རྒྱུ་བཞི་ནི། རིགས་ཕུན་སུམ་ཚོགས་པ་དང༌། དགེ་པའི་བཤེས་གཉེན་གྱིས་ཟིན་པ་དང༌། སྙིང་རྗེ་ཆེན་པོ་དང༌། སྡུག་བསྔལ་གྱི་དཀའ་སྤྱད་ཀྱིས་མི་སྐྱོ་བར་གསུངས་པ་ལ་སོགས་པ་རྣམས་སོ། ། ༤ ངོ་བོ། ངོ་བོ་ནི། ཆོས་ཟབ་མོ་ལ་སྤྲོ་བའི་སྒོ་ནས་བརྩོན་འགྲུས་རྒྱ་ཆེན་པོ་བརྩམས་ཏེ། བྱང་ཆུབ་ཆེན་པོ་དང་སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པའི་སེམས་དཔའ་ཁྱད་པར་ཅན་སངས་རྒྱས་སྒྲུབ་པར་བྱེད་པའི་རྩ་པར་གྱུར་པ་སྟེ། བྱང་ས་ལས། སེམས་བསྐྱེད་སྐྱེ་བ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་སེམས་ཅན་གྱི་དོན་ལ་དམིགས་པ་ཡིན་ནོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྡུད་པའི་ཐོག་མར་འགྲོ་བའི་ཕྱིར་དགེ་བ་དང་མཆོག་ཏུ་དགེ་བ་དང༌། བཟང་བ་དང་མཆོག་ཏུ་བཟང་བ་དང་ལེགས་པ་དང་མཆོག་ཏུ་ལེགས་པའི་ཡོན་ཏན་དང་ལྡན་པ་ཞེས་པ་ལ་སོགས་པ་དང༌། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། ། ༥ དབྱེ་བ། དབྱེ་བ་ལ། ལམ་ལྔའམ་ས་འཚམས་ཀྱི་སྒོ་ནས་ཕྱེ་ན། (ཚོགས་སྦྱོར་དུ) མོས་པ་ལས་བྱུང་བ་དང༌། (ས་བདུན་དུུ་)ལྷག་བསམ་དག་པ་ལས་བྱུང་བ་དང༌། (དག་པ་ས་གསུམ་)རྣམ་པར་སྨིན་པ་ལས་བྱུང་བ་དང༌། (སངས་རྒྱས་ཀྱི་སར་)སྒྲིབ་པ་སྤངས་པ་ལས་བྱུང་བའི་སེམས་བསྐྱེད་བཞི་དང༌། གྲོགས་ཅན་ནམ་དཔེས་མཚོན་ཏེ་ཕྱེ་ན། འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་པ་ལྟ་བུ་ནས་ཐབས་མཁས་དང་མཚུངས་ལྡན་གྱི་སེམས་བསྐྱེད་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཉིས་སུ་འབྱེད་པ་རྣམས་ནི་གཞུང་དུ་འབྱུང་ལ། བདེན་གཉིས་སམ་བརྡ་དོན་གྱིས་ཕྱེ་ན་ཀུན་རྫོབ་བརྡ་ལས་བྱུང་བའི་སེམས་བསྐྱེད་དང་དོན་དམ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་དོ། ། དང་པོ་ནི། }ར་བསྟན་པའི་རྒྱུ་དེ་དག་ལ་བརྟེན་ནས་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཁྱད་པར་ཅན་ཏེ། ཡུམ་གྱི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། །དེ་ལའང་དབྱེ་ན། སྨོན་འཇུག་གི་ཁྱད་པར་དང༌། སེམས་བསྐྱེད་སྡོམ་པའི་ཁྱད་པར་གཉིས་ལས། དང་པོ་ནི། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཏེ། དེ་དག་གི་ཁྱད་པར་ལ་(དཾ་ཥྟ་སེ་ན་སོགས་)ཁ་ཅིག་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་སྨོན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པ་འཇུག་པ་དང༌། ཡང་ཁ་ཅིག་ཕྱིར་མི་ལྡོག་མ་ཐོབ་ཀྱི་བར་སྨོན་པ་དང་ཐོབ་ནས་འཇུག་པ་དང༌། ཡང་(ཇོ་བོ་སོགས་)ཁ་ཅིག་འབྲས་བུ་སངས་རྒྱས་ལ་དམིགས་པ་སྨོན་པ་དང་རྒྱུ་ལམ་ལ་དམིགས་པ་འཇུག་པ་དང༌། ཡང་(ཨ་བྷ་ཡ་སོགས་)ཁ་ཅིག་ཉི་ཤུ་རྩ་གཉིས་ཀྱི་དང་པོ་གསུམ་སྨོན་པ་དང་ཕྱི་མ་བཅུ་དགུ་འཇུག་པར་འདོད་པ་ལ་སོགས་པ་མང་དུ་བྱུང་མོད་ཀྱི། ཆོ་ག་མེད་ཀྱང་སངས་རྒྱས་ཀྱི་{་མཐོང་བ་དང་སེམས་ཅན་ལ་སྙིང་རྗེ་སྐྱེས་པ་ལ་སོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བ་ནི་སྨོན་པ་སེམས་བསྐྱེད་དང༌། ཆོ་གས་ཡང་དག་པར་བླངས་ཏེ་བྱང་ཆུབ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་ནས་འགྲོ་བཞིན་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པར། དེ་ལ་དང་པོ་མགོན་པོ་ཡིས། །དོན་གཉེར་རྣམ་པར་ཡང་དག་བཤད། །གཉིས་པ་སྦྱིན་པ་ལ་སོགས་ལ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །ཞེས་པ་དང་སྤྱོད་འཇུག་ལས་ཀྱང༌། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ༑ ༑ཞེས་གསུངས་ཤིང༌། (བྱང་སའི་འགྲེལ་བར)རྒྱ་མཚོ་སྤྲིན་ལ་སོགས་པའི་དགོངས་པས། བྱང་ཆུབ་ཐོབ་པར་འདོད་པའི་བློ་དེ་ཆོ་གས་མ་བསྐྱེད་པ་སྨོན་པ་དང་ཆོ་གས་བསྐྱེད་པ་འཇུག་པར་བཞེད་པ་དང༌། ཤེས་རབ་འབྱུང་གནས་ལ་སོགས་པ་[སེམས་]དེ་བྱང་ཆུབ་ཀྱི་སྤྱོད་པས་མ་ཟིན་པ་སྨོན་པ་དང་ཟིན་པ་འཇུག་པར་བཞེད་པ་དང༌། དབུ་མ་སྒོམ་རིམ་དུ། འགྲོ་བ་མཐའ་དག་ལ་ཕན་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཐོག་མར་དོན་དུ་གཉེར་བ་ནི་སྨོན་པའི་སེམས་སོ། ། གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ་ཞེས་གསུངས་པ་རྣམས་དང་མཐུན་པ་ཉིད་དོ། ། སེམས་བསྐྱེད་དང་སྡོམ་པའི་ཁྱད་པར་ལ། སེམས་བསྐྱེད་ནི་སྔར་བཤད་པ་ལྟར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་ཡིན་ལ། (བྱེ་བྲག་ཏུ)སྡོམ་པ་ནི་ལུས་དང་ལོངས་སྤྱོད་ལ་ལྟོས་པ་མེད་པར་སྒོ་གསུམ་གྱི་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་པར་ཞུགས་པ་འཇུག་པའི་བདག་ཉིད་ཅན་ཏེ།ཐེག་ཆེན་པའི་རྒྱུད་ཀྱིས་བསྡུས་པའི་ཚུལ་ཁྲིམས་སོ། །དེ་ལ་དབྱེ་ན། སྤང་བྱ་མི་དགེ་བ་མཐའ་དག་སྤོང་བ་སྡོམ་པའི་ཚུལ་འཁྲིམས་དང༌། གཉེན་པོ་དགེ་བ་མཐའ་དག་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། བྱེད་ལས་གཞན་གྱི་དོན་ཁོ་ན་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡིན་ལ། གསུམ་གའང་དག་པར་བྱེད་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཞིང༌། གནས་པར་བྱེད་པ་སེམས་ཀྱི་བསླབ་པ་དང༌། གྲོལ་པར་བྱེད་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པའང་སྡོམ་པའི་ཁྱད་པར་ཉིད་དོ། །དེས་ན་སེམས་བསྐྱེད་ཡིན་ལ་སྡོམ་པ་མ་ཡིན་པ་ཡོད་དེ། ཆོ་གས་མ་བསྐྱེད་ཅིང་སྤྱོད་པ་དང་མ་འབྲེལ་བའི་སྨོན་པ་ཙམ་སྐྱེས་པ་ལྟ་བུའོ། །སྡོམ་པ་ཡིན་ལ་སེམས་བསྐྱེད་མ་ཡིན་པ་ནི་མེད་དེ། ཐེག་ཆེན་གྱི་སྡོམ་པ་གང་ཡིན་ལ་སེམས་བསྐྱེད་ཀྱིས་ཁྱབ་པའི་ཕྱིར་རོ། །འགའ་ཞིག་སྤྱོད་འཇུག་ལས་གསུངས་པ་རྣམས་སྨོན་པ་སེམས་བསྐྱེད་དང༌། ཇོ་བོ་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་བླང་ཚུལ་རྣམས་འཇུག་པ་སེམས་བསྐྱེད་དུ་འདོད་པ་དང༌། (ཐུབ་པ་དགོངས་རྒྱན་དུ་བྱང་ས་དང་སྡོམ་པ་ཉི་ཤུ་པ་དང༌། སྤྱོད་འཇུག་དང༌། བསླབ་བཏུས་ལས་འབྱུང་བ་རྣམས་ལུགས་གཅིག་ཏུ་བཞེད་པ་ལྟ་བུ།)ཡང་འགའ་ཞིག་སྤྱོད་འཇུག་ལ་སོགས་པ་ནས་གསུངས་པ་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང༌། སྡོམ་པ་ཉི་ཤུ་པ་ལ་སོགས་པ་ནས་གསུངས་པ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་དུ་འདོད་པའང་བཏགས་པ་སྟེ། ཐ་དད་དུ་འདོད་པའི་གཞུང་རྣམས་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱིས་(སྤྱོད་འཇུག་འགྲེལ་པར་སྡོམ་པ་ཉི་ཤུ་པ་ནས་དྲངས་པ་ལྟ་བུུ་)ཕན་ཚུན་གཅིག་ནས་གཅིག་ཏུ་དྲངས་ཤིང་འཆད་པས། རྒྱས་བསྡུས་དང་ཆོ་གའི་ཁྱད་པར་མི་འདྲ་བ་ཅུང་ཟད་ཡོད་ཀྱང་མཐར་ཐུག་གི་དོན་གཅིག་པ་ཉིད་དུ་གསུངས་པའི་ཕྱིར་རོ། ། དོན་དམ་སེམས་བསྐྱེད་ནི། སངས་རྒྱས་མཉེས་པར་བྱས་ཏེ་ཚོགས་གཉིས་རིམ་གྱིས་བསགས་པ་ལས་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་{ནས}རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པའོ། ། བླང་བའི་ཆོ་ག་གསུངས་པ་ནི། མོས་པ་ཡིད་ལ་བྱེད་པ་ཙམ་ཡིན་གྱི་ངོ་བོ་ནི་བསྒོམ་པ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པས་ཐོབ་པ་ཉིད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བར། དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པ་རྣམས་དང་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། ༦ ཚུལ་ཇི་ལྟར་བླང་ཚུལ། བླང་ཚུལ་ལའང་སོ་སོར་ལེན་པ་ལ་སོགས་པའི་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང༌། འདིར་ནི་སེམས་བསྐྱེད་དང་སྡོམ་པ་གཉིས་ཀ་ལྷན་ཅིག་ཏུ་བླང་པའི་ཚུལ་འཆད་པས། གང་ལས་བླང་བའི་ཡུལ། ཡུམ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌། །ཞེས་པ་དང༌། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའམ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་དུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ནི་ཉེ་བར་གནས་སོ་ཞེས་གསུངས་པ་ལྟར་རྒྱལ་པ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པའི་སྤྱན་སྔར། གང་གིས་ལེན་པའི་གང་ཟག་ནི། ལམ་སྒྲོན་ལས། སོ་སོ་ཐར་བ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །{ལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པ་ནི་རྟེན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་གྱི། མདོ་ལས། ལྷ་དང་ཀླུ་དང་དུད་འགྲོ་ལ་སོགས་པས་ཀྱང་བླངས་པར་གསུངས་པས་རིགས་ལ་གནས་ཤིང་ལེན་སེམས་དང་བསྲུང་སེམས་ཡོད་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས། ཇི་ལྟར་བླང་བའི་ཆོ་ག་ནི། བཟང་སྤྱོད་ལ་སོགས་པ་ལས་འབྱུང་བ་ལྟར་སྦྱོར་བ་ཡན་ལག་བདུན་པས་རྒྱུད་ཡོངས་སུ་སྦྱངས་ཏེ། དངོས་གཞི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པ་དང༌། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པའི་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱིས། ཇི་ལྟར་སྔོན་ཀྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་གྱིས་བླངས་ནས་མཇུག་ཏུ། དེང་དུས་བདག་ཚེ་འབྲས་བུ་ཡོད། མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བགྱི། །ཞེས་པས་རང་དགའ་བ་བསྐྱེད་ཅིང༌། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་འགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པས་གཞན་དགའ་བ་བསྐྱེད་པས་ཀྱང་བརྟན་བར་བྱའོ། ། ༧ བསླབ་བྱ་རྣམས་བསྲུང་ཚུལ། བསླབ་བྱ་ལ། བསྲུང་ཚུལ་དངོས་དང༌། ཉམས་ན་འཆོས་ཚུལ་གཉིས་ལས། དང་པོ་ནི། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་ཡང༌། །བསླབ་ལས་མི་འདའ་འབད་པར་བྱ། །ཞེས་པ་དང་དེའི་འགྲེལ་པར། (ཤེར་འབྱུང་གིས)བྱང་ཆུབ་སེམས་དཔའི་བསླབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བློ་གྲོས་མི་ཟད་པ་དང་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་རྣམས་ལས་བསླབ་པར་བྱའོ། །ཞེས་གསུངས་པ་རྣམས་གཞུང་ལས་རྒྱ་ཆེར་འཆད་པར་འགྱུར་ཞིང༌། (ཇོ་བོས)སེམས་བསྐྱེད་དང་སྡོམ་པ་བླང་པའི་ཆོ་གར། སྲོག་གི་ཕྱིར་ཡང་བསམས་བཞིན་དུ་རྫུན་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་བསྔགས་པ་བརྗོད་པ་དང༌། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པ་དང༌། གཞན་དག་ཀྱང་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་ལ་འགོད་པ་སྟེ། དཀར་པོའི་ཆོས་བཞི་བསྟེན་པ་དང༌། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཤུགས་ཀྱིས་སྐྱོན་བརྗོད་པ་དང༌།སེམས་ཅན་རྣམས་ལ་གཡོ་དང་སྒྱུས་ཀུན་ཏུ་སྤྱོད་པ་སྟེ། ནག་པོའི་ཆོས་བཞི་སྤོང་བ་ལའང་བསླབ་པར་བྱའོ། ། ཁྱད་པར་དུ་སྡོམ་པ་ཉི་ཤུ་པ་ལས། གཞན་ནམ་བདག་ཉིད་ལ་ཡང་རུང༌། །སྡུག་བསྔལ་ཡིན་ཡང་གང་ཕན་པ། ། ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་ལྟར་གཞན་དོན་གྱི་དཀའ་སྤྱད་ལྟ་བུ་འཕྲལ་དུ་སྡུག་བསྔལ་ཡིན་ཡང་ཕུགས་སུ་རང་གཞན་ལ་ཕན་པར་འགྱུར་བ་རྣམས་དང༌། གཏན་དུ་ཕན་ལ་འདིར་ཡང་བདེ་བའི་དགེ་བ་རྣམས་ཀྱང་བྱ་ཞིང༌། འདོད་ཡོན་ལ་བག་མེད་པར་སྤྱོད་པ་ལྟ་བུ་ཚེ་འདིར་བདེ་ཡང་ཕྱི་མ་ལ་མི་ཕན་པ་སྡིག་པའི་བྱ་བ་རྣམས་ནི་མི་བྱ་སྟེ། ཉོན་མོངས་དྲག་ལས་གྱུར་པ་ཡི། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི༑ ༑ཕམ་པ་འདྲ་བར་དགོངས་པ་ཡིན། ། ཞེས་པ་དང༌། (བཞི་པོ)དེ་དག་ཀྱང༌། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་(གཅིག)། །སྡུག་བསྔལ་མགོན་མེད་གྱུར་པ་ལ༑ ༑སེར་སྣས་ཆོས་(དང་ཡོད་བཞིན་དུུ་)ནོར་མི་སྟེར་(གཉིས)དང༌། །གཞན་གྱིས་(ཉེས་པ་)བཤགས་(བསྡམས་བྱས་)ཀྱང་མི་ཉན་པར། །ཁྲོས་པས་གཞན་(བརྡེག་ཅིང་)ལ་འཚོག་པ་(གསུམ་)དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པ(སྟེ་བཞི)འོ། །ཞེས་གསུངས་པ་རྣམས་སྤང་བར་བྱའོ། ། ཉམས་ན་འཆོས་ཚུལ་ནི། སྡོམ་པ་སླར་ཡང་བླང་བར་བྱ། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་པ་ལྟར་ཉོན་མོངས་དྲག་ཅིང་རྒྱུན་རིང་བ་ལ་བརྟེན་ནས་སྡོམ་པ་ཞིག་པར་གྱུར་ན་སླར་ཡང་སྔར་བཞིན་བླང་བར་བྱ་ཞིང༌། ཉོན་མོངས་པ་འབྲིང་ལས་བྱུང་བ་རྣམས་ནི་བྱང་ཆུབ་སེམས་དཔའ་གསུམ་ཡན་ཆད་དང༌། ཉོན་མོངས་ཆུང་ངུས་བྱས་པ་རྣམས་ནི་གཅིག་གི་མདུན་དུ་བཤགས་པས་ཀྱང་བྱང་བར་འགྱུར་ལ། ཉེས་བྱས་སུ་གཏོགས་པ་ཕྲ་མོ་རྣམས་ནི་བསམ་པ་ཐག་པས་རང་གི་སེམས་ཉིད་དཔང་དུ་བྱས་དེ་བཤགས་ཤིང་བསྡམས་པས་ཀྱང་སོར་ཆུད་པར་འགྱུར་རོ། །བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་པ་དང་སྤྱོད་འཇུག་ལས། ཉེས་པ་བྱུང་བ་རེ་རེ་ཞིང༌། །བདག་ལ་སྨད་ནས་ཅི་ནས་ཀྱང༌། །བདག་ལ་ཕྱིས་འདི་མི་འབྱུང་བ༑ ༑དེ་ལྟར་བྱ་ཞེས་ཡུན་རིང་བསམ། །ཞེས་པ་དང༌། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་པའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་བྱུང་ན། ཉེས་པ་ལ་ཉེས་པར་ཤེས་པའི་སྒོ་ནས་བཤགས་བསྡམ་ལེགས་པར་བྱས་ཏེ་སོར་ཆུད་པའི་ཐབས་ལ་འབད་པར་བྱའོ། ། ⑵ གཞུང་དོན་ལ་བརྒྱད། གཞུང་དོན་ལ་བརྒྱད་དེ། སེམས་བསྐྱེད་ཀྱི་མཚན་ཉིད། གནས་སྐབས་ཀྱིས་དབྱེ་བ། དེའི་རྣམ་པ་བསྟན་པ། བརྡ་དོན་གྱི་དབྱེ་བ། དཔེའི་སྒོ་ནས་བསྔགས་པ། མ་བསྐྱེད་པའི་ཉེས་དམིགས། སེམས་བསྐྱེད་པའི་ཕན་ཡོན། བསླབ་བྱ་ལ་གདམས་པའོ། ། ༡ སེམས་བསྐྱེད་ཀྱི་མཚན་ཉིད། དང་པོ་ནི། [སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །]ཡོན་ཏན་གསུམ་དང་ལྡན་པ་སྟེ། སྐྱེས་བུ་བྱེད་པའི་ཡོན་ཏན་ནི། གོ་ཆའི་བརྩོན་འགྲུས་ཀྱིས་ཟབ་མོ་སྟོང་པ་ཉིད་སྒོམ་པ་དང་ཡུན་རིང་པོའི་དཀའ་སྤྱད་ལ་སྤྲོ་བ་ཆེན་པོ་དང༌། སྦྱོར་བའི་བརྩོན་འགྲུས་ཀྱི་དངོས་སུ་ཚོགས་གཉིས་སྒྲུབ་པ་ལ་རྩོམ་པ་ཆེན་པོ་དང་ལྡན་པའོ། །དོན་བྱེད་པའི་ཡོན་ཏན་ནི། རང་གཞན་ཐམས་ཅད་ལ་ཕན་པ་དང་བདེ་པའི་དོན་ཆེན་པོ་འགྲུབ་པ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནི། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པས་འབྱུང་བ་ཆེན་པོ་དང་ལྡན་པ་ཡིན་ཞིང༌། བྱང་ཆུབ་སེམས་དཔའི་སེམས་ཡུལ་ལ་གཡོ་བར་བྱེད་པའི་འདུ་བྱེད་སེམས་པ་དང་མཚུངས་པར་ལྡན་པ་སྟེ། བྱང་ཆུབ་ཆེན་པོའི་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་དམིགས་པ་དོན་གཉིས་དང་ལྡན་པའི་སེམས་ ཁྱད་པར་ཅན་འབྱུང་བ་དེ་ནི་སེམས་བསྐྱེད་ཀྱི་ངོ་བོ་ཉིད་དོ། ། ༢ གནས་སྐབས་ཀྱིས་དབྱེ་བ། ས་མཚམས་སམ་གནས་སྐབས་ཀྱིས་དབྱེ་བ་ནི། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲུབ་པ་སྤངས་པའོ། ། སེམས་བསྐྱེད་དེ་ནི་ས་རྣམས་ལ་སྦྱར་ཏེ་ཕྱེ་ན་རྣམ་པ་བཞི་ཡིན་ཏེ། ཚོགས་ལམ་དང་སྦྱོར་ལམ་མོས་སྤྱོད་ཀྱི་སའི་གནས་སྐབས་ན་བདག་གཞན་མཉམ་པ་ལ་སོགས་པ་མངོན་སུམ་དུ་མ་རྟོགས་ཀྱང་སྤྱིའི་རྣམ་པར་མོས་པ་ཡིད་ལ་བྱས་པ་ལས་བྱུང་པའི་སེམས་བསྐྱེད་དང༌། ས་དང་པོ་ཐོབ་ནས་བདུན་པའི་བར་ལ་བདག་གཞན་མཉམ་པ་ལ་སོགས་པ་མངོན་སུམ་དུ་རྟོགས་པས་ལྷག་བསམ་རྣམ་པར་དག་པ་ལས་བྱུང་བའི་སེམས་བསྐྱེད་དང༌། བརྒྱད་པ་ལ་སོགས་པ་དག་པ་ས་གསུམ་གྱི་གནས་སྐབས་ན་རྣམ་པར་སྨིན་པ་ལས་བྱུང་བའི་སེམས་བསྐྱེད་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པ་ལ་འབད་རྩོལ་མེད་པས་སྔ་མ་དག་ལས་གཞན་དུ་འདོད་པ་དང༌། དེ་བཞིན་དུ་སངས་རྒྱས་ཀྱི་ས་ཐོབ་པ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་དག་པས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་བྱ་བ་རྣམས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རིམ་གྱིས་ཐོབ་པར་བྱ་བའི་ཕྱིར་གསུངས་པའོ། ། ༣ དེའི་རྣམ་པ་བསྟན་པ། དེའི་རྣམ་པ་བསྟན་པ་ནི། སེམས་བསྐྱེད་པ་བཞི་པོ་འདིའི་རྩ་བ་ནི་གང་ཡིན་ཞེས་པ་ནས་མཐར་ཐུག་ནི་གང་ཡིན་ཞེས་པའི་བར་དོན་རྣམ་པ་བཅུས་གཏན་ལ་འབེབས་པ་སྟེ། དེ་ཡི་རྩ་བ་སྙིང་རྗེ་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །སེམས་བསྐྱེད་དེ་ཡི་རྩ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ཡིན་པར་འདོད་ཅིང༌། བསམ་པ་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ཐར་པའི་བདེ་བ་ལ་དགོད་པར་འདོད་པའི་ཕན་པར་སེམས་པ་ཡིན་ལ། མོས་པ་ནི་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཡོན་ཏན་དང་ལྡན་པར་ངེས་ནས་ཇི་ལྟར་ངེས་པ་བཞིན་དུ་འཛིན་པའི་མོས་པ་དང༌། དམིགས་པ་ནི་དེ་བཞིན་དུ་ཐེག་པ་ཆེན་པོ་དེའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཚོལ་ཞིང་དོན་དུ་གཉེར་བར་དམིགས་ནས་ཐོས་བསམ་སྒོམ་པ་ལ་འཇུག་པའོ། ། གོང་དུ་མདུན་པ་འགྲོ་བ་སྟེ། །སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ལམ་འགོག་པ་ནི་མི་མཐུན་ཕྱོགས། །སློང་ཞིང་དང་དུ་ལེན་པའོ། །འགྲོ་བ་ནི་གང་ཡིན་ན་ལམ་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཐོབ་པར་འདོད་པའི་མདུན་པ་ལ་བརྟེན་ནས་སྤངས་རྟོགས་ཁྱད་པར་ཅན་དུ་འགྲོ་བ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྒྱ་ཆེན་པོ་བསྲུང་བ་ནི་དེའི་རྟེན་ཡིན་ལ། ཐེག་ཆེན་གྱི་ལམ་འགོག་པ་ནི་དེ་ལ་བར་དུ་གཅོད་པས་ཉེས་དམིགས་སམ་མི་མཐུན་པའི་ཕྱོགས་ཡིན་ཏེ་བསམ་པས་ཐེག་དམན་གྱི་སེམས་སློང་ཞིང་སྦྱོར་[བས་{བ་}ལམ་དམན་པ་དང་དུ་ལེན་པའོ། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། །དགེ་བ་འཕེལ་བ་དེའི་ཕན་ཡོན། །ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་འདོད། །སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཐབས་བསོད་ནམས་ཀྱི་ཚོགས་དང་སྟོང་ཉིད་རྟོགས་པ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཀྱི་རང་བཞིན་ཅན་གྱི་དགེ་པའི་རྩ་བ་གོང་ནས་གོང་དུ་འཕེལ་བར་གྱུར་པ་ནི་དེའི་ཕན་ཡོན་ཡིན་ཞིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་ཞིང་གོམས་པར་བྱེད་པ་དེ་ནི་སྤང་བྱ་སེར་སྣ་ལ་སོགས་པ་ལས་ངེས་པར་འབྱུང་བར་བྱེད་པའི་ཐབས་ཡིན་པར་འདོད་དོ། །འདི་ཡི་མཐར་ཐུག་ས་ཡིན་ཏེ། །སོ་སོ་རང་གིས་དེར་སྦྱོར་བས། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། །རྣམ་པར་ངེས་པར་ཤེས་པར་བྱ། །སེམས་བསྐྱེད་པ་བཞི་པོ་འདིའི་སོ་སོའི་ཡོན་ཏན་མཐར་ཐུག་པ་ནི་ས་རྣམས་ཡིན་ཏེ། གོ་རིམ་བཞིན་དུ་མོས་སྤྱོད་ལས་བྱུང་བས་ཆོས་མཆོག་དང་ལྷག་བསམ་རྣམ་དག་ལས་བྱུང་བས་ས་བདུན་པ་དང་རྣམ་པར་སྨིན་པ་ལས་བྱུང་བས་ས་བཅུ་པ་དང༌། སྒྲིབ་པ་སྤངས་པས་སངས་རྒྱས་ཀྱི་ས་རྣམས་ལ་སོ་སོ་རང་གིས་ས་དེ་དང་དེར་རང་རང་གི་ཡོན་ཏན་མཐར་ཐུག་པ་ལ་སྦྱོར་བས་སོ། །དེ་དག་གིས་ནི་བྱང་ཆུང་སེམས་དཔའི་སེམས་བསྐྱེད་པའི་ཚུལ་རྣམ་པར་ངེས་པ་སྟེ་གཏན་ལ་དབབ་པར་ཤེས་པར་བྱའོ། ། ༤ བརྡ་དོན་གྱི་དབྱེ་བ། བརྡ་དོན་གྱི་དབྱེ་བ་ལ། བརྡ་ལས་བྱུང་བ་དང༌། དོན་དམ་སེམས་བསྐྱེད་གཉིས་ལས། དང་པོ་ནི༑ གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །སེམས་བསྐྱེད་པ་དེ་ཉིད་གྲོགས་དགེ་བའི་བཤེས་གཉེན་གྱིས་ཕན་ཡོན་ལ་སོགས་པ་བཤད་དེ་བ{ལ་བའི་སྟོབས་ཀྱིས་སྐྱེ་བ་དང༌། རྒྱུད་བླ་མར། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། ། རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཐོབ་པའི་རྒྱུ་ཐེག་ཆེན་གྱི་རིགས་ཡོད་པའི་སྟོབས་ལས་སྐྱེ་བ་དང༌། ཚེ་རབས་སྔ་[མར་{མ་}དགེ་པའི་རྩ་བ་རྣམ་པར་དག་པ་བསགས་པ་ལས་ཐེག་ཆེན་རྒྱས་འགྱུར་གྱི་རིགས་སད་པའི་སྟོབས་ལས་སྐྱེ་བ་དང༌། མདོ་ལས། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་སྐྱེ་བོ་མང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ་ཞེས་གསུངས་པ་ལྟར། ཐེག་ཆེན་གྱི་ཆོས་ཟབ་མོ་ཐོས་པའི་སྟོབས་ལས་སྐྱེ་བ་དང༌། ཚེ་འདིར་ཡང་ཐེག་ཆེན་གྱི་ཆོས་རྟག་དུ་ཉན་པ་དང་འཛིན་པ་དང་འཆང་བ་ལ་སོགས་པ་དགེ་བ་རྣམ་དག་གོམས་པའི་སྟོབས་ལས་སྐྱེ་བ་རྣམས་ཏེ། དེ་ལྟར་ལྔའི་དང་པོ་གྲོགས་ཀྱི་སྟོབས་ལས་སྐྱེས་པ་ནི་འགྱུར་ཞིང་ལྡོག་པ་སྲིད་པས་མི་བརྟན་པར་འབྱུང་པ་དང༌། རྒྱུའི་སྟོབས་ལས་སྐྱེས་པ་ལ་སོགས་པ་ཕྱི་མ་བཞི་ནི་ཕལ་ཆེར་མི་འགྱུར་ཞིང་མི་ལྡོག་པས་བརྟན་པར་འབྱུང་བ་ཡིན་ལ། ཐམས་ཅད་ཀྱང་ཕལ་ཆེར་གཞན་གྱིས་བསྟན་ཅིང་གཞན་གྱིས་ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྟན་པ་ལས་འབྱུང་པ་གང་ཡིན་པ་དེ་དག་ནི་ཀུན་རྫོབ་ཡང་དག་པར་བླངས་པ་བརྡ་ལས་བྱུང་པའི་སེམས་བསྐྱེད་བྱ་བར་བཤད་དོ། །དོན་དམ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ལ་གསུམ་སྟེ། སྐྱེ་ཚུལ་དང་ངོ་བོ། ས་གང་ནས་ཐོབ་ཚུལ། དོན་དྲུག་གིས་བཤད་པའོ། ། དང་པོ་ནི། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །དེ་ཡང་ལུང་གི་ཁྱད་པར་རྫོགས་པའི་སངས་རྒྱས་མང་པོ་ལ་རབ་ཏུ་བསྙེན་ཅིང་བཀུར་བ་བྱས་ནས་ཆོས་ཟབ་མོ་ཐོས་པ་དང་སྒྲུབ་པའི་ཁྱབ་པར། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རབ་ཏུ་བསགས་པ་ལས་རྟོགས་པའི་ཁྱད་པར། ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྐྱེས་པའི་ཕྱིར་སེམས་བསྐྱེད་དེ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པ་ལས་ཐོབ་པ་ཡིན་པར་འདོད་དོ། །ས་གང་ནས་ཐོབ་ཚུལ་ནི། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །དོན་དམ་སེམས་བསྐྱེད་དེ་ཉིད་ས་དང་པོ་རབ་ཏུ་དགའ་བ་ཐོབ་ནས་སྐྱེ་སྟེ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་བར་སེམས་མཉམ་པ་ཉིད་རྟོགས་པའི་ཕྱིར་དང༌། སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་དང་བདག་གི་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་སེམས་མཉམ་པ་ཉིད་རྟོགས་པའི་ཕྱིར་དང་ནི་སེམས་ཅན་དེའི་དོན་བྱ་བ་ལ་བདག་གི་སྡུག་བསྔལ་ཟད་པར་འདོད་པ་བཞིན་དུ་གཞན་ཐམས་ཅད་ཀྱི་ཡང་ཟད་པར་འདོད་པའི་སེམས་མཉམ་པ་ཉིད་རྟོགས་པའི་ཕྱིར་དང༌། སངས་རྒྱས་ཉིད་མཆོག་གི་ཆོས་ཀྱི་དབྱིངས་དང་བདག་གི་ཆོས་ཀྱི་དབྱིངས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་རྟོགས་ཏེ། སེམས་མཉམ་པ་ཉིད་རྙེད་པའི་ཕྱིར་ན་ས་དེ་ཡི་མིང་ཡང་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཞེས་བྱའོ། །དོན་དྲུག་གིས་བཤད་པ་ལ་གཉིས་ལས། མདོར་བསྟན་ནི། སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་དག་པ་དང༌། །ལྷག་མ་དག་ལ་མཁས་པ་དང༌། །ངེས་པར་འབྱུང་བར་ཤེས་པར་བྱ། །སེམས་བསྐྱེད་དེ་ཡང་སངས་རྒྱས་ཀྱི་སྲས་སུ་སྐྱེ་བ་དང༌། བསམ་པ་སྨོན་ལམ་རྒྱ་ཆེ་བ་དང༌། སྦྱོར་བ་གཞན་དོན་དེ་ལ་སྤྲོ་བ་དང༌། ལྷག་པའི་བསམ་པ་ཡང་ནི་རྣམ་པར་དག་པ་དང༌། ས་ལྷག་མ་དག་ལ་མཁས་པ་དང༌། ས་རྣམས་ལ་རིམ་པ་ལྟར་ངེས་པར་འབྱུང་བར་ཤེས་པར་བྱ་སྟེ། དོན་དྲུག་གིས་གཏན་ལ་འབེབས་པའོ། ། རྒྱས་བཤད་ལ་དྲུག་གི་སྐྱེ་བའི་ཁྱད་པར་ནི། ཆོས་ལ་མོས་པ་ས་བོན་དང༌། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །དཔེར་ན་ས་བོན་དང་མ་དང་མངལ་དང་མ་མ་སྟེ། ཁྱད་པར་བཞི་ཚང་བ་ལས་འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པའི་སྲས་སུ་འགྱུར་བ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པ་ནི་ས་བོན་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྒོམས་པའི་མ་ལས་སྐྱེས་པ་དང༌། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་ལས་བྱུང་བ་ནི་བདེ་བའི་མངལ་གྱི་གནས་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ནི་སྐྱེད་བསྲིང་བའི་མ་མ་སྟེ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ཀྱི་གདུང་འཚོབ་བའི་སྲས་སུ་གྱུར་པའོ། ། རྒྱ་ཆེ་བའི་ཁྱད་པར་ནི། སྨོན་ལམ་ཆེན་པོ་བཅུ་བསྒྲུབ་ཕྱིར། །རྒྱ་ཆེ་བ་ནི་ཤེས་པར་བྱ། །བྱང་ས་ལས་བྱུང་བའི་དོན་བསྡུས་ཏེ་སྡོམ་དུ་བྱས་ན། སངས་རྒྱས་ཆོས་དང་ཆོས་འཛིན་དང༌། །མཛད་བསྟན་སྤྱོད་སྒྲུབ་ཡོངས་སྨིན་དང༌། །བསྟན་དང་ཞིང་དག་བསམ་སྦྱོར་གཅིག །སྦྱོར་བ་འབྲས་ཡོད་བྱང་ཆུབ་ཆེ། །ཞེས་པ་ལྟར་དོན་དམ་{པའི་}སེམས་བསྐྱེད་སྐྱེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་དཔག་ཏུ་མེད་པ་བྱ་བའི་སྨོན་ལམ་ཆེན་པོ་དང༌། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་བསྲུང་བར་བྱ་བ་དང༌། དགའ་ལྡན་ན་གནས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་མཛད་པ་རྣམས་བསྟན་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལེགས་པར་བསྒྲུབ་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པ་ཐམས་ཅད་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང༌། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པར་བྱའོ་ཞེས་པའི་སྨོན་ལམ་ཆེན་པོ་བཅུ་བསྒྲུབ་པའི་ཕྱིར་བསམ་པ་རྒྱ་ཆེན་པོ་དང་ལྡན་པར་ནི་ཤེས་པར་བྱའོ། ། སྤྲོ་བའི་ཁྱད་པར་ནི། དཀའ་ལ་ཡུན་རིང་མི་སྐྱོའི་ཕྱིར། །སྤྲོ་བར་ཁོང་དུ་ཆུད་པར་བྱ། །དོན་དམ་སེམས་བསྐྱེད་སྐྱེས་པ་དེ་ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་གཏོང་བ་ལ་སོགས་པའི་དཀའ་སྤྱད་རྒྱ་ཆེན་པོ་ལ་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་མང་པོར་ཡང་མི་སྐྱོ་བར་འཇུག་པའི་ཕྱིར་སྦྱོར་བ་གཞན་དོན་ཕུན་སུམ་ཚོགས་པ་ལ་སྤྲོ་བ་དང་ལྡན་པར་ཁོང་དུ་ཆུད་པར་བྱའོ། ། བསམ་བའི་ཁྱད་པར་ནི། བྱང་ཆུབ་ཉེ་བར་རྟོགས་པ་དང༌། །དེ་ཡི་ཐབས་ཤེས་རྙེད་པའི་ཕྱིར། །བསམ་པ་དག་པར་ཤེས་པར་བྱ། ། ས་དང་པོ་ཐོབ་པ་ན་བདག་ཉིད་བྱང་ཆུབ་ཆེན་པོ་དང་ཉེ་བར་རྟོགས་པ་དང་བྱང་ཆུབ་དེ་སྒྲུབ་བའི་ཐབས་གཞན་ལ་ཡང་སྟོན་པའི་ཚུལ་ལེགས་པར་ཤེས་ཤིང་རྙེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པར་ཤེས་པར་བྱའོ། ། མཁས་པའི་ཁྱད་པར་ནི། ས་གཞན་ཚུལ་ལ་མཁས་པ་ཉིད། །ས་དང་པོ་ལས་གཞན་གཉིས་པ་ལ་སོགས་པ་གོང་མ་རྣམས་ཀྱི་རང་བཞིན་དང་ཡོན་ཏན་དང་ཐོབ་པར་བྱེད་པའི་ཚུལ་རྣམས་ལ་ལེགས་པར་ཤེས་ཤིང་མཁས་པ་ཉིད་དོ། ། ངེས་འབྱུང་གི་ཁྱད་པར་ནི། ཇི་ལྟར་རྣམ་གཞག་ཡིད་བྱེད་པས། །དེ་རྟོག་ཉིད་དུ་ཤེས་ཕྱིར་དང༌། །དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འབྱུང་བར་ཤེས་པར་བྱ། །ས་རྣམས་ཀྱི་རྒྱུ་དང་ངོ་བོ་དང་འབྲས་བུ་ལ་སོགས་པ་མིང་ཚིག་ཡི་གེའི་སྒོ་ནས་ཇི་ལྟར་རྣམ་པར་གཞག་པ་དེ་རྣམས་སེམས་ཉིད་དེར་སྣང་བ་ཡིན་པར་ཡིད་ལ་བྱེད་པས་དེ་དག་ཕྱི་གཟུང་བ་ཡུལ་དུ་བདེན་པ་མེད་པས་ནང་འཛིན་པ་རྟོག་པ་ཙམ་ཉིད་དུ་ཤེས་པའི་ཕྱིར་དང༌། གཟུང་བ་མེད་ན་འཛིན་པ་[ཡང་]མེད་པར་ཤེས་ནས་རྟོག་པ་ཙམ་དེ་ཉིད་ལ་ཡང་མི་རྟོག་པའི་ཕྱིར་ས་འོག་མ་འོག་མ་ལ་ཆགས་པ་མེད་པར་ངེས་པར་བྱུང་བས་གོང་མ་གོང་མ་རྣམས་རིམ་གྱིས་ཐོབ་པར་ཤེས་པར་བྱའོ། ། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པ་དེ་དག་མཚུངས་ལྡན་གྱི་གྲོགས་དང་སྦྱར་ནས་ཕྱེ་ན༑ འདུན་པ་བསམ་པ་སྦྱོར་བ་ལྷག་བསམ་ཕར་ཕྱིན་དྲུག །ཚད་མེད་མངོན་ཤེས་བསྡུ་པའི་དངོས་པོ་ཡང་དག་རིག །རྟོན་པ་ཚོགས་གཉིས་ཕྱོགས་མཐུན་ཞི་གནས་ལྷག་མཐོང་དང༌། ། གཟུངས་སྤོབས་ཆོས་བཤད་བགྲོད་གཅིག་ལམ་དང་ཐབས་མཁས་ལྡན། །ཞེས་སྡོམ་དུ་བྱས་པ་ལྟར་ཉི་ཤུ་རྩ་གཉིས་ཡོད་པ་དེ་རྣམས་དཔེའི་སྒོ་ནས་བསྔགས་པ་ལ་ཚིགས་སུ་བཅད་པ་དྲུག་སྟེ། བསྐྱེད་པ་ས་དང་མཚུངས་པ་སྟེ། །གཞན་ནི་བཟང་པོའི་གསེར་དང་འདྲ། །ཟླ་བ་ཡར་གྱི་ཚེས་པ་བཞིན། །གཞན་ནི་མེ་དང་འདྲར་ཤེས་བྱ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་མོས་པ་ལས་བྱུང་བའམ་ཐེག་པ་ཆེན་པོ་ལ་འདུན་པ་དང་མཚུངས་པར་ལྡན་པ་ནི། རྩི་ཤིང་ལོ་ཏོག་ལ་སོགས་པ་བསྐྱེད་ཅིང་འཕེལ་བའི་རྟེན་བྱེད་པ་ས་དང་མཚུངས་པ་སྟེ། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་[བསྐྱེད་ཅིང་]འཕེལ་བའི་རྟེན་དུ་གྱུར་བའི་ཕྱིར་རོ། །དང་པོ་ལས་གཞན་བསམ་པ་དང་མཚུངས་པར་ལྡན་པ་ནི། བསྲེག་གཅད་བརྡར་བ་ལ་སོགས་པས་མི་འགྱུར་བ་བཟང་པོའི་གསེར་དང་འདྲ་བ་སྟེ། སེམས་ཅན་ཐམས་ཅད་ལ་གཏན་དུ་ཕན་པ་དང་འཕྲལ་དུ་བདེ་བར་འདོད་པའི་བསམ་པ་བཟང་པོ་ནམ་ཡང་མི་འགྱུར་བའི་ཕྱིར་རོ། ། ལམ་རྣམ་དག་ལ་སྦྱོར་བ་དང་མཚུངས་པར་ལྡན་པ་ནི་ཟླ་བ་ཡར་གྱི་ངོ་ཚེས་པ་ན་ཆ་ཤས་རིམ་གྱིས་འཕེལ་བ་བཞིན་ཏེ་དགེ་བའི་ཆོས་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་གཞན་ཡོན་ཏན་གོང་མ་འདོད་པའི་ལྷག་པའི་བསམ་པ་དང་མཚུངས་པར་ལྡན་པ་ནི་བུད་ཤིང་བསྣན་པ་ལས་མེ་ཆེར་འབར་བ་དང་འདྲ་བར་ཤེས་པར་བྱ་སྟེ། མོས་སྤྱོད་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་དུ་ཡོན་ཏན་ཁྱད་པར་ཅན་ཆེས་ཆེར་འཕེལ་བར་འགྱུར་བའི་ཕྱིར་རོ། ། གཞན་ནི་གཏེར་ཆེན་བཞིན་ཤེས་བྱ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ཤེས་བྱ་གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བའི་གཏེར་ཆེན་པོ་བཞིན་དུ་ཤེས་པར་བྱ་སྟེ། ཆོས་དང་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་ཅིང་དེ་ཉིད་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སུ་མི་ཟད་པའི་ཕྱིར་རོ། ། དེ་ལས་གཞན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རིན་ཆེན་མང་པོའི་འབྱུང་གནས་ཇི་ལྟ་བ་བཞིན་ཏེ། ས་དང་ལམ་དང་འབྲས་བུའི་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རྒྱ་མཚོ་ཆེན་པོ་གཏིང་མི་གཡོ་བར་གནས་པ་དང་འདྲ་བར་ཤེས་པར་བྱ་སྟེ། ལམ་སྒྲུབ་པའི་སྡུག་བསྔལ་དང་གཞན་གྱི་གནོད་པ་ཐམས་ཅད་ཀྱིས་ནམ་ཡང་མི་འཁྲུག་པའི་ཕྱིར་རོ། ། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རྡོ་རྗེ་ཕ་ལམ་{གཞན་}གང་གིས་ཀྱང་མི་ཤིགས་པ་དང་འདྲ་བ་སྟེ། ལེ་ལོ་ལ་སོགས་པའི་གནོད་པས་མི་ཤིགས་ཤིང་སྲ་བ་ཉིད་ཀྱི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རིའི་རྒྱལ་པོ་རི་རབ་རྐྱེན་ཆེ་ཆུང་གང་གིས་ཀྱང་མི་གཡོ་བ་དང་འདྲ་བ་སྟེ། རྣམ་པར་གཡེང་བ་ཐམས་ཅད་ཀྱིས་མི་གཡེང་ཞིང་མི་གཡོ་བའི་ཕྱིར་རོ། །སྨན་གྱི་རྒྱལ་པོ་འདྲ་བ་སྟེ། །གཞན་ནི་མཛའ་ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང༌། །གཞན་ནི་ཉི་མ་འདྲར་ཤེས་བྱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་འདྲ་བ་སྟེ། དེའི་དོན་རྟོགས་ཤིང་བསྒོམས་པ་ལས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བའི་ནད་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་རོ། །དེ་ལས་གཞན་ཚད་མེད་པ་བཞི་དང་མཚུངས་པར་ལྡན་པ་ནི་མཛའ་པོ་ཆེན་པོས་གྲོགས་པོ་ནམ་ཡང་མི་སླུ་བ་དང་འདྲ་བར་ཤེས་པར་བྱ་སྟེ། བདེ་སྡུག་བཏང་སྙོམས་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་སེམས་ཅན་ཡལ་བར་མི་འདོར་བའི་ཕྱིར་རོ། །མངོན་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་དང་འདྲ་བ་སྟེ། གདུལ་བྱ་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་[དེ་]དང་དེའི་འབྲས་བུ་འབྱོར་པར་བྱེད་པའི་ཕྱིར་རོ། །གཞན་ཡང་བསྡུ་པའི་དངོས་པོ་བཞི་དང་མཚུངས་པར་ལྡན་པ་ནི་ཉི་མའི་འོད་ཟེར་གྱིས་ལོ་ཏོག་སྨིན་པར་བྱེད་པ་དང་འདྲ་བར་ཤེས་པར་བྱ་སྟེ། གདུལ་བྱ་མཐའ་ཡས་པའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་སྨིན་པར་བྱེད་པའི་ཕྱིར་རོ། །གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་འདྲར་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་བྱ། །གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་དང་མཚུངས་པར་ལྡན་པ་ནི་དྲི་ཟའི་གླུ་དབྱངས་སྙན་པས་མང་པོ་དགའ་བར་བྱེད་པ་བཞིན་ཏེ། དམ་པའི་ཆོས་ཀྱི་སྒྲ་དབྱངས་སྙན་པས་གདུལ་བྱ་དཔག་ཏུ་མེད་པ་འདུན་པར་བྱེད་པའི་ཕྱིར་རོ། །དེ་ལས་གཞན་རྟོན་པ་བཞི་དང་མཚུངས་པར་ལྡན་པ་ནི་འཁོར་རྣམས་ཆུད་མི་ཟ་བར་སྐྱོང་བའི་རྒྱལ་པོ་བཟང་པོ་དང་འདྲ་བར་ཤེས་པར་བྱ་སྟེ། ཆོས་ལ་རྟོན་པར་བྱ་བའི་གང་ཟག་ལ་སྟོན་པར་མི་བྱ་བ་ལ་སོགས་པ་བཞིས་གདུལ་བྱ་རྣམས་ཆུད་མི་ཟ་བར་སྐྱོང་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ཚོགས་གཉིས་དང་མཚུངས་པར་ལྡན་པ་ནི་ནོར་མང་པོས་གང་བའི་བང་མཛོད་ལྟ་བུ་སྟེ། ཐབས་བསོད་ནམས་དང་ཤེས་རབ་ཡེ་ཤེས་ཀྱི་ལོངས་སྤྱོད་མང་པོ་དང་ལྡན་པའི་གནས་ཡིན་པའི་ཕྱིར་རོ། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་མཚུངས་པར་ལྡན་པ་ནི། གང་ཟག་ཐམས་ཅད་འགྲོ་བའི་ལམ་པོ་ཆེ་དང་འདྲ་བར་ཤེས་པར་བྱ་སྟེ། ཐེག་པ་ཆེ་ཆུང་གི་འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་གཤེགས་པར་འགྱུར་བའི་ལམ་ཡིན་པའི་ཕྱིར་རོ། །ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་བཀོད་པ་འདྲ་བ་ཡིན། །ཀུན་དགའི་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །ཞི་གནས་ལྷག་མཐོང་དང་མཚུངས་པར་ལྡན་པ་ནི་ཐེག་པའམ་བཞོན་པ་རྟ་དང་གླང་པོ་ལ་བརྟེན་ནས་འདོད་པའི་གནས་སུ་འགྲོ་བ་དང་འདྲ་བར་ཤེས་པར་བྱ་སྟེ། སྲིད་ཞིའི་མཐར་མི་ལྟུང་ཞིང་མི་གནས་པའི་མྱ་ངན་ལས་འདས་པར་བདེ་བླག་ཏུ་ཁྱེར་བར་བྱེད་པའི་ཕྱིར་རོ༑ ༑གཟུངས་དང་སྤོབས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི་ཆུ་རྙིང་བ་འཛིན་ཞིང་གསར་པ་བསྐྱེད་པའི་བཀོད་མའི་ཆུ་མིག་དང་འདྲ་བ་ཡིན་ཏེ། གཟུངས་ཀྱིས་སྔར་ཐོས་པའི་ཆོས་དང་དོན་མི་བརྗེད་པར་འཛིན་{པར་བྱེད་}ལ། སྤོབས་པས་སྔར་མ་ཐོས་པའི་ཆོས་དང་དོན་འཕེལ་ཞིང་མི་ཟད་པའི་སྒོ་ནས་གཞན་[དག་]ལའང་རྒྱ་ཆེར་སྟོན་པའི་ཕྱིར་རོ། །ཆོས་ཀྱི་སྡོམ་བཞི་བཤད་པ་དང་མཚུངས་པར་ལྡན་པ་ནི་ཉན་པ་པོ་ཀུན་དགའ་བར་བྱེད་པའི་སྒྲ་གཏམ་སྙན་པ་དང་འདྲ་བ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་དེ་ཐོབ་པར་བྱེད་པའི་ཐབས་བླང་དོར་གྱི་ཚུལ་སྙན་པར་སྒྲོགས་པའི་ཕྱིར་རོ། ། བགྲོད་པ་གཅིག་པའི་ལམ་དང་མཚུངས་པར་ལྡན་པ་ནི་ཆུ་ཀླུང་ཆེན་པོའི་རྒྱུན་འབད་པ་མེད་པར་རྒྱུན་ཕྱོགས་སུ་ངང་གིས་འབབ་པ་དང་འདྲ་པའོ། །ཞེས་པ་སྟེ་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རང་གཞན་གྱི་བྱ་བ་བྱེད་པ་ལ་འབད་རྩོལ་དང་ཐ་དད་མེད་པར་རང་{གི་ངང་}གིས་བྱང་ཆུབ་ཆེན་པོར་བགྲོད་པ་གཅིག་པའི་ཕྱིར་རོ། །རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྲིན་དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་དག་ཡོན་ཏན་ཕྱུག །སེམས་ནི་དགའ་བའི་ཡང་དག་བསྐྱེད། །རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི་སྤྲིན་ཆེན་པོའི་ཆར་དུས་སུ་ཕབ་[ལས་{པས་}རྩི་སྨན་དང་ལོ་ཏོག་ལ་སོགས་པ་འཇིག་རྟེན་པའི་འབྱོར་པ་ཐམས་ཅད་འབྱུང་བ་དང་འདྲ་བར་བསྟན་པ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་འབྲས་བུ་ཕུན་སུམ་ཚོགས་པ་རྣམས་བསྐྱེད་པར་མཛད་པའི་ཕྱིར་རོ། ། ༥ དཔེའི་སྒོ་ནས་བསྔགས་པ། དཔེ་མང་པོའི་སྒོ་ནས་བསྔགས་པ་བརྗོད་པ་དེའི་ཕྱིར་དེ་ལྟར་ཡོན་ཏན་གྱི་འབྱོར་པ་ཕུན་སུམ་ཚོགས་པས་ཕྱུག་པའི་བྱང་ཆུབ་ཀྱི་སེམས་དེ་ནི་བློ་དང་ལྡན་པ་རྣམས་ཀྱིས་དགའ་ཞིང་སྤྲོ་བའི་སྒོ་ནས་ཡང་དག་པར་བསྐྱེད་པར་བྱའོ། །འགྲེལ་བར་དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་མི་ཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པས་ཐུན་མོང་གི་དབྱེ་བ་དང་གོ་རིམ་གཞན་རྣམས་སྔར་དང་འདྲ་བ་ལ༑ མདོ་ལས་ཁྱད་པར་དུ་མངོན་ཤེས་ལ་ལྔ་དང༌། བྱང་ཆུབ་ཕྱོགས་མཐུན་ལ་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་དང་བསྡུ་བ་དང་སོ་སོ་ཡང་དག་པར་རིག་པ་དང་རྟོན་པ་དང་ཆོས་བཤད་པ་རྣམས་ལ་བཞི་བཞི་དང༌། ཚོགས་དང་ཞི་ལྷག་དང་གཟུངས་སྤོབས་གསུམ་ལ་གཉིས་གཉིས་སུ་ཕྱེ་བ་བརྒྱད་ཅུའི་མཐར་མི་ཟད་པ་ཞེས་སྦྱར་ནས་གསུངས་པ་ལྟར་ཤེས་པར་བྱ་སྟེ། མི་བཟད་པ་རེ་རེ་ལ་ཡང་དབྱེ་བ་མཐའ་ཡས་པ་གསུངས་པ་རྣམས་ནི་མདོ་ཉིད་ནས་གསལ་བར་སྣང་ངོ༌། ། ༦ མ་བསྐྱེད་པའི་ཉེས་དམིགས། སེམས་མ་བསྐྱེད་པའི་ཉེས་དམིགས་ནི། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག ། གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། ། བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བསྐྱེད་པར་འོས་པ་ཐེག་ཆེན་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག་གིས་ནི་བདེ་བ་རྣམ་པ་བཞི་མི་འཐོབ་སྟེ། བསམ་པ་ཚད་མེད་པ་བཞི་ལ་བརྟེན་ནས་གཞན་གྱི་དོན་བྱ་བར་སེམས་པའི་བདེ་བ་དང༌། སྦྱོར་བ་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་གཞན་དོན་དེ་ཡི་ཐབས་རྙེད་པའི་བདེ་བ་དང༌། ལུང་གི་ཡོན་ཏན་ཐེག་ཆེན་གྱི་མདོ་སྡེ་ཟབ་མོའི་དགོངས་པ་ཆེན་པོའི་དོན་རྟོགས་པའི་བདེ་པ་དང༌། རྟོགས་པའི་ཡོན་ཏན་དེ་ཁོ་ན་ཉིད་ཀྱི་མཆོག་ཆོས་ཐམས་ཅད་ལ་བདག་མེད་པར་མཐོང་བའི་བདེ་བ་ཆེན་པོ་དེ་རྣམས་སྤངས་ནས་ཕལ་ཆེར་འཁོར་བའི་སྡུག་བསྔལ་ལ་སྤྱོད་ཅིང༌། གལ་ཏེ་ཐེག་དམན་གྱི་ལམ་དུ་ཞུགས་ན་ཡང་ཞི་པའི་མཐར་འགྲོ་{བར}འགྱུར་གྱི་མི་གནས་པའི་མྱ་ངན་ལས་འདས་པ་མི་འཐོབ་པའོ། ། ༧ སེམས་བསྐྱེད་པའི་ཕན་ཡོན། སེམས་བསྐྱེད་པའི་ཕན་ཡོན་ལ་སྐྱོ་བ་མེད་པ་དང༌། སྡོམ་པ་ཐོབ་པ་དང༌། ལྡོག་པ་མེད་པའི་ཕན་ཡོན་ནོ། ། སྐྱོ་བ་མེད་པའི་ཕན་ཡོན་ནི། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང༌། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་པ་རྟག་ཏུ་དགེ་བ་དང༌། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ས་དང་པོར་དོན་དམ་བྱང་ཆུབ་ཀྱི་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱིས་ཉེས་པ་བྱེད་པ་ལས་སེམས་རབ་ཏུ་བསྡམས་ཏེ་སྡིག་པ་མི་བྱ་བའི་སྡོམ་པ་ཐོབ་ཅིང༌། རྒྱུ་སྡིག་པ་མི་བྱེད་པས་འབྲས་བུ་ངན་སོང་དུ་ལྟུང་བའི་འཇིགས་པའང་མེད་ལ། དེ་ཉིད་དགེ་བ་དང་སྙིང་རྗེ་གཉིས་འཕེལ་བར་བྱེད་པས་རྟག་ཏུ་དགེ་བ་དང་ལྡན་པས་དེའི་འབྲས་བུ་མངོན་པར་མཐོ་བའི་བདེ་པ་ལ་སྤྱོད་པས་དགའ་བ་དང་བརྩེ་བ་དང་ལྡན་པས་བདེ་བ་དང་ལྡན་པར་མ་ཟད་གཞན་དོན་གྱི་སྡུག་བསྔལ་དག་གིས་ཀྱང་དགའ་བར་འགྱུར་བས་ནམ་ཡང་གཞན་དོན་ལ་སྐྱོ་བ་མེད་པའོ། ། སྡོམ་པ་ཐོབ་པའི་ཕན་ཡོན་ནི། གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་ལྟ་རབ་ངལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་གྱི་གནོད་པ་ཡིས། །ཇི་ལྟར་ངན་པ་བྱེད་པའི་ལས་ལ་འཇུག ། གང་གི་ཚེ་དོན་དམ་སེམས་བསྐྱེད་སྐྱེས་པ་ན་སེམས་ཅན་གཞན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རང་གི་ལུས་དང་ནི་སྲོག་ལ་གནོད་པ་ལ་ཡང་མི་ལྟ་བར་རབ་ཏུ་ངལ་བའི་སྡུག་བསྔལ་ཆེན་པོ་དང་དུ་བླངས་ནས། ཁས་ལེན་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་དག་གཞན་གྱིས་ཚུར་གནོད་པ་བྱས་པ་ཡིས་དེའི་ལན་དུ་ཕར་གནོད་པ་ལ་སོགས་པ་ཇི་ལྟར་ངན་པ་བྱེད་པའི་ལས་ལ་འཇུག་སྟེ་མི་འཇུག་གོ །དེའི་རྒྱུ་མཚན་ཡང་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་རོ། ། ལྡོག་པ་མེད་པའི་ཕན་ཡོན་ནི། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུང་བསྔལ་དག་གིས་འཇིགས་པ་མེད། །བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་གྱིས་ཆོས་ཀུན་སྣང་ལ་རང་བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་ཚངས་པ་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པའི་འབྱོར་བ་ཕུན་སུམ་ཚོགས་པ་ཐོབ་པའི་དུས་ན་ཡང༌། ཉོན་མོངས་པ་ང་རྒྱལ་གྱིས་རྒྱགས་ཤིང་ཁེངས་པའི་གནོད་པ་མེད་ཅིང་སྙིང་རྗེས་གཞན་དོན་དུ་སྐྱེ་བ་ལེན་པ་ན་སྐྱེད་མོས་ཚལ་ཡིད་དུ་འོང་བར་དགའ་སྟོན་ལ་འགྲོ་བ་ལྟ་བུར་རྟོགས་ནས་འབྱོར་བ་ཐམས་ཅད་རྒུད་ཅིང་སྲོག་འགག་པ་ལ་ཐུག་ཀྱང་གཞན་དོན་སྒྲུབ་པའི་སྡུག་བསྔལ་ཀྱིས་འཇིགས་པ་མེད་དེ། མདོར་ན་འབྱོར་ཞིང་བདེ་བའི་དུས་དང་རྒུད་ཅིང་ཕོངས་པའི་དུས་ནའང་འདི་ལ་ཉོན་མོངས་པ་ང་རྒྱལ་དང་སྡུག་བསྔལ་དག་གིས་འཇིགས་པ་མེད་པས་བྱང་ཆུབ་ཀྱི་སེམས་མི་ལྡོག་པ་ཉིད་དོ། ། དེའི་རྒྱུ་མཚན་གཞན་ཡང༌། རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། །བསམ་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོ་མཆོག་ས་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། ། འཇིག་རྟེན་ན་ཡང་རྒྱན་བཟང་པོས་མཛེས་པ་དང་ཁ་ཟས་བཟང་པོའི་དགའ་སྟོན་ལ་སྤྱོད་པ་དང༌། མཆོག་གི་ས་སྐྱེད་མོས་ཚལ་ཡིད་དུ་འོང་བ་དང༌། ཇི་ལྟར་འདོད་པའི་རྩེད་མོའི་བདེ་བ་ལ་དགའ་ཞིང་མི་ལྡོག་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་རང་གི་ཡོན་ཏན་གྱི་རྒྱན་བཟང་པོ་དང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་དགའ་བའི་སྟོན་མོ་བཟང་པོ་དང་བསམས་བཞིན་དུ་གང་འདོད་པའི་སྐྱེ་བའི་མཆོག་གི་ས་སྐྱེད་མོས་ཚལ་ཡིད་དུ་འོང་བ་དང༌། སངས་རྒྱས་མཆོད་པ་དང་སེམས་ཅན་སྨིན་པར་བྱེད་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་རྩེད་མོའི་དགའ་བ་སྟེ། དེ་ལྟར་ན་རྒྱན་དང་སྟོན་མོ་དང་མཆོག་གི་ས་དང་རྩེད་མོའི་དགའ་བ་ཁྱད་པར་དུ་འཕགས་པ་དེ་དག་སྙིང་རྗེའི་བདག་ཉིད་ཅན་ཁོ་ན་ལ་ཡོད་ཀྱི། དེ་མིན་པ་རྣམས་ལ་མེད་པས་ཀྱང་ལྡོག་པར་མི་འགྱུར་བའོ། ། ༨ བསླབ་བྱ་ལ་གདམས་པ། བསླབ་བྱ་ལ་གསུམ་སྟེ། སྡུག་བསྔལ་ལ་འཇིགས་པ་དགག་པ། གཞན་གྱི་དོན་འདོར་བ་དགག་པ། ལེ་ལོ་ལ་ཞེན་པ་དགག་པའོ། ། དང་པོ་ནི། གཞན་དོན་བརྩོན་ལྡན་སྙིང་རྗེས་བདག་ཉིད་འདི། །གང་ཚེ་མནར་མེད་ལ་ཡང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་བྱུང་བ་རྣམས་ཀྱིས་གང་ལ་འཇིགས། ། གཞན་གྱི་རྒྱུད་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་སྒྲུབ་པ་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་འདི་གང་གི་ཚེ་སེམས་ཅན་གཞན་གྱི་དོན་དུ་འགྱུར་པར་མཐོང་ན། སྤྱོད་འཇུག་ལས། དེ་ལྟར་རྒྱུད་ནི་གོམས་གྱུར་པས། །གཞན་གྱི་སྡུག་བསྔལ་ཞི་དགའ་བ། །པདྨའི་མཚོར་ནི་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་པ་ལྟར་གཞན་དོན་དུ་མནར་མེད་པའི་དམྱལ་བར་འགྲོ་བ་ལ་ཡང་དགའ་བར་འཛིན་པ་དེ་འདྲ་བ་དག་སྲིད་པར་བསམས་བཞིན་དུ་སྐྱེ་བ་བླངས་ཏེ་གནས་པ་ན་གཞན་གྱི་དོན་གྱི་རྟེན་ཅན་གྱི་དཀའ་སྤྱད་དང་སྡུག་བསྔལ་བྱུང་བ་རྣམས་ཀྱིས་ག་ལ་འཇིགས་ཏེ་འཇིགས་པ་མེད་པའི་སྒོ་ནས་བརྩོན་པར་བྱེད་པའོ། ། གཞན་གྱི་དོན་འདོར་བ་དགག་པ་ནི། སློབ་དཔོན་བརྩེ་ཆེན་རྟག་ཏུ་བསྟེན་པའི་བདག །ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱི་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་སློབ་པའི་སློབ་དཔོན་བྱང་ཆུབ་སེམས་དཔའ་ནི་བརྩེ་བ་ཆེན་པོ་རྟག་ཏུ་བསྟེན་པའི་བདག་ཉིད་ཅན་ཡིན་པས་གཞན་ཕ་རོལ་པོ་སྡུག་བསྔལ་བ་མཐོང་བ་དག་གིས་རང་གི་སེམས་གདུང་བར་འགྱུར་བའི་ཕྱིར་སེམས་ཅན་གཞན་གྱི་དོན་བྱ་བ་འབའ་ཞིག་ཉེ་བར་གནས་ཤིང་བསྒྲུབ་དགོས་པ་ཡིན་པ་ལ། གལ་ཏེ་དགེ་བའི་བཤེས་གཉེན་གཞན་གྱིས་བསྐུལ་བར་བྱ་དགོས་པར་གྱུར་ན་ནི་ཤིན་ཏུ་ངོ་ཡང་ཚ་བས་བསྐུལ་མི་དགོས་པར་གཞན་དོན་ལ་བརྩོན་པར་བྱའོ། ། ལེ་ལོ་ལ་ཞེན་པ་དགག་པ་ནི། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །རང་གཞན་སྣ་ཚོགས་འཆིང་བས་རབ་བཅིང་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །འཇིག་རྟེན་ན་ཡང་ཁུར་ཆེན་པོ་ཁྱེར་ནས་གནས་ཡིད་དུ་འོང་བར་འགྲོ་བ་ལ་ལེ་ལོ་སྤང་དགོས་པ་བཞིན་དུ་མགོ་ལ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ནས་བྱང་ཆུབ་ཆེན་པོ་ལ་འགོད་པར་བྱའོ་ཞེས་དམ་བཅས་ཤིང་སེམས་བསྐྱེད་པའི་ཁུར་ཆེན་པོ་ཁྱེར་བའི་སེམས་དཔའ་མཆོག་ནི་ལམ་རྣམ་དག་བགྲོད་པ་ལ་ལེ་ལོའི་སྒོ་ནས་དལ་གྱིས་འགྲོ་བ་ནི་མི་མཛེས་ཏེ། བདག་དང་སེམས་ཅན་གཞན་ཐམས་ཅད་ཉོན་མོངས་དང་ལས་དང་སྐྱེ་བའི་སྣ་ཚོགས་འཆིང་བས་རབ་ཏུ་བཅིངས་པ་ལས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ་ཉན་ཐོས་ཀྱི་བརྩོན་འགྲུས་པས་ཀྱང་བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས་སོ། །དེ་ཡང་ཉན་ཐོས་རྣམས་རང་གཅིག་པུའི་དོན་དུ་ཡང་བརྩོན་འགྲུས་ཆེན་པོ་རྩོམ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་རྒྱ་ཆེན་པོ་རྩོམ་པ་ནི་ཤིན་ཏུ་རིགས་པ་ཉིད་དོ་[ཞེས་པའི་དོན་ཏོ]། །རིགས་སད་པ་ལས་སྐྱེ་བའི་བསམ་པའི་ཁྱད་པར་སེམས་བསྐྱེད་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༦༽སེམས་བསྐྱེད་ལས་རང་གཞན་གྱི་དོན་སྒྲུབ་ཚུལ། སེམས་བསྐྱེད་པ་ལས་འགྲུབ་པའི་རང་དང་གཞན་གྱི་དོན་སྒྲུབ་ཚུལ་ལ། བྱང་ས་ལས། བདག་གི་དོན་འབའ་ཞིག་པ་སྤང་བར་བྱ་ཞིང་གཞན་གྱི་དོན་འབའ་ཞིག་པ་སྒྲུབ་པར་བྱ་བ་དང༌། གཞན་གྱི་དོན་ཐམས་ཅད་ནི་བདག་གི་དོན་དང་འབྲེལ་བ་དང༌། མཐར་ཐུག་གི་ཕན་པའི་རྒྱུ་དང་གནས་སྐབས་ཀྱི་བདེ་བའི་རྒྱུ་དང༌། རྣམ་པར་སྨིན་པ་དང་བསོད་ནམས་དང་ཡེ་ཤེས་དག་གི་རྒྱུས་བསྡུས་པ་དང་འབྲས་བུས་བསྡུས་པ་དང༌། ཚེ་འདིའི་དོན་དང་ཚེ་རབས་གཞན་གྱི་དོན་དང་འཇིག་རྟེན་ལས་འདས་པའི་དགེ་བ་གཏན་དུ་བ་དང༌། འཇིག་རྟེན་པའི་དགེ་བ་གཏན་དུ་བ་མ་ཡིན་པ་སྟེ། བདག་དང་གཞན་གྱི་དོན་རྣམ་པ་བཅུ་ལ་ནང་[སེམས་{གསེས་}ཀྱི་དབྱེ་བ་མཐའ་ཡས་པ་དང་བཅས་པ་གསུངས་ཤིང༌། འདིར་ནི་མཚན་ཉིད་ཀྱིས་སྒྲུབ་པ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ། ཕན་ཡོན་གྱིས་བསྡུས་ཏེ་བསྔགས་པའོ། ། ① མཚན་ཉིད་ཀྱིས་སྒྲུབ་པ་མདོར་བསྟན། དང་པོ་ནི། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་བསྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བ་བྱེད། །དེ་ཡང་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་གནས་པས་གནས་སམ་གཞི་ཆེ་པ་དང་སྦྱོར་བ་རང་གཞན་གྱི་དོན་རྒྱ་ཆེན་པོ་རྩོམ་པས་རྩོམ་པ་ཆེ་བ་དང༌། མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོ་འབྱུང་བས་འབྲས་བུ་འབྱུང་བ་ཆེ་བའི་བདག་ཉིད་ཅན་ཏེ་ཆེན་པོ་གསུམ་དང་ལྡན་པ་དེ་ནི་རྒྱལ་པའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་ཡང་དག་པ་ཡིན་པར་འདོད་ཅིང༌། དེ་རྣམས་ཀྱང་གོ་རིམ་བཞིན་དུ་གནས་སེམས་བསྐྱེད་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བར་ཁས་ལེན་པས་རྟག་ཏུ་ལེན་པ་ཆེ་བ་ཉིད་དང༌། སྦྱོར་བ་རྩོམ་པ་ནི་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་སྐྱོ་བ་མེད་པས་བཟོད་པ་ཆེ་བ་ཉིད་དང༌། འབྲས་བུ་འབྱུང་བ་ནི་སེམས་ཅན་མང་པོའི་དོན་ཆེན་པོ་ཡང་དག་[པར་]སྒྲུབ་པའི་བྱ་བ་འཕྲིན་ལས་ཕུན་སུམ་ཚོགས་པ་བྱེད་པ་ཡིན་པས་ཐེག་པ་ཆེན་པོའི་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་དགེ་བའོ། ། ② དེའི་དོན་རྒྱས་པར་བཤད་པ། རྒྱས་བཤད་ལ་བདུན་ཏེ། དོན་གཉིས་ལ་ཁྱད་པར་མེད་ཚུལ། གཞན་གྱི་དོན་གཙོ་བོར་སྒྲུབ་ཚུལ། གཞན་དོན་གྱི་རྣམ་པར་དབྱེ་བ། གཞན་དོན་གྱི་སྒྲུབ་པ་བསྔགས་པ། སྒྲུབ་པའི་ཁྱད་པར་བསྟན་པ། སྤྱོད་ཡུལ་རྣམས་ཡོངས་སུ་བསྒྱུར་བ། གནོད་བྱེད་ལ་ཁྲོ་བ་སྤང་ཚུལ་ལོ། ། ༡ དོན་གཉིས་ལ་ཁྱད་པར་མེད་ཚུལ། དང་པོ་ནི། གཞན་དང་བདག་ཏུ་མཉམ་པའི་སེམས་ཉིད་དམ། །བདག་བས་གཞན་ཆེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། །སེམས་ཅན་གཞན་རྣམས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་རང་བཞིན་ཆོས་ཉིད་དུ་མཉམ་ཞིང་གནས་སྐབས་བླང་དོར་གྱི་ཚུལ་ལའང་མཉམ་པའི་སེམས་དེ་ཉིད་ཆོས་མཆོག་མན་ཆད་དུ་མོས་པ་ཡིད་ལ་བྱེད་བའི་སྒོ་ནས་སམ། མཐོང་ལམ་ཡན་ཆད་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རྙེད་པ་ཉིད་དམ། ཡང་ན་ཤེས་རབ་ཀྱིས་བདག་གཞན་མཉམ་པ་ཉིད་དུ་རྟོགས་པར་མ་ཟད། སྙིང་རྗེ་ཆེན་པོས་བདག་པས་གཞན་རྣམས་ཆེས་ཆེར་སྡུག་ཅིང་གཅེས་པ་རྙེད་ནས་ནི། དེ་ལྟར་བདག་གི་དོན་པས་གཞན་གྱི་དོན་མཆོག་ཏུ་ཤེས་པ་དེ་ལ། རང་གི་དོན་གཅེས་པར་བྱ་བ་ནི་གང་ཡིན་ཞིང་གཞན་གྱི་དོན་གཅེས་པར་མི་བྱ་བ་ནི་གང་ཡིན་ཏེ། ཁྱད་པར་མེད་པས་གཉི་ག་ཡང་བསྒྲུབ་པར་བྱ་བར་མཉམ་པ་ཉིད་དོ། ། ༢ གཞན་གྱི་དོན་གཙོ་བོར་སྒྲུབ་ཚུལ། གཞན་དོན་གཙོ་བོར་སྒྲུབ་ཚུལ་ནི། ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་མི་བཟད་གདུང་བ་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལའང༌། །ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་མ་ཡིན། །ཇི་ལྟར་ན་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གཞན་མང་པོ་རྣམས་ཀྱི་དོན་གྱི་ཕྱིར་མགོ་དང་ཡན་ལག་བཅད་དེ་སྦྱིན་པར་གཏོང་བ་ལ་སོགས་པས། བདག་ཉིད་ལ་སྡུག་བསྔལ་མི་བཟད་པས་གདུང་བ་རབ་ཏུ་བྱེད་པ་དེ་ལྟར་འཇིག་རྟེན་ཕལ་པ་རྣམས་རང་གཞན་གདུང་བར་བྱེད་པ་ཞེ་སྡང་དྲག་པོ་ལ་སོགས་པའི་ལས་ཀྱིས་གཞན་དགྲ་བོར་གྱུར་པ་རྣམས་ལའང་ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་པར་ནུས་པ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་དུ་རང་ལ་གནོད་པ་བྱེད་པ་དེ་ཙམ་འཇིག་རྟེན་པ་རྣམས་ཀྱིས་དགྲ་ལའང་བྱེད་མི་ནུས་པ་དེ་ལྟར་གཞན་དོན་ལ་སྤྲོ་བས་འཇུག་པར་བྱའོ། །སྤྱོད་འཇུག་ལས་ཀྱང༌། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་སྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཞེས་ཐོག་མར་བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་དོན་གཉིས་སྒྲུབ་པ་དང༌། གང་ཞིག་བདག་དང་གཞན་དག་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་ཕྱི་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་གཞན་དོན་གཙོ་བོར་སྒྲུབ་པར་གསུངས་པ་དང་ཡང་མཐུན་པ་ཉིད་དོ། ། ༣ གཞན་དོན་གྱི་རྣམ་པར་དབྱེ་བ། གཞན་དོན་གྱི་རྣམ་པར་དབྱེ་བ་ནི། ཐ་ཆད་འབྲིང་དང་མཆོག་ཆོས་ཉིད་གནས་ལ། །ལེགས་པར་སྟོན་དང་མགུ་བྱེད་འཇུག་པ་དང༌། །དོན་ལ་རྣམ་ངེས་དགེ་བ་ཡོངས་སྨིན་བྱེད། །དེ་བཞིན་གདམས་ངག་གནས་དང་བློ་རྣམ་གྲོལ། །ཡོན་ཏན་ཁྱད་པར་ཅན་གྲུབ་དེ་བཞིན་དུ། །རིགས་སུ་སྐྱེ་དང་ལུང་བསྟན་དབང་བསྐུར་དང༌། །དེ་བཞིན་གཤེགས་མཁྱེན་བླ་མེད་གོ་འཕང་སྟེ། །བཅུ་གསུམ་བདག་ཉིད་འདི་ནི་གཞན་གྱི་དོན། །དོན་དམ་ཆོས་ཉིད་རང་བཞིན་གྱི་རིགས་ལ་ཁྱད་པར་མེད་ཀྱང་ཀུན་རྫོབ་གློ་བུར་གྱི་དྲི་མ་ཉོན་སྒྲིབ་ཙམ་སྤང་རུང་གི་ཆ་ནས་ཐ་ཆད་དམ་དམན་པ་ཉན་ཐོས་ཀྱི་རིགས་ཅན་རྣམས་དང༌། ཤེས་སྒྲིབ་ཀྱིའང་ཕྱོགས་གཅིག་གཟུང་རྟོག་ཀྱང་སྤང་རུང་གི་ཆ་ནས་འབྲིང་པོ་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་དང༌། སྒྲིབ་པ་གཉི་ག་སྤང་རུང་གི་ཆ་ནས་མཆོག་གི་ཆོས་ཉིད་ལ་གནས་པ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་བྱང་ཆུབ་སེམས་དཔས་གདུལ་བྱ་རང་རང་གི་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་དང༌། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དག་གིས་ཆོས་ལེགས་པར་སྟོན་པ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་བསྟན་པ་ལ་མགུ་ཞིང་དད་པར་བྱེད་པ་དང༌། དད་པར་གྱུར་པ་རྣམས་སྐྱབས་སུ་འགྲོ་བ་དང་བསླབ་བྱ་སྲུང་བ་ལ་སོགས་པ་ལ་བཀོད་དེ་བསྟན་པ་ལ་འཇུག་པར་བྱེད་པ་དང༌། ཞུགས་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཆེད་དུ་ལུང་གི་ཆོས་བསྟན་ནས་བླང་དོར་གྱི་དོན་ལ་རྣམ་པར་ངེས་པའི་ཡིད་ཆེས་སྐྱེད་པར་བྱེད་པ་དང༌། ངེས་པ་ཐོབ་པ་རྣམས་བླང་དོར་ལ་བཀོད་ནས་ཐར་པ་ཆ་མཐུན་གྱི་དགེ་བ་ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་བཞིན་དུ་སེམས་མཉམ་པར་མ་གཞག་པ་རྣམས་མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་བའི་ཆེད་དུ་གདམས་ངག་ཟབ་མོ་འདོམས་པར་བྱེད་པ་དང༌། གདམས་ངག་ལ་བརྟེན་ནས་ཏིང་ངེ་འཛིན་ཞི་གནས་ཀྱི་ངང་དུ་སེམས་གནས་པར་བྱེད་པ་དང༌། ཤེས་རབ་ལྷག་མཐོང་གི་སྒོ་ནས་བློ་རྣམ་པར་གྲོལ་བར་བྱེད་པ་དང༌། ཞི་གནས་ལྷག་མཐོང་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གོང་ནས་གོང་དུ་གྲུབ་པར་བྱེད་པ་སྟེ། དེ་དག་ནི་ཐུན་མོང་དུ་རིགས་ཅན་གསུམ་ག་ལ་ཕན་པའི་སྒྲུབ་པ་ཡིན་ལ།དེ་བཞིན་དུ་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་ས་དང་པོར་སྔར་བཤད་པའི་ས་བོན་ལ་སོགས་པའི་ཁྱད་པར་བཞི་དང་ལྡན་པས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང༌།ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་དངོས་སུ་བྱང་ཆུབ་ཆེན་པོར་ལུང་བསྟན་པ་དང༌། ས་བཅུ་པར་འོད་ཟེར་ཆེན་པོའི་སྒོ་ནས་ཆོས་ཀྱི་རྒྱལ་བོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང༌། སངས་རྒྱས་ཀྱི་སར་དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པའི་གོ་འཕང་མཆོག་ལ་འགོད་པ་སྟེ། དེ་ལྟར་ན་ཐུན་མོང་བ་དགུ་དང་ཐུན་མོང་མ་ཡིན་པ་བཞི་དང་བཅས་པའི་བཅུ་གསུམ་གྱི་བདག་ཉིད་འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་རབ་ཏུ་དབྱེ་བའོ། ། ༤ གཞན་དོན་གྱི་སྒྲུབ་པ་བསྔགས་པ། གཞན་དོན་གྱི་སྒྲུབ་པ་བསྔགས་པ་ནི། སྐྱེ་བོ་དང་མཐུན་ཕྱིན་ཅི་མ་ལོག་འཆད། །མི་འགྱང་བ་དང་བདག་གི་མེད་ལ་མཁས། །བཟོད་དུལ་ཤིན་ཏུ་རིང་སོང་མི་ཟད་པ། །རྒྱལ་སྲས་རྣམས་ཀྱི་བསྒྲུབ་པ་མཆོག་ཡིན་ནོ། །སྔར་བཤད་པ་ལྟར་རིགས་ཅན་གསུམ་གྱི་སྐྱེ་བོ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པའི་ལམ་དང་སྤང་བྱ་གང་ཤས་ཆེ་བ་དེའི་གཉེན་པོ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་ལེགས་པར་སྟོན་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། ང་རྒྱལ་གྱིས་མི་འགྱིང་བར་རྫུ་འཕྲུལ་གྱིས་བསྟན་པ་ལ་དད་པར་བྱེད་པ་ནི་མགུ་པར་བྱེད་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། དད་པར་བྱས་པ་རྣམས་བདག་གི་འཁོར་ཡིན་ནོ་སྙམ་པའི་རློམ་པ་དང་རྙེད་བཀུར་ལ་རེ་བ་མེད་པ་ནི་འཇུག་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། བདག་དང་བདག་གི་བ་མེད་པའི་དོན་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་རྣམས་བསལ་ནས་ངེས་ཤེས་བསྐྱེད་པར་བྱེད་པ་ལ་མཁས་པ་ནི་དོན་ལ་རྣམ་པར་ངེས་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། གཞན་དོན་གྱི་དཀའ་སྤྱད་དྲག་པོ་ལ་བཟོད་སྲན་ཆེ་བའི་དགེ་བ་ཡོངས་སྨིན་བྱེད་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། རང་མ་དུལ་ན་གཞན་གདུལ་བར་མི་ནུས་པས་བདག་ཉིད་བསླབ་པ་གསུམ་དང་ལྡན་པས་ལུས་སེམས་དུལ་བ་ནི་གདམས་ངག་འདོམས་པ་དང༌། སེམས་གནས་པ་དང་བློ་རྣམ་པར་གྲོལ་བ་དང་ཡོན་ཏན་ཁྱད་པར་ཅན་འགྲུབ་པའི་བསྒྲུབ་པ་བཞི་ཕུན་སུམ་ཚོགས་པ་དང༌། ས་དང་པོ་ནས་བརྒྱད་པ་དང་བཅུ་པ་དང་བཅུ་གཅིག་པ་རྣམས་ནི་འོག་མ་འོག་མ་ལས་གོང་མ་གོང་མར་ཤིན་ཏུ་རིང་དུ་སོང་བ་ཡིན་ཞིང་རིང་དུ་མ་སོང་བས་ནི་[གཞན་]རིགས་སུ་སྐྱེ་བ་ལ་སོགས་པར་བྱེད་མི་ནུས་པས། དེ་དག་ལ་གནས་ནས་གཞན་ཡང་དེ་དག་ལ་འགོད་པ་ནི་རིགས་སུ་སྐྱེ་བ་དང་ལུང་བསྟན་པ་དང་དབང་བསྐུར་བ་དང་བླ་མེད་གོ་འཕང་ལ་འགོད་པའི་བསྒྲུབ་པ་བཞི་ཕུན་སུམ་ཚོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཁས་བླངས་ཤིང་སེམས་ཅན་ལ་ཟད་པ་མེད་པས་བསྒྲུབ་པ་ཡང་མི་ཟད་པ་ནི་བཅུ་གསུམ་པོ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབ་པ་ནི་འཇིག་རྟེན་པ་དང་ཉན་རང་གི་བསྒྲུབ་པ་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་བསྔགས་པར་བྱ་བ་ཡིན་ནོ།། ༥ སྒྲུབ་པའི་ཁྱད་པར་བསྟན་པ། བསྒྲུབ་པའི་ཁྱད་པར་ནི། འདོད་ལྡན་སྐྱེ་བོ་འཇིགས་པ་ཆེ་ལ་འཇུག །སྲེད་དགའ་ཕྱིན་ཅི་ལོག་བདེ་གཡོ་བ་ལ། །ཞི་དགའ་རིང་གིས་ལེན་པ་རབ་ཞི་ལ། །སྙིང་རྗེས་བདག་ཉིད་ལེན་ཀུན་ཞི་ལ་རྟག །འདོད་ལྡན་སྐྱེ་བོ་འདོད་ཁམས་ལ་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་བསྒྲུབ་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་ཞེན་པས་དེའི་ཆེད་དུ་ཚེ་འདིར་ཡང་གསོད་པ་དང་གཅོད་པ་ལ་སོགས་པའི་སྡིག་པ་དང་སྡུག་བསྔལ་ལ་ལོངས་སྤྱོད་ཅིང༌། ཕྱི་མར་ཡང་ངན་སོང་གི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་ལ་འཇུག་པས་དམན་པ་སྟེ། རྒྱ་ཆེར་རོལ་པ་ལས། འདོད་པའི་སྐྱོན་རྣམས་མ་ལུས་བདག་གིས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཛིན་བྱེད་དུག་གི་ལོ་མ་ལྟ་བུ་དང༌། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་{འདྲ}། །ཞེས་པ་དང༌། སྤྱོད་འཇུག་ལས་ཀྱང༌། འཇིག་རྟེན་འདི་དང་ཕ་རོལ་ཏུ། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདིར་ནི་གསོད་དང་འཆིང་དང་གཅོད། །ཕ་རོལ་ཏུ་ནི་དམྱལ་སོགས་བསྒྲུབ། །ཅེས་གསུངས་པ་ལྟར་རོ། །ཁམས་གོང་མ་གཟུགས་དང་གཟུགས་མེད་པའི་སྲིད་པ་ལ་དགའ་ཞིང་དེ་དག་བསྒྲུབ་པ་ནི་བསམ་གཏན་དང་པོ་གསུམ་གྱི་བདེ་བ་འགྱུར་བའི་སྡུག་བསྔལ་ལ་བདེ་བར་འཛིན་པ་རྣམས་ཕྱིན་ཅི་ལོག་གི་བདེ་བ་ལ་ཆགས་པ་ཡིན་ཞིང༌། བསམ་གཏན་བཞི་པ་ཡན་ཆད་ཀྱི་བཏང་སྙོམས་ཀྱང་མི་རྟག་ཅིང་གཡོ་བ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས། མདོ་ལས། འདི་ལྟར་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ། ། ཞེས་གསུངས་པ་ལྟར་མ་ཤེས་པར་སྡུག་བསྔལ་ལ་བདེ་བར་འཛིན་པ་འཁྲུལ་བ་སྟེ་དེ་རྣམས་ནི་སྲིད་པའི་མཐར་ལྷུང་བའོ། །རང་ཉིད་གཅིག་པུ་ཞི་བའི་མྱ་ངན་ལས་འདས་པ་ལ་དགའ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྒྲུབ་པ་ནི་རང་རང་གི་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་ཉོན་མོངས་པ་རབ་ཏུ་ཞི་བ་ཙམ་ལ་འཇུག་པ་སྟེ། ཞི་བའི་མཐར་ལྷུང་བའོ། །སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབ་པ་ནི་ཤེས་རབ་ཀྱིས་རང་གཞན་གྱི་ཉེ་བར་ལེན་པ་ཀུན་ཞི་བར་བྱེད་པས་སྲིད་པའི་མཐའ་ལ་མི་གནས་ལ། སྙིང་རྗེ་ཆེན་པོས་ཕུང་པོ་ལྷག་མེད་དུའང་མི་ཟད་ཅིང་རྟག་པའི་སྒོ་ནས་གཞན་དོན་རྒྱུན་མི་འཆད་པས་ཞི་བའི་མཐའ་ལའང་མི་གནས་པའི་ཕྱིར་སྔ་མ་དག་ལས་མཆོག་ཏུ་གྱུར་བའོ། །ཁྱད་པར་གཞན་ཡང༌། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །དེ་མ་ཐོབ་པའི་རྟག་ཏུ་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་བརྩོན་པ་ནི། །གཉི་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །སྐྱེ་བོ་རྨོངས་པ་རྣམས་རང་གི་བདེ་བ་སྒྲུབ་པའི་དོན་དུ་ཚོང་དང་ཞིང་ལས་དང་གཞན་ལ་གནོད་པ་ལ་སོགས་པའི་བྱ་བ་ལ་བརྩོན་པར་བྱེད་ཀྱང༌། ཐབས་ལ་རྨོངས་པས་བདེ་བ་དེ་མ་ཐོབ་པར་ཚ་གྲང་དང་གཅོད་འདྲལ་ལ་སོགས་པས་རྟག་ཏུ་འཁོར་བར་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པར་འགྱུར་ལ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་དུས་རྟག་ཏུ་རང་དོན་ལ་ཆགས་པ་མེད་པར་གཞན་ལ་ཕན་པ་དང་བདེ་བའི་དོན་འབའ་ཞིག་སྒྲུབ་པ་ལ་བརྩོན་པ་ནི་རང་གཞན་གཉི་གའི་དོན་ཕུན་སུམ་ཚོགས་པ་གྲུབ་པར་བྱས་ནས་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་བ་སྟེ། སྤྱོད་འཇུག་ལས་ཀྱང༌། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །ཞེས་པ་དང༌། མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་དོན་བྱེད་པ་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །དེ་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་པ་ལྟར་རོ། ། ༦ སྤྱོད་ཡུལ་རྣམས་ཡོངས་སུ་བསྒྱུར་བ། སྤྱོད་ཡུལ་ཡོངས་སུ་བསྒྱུར་པ་ནི། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་འཕྲལ་གྱི་སྤྱོད་ལམ་ལ་འཇུག་པའི་ཚེ། རྣམ་པ་ཇི་ལྟ་ཇི་ལྟ་བུར་མིག་ལ་སོགས་པའི་དབང་པོ་གཟུགས་ལ་སོགས་པའི་སྤྱོད་ཡུལ་སྣ་ཚོགས་ལ་འཇུག་པར་འགྱུར་བ་དེ་ལ་དེ་ལྟར་དེ་དང་རིགས་མཐུན་པའི་ཚིག་གིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དེ་དག་ཐམས་ཅད་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པ་ལྟར་བསྔོ་བའི་སྒོ་ནས་ཡོངས་སུ་བསྒྱུར་ཞིང་མངོན་པར་འདུ་བྱེད་དོ། །དེ་ཡང་བྱང་ཆུབ་སེམས་དཔའ་གྲོང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག དེ་བཞིན་དུ་སྦྱར་ཏེ། ཉལ་ཞིང་གཉིད་པའི་ཚེ་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པར་དང་རྨི་ལམ་བྱུང་བ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པ་དང༌། གཉིད་སད་པ་ན་མ་རིག་པའི་གཉིད་ལས་སད་པ་དང་ལྡང་བ་ན་སངས་རྒྱས་གཟུགས་ཀྱི་སྐུ་ཐོབ་པ་དང༌། གོས་གོན་པ་ན་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པ་དང༌། སྟན་ལ་འདུག་པ་ན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པ་དང༌། མེ་གཏང་པ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པ་དང༌། མེ་འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བ་དང༌། ཟས་ཟ་བ་བསམ་གཏན་གྱི་ཟས་ཐོབ་པ་དང༌། གྲོང་ལས་ཐོན་པ་ན་འཁོར་བའི་གྲོང་ཁྱེར་ལས་ཐར་བ་དང༌། སྒོ་འབྱེད་པ་ན་ཐར་པའི་གྲོང་ཁྱེར་གྱི{སྒོ}འབྱེད་པ་དང༌། སྒོ་གཅོད་པ་ན་ངན་སོང་གསུམ་གྱི་སྒོ་གཅོད་པ་དང༌། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པ་དང༌། སྣོད་སྟོང་པ་མཐོང་བ་ན་སྐྱོན་ཐམས་ཅད་ཀྱིས་སྟོང་བ་དང༌། གང་བ་མཐོང་བ་ན་ཡོན་ཏན་ཐམས་ཅད་ཀྱིས་གང་བར་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། དེ་བཞིན་དུ་མིག་གིས་གཟུགས་མཐོང་བ་ན་སངས་རྒྱས་ཀྱི་སྐུ་མཐོང་བ་དང༌། རྣ་བས་སྒྲ་ཐོས་པ་ན་དམ་པའི་ཆོས་ཀྱི་སྒྲ་ཐོས་པ་དང༌། སྣས་དྲི་ཚོར་བ་ན་ཚུལ་ཁྲིམས་ཀྱི་དྲི་ཚོར་བ་དང༌། ལྕེས་རོ་མྱོང་བ་ན་ཆོས་ཟབ་མོའི་རོ་མྱོང་བ་དང༌། ལུས་ཀྱིས་རེག་བྱ་མྱོང་བ་ན་ཏིང་ངེ་འཛིན་གྱི་བདེ་བ་རེག་པ་དང༌། ཡིད་ཀྱིས་ཆོས་རིག་པ་ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བར་གྱུར་ཅིག་ཅེས་པ་ལ་སོགས་པའི་སྒོ་ནས་སྣང་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བ་ལ་འབད་པར་བྱའོ། ། ༧ གནོད་བྱེད་ལ་ཁྲོ་བ་སྤང་ཚུལ། གནོད་བྱེད་ལ་ཁྲོ་བ་སྤང་བ་ནི། རྟག་ཏུ་ཉེས་པ་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་དེ། །མི་འདོད་བཞིན་དུ་ལོག་པར་བསྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ལ་ལོག་བསྒྲུབ་ཀྱིས་གནོད་པ་སྣ་ཚོགས་བྱུང་ཡང༌། སེམས་ཅན་འདི་དག་ནི་དུས་རྟག་ཏུ་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ཉེས་པ་རྣམས་ནི་རང་དབང་མེད་པར་བྱས་པ་ཡིན་ནོ་སྙམ་དུ་སེམས་པ་ཉིད་ཀྱིས་གནོད་བྱེད་ཀྱི་སྐྱེ་བོ་ལ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་ཉེས་པ་བྱེད་པར་མི་འཛིན་ཏེ། གནོད་པ་བྱེད་པར་མི་འདོད་བཞིན་དུ་ཁོང་ཁྲོ་ཞེ་སྡང་དྲག་པོས་རང་དབང་མེད་པར་བསྐུལ་ནས་ལོག་པར་སྒྲུབ་པར་འགྱུར་རོ་ཞེས་རྟོགས་ནས་གནོད་བྱེད་ཀྱི་སྐྱེ་བོ་དག་ལ་ལྷག་པར་ཡང་སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་བར་འགྱུར་བའི་ཕྱིར་རོ། །བཞི་བརྒྱ་པ་ལས། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བར་འགྱུར་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ལྷག་པར་བརྩེ། །ཞེས་པ་དང༌། སྤྱོད་འཇུག་ལས་ཀྱང༌། ཉོན་མོངས་སྐྱེས་པ་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་[རྒྱ་{རྒྱུ་}ལ་མ་སྐྱེས་པར། །ཁྲོ་བར་གྱུར་པ་ཅིའི་ཐ་ཚིག །ཅེས་གསུངས་པ་ལྟར་རོ། ། ③ ཕན་ཡོན་གྱིས་བསྡུས་ཏེ་བསྔགས་པ། ཕན་ཡོན་གྱིས་བསྡུ་བ་ནི། བསྒྲུབ་པ་འདིས་ནི་སྲིད་དང་འགྲོ་བ་ཀུན། །ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན། །ཡོན་ཏན་སྣ་ཚོགས་ཚོགས་ཀྱིས་རྣམ་པར་འཕེལ། །བྱམས་པའི་བསམ་པས་རྟག་ཏུ་འགྲོ་བ་སྡུད། །དེ་ཡང་ཆེ་བའི་བདག་ཉིད་བཞི་དང་ལྡན་པ་སྟེ། ཟིལ་གྱིས་གནོན་པའི་ཆེ་བ་ཉིད། སྔར་བསྟན་པར་གནས་པ་དང་རྩོམ་པ་དང་འབྲས་བུ་འབྱུང་བ་ཆེ་བའི་བདག་ཉིད་ཅན་གྱི་སྒྲུབ་པ་འདིས་ནི་སྲིད་པ་ཁམས་གསུམ་དང་འགྲོ་བ་རྒྱུད་ལྔས་བསྡུས་པ་ཀུན་ཟིལ་གྱིས་མནན་ནས་སངས་རྒྱས་ཀྱི་སར་འགྲོ་བའི་ཕྱིར་ཏེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གལ་ཏེ་གཟུགས་དངོས་པོར་འགྱུར་གྱི་དངོས་པོ་མེད་པ་མ་ཡིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར། ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །དེའི་དོན་ཡང་གཟུགས་ལ་སོགས་པ་དོན་དམ་པར་བདེན་པ་ཡིན་ན། བྱིས་པ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་མཐོང་བས་ཟིལ་གྱིས་མནན་པར་མི་ནུས་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་[ཀྱི་]རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཟུགས་སོགས་དོན་དམ་དུ་བདེན་པ་མེད་པར་རྟོགས་པས་འཁོར་བ་མཐའ་དག་ཟིལ་གྱིས་མནན་ནས་མྱ་ངན་ལས་འདས་པར་ངེས་པར་འབྱུང་བར་འགྱུར་རོ་ཞེས་པའོ། །མྱ་ངན་ལས་འདས་པའི་ཆེ་བ་ཉིད་ནི། ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་ཤིང་སྙིང་རྗེས་ཞི་བའི་མཐའ་ལའང་མི་གནས་པས་ཞི་བ་མཆོག་དང་ལྡན་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་དང༌། ཡོན་ཏན་གྱི་ཆེ་བ་ཉིད་ནི། སྟོབས་བཅུ་ལ་སོགས་པའི་ཡོན་ཏན་སྣ་ཚོགས་པ་རྣམས་ཚོགས་གཉིས་ཀྱི་སྟོབས་ཀྱིས་རྣམ་པར་འཕེལ་བར་འགྱུར་པའི་ཕྱིར་དང༌། སེམས་ཅན་ཡོངས་སུ་མི་གཏོང་བའི་ཆེ་བ་ཉིད་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འདོད་པ། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་ལྡན་པའི་བསམ་པས་སྦྱོར་བ་དུས་རྟག་ཏུ་བསྡུ་བའི་དངོས་པོ་བཞིས་འགྲོ་བ་མཐའ་དག་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཐེག་པ་ཆེན་པོའི་སྒྲུབ་པ་འདི་ནི་མཆོག་ཏུ་བསྔགས་པར་བྱ་བ་ཉིད་དོ། །སེམས་བསྐྱེད་པ་ལས་འགྲུབ་པའི་རང་དང་གཞན་གྱི་དོན་བསྒྲུབ་པའི་སྐབས་རྫོགས་པར་ བཤད་ཟིན་ཏོ།། །། ༧༽དོན་སྒྲུབ་པ་ལས་དེ་བཞིན་ཉིད་ཀྱི་དོན་བསྟན་པ། ད་ནི་དོན་བསྒྲུབ་པ་ལས་འཐོབ་པའི་དེ་བཞིན་ཉིད་ཀྱི་དོན་བསྟན་པ་ལ། སྤྱི་དོན་དང་གཞུང་དོན་གཉིས་ལས། ⓵ སྤྱི་དོན། ༡ ངོ་བོ་ངོས་གཟུང་བ། དང་པོ་ལའང་ངོ་བོ་ངོས་གཟུང་དང་འཁྲུལ་པ་སྤང་བའོ། ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོང་ཉིད་ཟབ་མོ་ངོས་བཟུང་བ་ནི། དབུས་དང་མཐའ་རྣམ་པར་འབྱེད་པ་ཉིད་ན་གསལ་བ་ལྟར་འཆད་པ་ལའང་གཉིས་ལས། མདོར་བསྟན་པ་ནི། སྟོང་པ་ཉིད་ནི་མདོར་བསྡུ་ན། །མཚན་ཉིད་དང་ནི་རྣམ་གྲངས་དང༌། །དེ་ཡི་དོན་དང་དབྱེ་བ་དང༌། །སྒྲུབ་པ་དག་སྟེ་ཤེས་པར་བྱ། །ཞེས་པ་ལྟར། (ལྔ་སྟེ།)སྤྱིའི་མཚན་ཉིད། མཚན་གྱི་རྣམ་གྲངས། དེའི་སྒྲ་དོན། རྣམ་པའི་དབྱེ་བ། སྒྲུབ་པ་བསྟན་པའོ། ། དང་པོ་ནི། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་[སྟོང་པའི་]མེད་པའི་མཚན་ཉིད་དོ། །ཡོད་པ་མ་ཡིན་མེད་པའང་མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །གཉིས་དངོས་མེད་དང་ཞེས་པ་དང༌། ཡོད་པ་མ་ཡིན་ཞེས་རིམ་པ་ལྟར་སྦྱར་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་འདི་དག་དཔྱད་ན་དོན་དམ་དུ་ཡོད་པ་མ་ཡིན་པས་ཀུན་རྫོབ་རང་རང་གི་ངོ་བོས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཞིང༌། དངོས་མེད་པའི་དངོས་པོ་ཞེས་པ་དང༌། མེད་པའང་མིན་ཞེས་སྦྱར་ཏེ་གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་དངོས་པོའམ་ངོ་བོ་ཉིད་ནི་འཕགས་པའི་ཡེ་ཤེས་ཀྱི་སྦྱོད་ཡུལ་དུ་མེད་པའང་མིན་པས། དོན་དམ་གློ་བུར་གྱི་དྲི་མས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པས། དེ་བས་ན་(ཆོས་དང་ཆོས་ཉིད་རྣམ་འབྱེད་དུུ་)ཆོས་ཉིད་སྟོང་པ་ཉིད་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་ཡུལ་གྱི་སྒོ་ནས་ཐ་དད་པ་མ་ཡིན་ཞིང༌། ཆོས་ཉིད་འདུས་མ་བྱས་དང་ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པ་ཡང་མ་ཡིན་པའི་ཕྱིར། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱང་བསྟན་པའོ། །(བློ་བརྟན)འགྲེལ་བཤད་ལས། དེ་ལྟར་ན་སྟོང་པ་ཉིད་འདི་ནི་མེད་པའི་མཚན་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དང༌། མི་གནས་པའི་མཚན་ཉིད་ཅན་ཞེས་ཀྱང་གསུངས་སོ། ། (གཉིས་པ)རྣམ་གྲངས་ནི། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་ཉིད་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །སྟོང་པ་ཉིད་ལ་སོགས་པའི་དོན་གཅིག་ཉིད་མིང་ཐ་དད་པས་སྟོན་པ་སྟེ། (འགྲེལ་བཤད་དུ)གསུང་རབ་རྣམས་ལས་མི་གཉིས་པ་དང་རྣམ་པར་མི་རྟོག་པའི་དབྱིངས་དང་ཆོས་ཉིད་དང་བརྗོད་དུ་མེད་པ་ཉིད་དང་མི་འགལ་བ་དང་འདུས་མ་བྱས་དང་མྱ་ངན་ལས་འདས་པ་ལ་སོགས་པ་གསུངས་པ་རྣམས་(འདིར)མདོར་བསྡུ་ན་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལྔའོ། ། (གསུམ་པ)སྒྲ་དོན་ནི། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམ་བཞིན། །དེ་རྣམས་ཀྱང་མིང་བཏགས་པ་ཙམ་མ་ཡིན་གྱི་དོན་དང་ལྡན་པར་འཆད་པ་སྟེ། སྟོང་པ་ཉིད་འདུས་མ་བྱས་ཡིན་པས་ནམ་ཡང་གཞན་དུ་མི་འགྱུར་བའི་ཆ་ནས་དེ་བཞིན་ཉིད་དང༌། ཕྱིན་ཅི་ལོག་གི་གཞི་མ་ཡིན་ཞིང་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཆ་ནས་ཡང་དག་པའི་མཐའ་དང༌། སྤྲོས་པའི་མཚན་མ་ཐམས་ཅད་འགགས་པའི་ཆ་ནས་མཚན་མ་མེད་པ་དང༌། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཆ་ནས་དོན་དམ་པ་དང༌། འཕགས་པའི་ཆོས་ཐམས་ཅད་དེ་ལ་དམིགས་ནས་འབྱུང་བའི་ཆ་ནས་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། ། (བཞི་པ་)དབྱེ་བ་ལ་གཉིས་ལས། དང་པོ་གཉིས་སུ་དབྱེ་བ་ནི། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཀུན་ནས་ཉོན་མོངས་པ་དང་བཅས་[པ]། འཁོར་བའི་གནས་སྐབས་ན་དྲི་བཅས་དེ་བཞིན་ཉིད་དང་རྣམ་པར་དག་པ་མྱ་ངན་ལས་འདས་པའི་གནས་སྐབས་ན་དྲི་མེད་དེ་བཞིན་ཉིད་ཅེས་པའོ། །དྲི་བཅས་དྲི་མེད་དུ་འགྱུར་ཡང་ངོ་བོ་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་ཆུ་རྙོགས་པ་སངས་པ་དང་གསེར་ས་འོག་ནས་འཐོན་པ་དང་ནམ་མཁའ་སྤྲིན་སངས་པ་བཞིན་དུ་དྲི་མ་དང་བྲལ་བ་ཙམ་ཡིན་པའི་ཕྱིར་རོ། ། (གཉིས་པ)བཅུ་དྲུག་དུ་དབྱེ་བ་ནི། གསུང་རབ་མང་པོ་ལས་འབྱུང་བའི་དོན་སྡོམ་དུ་བྱས་ན། ནང་དང་ཕྱི་དང་ཕྱི་ནང་ཆེན་པོ་དང༌། །སྟོང་ཉིད་དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་འདས་ཐོག་མཐའ་དོར་མེད་རང་བཞིན་དང༌། །རང་མཚན་ཆོས་ཀུན་དངོས་མེད་ངོ་བོ་ཉིད། །ཅེས་པ་སྟེ་དེ་ཡང་ཕྱི་ནང་གི་དངོས་པོ་ལ་བདག་དང་བདག་གིར་འཛིན་པ་བཟློག་པའི་ཆེད་དུ། (དབུས་མཐར)ཟ་བོ་བཟའ་བ་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །ཟ་བའམ་ལོངས་སྤྱོད་པ་པོ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྟོང་པར་གནས་པ་ནི་ནང་སྟོང་པ་ཉིད་དང༌། དེ་བཞིན་དུ་སྦྱར་ཏེ་བཟའ་བའམ་ལོངས་སྤྱད་པར་བྱ་བ་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་ཀྱིས་སྟོང་པ་ནི་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་དེ་དག་གི་གནས་སམ་ལུས་ཁོག་པའི་སྟོང་པ་ནི་ཕྱི་{ནང་}སྟོང་པ་ཉིད་དང༌། གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོའི་སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་དང༌། དེ་དག་ལ་གཟུང་འཛིན་དུ་ཞེན་པ་དགག་པའི་ཕྱིར། དེ་ཡང་ཇི་ལྟར་གང་གིས་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞིང་ཤེས་པའི་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང༌། ཇི་ལྟར་དོན་དམ་པའི་རྣམ་པའོ་སྙམ་དུ་མཐོང་བར་བྱ་བ་དེའི་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ལས་བརྩམས་ཏེ། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་མི་གཏང་བྱ་བའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་པ་ནི་འདུས་བྱས་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི་འདུས་མ་བྱས་སྟོང་པ་ཉིད་དང༌། ཕན་གདགས་པར་བྱ་བའི་སེམས་ཅན་མཐའ་ཡས་པའི་སྟོང་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། བློས་མི་གཏང་བར་བྱ་བ་འཁོར་བ་ཐོག་མཐའ་མེད་པའི་ སྟོང་པ་ནི་ཐོག་མ་དང་ཐ་མ་མེད་[པའི་{པ་}སྟོང་པ་ཉིད་དང༌། ཕུང་པོ་ལྷག་མ་མེད་པའི་མྱང་འདས་སུ་འང་དགེ་བ་མི་ཟད་ཅིང་མི་འདོར་བའི་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། དེ་བཞིན་དུ་རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་བར་བྱེད། ། དེ་བཞིན་ཉིད་རང་བཞིན་གྱི་རིགས་རྣམ་པར་དག་པ་དྲི་མས་ཀྱང་དག་པར་བྱ་བའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དང༌། ཐོབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་རྣམས་[ཀྱི་{ཀྱིས་}རང་གི་མཚན་ཉིད་སྟོང་པ་[ནི་རང་གི་མཚན་ཉིད་སྟོང་པ་]ཉིད་དང༌། དག་པར་བྱ་བ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོང་པ་ནི་ཐམས་ཅད་སྟོང་པ་ཉིད་དེ། བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པར་བྱེད་པ་སྟོང་པ་ཉིད་བཅུ་བཞིའི་རྣམ་བཞག་ཤེས་པར་བྱའོ། །དེ་ཐམས་ཅད་ཀྱང་ཕྱི་མ་གཉིས་སུ་རྣམ་པར་འཇོག་པ་ནི༑ གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གི་དངོས་པོ་མེད་པ་ནི། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དོན་དམ་ཆོས་ཀྱི་དབྱིངས་མཐའ་དག་གིས་སྟོང་པ་དེའི་ངོ་བོ་མི་འགྱུར་བར་ཡོད་པ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། གོ་རིམ་བཞིན་དུ་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དོན་དམ་སྟོང་པ་ཉིད་ལ་{ར་པ་འདེབས་པའི་མཐའ་བསལ་བའི་ཕྱིར་བསྟན་པའོ། ། (ལྔ་པ)སྒྲུབ་པ་ནི། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །གལ་ཏེ་གཉེན་པོ་མ་བསྒོམས་ཀྱང་ཉོན་མོངས་པ་མེད་པར་འགྱུར་ན་ལུས་ཅན་ཐམས་ཅད་འབད་པ་མེད་པར་འཁོར་བ་ལས་གྲོལ་བར་འགྱུར་ཞིང༌། ཅི་སྟེ་གཉེན་པོ་བསྒོམས་ཀྱང་རྣམ་པར་དག་པར་མི་འགྱུར་ན་ཐར་པ་ཐོབ་པའི་དོན་དུ་ལམ་སྒོམ་པ་འབད་པ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན། ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་མ་དག་དག་པ་མིན། ། རིམ་པ་ལྟར་སྦྱར་ཏེ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཉོན་མོངས་པ་མ་ཡིན་ཞིང་མ་དག་པའང་མ་ཡིན་ལ། \ོ་བུར་གྱི་དྲི་མས་ཉོན་མོངས་པའི་ཕྱིར་ཉོན་མི་མོངས་པ་མ་ཡིན་ཞིང་དག་པའང་མ་ཡིན་པས་སྟོང་པ་ཉིད་ཀྱི་དབྱེ་བ་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་དྲི་བཅས་དེ་བཞིན་ཉིད་དང༌། རྣམ་པར་དག་པའི་གནས་སྐབས་ན་དྲི་མེད་{དེ}བཞིན་ཉིད་ལ་སོགས་པར་སྔར་བསྟན་པ་དེ་རྣམས་མི་འགལ་བར་བསྒྲུབས་པ་ཡིན་ནོ། །དེ་ལྟར་ན་དྲི་བཅས་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་སྒོ་ནས་དྲི་མེད་དེ་བཞིན་ཉིད་ཐོབ་པར་བྱ་བའི་ཆེད་དུ་ལམ་རྣམ་དག་བསྒོམ་པ་ལ་འབད་པར་བྱའོ། ། ༢ འཁྲུལ་པ་སྤང་བ། འཁྲུལ་པ་སྤང་བ་ལ་གསུམ་ལས། (དང་པོ་)ཡོད་པ་རྟག་པའི་མཐར་ལྷུང་བ་སྤང་བ་ནི། གཟུགས་སོགས་ཀུན་རྫོབ་ཀྱི་སྣང་བ་འདི་རྣམས་དོན་དམ་དུ་ཡོད་པ་ཡིན་ན་དེ་དག་མཐོང་བའི་བྱིས་པ་རྣམས་ཀྱིས་ཀྱང་ཡང་དག་པ་རིག་པར་འགྱུར་ཞིང་དེ་ལས་གཞན་པའི་ཡང་དག་པའི་ཡེ་ཤེས་དོན་མེད་པར་ཡང་ཐལ་བར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། དབང་པོ་རྣམས་ཀྱིས་གང་དམིགས་དེ། །གལ་ཏེ་ཡང་དག་མཆིས་གྱུར་ན། །བྱིས་པས་ཡང་དག་རིག་པར་འགྱུར། །གང་ཚེ་ཡང་དག་ཤེས་པས་ཅི། །ཞེས་གསུངས་པ་ལྟར་རོ། །ལུང་ལས་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་གསུངས་པ་དང་མི་འགལ་ལམ་སྙམ་ན། དེ་དག་ནི་དངོས་པོར་སྨྲ་བ་རྣམས་རིམ་གྱིས་གཞུག་པའི་དོན་དུ་གསུངས་པ་ཡིན་གྱི། དོན་དམ་དུ་ཡོད་པར་གསུངས་པ་ནི་མ་ཡིན་ཏེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བའི་སེམས་ཅན་ལ༑ ༑དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ལྟར་རོ། །དོན་དམ་བདེན་པ་ཡོད་པར་གསུངས་པའང་ཀུན་རྫོབ་འདུས་བྱས་ཀྱི་དངོས་པོར་ཡོད་པ་ནི་མ་ཡིན་ཏེ། དེ་ལྟར་ཡིན་ན་མི་རྟག་པ་མི་བརྟན་པ་བརྫུན་པ་བསླུ་བའི་ཆོས་ཅན་དུ་ཐལ་བར་འགྱུར་བ་ལས། དོན་དམ་པའི་བདེན་པ་ནི་རྟག་པ་བརྟན་པ་ནམ་ཡང་མི་སླུ་བའི་ཆོས་ཉིད་ཡིན་པར་བཤད་ཅིང་འཆད་པར་འགྱུར་བའི་ཕྱིར་རོ། ། (གཉིས་པ་)མེད་པ་ཆད་པའི་མཐར་ལྷུང་བ་སྤང་བ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་གསུངས་པའི་ཕྱིར་ཀུན་རྫོབ་ལས་རྒྱུ་འབྲས་ཀྱང་བདེན་པར་མེད་དོ་ཞེས་སེམས་པ་ནི་འཁྲུལ་པ་སྟེ། མཛོད་ལས། མེད་པར་ལྟ་བས་རྩ་བ་གཅོད། །ཅེས་རྒྱུ་འབྲས་ལ་བ{ར་པ་བཏབ་ན་སྔར་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་གཅོད་པར་གསུངས་པའི་ཕྱིར་རོ། །དེ་བས་ན་རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དེ། །རྣམ་པ་ཀུན་ཏུ་བདེ་བ་དག ། ཅེས་གསུངས་པ་ལྟར་ཀུན་རྫོབ་ལས་རྒྱུ་འབྲས་སླུ་བ་མེད་པ་ལ་མངོན་པར་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བརྟེན་ནས་བླང་དོར་ཚུལ་བཞིན་དུ་བྱས་ཏེ། འཇིག་རྟེན་པ་ཡིས་ཡང་དག་ལྟ༑ ༑ཆེན་པོ་སུ་ལ་ཡོད་གྱུར་པ། །དེས་ནི་བསྐལ་པ་སྟོང་དག་ཏུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ༑ ༑ཞེས་ཀྱང་གསུངས་པ་ལྟར་རོ། ། ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པའི་ཕྱིར་དོན་དམ་པའི་བདེན་པའང་གཏན་ནས་མེད་པའོ་སྙམ་དུ་སེམས་ན། ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །དབྱིངས་དེ་ཉམས་པར་བྱེད་མ་ཡིན། །ཞེས་པ་ལྟར་མེད་པར་གསུངས་པ་རྣམས་ཀུན་ནས་ཉོན་མོངས་པ་གློ་བུར་གྱི་དྲི་མ་རྣམས་དཔྱད་ན་མེད་པར་བསྟན་པ་ཡིན་གྱི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་མེད་པ་ནི་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང༌། དམ་པའི་དོན་ནི་བཅོས་མ་མིན། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་རྫས་དངོས་ཡོད་པ་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་མ་ལགས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཀུན་རྫོབ་ཀུན་རྫོབ་ཏུ་བདེན་པ་དང༌། དོན་དམ་དོན་དམ་དུ་བདེན་པའི་རྣམ་དབྱེ་མི་ཤེས་པར་སྟོང་པ་ཉིད་ཀྱི་དོན་ཅི་ཡང་མེད་པའོ་སྙམ་དུ་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་ཆད་པའི་མཐར་ལྷུང་བ་སྟེ། དབུ་མའི་རྩ་བར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་གསུངས་པ་ལྟར་རོ། ། (གསུམ་པ་)དེས་ན་མཐའ་གཉིས་དང་བྲལ་བར་བསྟན་པ་ནི། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེས་ན་མཐའ་གཉིས་སྤངས་པ་ཡི༑ ༑ཆོས་དེ་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པ་ལྟར་གནས་སྐབས་སུ་གཟུགས་སོགས་འདུས་བྱས་ཀྱི་དངོས་པོ་རྣམས་སྣ་ཚོགས་སུ་སྣང་ཡང་དཔྱད་ན་རང་རང་གི་ངོ་བོས་སྟོང་པས་ཀུན་རྫོབ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་དང་བྲལ་བའི་དོན་དང༌། མཐར་ཐུག་ཆོས་ཀྱི་དབྱིངས་འདུས་མ་བྱས་སོ་སོ་རང་རིག་[པའི་]ཡེ་ཤེས་ལ་སྣང་ཡང་གློ་བུར་གྱི་དྲི་མས་སྟོང་པས་དོན་དམ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་དང་བྲལ་བའི་དོན་ལ་མོས་པར་བྱ་སྟེ། བདེན་གཉིས་ལས་ཀྱང༌། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེས་བཤད་དོ། །ཞེས་གསུངས་པ་ལྟར་རོ། ། ⓶ གཞུང་དོན། གཞུང་དོན་ལ་མཚན་ཉིད་ཀྱིས་མདོར་བསྟན། དེའི་དོན་རྒྱས་བཤད། ཕན་ཡོན་གྱིས་བསྡུ་བའོ། ། ༡ མཚན་ཉིད་ཀྱིས་མདོར་བསྟན་པ། དང་པོ་ནི། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་འདི་ནི་དོན་དམ་མཚན། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཟབ་མོ་སྟོང་པ་ཉིད་དོན་དམ་པའི་བདེན་པ་ནི་གཉིས་སུ་མེད་པའི་མཚན་ཉིད་ལྔ་དང་ལྡན་པ་སྟེ། ཡོད་མེད་གཉིས་དང་གཅིག་དང་ཐ་དད་གཉིས་དང་སྐྱེ་འཇིག་གཉིས་དང་འཕེལ་འགྲིབ་གཉིས་དང་དག་མ་དག་གཉིས་ཀྱི་མཐའ་དང་བྲལ་བའོ། །དེ་ཡང་ཆོས་ཉིད་དེ་བཞིན་ཉིད་དེ་བདག་གཉིས་སུ་ཀུན་[དུ་]བཏགས་པ་དང་གདགས་གཞི་ཤེས་པ་གཞན་དབང་གི་དངོས་པོར་ཡོད་པར་མིན་ཞིང༌། དེ་དག་གིས་སྟོང་བའི་ཆོས་ཉིད་ཡོངས་གྲུབ་ཀྱི་ངོ་བོར་མེད་པའང་མིན་པ་དང་གཅིག ཀུན་བཏགས་ནི་བློ་འཁྲུལ་པས་བརྟགས་པ་ཡིན་ལ་གཞན་དབང་ཡང་དེའི་གདགས་གཞི་ཀུན་ཏུ་རྟོག་པ་འདུས་བྱས་ཡིན་པ་དང༌། ཡོངས་གྲུབ་དོན་དམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཉིད་འགྱུར་བ་མེད་པ་འདུས་མ་བྱས་པ་ཡིན་པས་དེ་དག་དེ་བཞིན་ཏེ་གཅིག་པ་མིན་ཞིང༌། དེ་དག་ཁོ་ན་ལས་གཞན་མེད་པས་སམ་ཆོས་ཉིད་ཡོངས་གྲུབ་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་གཞན་ཏེ་ཐ་དད་པའང་མིན་པ་དང་(༢)། ཆོས་ཀྱི་དབྱིངས་འདུས་མ་བྱས་ཡིན་པས་ཐོག་མར་སྐྱེ་བ་མེད་པ་དང༌། མཐར་འཇིག་པའང་མེད་པ་དང་(༣)། ལམ་བསྒོམས་ཏེ་སྤང་བྱ་ཀུན་ནས་ཉོན་མོངས་པའི་ཆོས་འགགས་ཀྱང་དེའི་ཆོས་ཉིད་འབྲི་བར་མི་འགྱུར་ཏེ། གཉེན་པོ་རྣམ་པར་བྱང་བའི་ཆོས་འཕེལ་བ་ན་དེའི་ཆོས་ཉིད་འཕེལ་བ་མེད་ཅིང་མི་འགྱུར་བར་གནས་པ་དང་(༤)། དེ་བཞིན་ཉིད་ཀྱི་ངོ་བོ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཕྱིས་རྣམ་པར་དག་པར་འགྱུར་དགོས་པའང་མེད་ལ། ལམ་བསྒོམས་ཏེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་པས་རྣམ་པར་དག་པར་འགྱུར་བའང་ཡིན་པ་སྟེ་(༥)། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། ། བྱང་ས་ལས་ཀྱང༌། (འབྱུང་བའི་དོན་བསྡུས་པ་)འཇིག་རྟེན་པ་རྣམས་ཀྱི་ལྟ་བ་མཚུངས་པར་གྱུར་པས་འདི་ནི་ས་ཁོ་ན་ཡིན་གྱི་མེ་མ་ཡིན་ནོ་ཞེས་པ་དང༌། དེ་བཞིན་དུ་མེ་དང་ཆུ་དང་རླུང་དང་གཟུགས་ལ་སོགས་པའི་ཡུལ་རྣམས་དང་ཟས་དང་སྐོམ་ལ་སོགས་པ་དང༌། སྡུག་བསྔལ་དང་བདེ་བ་ལ་སོགས་པ་རྣམས་ལ་འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྤྱོད་ཡུལ་གཅིག་ཏུ་གྱུར་[པ་{པས་}མ་བརྟགས་གཟུང་བའི་དངོས་པོ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་དང་(༡)། སོ་སོའི་སྐྱེ་བོ་མཁས་པ་མཛངས་པ་རྟོག་དཔྱོད་དང་ལྡན་པ་རྣམས་ཀྱིས་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས་འཐད་པའི་སྒྲུབ་པའི་རིགས་པས་བསྒྲུབས་ཤིང་རྣམ་པར་བཞག་པ་དེ་ནི་རིགས་པས་གྲགས་པའི་དེ་ཁོ་ན་དང་(༢)། ཉན་ཐོས་དང་རང་སངས་རྒྱས་རྣམས་ཟག་པ་མེད་པ་དང་དེའི་རྗེས་ལས་ཐོབ་པའི་ཤེས་པས་བདེན་པ་བཞི་མངོན་པར་རྟོགས་པ་ན་ཕུང་པོ་ཙམ་ནི་དམིགས་ཤིང་ཕུང་པོ་ལས་དོན་གཞན་དུ་གྱུར་པའི་གང་ཟག་གི་བདག་མེད་པར་རྟོགས་པའི་སྤྱོད་ཡུལ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་(༣)། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་མཐའ་དག་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་དེ་བཞིན་ཉིད་མཆོག་བླ་ན་མེད་པར་ཤེས་བྱའི་མཐར་ཐུག་པ་མངོན་སུམ་དུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ(༤)། རྣམ་པ་བཞི་གསུངས་ཤིང༌། དེ་ལྟར་བཞིའི་དང་པོ་གཉིས་ནི་ཐ་མ་གསུམ་པ་ནི་འབྲིང་དང་བཞི་པ་ནི་མཆོག་ཡིན་པར་རིག་པར་བྱའོ་ཞེས་ཀྱང་གསུངས་པ་རྣམས་ཀྱི་ནང་ནས་འདིར་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མཆོག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་སྟེ། དྲི་མ་མེད་པའི་འོད་ལས་ཀྱང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་ལྟར་རོ། །ཁ་ཅིག་སྤྲོས་བྲལ་གྱི་དོན་གཞི་གཅིག་ལ་སྦྱར་ནས་ཅིར་ཡང་མ་གྲུབ་པ་གང་ཡང་མ་ཡིན་པ༑ ཅི་ཡང་མེད་པའོ་ཞེས་འདོད་པ་ནི་ཆད་པ་ཆེན་པོར་ལྷུང་བ་སྟེ། བྱང་ས་ལས། སྟོང་པ་ཉིད་ལ་ལོག་པར་འཛིན་པ་ནི་ཤེས་བྱའི་དངོས་པོ་ལ་རྨོངས་པས་ཤེས་བྱ་ཐམས་ཅད་ལ་(མེད་ཅེས){ར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་ཐར་བར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། ། བསླབ་པའི་གཞི་དག་ལས་ཀྱང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བའི་དངོས་པོ་ལ་(མེད་ཅེས་){ར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ་ཞེས་པ་དང༌། ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ་དེས་ན་དེ་ཉིད་སྟོང་པ་ཉིད་དུ་ཡང་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བས་ན་གཞི་ཐ་དད་ལ་སྦྱར་ནས་སྤྲོས་བྲལ་གྱི་དོན་སྔར་བསྟན་པ་དེ་དག་ནི་ཡང་དག་པའི་དོན་ཡིན་ཏེ། ཡང་དེ་ཉིད་ལས་སྟོང་པ་ཉིད་ལ་ལེགས་པར་ཞུགས་པ་གང་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་བར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི། སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །[བཤེས་སྤྲིང་{རིན་ཆེན་ཕྲེང་བ་}ལས་ཀྱང༌། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་བ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །དེ་དག་རྣམ་པར་སྨིན་པ་མི་བཟད་ལྡན། ། ཞེས་གསུངས་པས་ཀུན་རྫོབ་ལས་རྒྱུ་འབྲས་བདེན་པར་ཡོད་པ་དང༌། དོན་དམ་ཆོས་[ཀྱི་]དབྱིངས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པ་ལ་མངོན་པར་ཡིད་ཆེས་པར་བྱའོ། ། ༢ དེའི་དོན་རྒྱས་པར་བཤད་པ། རྒྱས་བཤད་ལ། སྤང་བྱ་ཕྱིན་ཅི་ལོག་སྤང་ཚུལ་དང༌། གཉེན་པོ་ཡང་དག་པ་བསྟེན་ཚུལ་ལོ། ། ❶ སྤང་བྱ་ཕྱིན་ཅི་ལོག་སྤང་ཚུལ། དང་པོ་ལའང༌། ཕྱིན་ཅི་ལོག་བདག་ལྟ་དགག་པ་དང༌། ཕྱིན་ཅི་ལོག་སྨད་དེ་སྤང་བའོ། ། ༡ ཕྱིན་ཅི་ལོག་བདག་ལྟ་དགག་པ། དང་པོ་ནི། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །གཉིས་ལས་གཞན་མེད་དེ་ནི་ནོར་པར་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །}ར་ཆོས་ཐམས་ཅད་བདག་མེད་ཅིང་སྟོང་པ་ཉིད་སྤྲོས་པའི་མཐའ་དང་བྲལ་བ་ཡིན་ནོ་ཞེས་བསྟན་པ་ལ། དེ་ལྟ་མ་ཡིན་ཏེ་བདག་རྫས་སུ་གྲུབ་པ་ཡོད་དོ་ཞེ་ན། བདག་དེ་བདག་ཏུ་འཛིན་མཁན་གྱི་ཤེས་པ་ཡིན་ནམ་གཟུང་བྱ་ཉེར་ལེན་གྱི་ཕུང་པོ་ཡིན་ནམ་དེ་དག་ལས་གཞན་པ་ཞིག་ཡིན་ཞེས་བརྟགས་ནས། དང་པོ་ལྟར་ན། བདག་ཏུ་ལྟ་བའི་ཤེས་པ་བདག་ཉིད་ནི་བདག་གི་མཚན་ཉིད་དམ་ངོ་བོར་ཡོད་པ་མིན་ཏེ། བདག་ནི་རྟག་པར་འདོད་པ་ལ་ཤེས་པ་དེ་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། ། གཉིས་པ་ལྟར་ན། ཉོན་མོངས་པའི་གནས་ངན་ལེན་གྱིས་བསྐྱེད་པས་ངན་པར་གནས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་བདག་གི་ངོ་བོ་མིན་ཏེ། བདག་ནི་རྟག་པ་གཅིག་པུ་རང་དབང་ཅན་དུ་འདོད་པ་ལ། ཕུང་པོ་ནི་མི་རྟག་དུ་མ་གཞན་དབང་ཅན་ཡིན་པས་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །གསུམ་པ་ལྟར་ན་བདག་ཏུ་ལྟ་བ་དང་ཉེར་ལེན་གྱི་ཕུང་པོ་དེ་གཉིས་ལས་གཞན་པའི་བདག་ཀྱང་མེད་དེ། གལ་ཏེ་ཡོད་ན་ཚད་མ་ལ་སྣང་དུ་རུང་བ་ལ་མ་དམིགས་པའི་ཕྱིར་རོ། །དེ་བས་ན་བདག་མེད་ལ་བདག་ཏུ་འཛིན་པ་དེ་ནི་ནོར་པར་སྐྱེས་པ་ལོག་པའི་ཤེས་པ་ཡིན་ཏེ་དཔེར་ན་ཐག་པ་ལ་སྦྲུལ་དུ་བཟུང་ནས་སྐྲག་པ་བཞིན་ནོ། །བརྟགས་ཤིང་དཔྱད་ན་བདག་རྫས་སུ་གྲུབ་པ་མེད་པ་དེའི་ཕྱིར་དེ་ལྟར་རྟོགས་ནས་ཐར་པ་ཐོབ་པ་ནི་བདག་དང་བདག་གིར་འཛིན་པའི་ནོར་པའམ་འཁྲུལ་པ་ཙམ་ཟད་པ་ཡིན་གྱི། གྲོལ་བ་པོའི་བདག་ཡོད་པ་ནི་མ་ཡིན་ཏེ་ཐག་པ་ལ་ཐག་པར་ཤེས་ནས་སྦྲུལ་གྱི་འཇིགས་པ་དང་བྲལ་བ་བཞིན་ནོ། །དེ་བས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་ལྟ་སྤང་བར་བྱ་སྟེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། ། ༢ ཕྱིན་ཅི་ལོག་སྨད་དེ་སྤང་བ། ཕྱིན་ཅི་ལོག་སྨད་པ་ནི། ཇི་ལྟར་འཁྲུལ་པ་ཙམ་བརྟེན་སྐྱེ་བོ་ཡིས། །སྡུག་བསྔལ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར། །རིག་མིན་རིག་ཉིད་སྡུག་བསྔལ་སྡུག་བསྔལ་མེད། །ཆོས་ཀྱི་རང་བཞིན་དེ་ཡི་རང་བཞིན་མིན། །ཆོས་ཐམས་ཅད་བདག་མེད་པ་ཡིན་ན། ཇི་ལྟར་ཏེ་ཅིའི་ཕྱིར་འཇིག་རྟེན་འཁྲུལ་པ་ཙམ་ལ་བརྟེན་པའི་སྐྱེ་བོ་ཡིས་ཀྱང་འདུ་བྱེད་སྡུག་བསྔལ་གྱི་རང་བཞིན་རྒྱུན་ཆགས་སུ་གནས་པ་འདི་བདག་མེད་དུ་རྟོགས་པར་མི་འགྱུར་ཏེ། རྟོགས་ཤིང་རིག་པར་འགྱུར་དགོས་སོ་ཞེ་ན་རིག་པར་མི་འགྱུར་ཏེ། བདག་ཏུ་ལྟ་བ་འཁྲུལ་པ་ཙམ་ལ་བརྟེན་པའི་ཕྱིར་དང༌། བདག་མེད་རྟོགས་པའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་པའི་ཕྱིར་རོ། །འོ་ན་སྡུག་བསྔལ་ཡང་རྟོགས་ཤིང་རིག་པར་མི་འགྱུར་རམ་སྙམ་ན༑ སྡུག་བསྔལ་ནི་ཡེ་ཤེས་ཀྱིས་རིག་པར་བྱ་དགོས་པ་མིན་ཏེ། ཁམས་གསུམ་གྱི་ཚོར་བ་མཐའ་དག་སྡུག་བསྔལ་དུ་ཉམས་སུ་མྱོང་བས་[མིན་{རིག་}པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སྡུག་བསྔལ་གྱི་རྒྱུ་བདག་འཛིན་མ་སྤངས་པས་སྡུག་བསྔལ་བར་གྱུར་པ་ཡིན་ལ། དོན་དམ་པར་སྡུག་བསྔལ་མྱོང་བ་པོའི་བདག་མེད་པའི་ཕྱིར་སྡུག་བསྔལ་བར་འགྱུར་པའང་མེད་དོ། །དེ་ལྟར་གང་ཟག་གི་བདག་མེད་པས་ཀུན་རྫོབ་ཏུ་ཕུང་པོ་ཁམས་དང་སྐྱེ་མཆེད་རྨི་ལམ་སྒྱུ་མ་ལྟ་བུ་ཆོས་ཙམ་གྱི་རང་བཞིན་དུ་ཟད་པ་ཡིན་ལ། དོན་དམ་པར་གཟུང་འཛིན་ཆོས་ཀྱི་བདག་ཀྱང་མེད་པའི་ཕྱིར། ཆོས་ཙམ་དེའི་རང་བཞིན་ཡང་ཡོད་པ་མིན་པས་བདག་མེད་ལ་བདག་ཏུ་འཛིན་པ་ནི་འཁྲུལ་པའོ། །སྐྱེད་བྱེད་ཀྱི་བདག་མེད་ན་འབྲས་བུ་སྣ་ཚོགས་སུ་སྐྱེ་བ་མི་རིགས་སོ་སྙམ་ན། བརྟེན་ནས་དངོས་རབ་སྐྱེ་བ་མངོན་འཇུག་ན། །སྐྱེ་བོ་ཇི་ལྟར་གཞན་གྱིས་བྱས་ལ་བརྟེན། །གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་འདི་གང་ཞིག །ཀུན་རྫོབ་ཏུ་ས་བོན་ལས་མྱུ་གུ་དང་མ་རིག་པ་ལས་འདུ་བྱེད་ལ་སོགས་པ་རྒྱུ་སྔ་མ་སྔ་མ་ལ་བརྟེན་ནས་འབྲས་བུའི་དངོས་པོ་ཕྱི་མ་ཕྱི་མ་རྣམས་རབ་ཏུ་སྐྱེ་བ་མངོན་སུམ་དུ་འཇུག་པ་མཐོང་བཞིན་པ་ཡིན་ན། ཕྱི་རོལ་པ་ལ་སོགས་པའི་སྐྱེ་བོ་རྨོངས་པ་རྣམས་ཇི་ལྟར་ཏེ་ཅིའི་ཕྱིར་རྟེན་འབྲེལ་ལས་གཞན་བདག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་བྱས་སོ་ཞེས་ལྟ་བ་ངན་པ་ལ་བརྟེན་ཏེ་རྟེན་པ་ནི་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་ཡོད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་མི་མཐོང་བར་མེད་པ་བདག་དང་གཙོ་བོ་ལ་སོགས་པ་མཐོང་བ་འདི་འདྲའི་མུན་ནག་གི་རྣམ་པ་འདི་གང་ཞིག་ཡིན་ཏེ། མུན་པ་ཕལ་པས་ནི་ཡོད་པ་མི་མཐོང་བར་བྱེད་ཀྱི་མེད་པ་མཐོང་བར་མི་བྱེད་ལ། བློ་མ་རིག་པའི་མུན་པས་བསྒྲིབས་པས་ནི་མེད་པ་ཡང་མཐོང་བ་སྔོན་མེད་པའི་མུན་པ་ཆེན་པོ་སྟེ་ཤིན་ཏུ་སྨད་པར་བྱ་བ་ཡིན་པའི་ཕྱིར་རོ།། ❷ གཉེན་པོ་ཡང་དག་པ་བསྟེན་ཚུལ། གཉེན་པོ་ལ་བདག་མེད་པ་ཞི་བར་བསྟན་པ་དང༌། ཡེ་ཤེས་ལ་རིམ་གྱིས་འཇུག་ཚུལ་ལོ། ། ⑴ བདག་མེད་པ་ཞི་བར་བསྟན་པ། དང་པོ་ནི། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང༌། །སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག །སྐྱེ་བ་ཟད་པས་ཞི་བ་ཐོབ་པར་བཤད། །བདག་མེད་ན་ལམ་སྒོམ་པ་པོ་མེད་པས་ཐར་པ་ཐོབ་པ་མེད་དོ་ཞེ་ན། དཔེ་མེད་པར་བསྟོད་པ་ལས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་ཁྱོད་མི་བཞེད། །འཁོར་བ་ཞི་ཉིད་གང་ཡིན་པ། །དེ་ཉིད་མྱ་ངན་འདས་པར་བཞེད། །ཅེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་ཚུལ་འདི་ལ་དོན་དམ་པའི་ཚུལ་གྱིས་ཞི་བ་མྱ་ངན་ལས་འདས་པའི་རང་བཞིན་དང་སྐྱེ་བ་འཁོར་བའི་རང་བཞིན་དེ་གཉིས་[ལ་]བདག་གཉིས་ཀྱིས་སྟོང་པར་ཁྱད་པར་ཅི་ཡང་མེད་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ལ། འོན་ཀྱང་སྒྲིབ་པ་མ་སྤངས་ན་ནི་འཁོར་བར་སྡུག་བསྔལ་ལ་ལོངས་སྤྱོད་ཅིང༌། ལམ་སྒོམ་པ་ལ་སོགས་པ་དགེ་བའི་ལས་རྣམས་བྱེད་པ་དག་ནི་སྐྱེ་བ་འཁོར་བའི་སྡུག་བསྔལ་མཐའ་དག་ཟད་པས་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པར་བཤད་དེ། དེ་བས་ན་བདག་མེད་རྟོགས་པའི་ལྟ་བ་རྣམ་དག་ལ་བརྟེན་ནས་ཟག་པ་མེད་པའི་ལམ་སྒོམ་པ་ལ་འབད་པར་བྱའོ། ། ⑵ ཡེ་ཤེས་ལ་རིམ་གྱིས་འཇུག་ཚུལ། ཡེ་ཤེས་ལ་འཇུག་ཚུལ་ནི་སློབ་ལམ་བཞི་ལ་རིམ་གྱིས་འཇུག་པ་སྟེ། དང་པོ་ཚོགས་ལམ་གྱི་སྐབས་སུ། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །བྱང་ཆུབ་སེམས་དཔའ་རྣམས་ཐབས་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་དུས་མཐའ་ཡས་པ་བསྐལ་པ་གྲངས་མེད་ཅིག་གི་ཕ་རོལ་ཏུ་ས་དང་པོ་ཐོབ་པར་འགྱུར་བ།ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཚོགས་རྒྱ་ཆེན་པོ་རྣམས་ལེགས་པར་བསགས་ནས་གསུང་རབ་ཀྱི་ཆོས་ལ་ཐོས་པ་དང་སེམས་པ་བྱས་ཏེ་ཕྱི་རོལ་གྱི་དོན་དུ་སྣང་བ་འདི་དག་བདེན་པ་མེད་པར་ཤིན་ཏུ་རྣམ་པར་ངེས་པས་ཏིང་ངེ་འཛིན་བསྒོམས་པའི་ཕྱིར། དོན་གྱི་རྣམ་པར་སྣང་བ་རྣམས་བརྗོད་པ་སྟེ། རྣམ་པར་རྟོག་པའི་རྒྱུ་ཅན་ཡིན་པར་རྟོགས་ནས་ཤེས་པ་ཉིད་དེར་སྣང་བ་ཡིན་གྱི། ཕྱི་རོལ་གྱི་དོན་བདེན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་རིམ་གྱིས་འཇུག་གོ ། སྦྱོར་ལམ་གྱི་གནས་སྐབས་སུ། དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །བྱང་ཆུབ་སེམས་དཔའ་དེ་ཡིས་ཚོགས་ལམ་རྫོགས་པའི་རྗེས་སུ། ཕྱི་རོལ་གྱི་དོན་དུ་སྣང་བ་ཐམས་ཅད་བརྗོད་པ་སྟེ་རྟོག་པ་ཙམ་དུ་སྒོམ་བྱུང་ཤེས་རབ་ཀྱི་དོན་དུ་རིག་ནས་དེར་སྣང་བ་ཐམས་ཅད་གཟུང་བར་ནི་མེད་ཀྱི། འཛིན་པའི་སེམས་ཙམ་མོ་ཞེས་བྱ་བར་རྟོགས་ནས་དེ་ལ་ནི་ཡང་དག་པར་གནས་སོ། ། མཐོང་ལམ་གྱི་སྐབས་སུ། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སྦྱོར་ལམ་ངེས་འབྱེད་ཆ་མཐུན་རྫོགས་པའི་རྗེས་དེ་ནས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་སྤང་བྱ་གཟུང་བ་དང་འཛིན་པ་གཉིས་ཀྱི་མཚན་ཉིད་དང་བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར་ཞེས་མདོར་བསྟན་ནས། རྟོགས་ཚུལ་རྒྱས་པར་བཤད་པ་ནི། སེམས་ལས་གཞན་མེད་པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། ། }ར་དྲོད་རྩེ་མོ་བཟོད་པ་གསུམ་དུ་སེམས་ལས་དོན་གཞན་དུ་གྱུར་པའི་དམིགས་ཡུལ་གཟུང་བ་རང་བཞིན་མེད་པར་ཡང་བློས་རིག་ནས་དེ་ནས་ཆོས་མཆོག་ཏུ་གཟུང་བ་མེད་ན་འཛིན་པའང་མེད་པའི་ཕྱིར། འཛིན་པ་སེམས་ཙམ་པོ་དེ་ཉིད་ཀྱང་མེད་པ་ཉིད་དུ་རྟོགས་ཏེ་ཟག་མེད་ཤེས་རབ་ཀྱི་བློ་དང་ལྡན་པས་གཟུང་བ་དང་འཛིན་པ་གཉིས་པོ་མེད་པར་རིག་ནས། མཐོང་ལམ་དུ་གཟུང་འཛིན་གཉིས་པོ་དེ་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པ་ལ་སེམས་གནས་པའི་ཚུལ་གྱིས་འཇུག་གོ ། སྒོམ་ལམ་གྱི་སྐབས་སུ། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ལ་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཆོས་ཉིད་མངོན་སུམ་དུ་མཐོང་བའི་རྗེས་ནས་[བློ་དང་ལྡན་པ་]བྱང་ཆུབ་སེམས་དཔའ་སྒོམ་ལམ་པའི་གཉེན་པོ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དུས་རྟག་ཏུ་ཆོས་ཅན་གཞན་དབང་ཀུན་ལའང་མཉམ་པར་སོང་ཞིང་རྟོགས་པ་ཡིས། གཞན་དབང་ཀུན་གཞིའི་རྣམ་ཤེས་དེ་ལ་བརྟེན་པའི་སྒོམ་སྤང་ཉེས་པའི་ཚོགས་རིང་དུ་རྗེས་སུ་ཞུགས་པ་གནས་ངན་ལེན་བག་ཆགས་དང་བཅས་པའི་ཚང་ཚིང་སྤང་དཀའ་བར་གྱུར་པ་རྣམས། དཔེར་ན་དུག་གི་སྨན་ཆེན་པོ་བསྣམས་པ་དང་མྱངས་པས་དུག་ཐམས་ཅད་མེད་པར་བྱེད་པ་བཞིན་དུ་སེལ་བར་བྱེད་ཅིང་གནས་ཡོངས་སུ་གྱུར་པས་དོན་དམ་པའི་ཡེ་ཤེས་ལ་འཇུག་གོ ། ༣ ཕན་ཡོན་གྱིས་བསྡུ་བ། ཕན་ཡོན་གྱིས་བསྡུ་བ་ནི། ཐུབ་པས་གསུངས་པའི་ཆོས་ཚུལ་ལེགས་བཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོག་པ་ཙམ་རིག་བརྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ །}ར་སློབ་ལམ་བཞིར་དོན་དམ་པའི་ཡེ་ཤེས་ལ་རིམ་གྱིས་ཞུགས་པའི་བྱང་ཆུབ་སེམས་དཔའ་དེས། ཐུབ་པས་གསུངས་པའི་དམ་པའི་ཆོས་ཀྱི་ཚུལ་ཐོག་མཐའ་བར་གསུམ་དུ་དགེ་བ་མིང་ཚིག་ཡི་གེའི་སྒོ་ནས་ལེགས་པར་བཞག་པ་རྣམས་གདམས་ངག་གི་སྐབས་སུ་འཆད་པར་འགྱུར་བའི་{བྱང་ཆུབ་}སེམས་དྲུག་གི་ནང་ནས། མདོ་སོགས་མིང་ལ་སེམས་འཇོག་གོ །ཞེས་པ་ལྟར་མདོ་སྡེའི་མིང་ས་བཅུ་པ་[ཞེས་བྱ་བ་]ལ་སོགས་པ་ཙམ་[ལ་]དམིགས་པ་ནི། བསྡུས་པའི་ཆོས་ལ་དམིགས་པ་རྩ་བའི་སེམས་བྱ་བའམ། ཡང་ན་(བློ་བརྟན་དང་བཙུན་པའི་)འགྲེལ་བཤད་དག་ལས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་དོན་བསྡུས་པ་ལ་དམིགས་པ་ནི་རྩ་བའི་སེམས་ཞེས་གསུངས་པས་སེམས་ལས་སུ་རུང་བའི་སྒོ་ནས་ཆོས་ཀྱི་དབྱིངས་བདག་མཐའ་དག་གིས་སྟོང་པའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་མཉམ་པར་བཞག་སྟེ་གང་དང་གང་དྲན་པ་རྒྱུ་བ་དེ་དང་དེ་ཐམས་ཅད་རྟོག་པ་ཙམ་ཡིན་གྱི། གཟུང་འཛིན་དུ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་རིག་པའི་བརྟན་པ་དག་ནི་མཐའ་མི་སློབ་པའི་ལམ་ཡང་ཡོངས་སུ་རྫོགས་ནས། སྟོབས་དང་མི་འཇིགས་པ་ལ་སོགས་པ་མྱུར་དུ་ཡོན་ཏན་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྲོ་བར་འགྱུར་རོ་ཞེས་པ་དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་བསྟན་པའོ། ། དེ་བས་ན་མདོ་ལས་ཀྱང༌། ཆོས་ཐམས་ཅད་ནི་དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པའོ་ཞེས་གསུངས་ཤིང༌། སྤྱོད་འཇུག་ལས་ཀྱང༌། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེའི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་གསུངས་པ་ལྟར་བློ་དང་ལྡན་པ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པའི་ཆེད་དུ་འབད་པར་བྱའོ། །དོན་བསྒྲུབས་པ་ལས་ཐོབ་པའི་དེ་བཞིན་ཉིད་ཀྱི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༨༽དེ་ཁོ་ན་ཉིད་ཐོབ་པའི་མངོན་ཤེས་ངོས་གཟུང་བ། ད་ནི་དེ་ཁོ་ན་ཉིད་ཐོབ་པའི་མཐུ་མངོན་པར་ཤེས་པ་ངོས་གཟུང་བ་ལ། སྤྱི་དོན་དང་གཞུང་དོན་གཉིས་ལས། ① སྤྱི་དོན། ༡ བྱང་ས་ནས་གསུངས་ཚུལ། དང་པོ་ལའང་གཉིས་ཀྱི། (དང་པོ་)བྱང་ས་ནས་གསུངས་ཚུལ་ལ། ངོ་བོ་དབྱེ་བ་རྒྱས་བཤད་གསུམ་གྱི་དང་པོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ན། མདོར་[བསྟན་{བསྡུ་}ན། སེམས་ཤིན་ཏུ་ལས་སུ་རུང་བ། སེམས་ཤིན་ཏུ་ཡོངས་སུ་སྒོམ་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ། ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱིས་དོན་ཐམས་ཅད་གྲུབ་པ་ནི་འཕགས་པའི་མཐུ་ཞེས་པའོ། །ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོ་གང་ཡིན་པ་དེ་ཡང་དེ་དག་གི་མཐུ་ཞེས་བྱའོ། །སངས་རྒྱས་དང་{བྱང་}ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་དེ་དག་གི་ལྷན་ཅིག་སྐྱེས་པའི་མཐུ་གཞན་རིག་པར་བྱའོ། །ཞེས་གསུངས་པ་ལྟར་འཕགས་པ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཞེད་པ་བཞིན་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་ནུས་པའོ། །དབྱེ་བ་ནི་རྣམ་པའི་རབ་ཏུ་དབྱེ་བས་ལྔར་འགྱུར་ཏེ། མངོན་པར་ཤེས་པའི་མཐུ་དང༌། ཆོས་ཀྱི་མཐུ་དང༌། ལྷན་ཅིག་སྐྱེས་པའི་མཐུ་དང༌། ཉན་ཐོས་དང་[རང་]སངས་རྒྱས་རྣམས་དང་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ་ཞེས་གསུངས་པ་ལྟར་རོ། ། རྒྱས་བཤད་ལ། མཐའ་ཡས་པ་གསུངས་པ་རྣམས་(ཀྱི་དོན)མདོར་བསྡུས་ན། (དང་པོ་)མངོན་པར་ཤེས་པའི་མཐུ་ལ་དྲུག་གི་རྫུ་འཕྲུལ་གྱི་མངོན་ཤེས་ནི། སྟོང་གསུམ་གྲངས་མེད་པ་གཡོ་བ་དང་འབར་བ་དང་འོད་ཀྱིས་ཁྱབ་པར་བྱེད་པ་དང༌། རིའི་རྒྱལ་པོའང་རྡུལ་ཕྲ་རབ་ཙམ་དུ་སྡུད་ཅིང་རྡུལ་ཕྲ་རབ་ཀྱང་རིའི་རྒྱལ་པོ་ཙམ་དུ་བསྐྱེད་པ་ལ་སོགས་པ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་དང༌། ལུས་དང་ངག་དང་ཡུལ་ལ་སོགས་པ་སྔོན་མེད་པ་ལས་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་བར་བྱེད་པ་སྟེ༑ སེམས་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འདུན་པར་བྱས་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་བྱེད་པའོ། །}ོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི། རང་དང་གཞན་གྱི་ཚེ་རབས་སྔ་མ་དཔག་ཏུ་མེད་པ་རྣམས་རྗེས་སུ་དྲན་པ་སྟེ། དེ་བཞིན་གཤེགས་པའི་སྔོན་གྱི་སྐྱེས་རབས་ངོ་མཚར་བ་རྣམས་བསྟན་ནས་སངས་རྒྱས་ལ་དད་པ་བསྐྱེད་པ་དང༌། སེམས་ཅན་རྣམས་ཀྱི་སྐྱེ་བ་དུ་མ་བསྟན་ནས་ལྟ་བ་ངན་པ་སྤོང་བ་ལ་སྦྱོར་བའོ། །ལྷའི་རྣ་བའི་མངོན་ཤེས་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གྲག་པའི་སྒྲའི་བྱེ་བྲག་དཔག་ཏུ་མེད་པ་རྣམས་ཐོས་པ་སྟེ། རང་རང་གི་སྐད་དང་མཐུན་པར་ཆོས་བསྟན་ནས་སེམས་ཅན་རྣམས་སྨིན་པར་བྱེད་པའོ། །ལྷའི་མིག་གི་མངོན་ཤེས་ནི་སེམས་ཅན་རྣམས་གང་ནས་ཤི་འཕོས་པ་དང་གང་དུ་སྐྱེ་བ་དང༌། རྒྱང་རིང་པོར་གནས་པའི་གཟུགས་ཕྲ་བ་དང་རགས་པ་རྣམས་མཐོང་བ་སྟེ། སེམས་ཅན་རྣམས་ཀྱི་ལུས་ཀྱི་སྤྱོད་པ་དགེ་བ་དང་མི་དགེ་བའི་ལས་བྱེད་པ་རྣམས་གཟིགས་ནས་ཇི་ལྟར་རིགས་པར་འདུལ་བའོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་བྱེ་བྲག་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང༌། དད་པ་ལ་སོགས་པ་རྣམ་པར་བྱང་བ་ཡོད་མེད་ཐམས་ཅད་ཤེས་པ་སྟེ། རང་རང་གི་བསམ་པ་དང་མཐུན་པའི་ལམ་བསྟན་ནས་འདུལ་བར་བྱེད་པའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་བདག་དང་གཞན་གྱི་ཟག་པ་ཉོན་མོངས་པ་ཐམས་ཅད་ཟད་པ་ཐོབ་པ་དང་དེ་ཐོབ་པར་བྱེད་པའི་ཐབས་དང་ཐབས་མ་ཡིན་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང༌། གཞན་ལའང་དེའི་ཐབས་སྟོན་ཅིང་མངོན་པའི་ང་རྒྱལ་སེལ་བར་བྱེད་པའོ། ། (གཉིས་པ་)ཆོས་ཀྱི་མཐུ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐུ་ཡིན་ལ། དེ་རྣམས་ཀྱང་རེ་རེ་ཞིང་མི་མཐུན་པའི་ཕྱོགས་སྤོང་བ་དང༌། ཚོགས་ཡོངས་སུ་སྨིན་པར་བྱེད་པ་དང་བདག་དང་གཞན་ལ་ཕན་འདོགས་པ་དང་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་སྟེ། བཞི་བཞིས་རྒྱ་ཆེར་གསུངས་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་འཆད་པར་འགྱུར་བ་དང་མཐུན་པ་ཉིད་དོ།། (གསུམ་པ་)ལྷན་ཅིག་སྐྱེས་པའི་མཐུ་ནི། གཞན་དོན་གྱི་དཀའ་སྤྱད་ལ་འཇིགས་པ་མི་མངའ་བའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་དང༌། སངས་རྒྱས་ཀྱི་མཛད་པ་(བཅུ་གཉིས་ལ་སོགས་པ་)རྨད་དུ་བྱུང་བ་མཐའ་ཡས་པ་རྣམས་སེམས་ཅན་ཁོ་ནའི་ཆེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྟོན་པའོ། ། (བཞི་པ་)ཐུན་མོང་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཐུ་ཕྱོགས་རེ་བ་ཉི་ཚེ་བ་རྒྱ་ཆུང་བ་རྣམས་ཡིན་ལ། (ལྔ་པ་)ཐུན་མོང་མ་ཡིན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཐུ་རྣམ་པ་ཐམས་ཅད་པ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་གཞན་ཐམས་ཅད་དང་མཚུངས་པ་མེད་པའོ། ། ༢ མཛོད་ལས་གསུངས་ཚུལ། གཉིས་པ་མཛོད་ལས་གསུངས་ཚུལ་ལ་བཞི་ལས། (དང་པོ་)ངོ་བོ་ནི་རྣམ་པར་གྲོལ་བའི་ཤེས་རབ་སྟེ། །རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་གནས་འཆི་འཕོ་སྐྱེ་བ་དང༌། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་པ་ལྟར་རོ། ། (གཉིས་པ་)ས་མཚམས་ནི། ཟག་ཟད་ཀྱི་མངོན་ཤེས་འཕགས་པ་ཁོ་ན་ལ་ཡོད་ཅིང༌། གཞན་ལྔ་ནི་སོ་སོ་སྐྱེ་བོ་ལ་ཡང་ཡོད་པའོ། ། (གསུམ་པ་)རྟེན་དང་སྤྱོད་ཡུལ་ནི། ཟག་ཟད་ཀྱི་མངོན་ཤེས་ས་ཐམས་ཅད་ལ་བརྟེན་ཅིང༌། {གཞན་}ས་ཐམས་ཅད་ཀྱང་ཡུལ་དུ་འགྱུར་བ་སྟེ་མཛོད་འགྲེལ་ལས་འདི་ནི་ས་ཐམས་ཅད་པ་ཡིན་པར་རིག་པར་བྱའོ་ཞེས་པ་ལྟར་རོ། ། གཞན་ལྔ་ནི་བསམ་གཏན་བཞིའི་སེམས་ལ་བརྟེན་ཅིང་རང་རང་གི་ས་དང་ས་འོག་མ་ཡུལ་དུ་བྱེད་པ་སྟེ། ལྔ་ནི་བསམ་གཏན་བཞི་དག་ལ། །རང་དང་འོག་སའི་སྤྱོད་ཡུལ་ཅན། །ཞེས་པ་ལྟར་རོ། ། (བཞི་བ་)རང་བཞིན་གྱི་ཁྱད་པར་ནི། མིག་དང་རྣ་བའི་མངོན་ཤེས་ལུང་མ་བསྟན་ཡིན་ལ་གཞན་རྣམས་དགེ་བ་ཡིན་པ་སྟེ། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ ། ཞེས་པ་ལྟར་རོ། །ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་དང༌། ཟག་ཟད་ཀྱི་མངོན་ཤེས་གསུམ་ནི་རིམ་པ་བཞིན་དུ་མི་སློབ་པའི་ལམ་གྱི་དུས་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ཟག་པ་ཟད་པར་རིག་པ་རྣམས་ཡིན་ཏེ། གསུམ་ནི་རིག་པ་མངོན་མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་པ་ལྟར་རོ། །ཡང་རྫུ་འཕྲུལ་དང་གཞན་གྱི་སེམས་ཤེས་པ་དང༌། ཟག་ཟད་ཀྱི་མངོན་ཤེས་གསུམ་ནི་གོ་རིམ་བཞིན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་ཡིན་ལ། དེ་རྣམས་ཀྱི་ཕྱི་མ་ནི་མཆོག་ཏུ་གྱུར་པ་སྟེ། དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་གསུམ་ཡིན་བསྟན་པ་མཆོག །ཅེས་གསུངས་པ་ལྟར་རོ། ། ② གཞུང་དོན། གཞུང་དོན་ལ་མངོན་ཤེས་རྒྱས་པར་བཤད་པ་དང༌། དེའི་ཆེ་བ་བསྟན་པའོ། ། ༡ མངོན་ཤེས་རྒྱས་པར་བཤད་པ། དང་པོ་ལ་དྲུག་སྟེ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པའི་དོན་ཏོ། །དང་པོ་མཚན་ཉིད་ཀྱི་རྣམ་པར་དབྱེ་བའམ་ངོ་བོའི་དོན་ནི། སྐྱེ་དང་ངག་སེམས་དགེ་དང་མི་དགེས་བསྐྱེད། །དེ་ཡི་གནས་དང་ངེས་འབྱུང་མངོན་སུམ་གང༌། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །སེམས་ཅན་རྣམས་གང་ནས་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་པ་ལྷའི་མིག་གི་མངོན་ཤེས་དང༌། གདུལ་བྱ་ཉེ་རིང་མེད་པའི་ངག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཐམས་ཅད་མངོན་སུམ་དུ་ཐོས་པ་ལྷའི་རྣ་བའི་མངོན་ཤེས་དང༌། སེམས་ཀྱི་རྣམ་གྲངས་ཆགས་སོགས་མེད་པ་ལ་སོགས་པ་ཐམས་ཅད་མངོན་སུམ་དུ་ཤེས་[པའི་{པ་གཞན་གྱི་སེམས་ཤེས་པའི་}མངོན་ཤེས་དང༌། }ོན་དགེ་བ་དང་མི་དགེ་བ་འདི་ལྟ་བུ་བྱས་པས་ད་ལྟ་འབྲས་བུ་འདི་ལྟ་བུ་བསྐྱེད་དོ་ཞེས་བྱ་བ་མངོན་སུམ་དུ་ཤེས་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང༌། གདུལ་བྱ་གང་ན་ཡོད་པ་དེའི་གནས་སུ་རྣམ་འཕྲུལ་སྣ་ཚོགས་པས་འགྲོ་བ་དང་འོང་བ་ལ་སོགས་པ་མངོན་སུམ་དུ་ཤེས་པ་རྫུ་འཕྲུལ་གྱི་མངོན་ཤེས་དང༌། སེམས་ཅན་རྣམས་འཁོར་བར་སྐྱེ་བ་[ལས་{ལ་}ངེས་པར་འབྱུང་བའི་ཚུལ་གང་ཡིན་པ་དེ་ཐམས་ཅད་མངོན་སུམ་དུ་ཤེས་པ་གང༌། ཟག་པ་ཟད་པའི་མངོན་ཤེས་ཏེ། དེ་ལྟར་ན་ཤེས་པ་གང་ཞིག་ཡུལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང༌། དུས་འདས་མ་འོངས་ད་ལྟར་བ་ཀུན་ཏུ་འགྲོ་ཞིང་དོན་དྲུག་པོ་རབ་ཏུ་དབྱེ་བ་དང་བཅས་པ་ལ་ཐོགས་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་གཞན་དོན་ལ་བརྟན་པ་ཐོབ་པ་རྣམས་ཀྱི་མཐུ་མངོན་པར་ཤེས་པའི་རང་བཞིན་ཡིན་ནོ་ཞེས་པའོ། ། གང་ལས་འགྲུབ་[པ་{པའི་}རྒྱུའི་དོན་ནི། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོགས་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། ། དེ་ཡང་རྟེན་དང་ཡེ་ཤེས་དང་ཡིད་ལ་བྱེད་པའི་རྒྱུ་གསུམ་ལས། རྟེན་ནི་བསམ་གཏན་ཡིན་ཞིང༌། དེ(འི་སྤྱི་དོན་)ལའང་ཉེར་བསྡོགས་དང༌། དངོས་གཞི་གཉིས་ཀྱི་དང་པོ་ནི། ཡིད་ལ་བྱེད་པ་བདུན་གྱི་དང་པོ་དྲུག་ཡིན་ཏེ། ཐོས་བསམ་སྒོམ་གསུམ་གྱིས་ས་འོག་མ་རགས་པ་དང་གོང་མ་ཞི་བར་ལྟ་བ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་དང༌། ཐོས་བསམ་ལས་འདས་ཏེ་ཞི་རགས་ཀྱི་རྣམ་པ་སྒོམ་པ་ནི་མོས་པ་ལས་བྱུང་བ་དང༌། ས་འོག་མའི་ཉོན་མོངས་པ་ཆེན་པོ་གསུམ་སྤངས་པ་ན་རབ་ཏུ་དབེན་པ་ལས་བྱུང་བ་དང༌། ཉོན་མོངས་དེ་དག་གིས་དབེན་པའི་དགའ་བདེ་ཐོབ་ནས་འབྲིང་པོ་གསུམ་ཡང་སྤོང་བ་དགའ་བ་བསྡུད་པ་དང༌། ཉོན་མོངས་པ་དེ་དག་ཟད་པར་སྤངས་མ་སྤངས་རྟོག་དཔྱོད་ཀྱིས་ངེས་པར་བྱེད་པ་དཔྱོད་པ་དང༌། དེ་ལྟར་ཆུང་ངུ་གསུམ་ཡང་སྤངས་པར་ཤེས་ནས་གཉེན་པོའི་མཐར་ཐུག་ཡིད་ལ་བྱེད་པ་སྦྱོར་བའི་མཐའོ། ། དེ་ནས་(བདུན་པ)སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའོ། །དེ་ཡང་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་བཞག་པ་དང༌། རྣམ་པར་དག་པས་རིག་པར་བྱ་སྟེ། དང་པོ་ནི། བསམ་གཏན་གྱི་བདེ་བ་ལ་ཞེན་པ་སྲེད་པ་ཤས་ཆེ་བ་དང༌། ལྟ་བར་གྱུར་པ་སྣ་ཚོགས་ཀུན་ནས་སློང་བར་བྱེད་པ་ལྟ་བ་ཤས་ཆེ་བ་དང༌། ཁྱད་པར་ཐོབ་པས་སེམས་ཁེངས་པ་ང་རྒྱལ་ཤས་ཆེ་བ་དང༌། ཁྱད་པར་ཐོབ་པ་དེ་ཐར་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཤས་ཆེ་བས་ཀུན་ནས་ཉོན་མོངས་པར་གྱུར་པའོ། ། (གཉིས་པ)རྣམ་པར་བྱང་བ་ནི། ཀུན་ནས་ཉོན་མོངས་པ་དེ་དག་གི་དྲི་མ་དང་བྲལ་ནས་རྣམ་པར་དག་ཅིང་དགེ་བར་སྐྱེས་པའོ། ། (གསུམ་པ)རྣམ་པར་བཞག་པ་ལ་གཙོ་བོར་ཡན་ལག་རྣམ་པར་བཞག་པ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ་འདོད་པ་དང་གནོད་སེམས་ལ་སོགས་པ་སྤོང་བ་རྟོག་པ་དང་དཔྱོད་པ་གཉེན་པོའི་ཡན་ལག་གཉིས་དང༌། སྤང་བྱས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་གཉིས་དང༌། སེམས་རྩེ་གཅིག་པ་སྟེ་གཉི་གའི་གནས་ཀྱི་རང་བཞིན་གྱི་ཡན་ལག་གོ །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་ནི་རྟོག་དཔྱོད་ལ་སོགས་པ་སྤོང་བ་གཉེན་པོའི་ཡན་ལག་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་གཉེན་པོའི་ཡན་ལག་གཉིས་དང༌། སེམས་རྩེ་གཅིག་པ་གཉི་གའི་རང་བཞིན་གྱི་ཡན་ལག་གོ །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བྱིང་རྒོད་དང་བྲལ་བའི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གསུམ་ནི་གཉིས་པ་ལ་ཆགས་པ་སོགས་[སྤོང་བ་]གཉེན་པོའི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ལས་བྱུང་བའི་བདེ་བ་ནི། ཕན་ཡོན་གྱི་ཡན་ལག་དང༌། སེམས་རྩེ་གཅིག་པ་གཉི་གའི་རང་བཞིན་གྱི་ཡན་ལག་གོ ། བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། (མཛོད་དུ)རྟོག་དང་དཔྱོད་(གཉིས)དང་དབུགས་(འབྱུང་རྔུབ)དག་དང༌། །(ཡིད་བདེ་གཉིས་སྡུག་བསྔལ་ཡིད་མི་བདེ་གཉིས་ཏེ)བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་པ་སྐྱོན་བརྒྱད་ལས་གྲོལ་བའི་བཏང་སྙོམས་ཡོངས་སུ་དག་པ་དང་དྲན་པ་ཡོངས་སུ་དག་པ་གཉིས་ནི་གསུམ་ལ་ཆགས་སོགས་སྤོང་བ་གཉེན་པོའི་ཡན་ལག་དང༌། སྐྱོན་གྱི་གནས་ཆུང་བས་ཚོར་བ་བཏང་སྙོམས་ནི་གཉེན་པོའི་ཡན་ལག་དང༌། སེམས་རྩེ་གཅིག་པ་གཉི་གའི་རང་བཞིན་གྱི་ཡན་ལག་གོ ། (བཞི་པ)རྣམ་པར་དག་པ་ནི། དགེ་བའི་སེམས་དེ་ཡང་ཤིན་ཏུ་ལས་སུ་རུང་བར་གྱུར་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་རྟེན་བྱེད་པའོ། །དེ་ལྟར་ན་རྟེན་གྱི་རྒྱུ་བསམ་གཏན་བཞི་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་ཞིང་ཤིན་ཏུ་རྣམ་པར་དག་པ་ཐོབ་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་རྒྱུ་བཟུང་བ་དང་འཛིན་པ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་བཟུང་བ་དང་ཡིད་ལ་བྱེད་པའི་རྒྱུ་ཇི་ལྟར་འདོད་པའི་རྣམ་པར་གནས་པ་ཡིད་ལ་བྱེད་པ་ལས་ཞེས་པ་ཕྱོགས་ཐམས་ཅད་དུ་སྣང་བས་ཁྱབ་པ་དང༌། ཡང་བའི་འདུ་ཤེས་ཡིད་ལ་བྱེད་པས་རྫུ་འཕྲུལ་དང་སྒྲའི་ཁྱད་པར་དུ་མ་ལ་སེམས་གཏོད་པས་རྣ་བ་དང་སེམས་ཀྱི་ཁྱད་པར་སྣ་ཚོགས་ལ་ཡིད་གཏོད་པས་སེམས་ཤེས་པ་དང༌། }ོན་གྱི་གནས་སྐབས་དུ་མ་ལ་སེམས་གཏོད་པས་སྔོན་གནས་དྲན་པ་དང༌། སྣང་བའི་འདུ་ཤེས་ཡིད་ལ་བྱེད་པ་པས་ལྷའི་མིག་དང་རྣམ་པར་མི་རྟོག་པ་བསྒོམས་པས་ཟག་ཟད་ཀྱི་མངོན་ཤེས་ཐོབ་པ་སྟེ། རྒྱུ་གསུམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་མངོན་པར་ཤེས་པ་གྲུབ་པ་ནི་འཇིག་རྟེན་པ་དང་ཉན་རང་འཕགས་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་དམ་པ་ཐོབ་པར་འགྱུར་བའོ། །ཡང་རིན་ཆེན་ཕྲེང་བ་ལས། མཆོད་རྟེན་ལ་སྣང་གསལ་ཕུལ་བ་དང་མུན་པར་སྒྲོན་མེ་བྱིན་པ་ལས་ལྷའི་མིག་དང༌། མཆོད་རྟེན་ལ་རོལ་མོ་ཕུལ་བ་ལས་ལྷའི་རྣ་བ་དང༌། གཞན་གྱི་སྐྱོན་མ་བརྗོད་ཅིང་སེམས་བསྲུངས་པ་ལས་སེམས་ཤེས་པ་དང༌། ཆོས་བསམས་ཤིང་གཞན་ལ་ཡང་བྱིན་པ་ལས་སྔོན་གནས་དྲན་པ་དང༌། ལྷམ་དང་གཞོན་པ་འབུལ་བ་ལ་སོགས་པས་གཞན་ལ་བཀུར་སྟི་བྱས་པ་ལས་རྫུ་འཕྲུལ་དང༌། སྟོང་ཉིད་ཟབ་མོ་རྟོགས་པ་ལས་ཟག་པ་ཟད་པའི་མངོན་ཤེས་རྣམས་ཐོབ་པར་གསུངས་ཏེ། མཆོད་རྟེན་མར་མེའི་ཕྲེང་བ་དང༌། །མུན་པ་དག་ཏུ་སྒྲོན་མེ་དང༌། །མར་མེ་འབྲུ་མར་བྱིན་པ་ལས། །ལྷ་ཡི་མིག་ནི་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པས་སོ། ། དེ་དག་ལས་གྲུབ་པ་འབྲས་བུའི་དོན་ནི། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་བྱེད་རྣམ་པར་དག་པ་བསྐྱེད། །མངོན་པར་ཤེས་པ་གང་གིས་རང་དོན་ལས་བརྩམས་ཏེ་འཕགས་པའི་གནས་པ་རྣམ་པར་ཐར་པའི་སྒོ་གསུམ་དང་བདེན་པ་བཞི་དང་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྷའི་གནས་པ་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། ཚངས་པའི་གནས་པ་ཚད་མེད་པ་བཞི་པོ་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་པས་དཔེ་མེད་ཅིང་ཤིན་ཏུ་རྒྱ་ཆེ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་ཤིང༌། གཞན་དོན་ལས་བརྩམས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་མངོན་ཤེས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སོང་ནས། ཡུལ་མཆོག་ཏུ་གྱུར་པ་རྫོགས་པའི་སངས་རྒྱས་རྣམས་དང་གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་དག་ལ་དམིགས་ཏེ་རིམ་པ་ལྟར་སངས་རྒྱས་རྣམས་ལ་ཡང་དག་པའི་མཆོད་པ་བླ་ན་མེད་པ་རྣམས་ཀྱིས་མཆོད་པར་བྱེད་ཅིང༌། སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་བསྟན་ནས་སྒྲིབ་པ་ལས་རྣམ་པར་དག་པའི་ལམ་རྒྱུད་ལ་སྐྱེད་པར་བྱེད་པའོ། ། མངོན་ཤེས་ཐོབ་པའི་བྱེད་ལས་ཀྱི་དོན་ལ་བཞི་སྟེ། མཐོང་ཞིང་སྟོན་པའི་ལས། འོད་ཟེར་འགྱེད་པའི་ལས། རྣམ་པར་རོལ་པའི་ལས། ཞིང་ཁམས་སྦྱོང་བའི་ལས་སོ། ། དང་པོ་ནི། ཆགས་དང་འཇིག་བཅས་སེམས་ཅན་བཅས་པ་ཡི། །འཇིག་རྟེན་ཁམས་ཀུན་སྒྱུ་མ་ལྟ་བུར་མཐོང༌། །དབང་ལྡན་ཇི་ལྟར་འདོད་བཞིན་དེ་དག་དང༌། །རྣམ་བཅས་སྣ་ཚོགས་དག་ཀྱང་ཡང་དག་སྟོན། །ཆགས་འཇིག་གི་ཚུལ་ཡང་(སྤྱིའི་དོན་ནི)འཇིག་རྟེན་ཁམས་ལ་མཐའ་མེད་པས་(ཕལ་ཆེན་ལ་སོགས་པར)རྣམ་གཞག་སྣ་ཚོགས་སུ་གསུངས་མོད། འདིར་ཕྱོགས་རེ་ཙམ་མཚོན་པའི་དབང་དུ་བྱས་ན། ཆགས་ཚུལ་ནི། མཛོད་ལས། ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། ། ཞེས་པ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་རླུང་དང་ཆུ་དང་(གསེར་གྱི)སའི་དཀྱིལ་འཁོར་ཆེན་པོ་གསུམ་ཆགས་ཤིང༌། གསེར་གྱི་ས་གཞི་ལ་ཆར་ཆེན་པོ་བབས་པ་རྒྱ་མཚོར་གྱུར་པ་རླུང་གིས་བསྲུབས་པ་ལས་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པར་འགྱུར་ལ། དེ་དག་གི་སྔོན་དུ་ཡང་བསམ་གཏན་གསུམ་པ་ནས་འཐབ་བྲལ་གྱི་བར་གྱི་གནས་གཞན་རྣམས་བར་སྣང་ལ་ཡས་རིམ་གྱིས་ཆགས་ཏེ། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། ། ཞེས་པ་ལྟར་(དེ་དག་ལ) གནས་གཞན་མེད་ཅིང་སྐྱེ་ཚུལ་གྱི་སྒོ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་རྣམ་པ་བཞིར་འཇོག་པའོ། །སེམས་ཅན་(ཆགས་ཚུལ)ཡང༌། མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་པ་ལྟར་བསམ་གཏན་བཞི་པ་རྣམས་ནི་གནས་དང་ལྷན་ཅིག་ཆགས་འཇིག་བྱེད་ལ། འོག་མ་རྣམས་སུ་(རླུང་གིས་ཞིག་པའི་རྗེས་སུ)ནི་བསམ་གཏན་བཞི་པ་(ཆུས་ཞིག་ན་གསུམ་པ་མེས་ཞིག་ན་གཉིས་པ)ལ་སོགས་པ་ནས་མིའི་འཇིག་རྟེན་གྱི་བར་དུ་(ཡས་མས)རིམ་གྱིས་སྐྱེ་ཞིང༌། དེར་མི་དགེ་བ་སྤྱད་པ་ལས་དུད་འགྲོ་དང་ཡི་དྭགས་དང་དམྱལ་བའི་འཇིག་རྟེན་རྣམས་ཆགས་པ་ལ་བར་གྱི་(གཅིག་གིས་སྣོད་དང་བཅུ་དགུས་བཅུད་དེ)བསྐལ་པ་ཉི་ཤུ་ཐོགས་ཏེ། ཆགས་ནས་གནས་པ་ལ་ཡང་དེ་སྙེད་དོ། །དེ་རྣམས་ཀྱི་གླིང་བཞི་པ་ནས་ཚངས་པའི་འཇིག་རྟེན་གྱི་བར་སྟོང་ལ་སྟོང་སྤྱི་ཕུད་དང་དེ་སྟོང་ལ་སྟོང་གཉིས་པ་བར་མ་དང༌། དེའང་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང༌། ངན་སོང་གསུམ་དང་མི་དང་ལྷ་མ་ཡིན་དང་འདོད་ལྷ་དྲུག་ནི་འདོད་པའི་ཁམས་དང༌། ཚངས་རིས་ལ་སོགས་པ་(གནས་རིས)བཅུ་བདུན་ནི་གཟུགས་ཀྱི་ཁམས་དང༌། ནམ་མཁའ་མཐའ་ཡས་ལ་སོགས་པ་ནི་(སྐྱེ་མཆེད་མུ་བཞི)གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་ཡིན་ལ། སའི་དབང་དུ་བྱས་ན་དགུ་སྟེ་འདོད་ཁམས་པ་གཅིག་དང༌། གཟུགས་ཁམས་བསམ་གཏན་བཞི་པོ་ས་རེ་རེ་དང༌། གཟུགས་མེད་སྐྱེ་མཆེད་མུ་བཞི་ས་རེ་རེར་འབྱེད་པ་ནི་(འོག་མ་འོག་མ་ལས)ཆགས་བྲལ་གྱི་རིམ་པའོ། ། འཇིག་ཚུལ་ནི། འཇིག་པའི་བསྐལ་བ་དམྱལ་བ་ཡི། །སྲིད་ཟད་པ་ནས་སྣོད་ཟད་པ། །ཞེས་པ་ལྟར་དམྱལ་བ་ལས་ཟད་པ་རྣམས་འགྲོ་བ་གཞན་དུ་འཕོ་ཞིང༌། མ་ཟད་པ་རྣམས་འཇིག་རྟེན་ཁམས་གཞན་གྱི་དམྱལ་བར་འགྲོ་ལ། དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་དེ་དང་འདྲ་བས་ཐོག་མར་ངན་འགྲོ་རྣམས་འཇིག་ཅིང༌། མི་རྣམས་ཀྱང་(མེས་འཇིག་པ་ན)ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སོགས་པ་བསྐྱེད་ནས་རིམ་གྱིས་འཕོ་བས་དང་པོར་བཅུད་ཀྱི་སེམས་ཅན་རྣམས་འཇིག་གོ །དེ་ནས་སྣོད་ཀྱི་འཇིག་རྟེན་མེས་འཇིག་པ་ན། ཉི་མ་བདུན་རིམ་གྱིས་ཤར་ནས་བསམ་གཏན་དང་པོ་མན་ཆད་བསྲེག་ཅིང༌། ཆུས་འཇིག་པ་ན་བསམ་གཏན་གཉིས་པ་ཉིད་ནས་བྱུང་བའི་ཆུས་ལན་ཚ་ཞུ་བ་ལྟར་བྱེད་ལ། རླུང་གིས་འཇིག་པ་ན་བསམ་གཏན་གསུམ་པ་ཉིད་ནས་བྱུང་བའི་རླུང་གིས་དེངས་ཤིང་མི་སྣང་བར་བྱེད་དེ། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ནི།(ཡང་)།མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་པ་ལྟར་རོ། །དེ་ལྟར་འཇིག་པ་ལ་ཡང་(བཅུ་དགུས་བཅུད་དང་གཅིག་གིས་སྣོད)བར་བསྐལ་ཉི་ཤུ་དང༌། ཞིག་ནས་སྟོང་པ་ལ་ཡང་དེ་(དུས་མཉམ་པས)སྙེད་དོ། །བསྐལ་པའི་རྣམ་བཞག་ནི། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་པ་ལྟར་མི་རྣམས་ཀྱིས་ཚེ་ལོ་དཔག་མེད་ཐུབ་པ་ནས་(མི་དགེ་པའི་དབང་གིས)ཚེ་ལོ་བཅུ་པའི་བར་དུ་མར་འབྲི་བ་གཅིག་དང༌། དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང༌། །ཞེས་པ་ལྟར་བཅུ་པ་ནས་(དགེ་བའི་དབང་གིས)བརྒྱད་ཁྲི་པའི་བར་དུ་ཡར་འཕེལ་ཞིང༌། ཡང་བཅུ་པའི་བར་འབྲི་བ་ཁུག་པ་བཅོ་བརྒྱད་དང༌། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །ཞེས་པ་ལྟར་བཅུ་པ་ནས་བརྒྱད་ཁྲི་པའི་བར་དུ་ཡར་འཕེལ་པ་གཅིག་སྟེ། ཉི་ཤུ་ལ་ནི་བར་གྱི་བསྐལ་པ་ཞེས་བྱ་ཞིང༌། དེ་ཉིད་སྔར་བསྟན་པ་ལྟར་འཇིག་(སྟོངས)ཆགས་(གནས)ཀྱིས་ཕྱེ་བའི་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོ་ཞེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ནི་འཇིག་ཆགས་མཉམ་དུ་བྱེད་པར་ཡང་གསུངས་སོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་མཐོང་བའི་ལས་ནི་ཐོག་མར་ཆགས་པ་དང་བཅས་ཤིང་མཐར་འཇིག་པ་དང་བཅས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན་དང་བཅས་པའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་སྣ་ཚོགས་སུ་སྣང་ཡང་བདེན་པར་མ་གྲུབ་པ་རྨི་ལམ་སྒྱུ་མ་ལྟ་བུར་མཐོང་བའོ། །གཞན་ལ་སྟོན་པའི་ལས་ནི། ཚེ་སེམས་ཡོ་བྱད་ལས་སྐྱེ་བ། །མོས་སྨོན་རྫུ་འཕྲུལ་ཡེ་ཤེས་ཆོས། །ཞེས་པ་(སྡོམ་དུ་བྱས)ཚེ་ཇི་སྲིད་འདོད་པར་གནས་པ་ཚེ་ལ་དབང་བ་དང༌། ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་འཇུག་ནུས་པ་སེམས་ལ་དབང་བ་དང༌། སེམས་ཅན་རྣམས་ལ་ཅི་འདོད་པའི་ལོངས་སྤྱོད་ཀྱི་ཆར་འབེབས་ནུས་པ་ཡོ་བྱད་ལ་དབང་བ་དང༌། འགྲོ་བ་དང་སྐྱེ་གནས་གཞན་མྱོང་འགྱུར་གྱི་ལས་གཞན་དུ་བསྒྱུར་ནུས་པ་ལས་ལ་དབང་བ་དང༌། བསམ་གཏན་ལས་མ་གཡོས་བཞིན་དུ་འདོད་ཁམས་ལ་སོགས་པ་གང་འདོད་པར་སྐྱེ་བ་ལ་དབང་བ་དང༌། ས་ལ་སོགས་པའང་གསེར་ལ་སོགས་པ་གང་འདོད་པར་བསྒྱུར་ནུས་པ་མོས་པ་ལ་དབང་བ་དང༌། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་འགྲུབ་པ་སྨོན་ལམ་ལ་དབང་བ་དང༌། གདུལ་བྱ་འདུན་པར་བྱེད་པའི་ཐབས་རྣམ་འཕྲུལ་སྣ་ཚོགས་སྟོན་ནུས་པ་རྫུ་འཕྲུལ་ལ་དབང་བ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་མཐར་ཕྱིན་པ་ཡེ་ཤེས་ལ་དབང་བ་དང༌། མིང་ཚིག་ཡི་གེའི་ཚོགས་མཐའ་ཡས་པས་ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་ནས་གདུལ་བྱ་མཐའ་ཡས་པ་ཅིག་ཅར་ཚིམ་པར་བྱེད་ནུས་པ་ཆོས་ལ་དབང་བ་སྟེ། དབང་བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་ཇི་ལྟར་འདོད་པ་བཞིན་དུ་གདུལ་བྱ་དཔག་དུ་མེད་པ་རྣམས་ལ་དབང་བཅུ་པོ་དེ་དག་ཀྱང་སྟོན་ཅིང༌། གཞན་ཡང་གཡོ་བ་དང་འཕུར་བ་ལ་སོགས་པ་དང༌། སྟོང་གསུམ་ཡོངས་འབྲུར་བཅུག་ཀྱང་ཡུངས་འབྲུ་མི་འཕེལ་ཞིང་སྟོང་གསུམ་མི་འགྲིབ་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྣམ་བཅས་སྣ་ཚོགས་པ་དག་ཀྱང་ཡང་དག་པར་སྟོན་པའི་སྒོ་ནས་ཕན་འདོགས་པའོ། ། འོད་ཟེར་འགྱེད་པའི་ལས་ནི། འོད་ཟེར་བཏང་བས་ཤིན་ཏུ་སྡུག་བསྔལ་བའི། །ངན་སོང་བ་དག་མཐོ་རིས་འགྲོ་བར་བྱེད། །བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག །བདུད་བཅས་ཀུན་དུ་བསྐྱོད་ཅིང་སྐྲག་པར་བྱེད། ། བྱང་ཆུབ་སེམས་དཔའ་དེས་ཕྱོགས་བཅུར་འོད་ཟེར་མཐའ་ཡས་པ་བཏང་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་ངན་སོང་བ་དག་གི་སྡུག་བསྔལ་ཞི་བར་བྱས་ནས་དད་པ་བསྐྱེད་དེ་ཚེ་འཕོས་ནས་བདེ་འགྲོ་མཐོ་རིས་ཀྱི་གནས་སུ་འགྲོ་བར་བྱེད་ཅིང༌། བདུད་ཀྱི་རྒྱལ་པོའི་གནས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་མཐོ་ཞིང་བརྟན་ལ་མཛེས་པ་དག་བདུད་འཁོར་དང་བཅས་པས་ཡོངས་སུ་གང་བ་རྣམས་ཀྱང་ཀུན་ཏུ་བསྐྱོད་ཅིང་སྐྲག་པར་བྱས་ཏེ་འདུལ་བར་བྱེད་དོ། །རྣམ་པར་རོལ་པའི་ལས་ནི། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཞིང༌། །ལས་དང་སྐྱེ་དང་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །མངོན་ཤེས་ཐོབ་པ་དེ་ནི་མཆོག་གི་ཚོགས་པ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མཉམ་པར་བཞག་ནས་ལུས་མི་སྣང་བ་དང༌། གཞན་གྱིས་བསྐྱོད་པར་མི་ནུས་པ་ལ་སོགས་པའི་རྣམ་པར་རོལ་པ་ཀུན་ཏུ་སྟོན་པར་བྱེད་ཅིང་གདུལ་བྱ་རྣམས་ཀྱི་མོས་པ་དང་མཐུན་པར་རྒྱུད་མངས་སྦྲེང་བ་ལ་སོགས་པ་བཟོའི་ལས་ཀྱི་སྤྲུལ་པ་དང༌། རི་བོང་དང་རུ་རུ་ལ་སོགས་པར་ཡང་སྐྱེ་བའི་སྤྲུལ་པ་དང༌། མཛད་པ་བཅུ་གཉིས་ལ་སོགས་པ་མཆོག་གི་སྤྲུལ་པ་ཡིས་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་དོན་དུ་དུས་འཁོར་བ་མ་སྟོངས་ཀྱི་བར་ཀུན་ཏུ་གནས་པར་བྱེད་པའོ། ། ཞིང་ཁམས་སྦྱོང་བའི་ལས་ནི། ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི། །ཇི་ལྟར་འདོད་བཞིན་བསྟན་ཕྱིར་དག་པ་ཐོབ། །སངས་རྒྱས་མཚན་མི་གྲགས་པར་སངས་རྒྱས་མཚན། །ཡང་དག་བསྒྲགས་པས་དེ་དག་ཁམས་གཞན་འགྱེད། ། དེ་ལ་གཉིས་ལས་སྣོད་ཡོངས་སུ་སྦྱོང་བ་ནི་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་དག་ལ་དབང་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཁམས་རྣམས་ནི་ཤེལ་དང་བཻདཱུརྱ་དང་གསེར་གྱི་རང་བཞིན་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་བསྟན་པར་ནུས་པའི་ཕྱིར་ཡོངས་སུ་དག་པ་ཐོབ་ཅིང༌། བཅུད་ཡོངས་སུ་སྦྱོང་བ་ནི་སྔར་སངས་རྒྱས་ཀྱི་མཚན་མི་གྲག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་རྫུ་འཕྲུལ་གྱིས་ཕྱིན་ནས་སངས་རྒྱས་ཀྱི་མཚན་ཡང་དག་པར་བསྒྲགས་པས་སེམས་ཅན་དེ་དག་དད་པ་བསྐྱེད་དེ། འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་བསྟན་པ་གནས་པ་དེར་འགྱེད་པའི་སྒོ་ནས་ཕན་པར་བྱེད་དོ། ། ཡོན་ཏན་དང་ལྡན་པའི་དོན་ནི། འདབ་གཤོག་ཀུན་ནས་རྒྱས་པའི་བྱ་བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ལས་ནི་ཤིན་ཏུ་བསྔགས་པ་ཐོབ། །སྐྱེ་དགུ་རྣམས་ལ་ཚིག་བཟུང་འོས་པར་འགྱུར། །དཔེར་ན་འདབ་གཤོག་ཀུན་ནས་རྒྱས་པའི་བྱ་རྣམས་ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་ཞིང་གང་འདོད་པའི་གནས་སུ་བདེ་བར་འདུག་པ་བཞིན་དུ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཀུན་ནས་རྒྱས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་གདུལ་བྱ་གང་ན་གནས་པ་དེར་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་ཕྱིན་ནས། སེམས་ཅན་རྣམས་ཀྱི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་གི་སྒོ་ནས་ཇི་ལྟར་འདོད་པ་བཞིན་ཡོངས་སུ་སྨིན་པར་བྱེད་པར་ནུས་པ་ཉིད་དང༌། དེ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་གྲུབ་པ་[ན་{ནི་}སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ནི་རིགས་ཀྱི་བུ་དེ་ལྟར་བྱས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་ཤིན་ཏུ་བསྔགས་པ་ཐོབ་པ་དང༌། དེས་རང་རང་གི་མཽས་པ་དང་མཐུན་པར་ཆོས་བསྟན་པ་ལ་འཁྲུལ་པ་མེད་ཅིང་ཡིད་ཆེས་པའི་སྒོ་ནས་སྐྱེ་དགུ་རྣམས་ལའང་དེའི་ཚིག་བཟུང་བར་འོས་ཤིང་བཀའ་ལས་མི་འདའ་བར་འགྱུར་བ་སྟེ་ཡོན་ཏན་གསུམ་དང་ལྡན་པའོ། །རབ་ཏུ་དབྱེ་བའི་སྒོ་ནས་འཇུག་པའི་དོན་ནི། མངོན་པར་ཤེས་པ་དྲུག་དང་རིག་པ་གསུམ། །རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་བརྒྱད། །ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བརྟན་པ་ཐོབ་པའི་མཐུ། ། }ར་བཤད་ཟིན་པའི་མངོན་པར་ཤེས་པ་དྲུག་དང༌། }ོན་གྱི་མཐའ་རིག་པ་དང༌། ཕྱི་མའི་མཐའ་རིག་པ་དང༌། ཟག་པ་ཟད་པ་རིག་པ་སྟེ་རིག་པ་གསུམ་དང༌། དམིགས་ཡུལ་རྣམས་[ལ་]ཇི་ལྟར་འདོད་པ་བཞིན་{དུ་}སྤྲུལ་པ་དང་བསྒྱུར་བའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་བསམ་གཏན་ལ་བརྟེན་ནས་ལྟ་བ་པོ་རང་ཉིད་ལ་གཟུགས་ཀྱི་འདུ་ཤེས་ཉེ་བར་བཞག་སྟེ། སྣང་བའི་གཟུགས་ཆེ་ཆུང་དང་བཟང་ངན་ལ་སོགས་པ་རྣམས་ལ། ཆེན་པོ་ཆུང་ངུ་དང་ཆུང་ངུ་ཆེན་པོ་ལ་སོགས་པ་གང་སྤྲུལ་པར་འདོད་པར་མོས་ཤིང་ལྟ་བའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་དང༌། དེ་བཞིན་དུ་སྦྱར་ཏེ་ལྟ་བ་པོ་བདག་ཉིད་ལ་གཟུགས་མེད་པར་འདུ་ཤེས་པས་སྣང་བའི་གཟུགས་རྣམས་ལ་གང་སྤྲུལ་པར་འདོད་པར་མོས་ཤིང་ལྟ་བ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་རྣམས་ལ་ལྟ་བའི་རྣམ་པར་ཐར་པ་དང༌། སྡུག་མི་སྡུག་སྤྲུལ་པ་ལ་ཆགས་སྡང་གི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རང་གིས་སྡུག་མི་སྡུག་སྤྲུལ་པ་རྣམས་ལ་(དངུལ་བུམ་ཟངས་བུམ་ལས་སྡུག་པ་གསེར་བུམ་ལས་མི་སྡུག་པ་ལྟ་བུ)ཕན་ཚུན་ལྟོས་པ་ཙམ་མོ་སྙམ་པའི་འདུ་ཤེས་དང་(ཟངས་བུམ་ལས་སྡུག་པ་ལ་གསེར་བུམ་ལས་མི་སྡུག་པར་རོ་གཅིག་ཏུ)ཕན་ཚུན་རྗེས་སུ་འབྲེལ་པ་ཙམ་མོ་སྙམ་པའི་འདུ་ཤེས་དང༌། (སྡུག་མི་སྡུག་ཐམས་ཅད།)ཕན་ཚུན་བསྲེས་ཏེ་(སྡུག་པ་ཉིད་དུ)རོ་གཅིག་པའི་འདུ་ཤེས་ཐོབ་ནས་མཐའ་གཅིག་ཏུ་བདེན་པ་མེད་པར་མོས་ཤིང་ལྟ་བ་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་གནས་པའི་རྣམ་པར་ཐར་པ་སྟེ་གཟུགས་ཅན་གྱི་རྣམ་ཐར་གསུམ་དང༌། གཟུགས་མེད་ཞི་བའི་རྣམ་ཐར་(ཟག་བཅས)ལ་ཆགས་པའི་སྒྲིབ་པ་ལས་ཐར་པར་བྱ་བའི་ཕྱིར།(མཛོད་དུ)གཟུགས་མེད་མཉམ་གཞག་དགེ་རྣམས་སོ༑ ༑ཞེས་པ་ལྟར་ཟག་མེད་ཐར་པ་དང་རྗེས་སུ་མཐུན་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་དག་པ་བ་ལ་གནས་པ་ཡང་དག་པར་འབྱོར་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང༌། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་རྣམ་པར་ཐར་པ་སྟེ་གཟུགས་མེད་ཀྱི་རྣམ་ཐར་བཞི་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་མིན་[གྱི་]སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་(ཟག་མེད)ལ་བརྟེན་ནས་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ལས་ཀྱང་ཡང་དག་པར་འདས་ཏེ། ལམ་ཟག་མེད་ཀྱིས་གནས་[པས་{པ་}ཉོན་ཡིད་ཀྱང་མི་འབྱུང་བའི་ཕྱིར་ཐར་པ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པ་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་ཚོགས་བདུན་འཁོར་དང་བཅས་པ་འགོག་པ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གཅིག་སྟེ། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་དང༌། དེ་བཞིན་དུ་གནས་བསམ་གཏན་བཞི་པ་ལ་བརྟེན་ནས། (ལྟ་བ་པོ་རང་ལ)ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་(ཡིད་དུ་འོང་བ)དང་མི་སྡུག་པ་(ཡིད་དུ་མི་འོང་བ)དང་ངན་པ་དང་(མིའི་གཟུགས)བཟང་པོ་(ལྷའི་གཟུགས)རྣམས་ལ་ལྟ་ཞིང་གཟུགས་(ཕལ་པ)དེ་དག་ཀྱང་(དབང་བསྒྱུར་ཏེ)ཟིལ་གྱིས་མནན་ནས་(ཞི་གནས་ཀྱིས)ཤེས་ཟིལ་གྱིས་མནན་ནས་(ལྷག་མཐོང་གིས)མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་འགྱུར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་(མངོན་པའི་ང་རྒྱལ་མེད་པ)འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ་ཞེས་པ་དང༌། དེ་བཞིན་དུུ་རྒྱས་པར་སྦྱར་ཏེ་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ལྟ་བ་ནི་(ཟིལ་གནོན)གཉིས་པ་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བ་ནི་(ཟིལ་གནོན)གསུམ་པ་དང༌། ཆེན་པོ་ལ་ལྟ་བ་(ཟིལ་གནོན)ནི་བཞི་པ་སྟེ། དེ་ལྟར་ན་རྣམ་ཐར་དང་པོ་གཉིས་ལས་བྱུང་བ་བཞི་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་(སྤྱིར)}ོན་(ལྷན་སྐྱེས)པོ་ཁ་དོག་སྔོན་པོ་(སྒྱུར་བ་ལས་བྱུང་བ་)སྔོན་པོ་ལྟ་བུར་སྟོན་པ་(གཉིས་ཀ་ལས)འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟས་ཏེ། དཔེར་ན་ཟར་མའི་ (ལྷན་སྐྱེས)མེ་ཏོག་གམ་ཡུལ་ཝཱ་ར་ཎཱ་སིའི་(སྦྱར་བ་ལས་བྱུང་བ)རས་ཕུན་སུམ་ཚོགས་པ་སྔོན་པོ་ལ་སོགས་པ་དེ་བཞིན་དུ། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ་ཞེས་པ་དང༌། དེ་བཞིན་དུ་རྒྱས་པར་སྦྱར་ཏེ་སེར་པོ་[དང་]དོང་ཀའི་མེ་ཏོག་ལྟ་བུར་མཐོང་བ་ནི་དྲུག་པ་དང༌། དམར་པོ་བན་དྷུ་ཛི་བ་ཀའི་མེ་ཏོག་ལྟ་བུར་མཐོང་བ་ནི་བདུན་པ་དང༌། དཀར་པོ་སྐར་མ་པ་བ་སངས་ལྟ་བུར་མཐོང་བ་ནི་བརྒྱད་པའོ་ཞེས་པ་རྣམ་ཐར་གསུམ་པ་ལས་བྱུང་བ་བཞི་སྟེ། བརྒྱད་པོ་དེ་རྣམས་ཀྱིས་སྔར་རྣམ་ཐར་གྱི་དུས་ན་མོས་ཤིང་སྦྱང་བ་བྱས་པ་རྣམས་ཇི་ལྟར་འདོད་པ་བཞིན་སྤྲུལ་པ་དང་བསྒྱུར་བ་ལ་དབང་བྱས་ཏེ་ཐ་མལ་པའི་དམིགས་པ་དེ་མི་སྣང་ཞིང་ཟིལ་གྱིས་གནོན་པར་བྱེད་པའི་སྐྱེ་མཆེད་བརྒྱད་དང༌། གནས་བསམ་གཏན་བཞི་པ་ལ་བརྟེན་ནས། རྣམ་ཐར་གྱིས་མོས་པའི་སྒོ་ནས་མགོ་བརྩམས་ཤིང་ཟིལ་{གནོན་}གྱིས་དབང་བསྒྱུར་བའི་དམིགས་པ་དེ་དག་མ་ལུས་པར་ཡོངས་སུ་རྫོགས་པར་གྲུབ་ནས་རྒྱས་ཤིང༌། ཁྱབ་པར་བྱེད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ནི་ཟད་པར་གྱི་སྐྱེ་མཆེད་ཡིན་ཞིང༌། དེ་ཡང་ཟད་པར་ས་དང་ཆུ་དང་མེ་དང་རླུང་དང༌། ཟད་པར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང༌། ཟད་པར་ནམ་མཁའ་དང་རྣམ་པར་ཤེས་པ་རྣམས་ཡིན་ལ། ཟད་པར་ས་ལ་དབང་འབྱོར་པས་ཆུ་ལ་སོགས་པའང་སར་སྤྲུལ་ཞིང་མི་འབྱིང་བར་འགྲོ་བ་དང༌། ཆུས་ས་ལ་སོགས་པའང་ཆུར་སྤྲུལ་ནས་འཛུལ་བར་ནུས་པ་དང༌། མེས་ཆུ་ལ་སོགས་པའང་མེ་འབར་ཞིང་མེའི་ཆར་འབེབས་པ་དང༌། རླུང་གིས་རླུང་ལྟར་མགྱོགས་པར་འགྲོ་ཞིང་རླུང་གི་ཆར་འབེབས་པ་དང༌། }ོན་པོས་ས་ལ་སོགས་པའང་བཻ་ཌཱུརྱ་ལ་སོགས་པར་བསྒྱུར་བ་དང༌། སེར་པོས་གསེར་ལ་སོགས་པར་བསྒྱུར་བ་དང༌། དམར་པོས་མུ་ཏིག་དམར་པོ་ལ་སོགས་པར་བསྒྱུར་བ་དང༌། དཀར་པོས་ཟླ་བ་ཆུ་ཤེལ་ལ་སོགས་པར་བསྒྱུར་{ནུས་}པ་དང༌། ནམ་མཁས་རི་{བོ་}ལ་སོགས་པའང་ནམ་མཁར་སྤྲུལ་ནས་ཐོགས་མེད་དུ་འགྲོ་འོང་བྱེད་པ་དང༌། རྣམ་པར་ཤེས་པས་གཉིད་[དང་]རྨུགས་[པ་]ལ་སོགས་པ་སེལ་ཞིང་ཉོན་མོངས་མེད་པ་དང་བསམས་ནས་ཤེས་པ་ལ་སོགས་པས་འགྲུབ་པར་བྱེད་པ་སྟེ། དེ་ལྟར་ན་ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། གཞན་ཡང་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང་ཟླ་བ་སྒྲོན་མ་དང་ཉི་མ་སྣང་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུུ་མེད་པ་རྣམས་ནི་བརྟན་པ་ཐོབ་པའི་མཐུ་མངོན་པར་ཤེས་པའི་རབ་ཏུ་དབྱེ་བའི་འཇུག་པའོ། ། ༢ དེའི་ཆེ་བ་བསྟན་པ། དེའི་ཆེ་བ་བསྟན་པ་ནི། དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན། །འགྲོ་བ་དབང་མེད་རང་དབང་བཀོད་རྟག་ཏུ། །གཞན་ལ་ཕན་བྱ་གཅིག་ཏུ་མངོན་དགའ་སྟེ། །སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད། །ཆེ་བའི་ཡོན་ཏན་གསུམ་དང་ལྡན་པ་སྟེ། མངོན་ཤེས་ཐོབ་པའི་སྐྱེས་བུ་དམ་པ་དེ་ནི་བདག་ཉིད་ཡེ་ཤེས་ལ་དབང་པ་མཆོག་ཐོབ་པའི་བློ་གྲོས་རྣམ་པར་དག་པ་དང་ལྡན་པས། འགྲོ་བ་ཉོན་མོངས་པས་རང་དབང་མེད་པར་གྱུར་པ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པའི་ཆོས་བསྟན་ནས་གཉེན་པོས་རང་དབང་ཡོད་པ་ལ་བཀོད་པར་ནུས་པ་དབང་གི་ཆེ་བའི་བདག་ཉིད་དང༌། དུས་རྟག་ཏུ་རང་དོན་ལ་ཆགས་པ་མེད་པར་ལྷག་པའི་བསམ་པ་རྣམ་པར་དག་པས་གཞན་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བ་ཁོ་ན་ལ་མཐའ་གཅིག་ཏུ་མངོན་པར་དགའ་བ་སྟེ། དེའི་ཆེ་བའི་བདག་ཉིད་དང༌། སེངྒེ་ནགས་ཁྲོད་དུ་གནས་ཀྱང་གཅན་གཟན་དང་རི་དྭགས་གཞན་གྱི་འཇིགས་པ་མེད་པ་བཞིན་དུ་བློ་རབ་ཏུ་བརྟན་པ་དེ་སྲིད་པ་འཁོར་བའི་ནང་ན་གཞན་དོན་འབའ་ཞིག་སྤྱོད་ཅིང༌། གནས་ཀྱང་འཁོར་བའི་སྐྱོན་གྱིས་གོས་སུ་དོགས་པའི་འཇིགས་པ་མེད་པའི་ཆེ་བ་རྣམས་དང་ལྡན་པས་དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའོ། །རྒྱུད་བླ་མར་ཡང༌། ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད། །དེ་བཞིན་དེ་ནི་འཇིག་རྟེན་ན། །གནས་ཀྱང་འཇིག་རྟེན་ཆོས་མི་གོས། ། ཞེས་གསུངས་པ་ལྟར་ཏེ། དེ་བས་ན་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གྲུབ་པར་འདོད་པ་རྣམས་ཀྱིས་ཏིང་ངེ་འཛིན་ཟབ་མོ་སྒོམ་པ་ལ་འབད་པར་བྱའོ། །དེ་ཁོ་ན་ཉིད་ཐོབ་པའི་མཐུ་མངོན་པར་ཤེས་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༩༽མཐུ་ཐོབ་པས་བདག་གཞན་ཡོངས་སུ་སྨིན་པའི་དོན། ད་ནི་མཐུ་ཐོབ་པ་ལས་[བྱུང་{འབྱུང་}བའི་བདག་གཞན་ཡོངས་སུ་སྨིན་པའི་དོན་ལ། བྱང་ས་ལས(བྱུང་བའི་དོན་བསྡུས་པ)། {ལ་བ་དང་ལྡན་པའི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་དུ་བྱེད་པ་སྨིན་པའི་ངོ་བོ་ཉིད་དང༌། རིགས་ཅན་གསུམ་ལ་རང་རང་གི་མོས་པ་བཞིན་ཐེག་པ་གསུམ་གྱི་ཆོས་བསྟན་པར་བྱ་བ་དང༌། རིགས་མེད་པ་ལ་ཡང་བདེ་འགྲོར་འགྲོ་[བར་བྱ་བའི་ཐབས་བསྟན་པར་བྱ་བ་སྟེ། སྨིན་པར་[བྱ་{བྱེད་}བའི་གང་ཟག་དང་དབང་པོ་དང་དགེ་བའི་རྩ་བ་དང་ཤེས་པ་དང་ཆུང་ངུ་དང་འབྲིང་དང་ཆེན་པོའི་སྒོ་ནས་སྨིན་པའི་རྣམ་པ་དབྱེ་བ་དང༌། }ོན་གྱི་དགེ་བའི་ས་བོན་གསོ་ཞིང་ཁམས་རྟས་པར་བྱེད་པ་དང༌། འདིར་ཡང་རྗེས་སུ་མཐུན་པའི་ཆོས་བསྟན་ནས་རྐྱེན་ཉེ་བར་སྒྲུབ་པ་དང༌། འདོད་པ་ལ་སྐྱོ་བ་སྐྱེད་དེ་རབ་ཏུ་བྱུང་བའི་བསླབ་པ་ལེན་དུ་འཇུག་པ་ལ་སོགས་སྨིན་པར་བྱེད་པའི་ཐབས་དང༌། མོས་པ་སྤྱོད་པའི་ས་ལ་གནས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་གིས་སྨིན་པར་བྱེད་པའི་གང་ཟག་དང༌། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྨིན་པ་ཆུང་ངུ་དང་ཆེན་པོ་ལ་གནས་པའི་ཚུལ་གྱིས་གང་ཟག་གི་མཚན་ཉིད་དེ། ཡོངས་སུ་སྨིན་པ་[རྣམ་པ་]དྲུག་ལ་ནང་སེམས་ཀྱི་དབྱེ་བ་མཐའ་ཡས་པ་དང་བཅས་པ་གསུངས་ཤིང༌། འདིར་ནི་སེམས་དཔའ་བདག་ཉིད་སྨིན་པའི་མཚན་ཉིད་དང༌། སེམས་ཅན་གཞན་རྣམས་སྨིན་ཚུལ་གཉིས་ཀྱིས་འཆད་པའི་དང་པོ་ལའང༌། མཚན་ཉིད་ཀྱི་དབྱེ་བ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ། ཕན་ཡོན་གྱིས་བསྡུས་ཏེ་བསྟན་པའོ། ། ⑴ སེམས་དཔའ་བདག་ཉིད་སྨིན་པའི་མཚན་ཉིད། ༡ མཚན་ཉིད་ཀྱི་དབྱེ་བ་མདོར་བསྟན། དང་པོ་ནི། དགའ་དང་དད་དང་རབ་ཞི་སྙིང་བརྩེ་དང༌། །བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་པ་དང་ཡན་ལག་ལྡན་པ་རབ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །ཐེག་པ་ཆེན་པོའི་ཆོས་ཟབ་མོ་ལ་དགའ་བ་ཡོངས་སུ་སྨིན་པ་དང༌། དེ་བཞིན་དུ་སྦྱར་ཏེ་ཆོས་སྟོན་པ་པོ་སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་ལ་ཤེས་ནས་དད་པ་དང་ལམ་བསྒྲུབས་པས་ཉོན་མོངས་པ་རབ་ཏུ་ཞི་བ་དང༌། བསམ་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཆེན་པོ་དང༌། སྦྱོར་བ་རང་གཞན་གྱི་དོན་སྒྲུབ་པའི་དཀའ་སྤྱད་ལ་བཟོད་པ་དང༌། སྡེ་སྣོད་ཀྱི་ཆོས་རྣམ་དག་ལེན་པ་དང་འཛིན་པ་དང་ཁོང་དུ་ཆུད་པར་བྱ་བ་ལ་ཡིད་གཞུངས་པ་དང་གང་རྟོགས་པར་བྱ་བའི་ཆོས་རྣམས་ལ་དབང་ཐོབ་ཅིང་མཐུ་ཅན་དུ་གྱུར་པ་ཉིད་དང་ནི་བདུད་དང་ཕས་ཀྱི་རྒོལ་བ་དག་གིས་གླགས་མི་རྙེད་ཅིང་མི་འཕྲོགས་པ་དང༌། ཉོན་མོངས་པ་སྤང་བའི་ཡན་ལག་དང་ལྡན་པ་རྣམས་རབ་སྟེ་ཆེན་པོའམ་མཆོག་ཏུ་གྱུར་པ་དེ་རྣམས་ནི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཉིད་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། ༢ དེའི་དོན་རྒྱས་པར་བཤད་པ་ལ་དགུ། རྒྱས་བཤད་ལ་དགུ་སྟེ། དགའ་བ་དང༌། དད་པ་དང༌། རབ་ཞི་དང༌། སྙིང་རྗེ་དང༌། བཟོད་པ་དང༌། ཡིད་གཞུངས་དང༌། མཐུ་ཅན་དང༌། མི་འཕྲོགས་པ་དང༌། ཡན་ལག་རྣམས་ཀྱི་མཐར་ཡོངས་སུ་སྨིན་པའི་མཚན་ཉིད་ཅེས་སྦྱར་བའོ། ། ༡ དགའ་བ་ཡོངས་སུ་སྨིན་པ། དང་པོ་ནི། གྲོགས་མཆོག་ལ་སོགས་གསུམ་དང་བརྩོན་རབ་དང༌། །མཐར་ཕྱིན་དམ་པ་དང་ནི་ཆོས་མཆོག་བསྡུད། །དམ་ཆོས་ཆེར་བཟུང་ཕྱིར་ན་སྙིང་རྗེ་ཅན། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཐམས་ཅད་ཀྱང་རྒྱུ་དང་རང་བཞིན་དང་བྱེད་ལས་གསུམ་གསུམ་གྱིས་འཆད་པས་རྒྱུ་ནི་གྲོགས་མཆོག་ཏུ་གྱུར་པ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་སོགས་པ་སྟེ། དེ་ལས་དམ་པའི་ཆོས་ཉན་པ་དང༌། ཆོས་ཀྱི་དོན་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་དཔའ་སྟེ་གསུམ་དང༌། རང་བཞིན་ནམ་ངོ་བོ་ནི་ཐེག་ཆེན་གྱི་ཆོས་ལ་དགའ་ཞིང་སྤྲོ་བའི་བརྩོན་འགྲུས་རབ་བམ་མཆོག་ཏུ་གྱུར་པ་རྩོམ་པ་དང༌། བསམ་གྱིས་མི་ཁྱབ་པའི་གནས་དགོངས་པ་ཟབ་མོ་རྣམས་ལ་ཐེ་ཚོམ་མེད་པའི་དགའ་བ་རབ་ཀྱི་མཐར་ཕྱིན་པ་དམ་པ་ཐོབ་པ་དང་ནི་བྱེད་ལས་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོའི་ཆོས་སྡུད་ཅིང་བསྲུང་བ་དང༌། དེ་ལ་ཞུགས་པ་རྣམས་གནོད་པ་དང་འཚེ་བ་དག་ལས་བསྲུང་བར་བྱེད་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་ཐེག་པ་ཆེན་པོ་དམ་པའི་ཆོས་ཆེས་ཆེར་གཟུང་བའི་ཕྱིར་ན་སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། ༢ དད་པ་ཡོངས་སུ་སྨིན་པ། དད་པ་ཡོངས་སུ་སྨིན་པ་ནི། ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང༌། །ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང༌། །སྟོན་ལ་ཡིད་ཆེས་བྱ་ཕྱིར་རྒྱལ་སྲས་ཀྱི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རྒྱུ་ནི་མདོ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ལ་སོགས་པ་གསུངས་པ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་དང་རང་བཞིན་ནི་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཞེས་གསུངས་པ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་ཡིད་ཆེས་ཏེ་དེ་ལས་གཞན་དུ་སེམས་གང་གིས་ཀྱང་མི་ཕྱེད་པའི་དད་པ་ཐོབ་པ་དང༌། བྱེད་ལས་ནི་དད་པ་ལ་བརྟེན་ནས་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་འགྱུར་བ་དང༌། དེའི་འབྲས་བུ་མངོན་པར་ཤེས་པའི་ཡོན་ཏན་ཁྱད་པར་ཅན་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་སྟོན་པ་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པར་བྱས་པའི་ཕྱིར་ན་རྒྱལ་བའི་སྲས་པོ་རྣམས་ཀྱི་དད་པ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། ༣ རབ་ཞི་ཡོངས་སུ་སྨིན་པ། རབ་ཞི་ཡོངས་སུ་སྨིན་པ་ནི། ཤིན་ཏུ་སྡོམ་ཞིང་ཉོན་མོངས་རྟོག་པ་སྤོང༌། །བར་ཆད་མེད་ཅིང་དགེ་ལ་མངོན་པར་དགའ། །རྒྱལ་བའི་སྲས་ཀྱི་ཉོན་མོངས་བསལ་བའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རྒྱུ་ནི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པའི་སྒོ་ནས་དབང་པོ་རྣམས་ཡུལ་ལ་འཇུག་པ་ན་ཤིན་ཏུ་སྡོམ་ཞིང་མཚན་མ་དང་མངོན་རྟགས་སུ་མི་འཛིན་པ་དང༌། རང་བཞིན་ནི། ཉོན་མོངས་པ་དུག་གསུམ་ལ་སོགས་པའི་རྟོག་པ་རྣམས་སྤོང་ཞིང་རབ་ཏུ་ཞི་བ་དང༌། བྱེད་ལས་ནི། གཉེན་པོ་སྒོམ་པ་ལ་ཉོན་མོངས་པའི་བར་ཆད་མེད་ཅིང་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མངོན་པར་དགའ་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་རྒྱལ་བའི་སྲས་པོ་རྣམས་ཀྱི་ཉོན་མོངས་པ་བསལ་ཞིང་སྤངས་པའི་ཕྱིར་ན་རབ་ཏུ་ཞི་བ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། ༤ སྙིང་རྗེ་ཡོངས་སུ་སྨིན་པ། སྙིང་རྗེ་ཡོངས་སུ་སྨིན་པ་ནི། རང་བཞིན་སྙིང་བརྩེ་གཞན་གྱི་སྡུག་བསྔལ་མཐོང༌། །དམན་པའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང༌། །ཁྱད་པར་འགྲོ་དང་འགྲོ་བའི་མཆོག་གྱུར་ལུས། །གཞན་ལ་སྙིང་བརྩེ་ཡོངས་སུ་སྨིན་པའི་མཚན། །རྒྱུ་ནི་རང་བཞིན་གྱིས་སྙིང་བརྩེ་བ་དང་ལྡན་པ་ཐེག་པ་ཆེན་པོའི་རིགས་སད་པ་དང༌། སེམས་ཅན་གཞན་གྱི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་མཐོང་བ་དང༌། རང་དོན་གཙོ་བོར་བྱེད་པ་ཐེག་པ་དམན་པའི་སེམས་ཀྱང་ཡང་དག་པར་རབ་ཏུ་སྤོང་བ་རྣམས་དང༌། རང་བཞིན་ནི། ས་དང་པོར་སྙིང་རྗེ་ཁྱད་པར་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྲོ་བ་དང༌། བྱེད་ལས་ནི། ཕྱིར་མི་ལྡོག་པའི་ས་ལ་འགྲོ་བ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་གཞན་ལ་སྙིང་བརྩེ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། ༥ བཟོད་པ་ཡོངས་སུ་སྨིན་པ། བཟོད་པ་ཡོངས་སུ་སྨིན་པ་ནི། རང་བཞིན་བརྟན་པ་སོ་སོར་བརྟགས་བསྒོམ་པ། །གྲང་སོགས་སྡུག་བསྔལ་ཤིན་ཏུ་རྟག་མི་འབྱེད། །ཁྱད་པར་འགྲོ་དང་དགེ་ལ་མངོན་པར་དགའ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རྒྱུ་ནི་རང་བཞིན་གྱིས་བརྟན་པ་ཐེག་ཆེན་གྱི་རིགས་སད་པ་དང༌། ཁྲོ་བའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་ལ་སོགས་པ་སོ་སོར་བརྟགས་ནས་སྒོམ་པ་དང༌། རང་བཞིན་ནི། རང་བཞིན་གྱིས་དོན་བསྒྲུབ་པ་ན་ཚ་གྲང་དང་བཀྲེས་སྐོམ་དང་གཞན་གྱི་གནོད་པ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་རྣམས་ལ་ཤིན་ཏུ་རྟག་པར་མི་འབྱེད་ཅིང་མི་ལྡོག་པའི་སྒོ་ནས་སྡུག་བསྔལ་དང་དུ་ལེན་པ་དང་གནོད་པ་ལ་ལན་མི་བྱེད་པའི་བཟོད་པ་ལ་བརྟན་པར་གནས་པ་དང༌། བྱེད་ལས་ནི། གོམས་པ་ལ་བརྟེན་ནས་བཟོད་པ་ཁྱད་པར་ཅན་གོང་ནས་གོང་དུ་ཇེ་ཆེར་འཕེལ་ཞིང་རྒྱས་པར་འགྲོ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བ་ལ་མངོན་པར་དགའ་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། ༦ ཡིད་གཞུངས་ཡོངས་སུ་སྨིན་པ། ཡིད་གཞུངས་ཡོངས་སུ་སྨིན་པ་ནི། རྣམ་སྨིན་དག་ཅིང་ཐོས་སོགས་དྲན་མི་རྗེད། །དེ་བཞིན་ལེགས་བཤད་ཉེས་པར་སྨྲས་པ་དག །ཤེས་རབ་བློ་ཆེན་སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུངས་ཡོངས་སུ་སྨིན་པའི་མཚན། །རྒྱུ་ནི་སྔོན་ཐོས་བསམ་ལ་སོགས་པ་བྱས་པའི་ཤེས་རབ་ཀྱི་བག་ཆགས་སད་ཅིང་རྣམ་པར་སྨིན་པའི་ལུས་དག་ཅིང་སྐྱོན་མེད་པ་ཐོབ་པ་དང༌། རང་བཞིན་ནི། ཐོས་པ་དང་བསམ་པ་དང་སྒོམ་པ་བྱས་ནས་ཡུན་རིང་དུ་ལོན་པ་དང༌། ལུས་ཀྱི་བྱ་བ་གང་བྱས་པ་དང་ངག་གིས་སྨྲས་ནས་ཡུན་རིང་དུ་ལོན་པ་ལ་སོགས་པ་རྣམས་ཀྱང་དྲན་ཞིང་མི་རྗེད་པ་དང༌། དེ་བཞིན་དུ་ལེགས་པར་བཤད་པའི་ཡོན་ཏན་དང་ཉེས་པར་སྨྲས་པའི་སྐྱོན་དག་ཀྱང་རབ་ཏུ་གསལ་བར་ཤེས་པའི་ཤེས་རབ་དང༌། བྱེད་ལས་ནི། བློ་གྲོས་ཆེན་པོ་འཕགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་རུང་བ་ཉིད་དེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་ཤིན་ཏུ་ཡིད་གཞུངས་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། ༧ མཐུ་ཅན་ཡོངས་སུ་སྨིན་པ། མཐུ་ཐོབ་ཡོངས་སུ་སྨིན་པ་ནི། དགེ་བ་གཉིས་ཀྱིས་ཁམས་གཉིས་བརྟས་པ་དང༌། །རྟེན་ནི་འབྲས་བུ་སྐྱེ་བར་རུང་བའི་མཆོག ཡིད་ལ་བསམ་གྲུབ་འགྲོ་བའི་མཆོག་གྱུར་པ། །མཐུ་ཐོབ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་བ་གཉིས་ཀྱི་ཚོགས་གཉིས་པོ་དེ་དག་གི་ཁམས་སམ་ས་བོན་གཉིས་བརྟས་ཤིང་ནུས་པ་འཕེལ་བར་བྱེད་པ་དང༌། རང་བཞིན་ནི། རྟེན་ཕུང་པོ་ལྔའི་རྒྱུན་[དེ་ལ་ནི་]འབྲས་བུ་མངོན་པར་རྟོགས་པ་གོང་ནས་གོང་དུ་སྐྱེ་བར་རུང་བ་ལ་བར་ཆད་མེད་པས་མཆོག་ཏུ་གྱུར་བ་དང༌། བྱེད་ལས་ནི། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམས་ཡིད་ལ་བསམས་པ་བཞིན་འགྲུབ་པ་དང༌། }ར་བསྟན་པ་ལྟར་འགྲོ་བའི་མཆོག་ཏུ་གྱུར་པའི་ལུས་ཁྱད་པར་ཅན་ཐོབ་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་མཐུའམ་སྟོབས་ཐོབ་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། ༨ མི་འཕྲོགས་པ་ཡོངས་སུ་སྨིན་པ། མི་འཕྲོགས་ཡོངས་སུ་སྨིན་པ་ནི། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །རྒྱུ་ནི་དམ་པའི་ཆོས་བཟང་པོ་ཐེག་པ་ཆེན་པོ་ལ་འཆད་པར་འགྱུར་བའི་རིགས་པ་བཞིས་ཚུལ་བཞིན་དུ་རྣམ་པར་དཔྱད་པས་ཐེ་ཚོམ་མེད་པའི་བསམ་པ་ཅན་དང༌། རང་བཞིན་ནི། ཆོས་ཟབ་མོ་ལ་ངེས་པ་ཐོབ་པས་དུས་རྟག་ཏུ་བདུད་དང་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱིས་ནམ་ཡང་བར་ཆད་བྱེད་པ་མེད་པ་དང༌། བྱེད་ལས་ནི། རང་གི་རྒྱུད་ལ་མངོན་པར་རྟོགས་པ་ཁྱད་པར་ཅན་རིམ་གྱིས་རྙེད་པ་དང༌། གཞན་ཕྱིར་རྒོལ་བ་རྣམས་ཀྱི་ཉེས་པའི་ཕྱོགས་སུན་འབྱིན་པར་བྱེད་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་འགལ་རྐྱེན་གྱིས་མི་འཕྲོགས་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། ༩ ཡན་ལག་ཡོངས་སུ་སྨིན་པ། ཡན་ལག་ཡོངས་སུ་སྨིན་པ་ནི། དགེ་བ་བསགས་དང་རྟེན་ཀྱང་བརྩོན་པར་རུང༌། །དབེན་དང་དགེ་བ་མཆོག་ལ་མངོན་དགའ་བ། །རྒྱལ་བའི་སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རྒྱུ་ནི་ཚོགས་གཉིས་ཀྱི་དགེ་བ་རིམ་གྱིས་བསགས་པ་དང༌། རང་བཞིན་ནི། གཡོ་དང་སྒྱུ་མེད་ཅིང་དད་པ་དང་ཤེས་རབ་ཡོད་པའི་ལུས་སྐྱོན་མེད་པ་ལ་བརྟེན་ནས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་དགེ་བ་ལ་སྤྲོ་བ་ཆེན་པོའི་བརྩོན་འགྲུས་རྩོམ་པར་རུང་ཞིང༌། བཟོད་པ་དང་བྱེད་ལས་ནི་རྣམ་གཡེང་དང་འདུ་འཛིས་དབེན་པ་དང༌། ཐེག་པ་ཆེན་པོའི་དགེ་བ་མཆོག་ལ་མངོན་པར་དགའ་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བྱ་སྤོང་བའི་ཡན་ལག་དང་ལྡན་པའི་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། ༣ ཕན་ཡོན་གྱིས་བསྡུས་ཏེ་བསྟན་པ། ཕན་ཡོན་གྱིས་བསྡུས་ཏེ་བསྟན་པ་ནི། དེ་ལྟར་དངོས་པོ་རྣམ་དགུས་སྨིན་པའི་བདག །ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན། །ཆོས་ཀྱི་རང་བཞིན་རྒྱུན་འཕེལ་བདག་ཉིད་ཅན། །རྟག་ཏུ་འགྲོ་བའི་གཉེན་མཆོག་གྱུར་པ་ཡིན། །}ར་བཤད་པ་དེ་ལྟར་ན་དགའ་བ་སྨིན་པ་ལ་སོགས་པའི་དངོས་པོའམ་དོན་རྣམ་པ་དགུས་ཡོངས་སུ་སྨིན་པའི་བདག་ཉིད་ནི། གཞན་དོན་སེམས་ཅན་ཕ་རོལ་པོ་ཡོངས་སུ་སྨིན་པར་བྱེད་པར་རུང་བའི་སྟོབས་དང་ལྡན་པའི་ཆེ་བ་དང༌། རང་དོན་ཆོས་ཀྱི་{འི་རང་བཞིན་གློ་བུར་གྱི་དྲི་མ་དག་བྱེད་ཀྱི་རྒྱུན་འཕེལ་བའི་བདག་ཉིད་ཅན་གྱི་ཆེ་བ་སྟེ། ཡོན་ཏན་གཉིས་དང་ལྡན་པའི་སྒོ་ནས་དུས་རྟག་ཏུ་འགྲོ་བ་མཐའ་ཡས་པའི་གཉེན་གྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ཟང་ཟིང་གི་སྦྱིན་པ་ལ་སོགས་པས་འཕྲལ་དུ་བདེ་བ་དང་ཆོས་ཟབ་མོ་བསྟན་ནས་གཏན་གྱི་བདེ་ལ་འགོད་པའི་ཕྱིར་རོ། ། ⑵ སེམས་ཅན་གཞན་རྣམས་སྨིན་ཚུལ། གཞན་སྨིན་པར་བྱེད་ཚུལ་ལ་བཞི་སྟེ། ཡོངས་སུ་སྨིན་པའི་མཚན་ཉིད། དེའི་རྣམ་དབྱེ་བསྟན་པ། སྨིན་པར་བྱེད་ཚུལ་རྒྱས་བཤད། བསྡུས་ཏེ་[ཕན་ཡོན་]བསྟན་པའོ། ། ༡ ཡོངས་སུ་སྨིན་པའི་མཚན་ཉིད། དང་པོ་ནི། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཇི་ལྟར་ཏེ་དཔེར་ན་རྨ་དང་ཟས་ལ་དེ་དག་གི་རིམ་པ་བཞིན་དུ་ཕོལ་མིག་ལ་སོགས་པའི་རྨ་སྨིན་པ་ན་རྣག་གཟག་ཏུ་རུང་བ་དང༌། ཤིང་ཐོག་ལ་སོགས་པའི་ཟས་སྨིན་པ་ན་ལོངས་སྤྱད་དུ་རུང་བས་སྨིན་པར་འདོད་པ་ལྟར་དེ་བཞིན་དུ་རྟེན་གྱི་གང་ཟག་གི་རྒྱུད་འདིར་ཡང་སྤང་བྱ་དང་གཉེན་པོའི་ཕྱོགས་གཉིས་ཀྱི་ནང་ནས་རྣག་གཟག་ཏུ་རུང་བ་ལྟར་མི་མཐུན་པའི་ཕྱོགས་ཞི་པས་སྤང་བྱ་སྤང་རུང་དུ་གྱུར་པ་དང༌། དེ་བཞིན་དུ་ཟས་སྤྱད་དུ་རུང་བ་ལྟར་གཉེན་པོའི་ཕྱོགས་སྐྱེ་རུང་ཉིད་དུ་གྱུར་པ་ནི་གདུལ་བྱ་ཡོངས་སུ་སྨིན་པའི་མཚན་ཉིད་དུ་བསྟན་པའོ། ། ༢ དེའི་རྣམ་དབྱེ་བསྟན་པ། དེའི་རྣམ་དབྱེ་ནི། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པ་སྨིན་བྱེད་དང༌། །རྟག་སྨིན་གོང་དུ་སྨིན་བྱེད་བཤད་པར་འདོད། །སྨིན་པར་བྱེད་པ་པོ་བྱང་ཆུབ་སེམས་དཔས་སྨིན་པར་བྱ་བ་ལུས་ཅན་རྣམས་ཉོན་མོངས་དང་བྲལ་བར་སྨིན་པར་བྱེད་པ་དང༌། དེ་བཞིན་དུ་རིགས་ཅན་གསུམ་པོ་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་པ་དང༌། ཕྱི་རོལ་པའི་སྨིན་པ་ལས་ཁྱད་པར་འཕགས་ཤིང་མཆོག་ཏུ་གྱུར་པས་རབ་ཏུ་སྨིན་པར་བྱེད་པ་དང༌། གདུལ་བྱའི་སྐལ་བ་དང་འཚམ་པར་ཆོས་བསྟན་ནས་བློ་དང་མཐུན་པར་སྨིན་པར་བྱེད་པ་དང༌། གཞན་ཡང་མཐོ་དམན་ལ་བྱམས་སྡང་མེད་པར་སྙོམས་ཤིང་གུས་པའི་སྒོ་ནས་ལེགས་པར་སྨིན་པར་བྱེད་པ་དང༌། རང་གིས་དེ་ཁོ་ན་ཉིད་རྟོགས་པའི་སྒོ་ནས་གཞན་རྣམས་ཀྱང་དེ་ཁོ་ན་ཉིད་རྟོགས་པར་སྨིན་པར་བྱེད་པ་དང༌། ཕྱིན་ཅི་ལོག་གི་གཉེན་པོ་བསྟན་ནས་ཕྱིན་ཅི་མ་ལོག་པར་རྟག་ཏུ་སྨིན་པར་བྱེད་པ་དང༌། ལམ་འོག་མ་ལས་མི་ཉམས་པར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་སྨིན་པར་བྱེད་པ་སྟེ། དེ་ལྟར་རྣམ་པ་བརྒྱད་ནི་གདུལ་བྱ་གཞན་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་ཡིན་པར་བཤད་པར་འདོད་དོ། ། ༣ སྨིན་པར་བྱེད་ཚུལ་རྒྱས་པར་བཤད་པ། ⑴ བསམ་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། རྒྱས་པར་བཤད་པ་ལ། བསམ་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་དང༌། སྦྱོར་བ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་གཉིས་ཀྱི་དང་པོ་ནི། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཇི་ལྟར་རྒྱལ་བའི་སྲས་པོ་བྱང་ཆུ་སེམས་དཔའ་རྣམས་གཞན་ལ་ཕན་པ་དང་བདེ་བར་འདོད་པའི་[ལྷག་པའི་]བསམ་པ་རྣམ་པར་དག་པས་འཁོར་བ་འདིར་འགྲོ་བ་མ་ལུས་པ་ཀུན་གཏན་གྱི་དགེ་བ་དང་འཕྲལ་དུ་བདེ་བ་ལ་བཀོད་ནས་རྣམ་པར་སྨིན་པར་བྱེད་པར་གནས་པ་ལྟར། དེ་བཞིན་དུ་ཕ་དང་མ་དང་གཉེན་བཤེས་རྣམས་ནི་རང་གི་བུ་དང་གཉེན་པ་རྣམས་ལེགས་པར་མི་གནས་ཏེ། ཕན་པ་དང་བདེ་བར་འདོད་ཀྱང་དེའི་ཐབས་ལ་མི་མཁས་པས་མི་དགེ་བ་དང་སྡུག་བསྔལ་ལ་སྦྱོར་བའི་ཕྱིར་རོ། །དེ་བཞིན་དུ། ཇི་ལྟར་བརྩེ་བདག་བདེ་དང་ཕན་སྦྱོར་ཕྱིར། །སེམས་ཅན་གཞན་ལ་བྱམས་འདོད་དེ་ལྟར་ནི། །སྐྱེ་བོ་བདག་ལའང་བྱམས་པར་མི་འདོད་ན། །རབ་སྡུག་སྐྱེ་བོ་གཞན་རྟེན་སྨོས་ཅི་དགོས། །ཇི་ལྟར་བརྩེ་བ་ཆེན་པོའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་རྣམས་གདུལ་བྱ་མཐའ་དག་འཕྲལ་དུ་ལོངས་སྤྱོད་ལ་སོགས་པའི་བདེ་བ་དང་ཕུགས་སུ་ཕན་པའི་དགེ་བ་ལ་སྦྱོར་བའི་ཕྱིར། སེམས་ཅན་གཞན་ཐམས་ཅད་ལ་བྱམས་པའི་བསམ་པས་ཕན་པ་དང་བདེ་བ་འདོད་པ་དེ་ལྟར་ནི་སྐྱེ་བོ་ཕལ་པ་རྣམས་བདག་ལའང་དེ་ཙམ་དུ་བྱམས་པར་མི་འདོད་ན་རབ་ཏུ་སྡུག་ཅིང་ཡིད་དུ་འོང་བའི་སྐྱེ་བོ་གཞན་ལ་བརྟེན་ནས་དེ་ལྟ་བུའི་བྱམས་པ་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་སྐྱེ་བ་ཉིད་དོ། །མདོར་ན་འཇིག་རྟེན་པ་རྣམས་བུ་དང་གཉེན་བཤེས་ལ་བྱམས་པ་དང༌། རང་ལ་རང་ཉིད་བྱམས་པ་ལས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེས་ཁྱད་པར་དུ་འཕགས་པའི་སྒོ་ནས་ཕན་འདོགས་པར་མཛད་པའོ། ། ⑵ སྦྱོར་བ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། སྦྱོར་བ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ལ་དྲུག་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ལོ། ། ༡ སྦྱིན་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། སྦྱིན་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོད་མེད་དེ། །མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །སྦྱིན་བདག་བྱང་ཆུབ་སེམས་དཔའི་མགོ་དང་ལག་པ་ལ་སོགས་པའི་ལུས་དང༌། ནོར་བུ་དང་གླང་པོ་ལ་སོགས་པའི་ལོངས་སྤྱོད་དག་གཞན་ལ་མི་སྦྱིན་པ་ནི་ཡོངས་མེད་དེ་གང་ལ་ཅི་འདོད་པ་དེ་ཐམས་ཅད་སྦྱིན་པ་དང༌། ཉེ་རིང་དང་མཐོ་དམན་ལ་སོགས་པའི་ཕྱོགས་རིས་མེད་པར་མཉམ་པར་སྦྱིན་པ་དང༌། ཡུལ་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་བྱིན་ཡང་ཡོན་ཏན་གྱིས་ངོམས་པར་མི་འགྱུར་བར་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་གསུམ་གྱིས་ཕོངས་པ་མེད་ཅིང་འདོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཚེ་འདི་ལ་ཕན་འདོགས་པ་དང༌། སྦྱིན་པས་བསྡུས་ནས་དགེ་བ་ལ་འགོད་པས་ཚེ་ཕྱི་མ་ལ་ཕན་འདོགས་པ་སྟེ། ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། ། ༢ ཚུལ་ཁྲིམས་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། ཚུལ་ཁྲིམས་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། རྟག་པ་རང་བཞིན་ལྷག་པ་འཚེ་བ་མེད། །བདག་དགའ་བག་ཡོད་འདི་ལ་གཞན་འགོད་ཅིང༌། །ཕན་རྣམ་གཉིས་འདོགས་རྣམ་པར་སྨིན་པ་དང༌། །རྒྱུ་མཐུན་ཡོན་ཏན་བརྒྱུད་པས་གཞན་སྨིན་བྱེད། །ཚུལ་ཁྲིམས་ཡང་དག་པར་བླངས་པ་སྲོག་གི་ཕྱིར་ཡང་[མི་གཏོང་ཞིང་]བྱང་ཆུབ་ཀྱི་བར་དུ་སྲུང་བ་རྟག་པའི་ཚུལ་ཁྲིམས་དང༌། }ོན་གོམས་པའི་དབང་གིས་འདིར་ཡང་སྐྱེས་ཐོབ་ཀྱིས་[ཚུལ་གྱིས་]འབྱུང་བ་རང་བཞིན་གྱི་ཚུལ་ཁྲིམས་དང༌། མི་དགེ་བ་བཅུ་རྨི་ལམ་དུའང་མི་བྱེད་ཅིང་དགེ་བ་བཅུའི་ལམ་ཡོངས་སུ་རྫོགས་པ་ལྷག་པར་འཚེ་བ་མེད་པའི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་ཀྱི་ཡོན་ཏན་མཐོང་ནས་བདག་ཉིད་དེ་ལ་དགའ་བས་རྟོགས་པའི་ཚུལ་ཁྲིམས་སམ་(འགྲེལ་བཤད་དུ)ཁྱད་པར་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པ་ན་དགེ་བ་ལ་ངང་གིས་དགའ་བ་དང༌། ལུས་ངག་ཡིད་གསུམ་གྱི་བྱ་བ་མ་ཡིན་པ་ཐམས་ཅད་སྤངས་ནས་སྒོ་གསུམ་ལ་འཁྲུལ་པ་ཅུང་ཟད་ཀྱང་མེད་པ་བག་ཡོད་པའི་ཚུལ་ཁྲིམས་ལྔ་པོ་འདི་ལ་བདག་ཉིད་གནས་པ་ལྟར་གཞན་སེམས་ཅན་ཐམས་ཅད་ཀྱང་འགོད་ཅིང༌། ཕན་པ་རྣམ་པ་གཉིས་འདོགས་པ་ནི་གཞན་ལ་གནོད་པ་མི་བྱེད་པས་ཚུལ་ཡང་གནོད་པའི་འཇིགས་པ་མེད་ཅིང་ཚུལ་ཁྲིམས་དང་ལྡན་པ་བདེ་བར་འཚོ་བས་ཚེ་འདི་ལ་ཕན་འདོགས་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་བདེ་འགྲོར་སྐྱེ་བ་དང་རྒྱུ་མཐུན་པའི་འབྲས་བུ་དེར་ཡང་ཚུལ་ཁྲིམས་བསྲུང་བ་སྟེ། ཡོན་ཏན་དེ་དག་སྐྱེ་བ་ཐམས་ཅད་དུ་བརྒྱུད་དེ་རྒྱུན་མི་འཆད་པས་གཞན་ཡོངས་སུ་སྨིན་པར་བྱེད་པའོ། ། ༣ བཟོད་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། བཟོད་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། གཞན་གནོད་བྱེད་ལ་ཕན་པའི་བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིག་གནོད་བྱེད་བཟོད་པ་དེ་དག་ནི། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག །སྤྱོད་འཇུག་ལས་ཀྱང༌། དེ་བས་ངལ་བས་མ་སྒྲུབ་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་གསུངས་པ་ལྟར་གཞན་གནོད་པ་བྱེད་པ་བྱུང་བ་ལ་འདི་ནི་བདག་གི་བྱང་ཆུབ་ཀྱི་སྤྱོད་པ་བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་ཕན་པ་བྱེད་པའོ་སྙམ་དུ་དགའ་བའི་བློ་དང་ལྡན་པ་དེ། ལུས་དང་ལོངས་སྤྱོད་ལ་གནོད་པ་བྱེད་པ་དྲག་པོ་བྱུང་བ་དག་ཀྱང་ཇི་མི་སྙམ་པའི་སྒོ་ནས་རབ་ཏུ་བཟོད་པར་བྱེད་ན་གནོད་པ་ཆུང་ངུ་ལྟ་སྨོས་ཀྱང་ཅི་དགོས་གཞན་སྨིན་པའི་ཐབས་རིག་ཅིང་གནོད་བྱེད་ལ་བཟོད་པ་སྒོམ་པ་དེ་དག་གིས་ནི་གནོད་པ་ལ་ལན་མི་བྱེད་པས་ཚེ་འདི་ལ་ཕན་འདོགས་པ་དང༌། གནོད་བྱེད་རྣམས་དད་པར་བྱས་ནས་དགེ་བ་ཡང་དག་པར་ལེན་དུ་འཇུག་པས་ཚེ་ཕྱི་མ་ལ་ཡང་ཕན་འདོགས་པའོ། ། ༤ བརྩོན་འགྲུས་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། བརྩོན་འགྲུས་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །རྒྱལ་བའི་སྲས་པོ་གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ཆེན་པོ་མཆོག་ཏུ་གྱུར་པ་ལ་བརྟེན་པ་དེ་སེམས་ཅན་གྱི་ཚོགས་རབ་ཏུ་མང་པོ་ཡོངས་སུ་སྨིན་པར་བྱེད་པ་ན༑ ཕ་རོལ་པོ་སེམས་ཅན་གཅིག་གི་རྒྱུད་ལ་སེམས་དགེ་བ་སྐད་ཅིག་མ་གཅིག་ཙམ་སྐྱེད་པའི་ཕྱིར་ཡང་ནི། དུས་བསྐལ་པ་བྱེ་བ་སྟོང་དུའང་དཀའ་སྤྱད་ལ་སྐྱོ་བར་མི་འགྱུར་ན་སེམས་ཅན་མང་པོའི་རྒྱུད་ལ་དགེ་བ་རྒྱ་ཆེན་པོ་ཡུན་ཐུང་ངུས་བསྐྱེད་པ་ལ་སྐྱོ་བར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། འཕྲལ་དུ་བདེ་བ་ལ་སྦྱོར་བས་ཚེ་འདི་དང༌། སེམས་དགེ་བ་ལ་ཡང་དག་པར་སྦྱོར་བས་ཚེ་ཕྱི་མ་ལའང་ཕན་འདོགས་པའོ། ། ༥ བསམ་གཏན་ཇི་ལྟ་བུས་སྨིན་པར་བྱེད་པའི་ཚུལ། བསམ་གཏན་ཇི་ལྟ་བུས་སྨིན་པར་བྱེད་པའི་ཚུལ་ནི། ཡིད་ཀྱི་དབང་ནི་བླ་ན་མེད་ཐོབ་ནས། །གཞན་གྱིས་མཆོད་འདོད་ཐམས་ཅད་ངེས་བཅོམ་སྟེ། །མཆོག་གི་བསྟན་ལ་ཡང་དག་འདུན་བྱེད་ཅིང༌། །དེ་དག་དགེ་བས་ཡང་དག་འཕེལ་བར་བྱེད། །ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་ལ་མི་གཡོ་བར་གནས་པ་བསམ་གཏན་གྱི་དབང་ནི་བླ་ན་མེད་པ་ཐོབ་ནས་ཟང་ཟིང་དང་རྣམ་གཡེང་ལ་ཆགས་པ་མེད་པས་གཞན་གྱིས་མཆོད་པ་དང་བཀུར་སྟི་འདོད་པ་ལ་སོགས་པའི་བསམ་པ་ཐམས་ཅད་ངེས་པར་བཅོམ་སྟེ། ཇི་ལྟར་རིགས་པའི་རྫུ་འཕྲུལ་གྱིས་མཆོག་ཏུ་གྱུར་པ་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་གཞན་དག་འདུན་པར་བྱེད་ཅིང་ཚེ་འདི་དང༌། འདུན་པ་དེ་དག་དགེ་བས་ཡང་དག་པར་འཕེལ་བར་བྱེད་པས་ཕྱི་མ་ལ་ཡང་ཕན་འདོགས་པས་སྨིན་པར་བྱེད་པའོ། ། ༦ ཤེས་རབ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ། ཤེས་རབ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། དེ་ཉིད་དགོངས་དོན་ཚུལ་ལ་རབ་ངེས་ཏེ། །སེམས་ཅན་ཤིན་ཏུ་ཐེ་ཚོམ་སེལ་བར་བྱེད། །དེ་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། །རང་གཞན་དགེ་བའི་ཡོན་ཏན་རྣམ་འཕེལ་བྱེད། །བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་ངེས་དོན་ཟབ་མོ་དེ་ཁོ་ན་ཉིད་ཀྱི་ཚུལ་དང༌། དགོངས་ཏེ་གསུངས་པ་ལ་སོགས་པ་དྲང་བའི་དོན་གྱི་ཚུལ་ལ་རབ་ཏུ་རྣམ་པར་ངེས་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་བྱས་ཏེ། སེམས་ཅན་གཞན་རྣམས་དེ་ཁོ་ན་ཉིད་དང་དགོངས་པའི་དོན་གྱི་ཚུལ་ལ་མཐའ་གཉིས་སུ་འཛིན་པའི་ཐེ་ཚོམ་མཐའ་དག་ཤིན་ཏུ་སེལ་བར་བྱེད་ཅིང༌། ཐེ་ཚོམ་མེད་པ་དེའི་ཕྱིར་རྒྱལ་བའི་བསྟན་པ་ལུང་དང་མངོན་པར་རྟོགས་པའི་བདག་ཉིད་ཅན་ལ་དེ་དག་གུས་པས་འཕྲལ་དུ་བདེ་བ་དང༌། རང་དང་གཞན་གྱི་དགེ་བའི་ཡོན་ཏན་རྣམས་གོང་ནས་གོང་དུ་རྣམ་པར་འཕེལ་བར་བྱེད་པས་གཏན་དུ་ཕན་པ་ལ་སྦྱོར་བས་ཡོངས་སུ་སྨིན་པར་བྱེད་པའོ། ། ༤ བསྡུས་ཏེ་བསྟན་པ། བསྡུས་ཏེ་ཕན་ཡོན་བསྟན་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཡིས། །འགྲོ་ཀུན་བདེ་འགྲོའི་འགྲོ་བའམ་དགེ་གསུམ་ལ། །རྣམ་པ་ཆུང་དང་འབྲིང་དང་མཆོག་དག་གིས། །འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ། །དེ་ལྟར་ན་འདུལ་བ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་སློང་གི་བསམ་པ་སྙིང་རྗེ་ཆེན་པོ་ཡིས་གདུལ་བར་བྱ་བ་འགྲོ་བ་མ་ལུས་པ་ཀུན་འདུལ་ལ། དགོད་པར་བྱ་བ་(རྒྱས་འགྱུར་གྱི)རིགས་མེད་པ་རྣམས་གནས་སྐབས་བདེ་འགྲོ་མཐོ་རིས་ཀྱི་འགྲོ་བ་ལ་འགོད་པའམ་རིགས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་གསུམ་ལ་རིམ་གྱིས་བཀོད་ནས་མཐར་ཐུག་ཐེག་པ་ཆེན་པོས་ཡོངས་སུ་སྨིན་པར་བྱེད་ཅིང༌། འདུལ་བའི་རྣམ་པ་ཆུང་ངུ་མོས་[པས་{པ་}སྤྱོད་པའི་ས་དང༌། འབྲིང་ས་བདུན་པའི་བར་དང༌། མཆོག་ས་བརྒྱད་པ་[ཡན་{མན་}ཆད་ལ་འདུལ་བ་པོ་རང་ཉིད་ཀྱང་གནས་ཤིང་གདུལ་བྱ་རྣམས་ཀྱང་ས་དེ་དག་ལ་འགོད་པའི་ཚུལ་གྱིས་དུས་འཇིག་རྟེན་གྱི་ཁམས་ཇི་སྲིད་ཡོད་ཅིང་མ་སྟོངས་པ་དང་མཉམ་པར་འཇུག་པས་འདུལ་བ་སྟེ། ཡོངས་སུ་སྨིན་པ་རྒྱུན་མི་འཆད་པའི་ཆེ་བ་དང་ལྡན་པའོ། །མཐུ་ཐོབ་པ་ལས་བྱུང་བའི་བདག་གཞན་ཡོངས་སུ་སྨིན་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༡༠༽ཡོངས་སུ་སྨིན་པའི་བྱང་ཆུབ་ཆེན་པོ་འགྲུབ་ཚུལ། ཡོངས་སུ་སྨིན་པའི་མཐར་ཐུག་པ་བྱང་ཆུབ་ཆེན་པོ་འགྲུབ་པའི་ཚུལ་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། ❶ སྤྱི་དོན། དང་པོ་ལའང་ངོ་བོ་ངོས་གཟུང་དང་འཁྲུལ་པ་སྤང་བའོ། ། ༡ ངོ་བོ་ངོས་གཟུང་བ། དང་པོ་ནི་བྱང་ས་ལས། བྱང་ཆུབ་གང་ཞེ་ན། མདོར་བསྡུ་ན་སྤངས་པ་རྣམ་པ་གཉིས་དང་ཡེ་ཤེས་རྣམ་པ་གཉིས་ལ་ནི་བྱང་ཆུབ་ཅེས་བྱ་སྟེ། དེ་ལ་སྤངས་པ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་དྲི་མ་མེད་ཅིང་ཉོན་མོངས་པ་ཐམས་ཅད་དང་རྗེས་སུ་འབྲེལ་བ་མེད་པའི་ཡེ་ཤེས་གང་ཡིན་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པའོ་ཞེས་པ་དང༌། ཤེས་བྱ་(དོན་ཙམ་བསྡུས་པ)ཐམས་ཅད་མཁྱེན་པ་དང་འཆད་པར་འགྱུར་བའི་མ་འདྲེས་པ་བརྒྱ་བཞི་བཅུ་དང༌། གཞན་ཡང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་དམ་པ་དང༌། གཞན་ལས་ཁྱད་པར་དུ་འཕགས་པས་ཕུན་སུམ་ཚོགས་པ་དམ་པ་དང༌། ཡང་དག་{པར་} རིག་{པ་}བཞི་དང་ལྡན་པའི་ཡེ་ཤེས་དམ་པ་དང༌། མངོན་ཤེས་དྲུག་དང་ལྡན་པའི་མཐུ་དམ་པ་དང༌། སྒྲིབ་པ་གཉིས་དང་བྲལ་བའི་སྤངས་པ་དམ་པ་དང༌། རྣམ་ཐར་དང་ཚད་མེད་ལ་[སོགས་པའི་] གནས་པ་དམ་པ་སྟེ་དམ་པ་བདུན་དང་ལྡན་པ་དང༌། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཞེས་པ་ལ་སོགས་པའི་ཡོན་ཏན་[བཅུ་]བརྗོད་ཅིང་རྗེས་སུ་དྲན་པ་དང༌། འཇིག་རྟེན་དུ་སངས་རྒྱས་འབྱུང་(མི་འབྱུང་གི)ཚུལ་དང་དེ་དག་གི་ཁྱད་པར་(ཡོད་མེད)ལ་སོགས་པ་མང་དུ་གསུངས་ཤིང༌། འདིར་ནི་ཐེག་པ་ཆེན་པོ་རྒྱུད་བླ་མར་འབྱུང་བ་ལྟར་འཆད་པ་ལ་གཉིས་ཀྱི་མདོར་བསྟན་ནི། ངོ་བོ་རྒྱུ་དང་འབྲས་བུ་དང༌། །ལས་དང་ལྡན་དང་འཇུག་པ་དང༌། །དེ་རྟག་བསམ་གྱིས་མི་ཁྱབ་ཀྱིས། །སངས་རྒྱས་ས་ནི་རྣམ་པར་བཞག །ཅེས་པ་ལྟར། སྒྲིབ་པ་གཉིས་དག་པ་ངོ་བོའི་དོན་དང༌། ཐོབ་བྱེད་ཀྱི་ཡེ་ཤེས་རྒྱུའི་དོན་དང༌། དྲི་མ་དང་བྲལ་བ་འབྲས་བུའི་དོན་དང༌། རང་གཞན་གྱི་དོན་གཉིས་ལས་ཀྱི་དོན་དང༌། དེའི་རྟེན་ཡོན་ཏན་[དང་]ལྡན་པའི་དོན་དང༌། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན་དང༌། ཇི་སྲིད་དུ་དེ་དག་རྟག་པའི་དོན་དང༌། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་ཏོ། །རྒྱས་བཤད་ལ་བརྒྱད་ལས་ངོ་བོའི་དོན་ནི། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མ་མཁའ་བཞིན་ཡེ་ཤེས་དང༌། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། ། ཞེས་པ་ལྟར་དོན་དམ་པའི་སངས་རྒྱས་ཉིད་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འཁོར་འདས་ཐམས་ཅད་ལ་དབྱེར་མེད་པ་དེ་ཉིད། སྤང་བྱ་གློ་བུར་གྱི་དྲི་མ་མཐའ་དག་དང་ཡང་བྲལ་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ཉི་མ་རང་བཞིན་གྱིས་འོད་གསལ་བ་བཞིན་དུ་ཡེ་ཤེས་ཀྱི་འོད་གསལ་བའི་རྟོགས་པ་དང༌། ནམ་མཁའ་རང་བཞིན་གྱིས་དག་པ་བཞིན་དུ་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤངས་པ་དང་ཡང་ལྡན་པས་སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་མཚན་ཉིད་དང་ ལྡན་པའོ། ། རྒྱུའི་དོན་ནི། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་པ་ལྟར་སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དང་བྲལ་བའི་འབྲས་བུ་དག་པ་གཉིས་ལྡན་ཐོབ་པར་བྱེད་པའི་རྒྱུ་ནི། ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་སྒོམ་པ་ཡིན་ཏེ། དེ་ཡང་མཉམ་གཞག་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་དང༌། རྗེས་ཐོབ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བས་དེ་དག་དང་འབྲེལ་བའི་ལམ་སྒོམ་པ་ལ་འབད་པར་བྱའོ། ། འབྲས་བུའི་དོན་ནི། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི༑ ༑མདོར་ན་མི་རྟོག་ཡེ་ཤེསཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །ཅེས་པ་ལྟར་དབྱིངས་རང་བཞིན་གྱིས་དག་པ་དེ་ཉིད། ཆུ་རྙོག་པས་དག་པ་དང་ཟླ་བ་སྒྲ་གཅན་ལས་ཐར་བ་དང་ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ། སྤང་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་སྒྲིབ་པ་དག་ནས། སྤངས་པ་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་བའི་སྐུ་ཐོབ་པ་ནི་མཉམ་གཉག་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ཞིང༌། དེ་བཞིན་དུ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་མཐོང་བ། །དེ་ནི་རྗེས་[ལས་{ལ་}ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་པ་ལྟར་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན་སྟོང་པ་ཉིད་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུ་སོ་སོ་རང་རིག་[པའི་]ཡེ་ཤེས་ཀྱིས་མཐོང་བ་ནི། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཐོས་པ་ལ་སོགས་པ་བྱས་པས་ཤེས་བྱའི་{སྒྲིབ་པ་དང་བྲལ་བའི་}འབྲས་བུ་མངོན་དུ་གྱུར་པའོ། ། ལས་ཀྱི་དོན་ནི། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང༌། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །ཞེས་པ་ལྟར་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་གོམས་པ་ལས་གློ་བུར་གྱི་དྲི་མ་ཟག་པ་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བའི་སྐུ་སྤངས་པ་མཐར་ཕྱིན་པ་དང༌། རྗེས་ཐོབ་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གོམས་པ་ལས་སྟོབས་སོགས་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཆོས་ཀྱི་སྐུ་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་མཐར་ཕྱིན་པ་ཐོབ་པས་ནི་འདུས་མ་བྱས་མངོན་དུ་གྱུར་པ་རང་དོན་མཐར་ཕྱིན་པ་གྲུབ་ཅིང༌།དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པས་གཞན་དོན་ཕུན་སུམ་ཚོགས་པའང་གྲུབ་པའོ། ། ལྡན་པའི་དོན་ནི། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། །རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཞེས་པ་ལྟར་སྤངས་རྟོགས་མཐར་ཕྱིན་པ་རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་དེ་དག་གིས་ནི་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་གྲུབ་པ་བསྟན་ཞིང༌། སྐུ་གཉིས་པོ་དེ་དག་ལ་ནི། བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །ཅེས་པ་ལ་སོགས་པ་བློས་བསམ་གྱིས་མི་ཁྱབ་པ་དང༌། སྐྱེ་རྒ་ན་འཆི་ལས་གྲོལ་བས་རྟག་པ་དང་བརྟན་པ་དང་ཞི་བ་དང་གཡུང་དྲུང་ལ་སོགས་པ་དོན་དམ་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའོ། ། འཇུག་པའི་དོན་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་ནི། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་པ་ལྟར་ཐོག་མཐའ་བར་གསུམ་དུ་སྐྱེ་འཇིག་གནས་གསུམ་དང་བྲལ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་དང༌། དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་དང་མཐར་ཕྱིན་པའི་ཡེ་ཤེས་གཅིག་ཏུ་འདྲེས་པས་རྣམ་པར་དབྱེར་མེད་པ་དང༌། ཡོད་པ་དང་མེད་པ་ལས་གྲོལ་བས་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་གཉིས་སུ་ལྷུང་བ་མེད་པ་དང༌། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་དང༌། དྲི་མ་མེད་ཅིང་རྣམ་རྟོག་གི་སྤྱོད་ཡུལ་དུ་བྱར་མེད་པའི་ཆོས་ཀྱི་དབྱིངས་དེ་ཉིད་མཉམ་པར་བཞག་པའི་རྣལ་འབྱོར་པ། དེ་བཞིན་གཤེགས་པས་མངོན་སུམ་དུ-་གཟིགས་པ་འོད་གསལ་བ་སྟེ་མཚན་ཉིད་ལྔ་དང་ལྡན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་ལ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེའི་རང་བཞིན་མིན། །ཞེས་པ་ལྟར་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་འགྱེད་པས་གསུང་གི་བརྗོད་པ་རྒྱུན་མི་འཆད་པ་དང༌། མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པ་མངའ་བའི་སྒོ་ནས་སྐུའི་སྣང་བ་སྟོན་པ་རྒྱུན་མི་འཆད་པ་དང༌། གདུལ་བྱ་མཆོག་ཏུ་གྱུར་པ་མང་པོའི་རྒྱུད་ལ་རྣམ་གྲོལ་གྱི་དོན་སྒྲུབ་པ་ལ་བརྩོན་པས་མཛད་པའི་འཕྲིན་ལས་རྒྱུན་མི་འཆད་པ་དང༌། དེ་ལྟར་མཛད་པ་ལའང་ཡིད་བཞིན་གྱི་ནོར་བུས་རེ་འདོད་སྐོང་བ་བཞིན་དུ་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གདུལ་བྱའི་བསམ་པ་དང་མཐུན་པར་ཁ་དོག་དང་ཚད་ལ་སོགས་པ་སྣ་ཚོགས་པར་སྟོན་ཀྱང་དེའི་རང་བཞིན་དུ་བདེན་ པ་མིན་པ་སྟེ་ཁྱད་པར་ལྔ་དང་ལྡན་པའོ། ། སྤྲུལ་པའི་སྐུ་ནི། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་པ་ལྟར་འཇིག་རྟེན་ཐ་མལ་པ་ལམ་ལ་མ་ཞུགས་པ་རྣམས་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་ལ་བཀོད་ནས་རབ་ཏུ་སྨིན་པར་མཛད་པ་དང༌། ཐེག་ཆེན་གྱིས་རབ་ཏུ་སྨིན་པ་རྣམས་དག་པའི་ས་ལ་རིམ་གྱིས་བཀོད་ནས་རྣམ་པར་གྲོལ་བར་ལུང་སྟོན་པར་མཛད་པ་སྟེ། ཆོས་གསུམ་དང་ལྡན་པའི་སྒོ་ནས་འཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་སྤྲུལ་པའི་སྐུ་དེ་ཡང༌། འདུས་མ་བྱས་ནམ་མཁའི་ཁམས་སུ་འདུས་བྱས་ཀྱི་གཟུགས་སྐྱེ་འཇིག་རྒྱུན་མི་འཆད་པ་བཞིན་དུ་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་ནས་གང་ལ་གང་འདུལ་གྱི་རྣམ་པས་འགྲོ་བའི་དོན་མཛད་པའོ། ། ཁྱད་པར་མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ་ནི། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། ། ཞེས་པ་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། སྤྲུལ་བའི་རང་བཞིན་སྣ་ཚོགས་པའི་སྒོ་ནས་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་སྟོན་པ་སྟེ། དེ་ཡང་སྟོན་པ་འདི་ཉིད་ལ་[ཉེ་བར་]མཚོན་ན། སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། ། ཞེས་པ་ལྟར་བདག་ཉིད་ཆེན་པོ་དེ་དགའ་ལྡན་པའི་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་འཁྲུངས་ནས་ལྷའི་ཚོགས་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་པར་མཛད་དེ་འཛམ་བུ་གླིང་པ་རྣམས་གདུལ་བའི་དུས་ལ་བབ་པ་ན། རིན་པོ་ཆེའི་ཅོད་པན་[མགོན་པོ་]བྱམས་པ་ལ་གནང་ནས་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་ལྷ་རྣམས་ལ་ཁོ་བོ་མི་རྣམས་གདུལ་བའི་ཕྱིར་འགྲོ་སྟེ། ཁྱེད་རྣམས་ལ་མི་ཕམ་པ་ཆོས་སྟོན་པར་འགྱུར་གྱིས་བག་ཡོད་པར་གྱིས་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཡང་མཉན་པའི་ཆེད་དུ་ཤོག་ཅིག་ཅེས་གསུངས་ནས་རིམ་གྱིས་བྱོན་པ་ལྟ་བུ། དགའ་ལྡན་ནས་འཕོ་བའི་མཛད་པ་དང་(༡)། དེ་ནས་སྤྲུལ་པའི་ལུས་ལེན་པའི་ཚུལ་བྲམ་ཟེའི་རིག་བྱེད་ལས་འབྱུང་བ་དང་མཐུན་པར་གླང་པོ་ཆེ་ཤིན་ཏུ་དཀར་བ་མཆེ་བ་དྲུག་དང་ལྡན་པ་རྒྱབ་གསེར་གྱི་དྲ་བས་གཡོགས་པ་ཞིག་ཏུ་སྤྲུལ་སྟེ། ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཞུགས་ཤིང༌། ལྷུམས་དེ་ཡང་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་ཆེན་པོར་བྱིན་གྱིས་བརླབས་ནས་ཟླ་བ་བཅུའི་བར་དུ་བདེ་བའི་ངང་ལ་བཞུགས་པ་ལྟ་བུ་ལྷུམས་སུ་འཇུག་པའི་མཛད་པ་དང་(༢)། དེ་ནས་རྒྱལ་པོའི་ཁབ་ཀྱི་སྐྱེད་མོས་ཚལ་རྣམས་སུ་མེ་ཏོག་སྣ་ཚོགས་ཁ་འབུས་པ་དང༌། གཏེར་ཆེན་པོ་ཉི་ཁྲི་ཡང་ཁ་བྱེ་བ་དང༌། མཛོད་ཀྱི་རིན་པོ་ཆེ་རྣམས་ལ་རིན་པོ་ཆེའི་མྱུ་གུ་འཕེལ་བ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། བཙའ་བའི་དུས་ལ་བབ་པ་ན་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལུམ་བི་ནའི་ཚལ་ལེགས་པར་བརྒྱན་པར་གཤེགས་པ་ལ་ཤིང་ལྗོན་པ་ཆེན་པོས་ཕྱག་བྱས་པའི་ཡལ་ག་ནས་བཟུང་བ་དང༌། བྱང་ཆུབ་སེམས་དཔའི་སྐུ་ནོར་བུ་ལྟར་དང་ཞིང་མཚན་དང་དཔེ་བྱད་ཀྱིས་མཛེས་པ་རྒྱན་དང་ན་བཟའ་དང་བཅས་པ་ཡུམ་ལ་གནོད་པ་མེད་པར་གློ་གཡས་པ་ནས་འཁྲུངས་པ་ལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་ཅིང་ཕྱོགས་དྲུག་ཏུ་གོམ་པ་བདུན་བདུན་བོར་བ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་རེ་རེ་ཡང་བྱུང་ཞིང༌། ང་ནི་འཇིག་རྟེན་ན་མཆོག་གོ་ཞེས་པ་ལ་སོགས་པ་སེངྒེའི་སྒྲ་བསྒྲག་པ་ཡང་མཛད་དེ། མངོན་ཤེས་དང་ལྡན་པའི་བྲམ་ཟེས་མཚན་བཟང་པོར་ཡང་ལུང་བསྟན་པ་ལྟ་བུ་ལྷུམས་ནས་བལྟམས་པའི་མཛད་པ་དང་(༣)། དེ་ནས་[ཡིག་ཤིང་{ཡིད་བཞིན་}ནོར་བུ་རིན་པོ་ཆེས་སྤྲས་པ་གསེར་གྱི་ཡང་མིག་ཅན་ཐོགས་ཏེ། བྱིས་པ་ཀུན་གྱི་བཤེས་གཉེན་གྱི་ཡི་གེའི་གྲྭར་བྱོན་ནས་ཨཱ་ལི་དང་ཀཱ་ལི་རྣམས་ལ་སློབ་པའི་ཚུལ་བསྟན་ཞིང༌། སློབ་དཔོན་གྱི་མིང་ཙམ་ཡང་མི་ཤེས་པའི་ཡི་གེའི་རིགས་མཐའ་ཡས་པ་བསྟན་པས་བྱིས་པ་སུམ་ཁྲི་ཉིས་སྟོང་ཡང་སྨིན་པར་མཛད་ལ། རྩིས་པ་ཤཱཀྱ་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས་རྩིས་དང་ཤོ་དགོད་པ་དང་འཕོང་དང་གྱད་ཀྱི་[འཛིང་{འཛིན་}སྟངས་ལ་སོགས་པ་འཇིག་རྟེན་པའི་བསླབ་པའི་གནས་ལ་ཡང་སློབ་པ་ལྟར་མཛད་ཅིང་སློབ་དཔོན་ལས་ལྷག་བའི་གོ་འཕང་བརྙེས་པས། སྐྱེ་དགུ་རྣམས་ངོ་མཚར་བར་མཛད་པ་ལྟ་བུ་བཟོའི་གནས་ལ་མཁས་པའི་མཛད་པ་དང་(༤)། དེ་ནས་རྒྱལ་པོའི་གདུང་རྒྱུན་མི་བཅད་པའི་དོན་དུ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཙུན་མོ་བཞེས་པར་གསོལ་བ་དང༌། དེ་དག་གི་ཕ་ཤཱཀྱ་ལག་ན་བེ་ཅོན་ལ་སོགས་པས་གང་སྒྱུ་རྩལ་གང་མཁས་པ་དེ་ལ་སྦྱིན་ནོ་ཞེས་པ་ལྷ་སྦྱིན་ལ་སོགས་པའི་སྐྱེ་བོ་མང་པོས་ཐོས་ནས། ཡི་གེ་དང་རྩིས་དང་གྱད་ཀྱི་[འཛིང་{འཛིན་}སྟངས་དང་བང་དང་མཆོང་དང་འཕོང་གི་སྦྱོར་བ་ལ་སོགས་པའི་སྒྱུ་རྩལ་ཐམས་ཅད་ལ་འགྲན་པས་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ཏེ། ས་འཚོ་མ་དང་གྲགས་འཛིན་མ་དང་[ལེགས་སྐྱེས་མ་དང་]རི་དྭགས་འཛིན་མ་རྣམས་འཁོར་ཉི་ཁྲི་ཉི་ཁྲི་དང་བཅས་པ་ཁབ་ཏུ་བཞེས་པའི་ཚུལ་བསྟན་པ་ལྟ་བུ་བཙུན་མོའི་འཁོར་དང་དགྱེས་པར་རོལ་བའི་མཛད་པ་དང་(༥)། དེ་ནས་བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས་དེ་དག་གིས་བྱིན་གྱིས་བརླབས་པའི་རོལ་མོ་རྣམས་ལས་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་པ་ཡང་ཡང་བྱུང་བས་རབ་ཏུ་འབྱུང་བར་བཞེད་པ་ལ། ཡབ་གྱིས་སྐྱེད་མོས་ཚལ་དུ་འདོད་ཡོན་ལ་རྩེར་བཏང་བའི་ལམ་དུ་རྒས་པ་དང་ན་བ་དང་ཤི་བའི་སྡུག་བསྔལ་རྣམས་གཟིགས་ཤིང༌། དགེ་སྦྱོང་གི་ཡོན་ཏན་ཡང་གཟིགས་ནས་ཡབ་ལ་རབ་ཏུ་འབྱུང་བར་ཞུས་བས་མ་གནང་བར་ཁང་བཟང་ཟབ་མོར་བཅུག་སྟེ་ཕྱོགས་བཞི་ནས་ཤཱཀྱ་ལྔ་བརྒྱ་ལྔ་བརྒྱས་བསྲུང་ཞིང་གནས་པ་ལ། ཞག་བདུན་འདས་པའི་ནམ་ཕྱེད་ན་ལྷའི་མཐུས་མི་རྣམས་གཉིད་འཐུག་པོར་གྱུར་པ་དང་ཡབ་ལ་ཞུས་ཤིང་གནང་སྟེ། འདུན་པ་དང་ལྷན་ཅིག་རྟའི་རྒྱལ་པོ་ལ་ཆིབས་ནས་རྒྱལ་པོ་བཞི་ལ་སོགས་པ་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་བཞིན་པས་བར་སྣང་ལ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ཏེ། རྟ་མཆོག་རྒྱན་དང་བཅས་པ་འདུན་པ་ལ་[བཟློག{སློག་}ཅིང་རལ་གྲི་ཨུཏྤལ་མཐིང་ཁ་ལྟ་བུས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ནས་ལྷ་རྣམས་ཀྱིས་སྤྲུལ་པའི་རྔོན་པས་ན་བཟའ་ངུར་སྨྲིག་ཕུལ་བ་[ཡང་]བླངས་ཏེ། དཔལ་རང་བྱུང་གི་བསྙེན་པར་རྫོགས་པ་མཛད་པ་ལྟ་བུ་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་དང་(༦)། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་གཅེར་བུ་པ་དང་རྩེ་གསུམ་ལ་མཆོང་བ་དང་མེ་ལྔ་བསྟེན་པ་ལ་སོགས་པས་གྲོལ་བར་རློམ་པའི་མུ་སྟེགས་པ་རྣམས་སུན་དབྱུང་བའི་ཕྱིར། ཆུ་བོ་ནཻ་ར་ཉྫཱ་ནའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིལ་ཕྱེད་ཕྱེད་ཙམ་གསོལ་བའི་དཀའ་བ་ལོ་དྲུག་སྤྱད་པས་སྐུ་རིད་ཅིང་སྐམས་པར་གྱུར་པ་ལ། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ཏེ་ཏིང་ངེ་འཛིན་ལས་བཞེངས་པ་དང༌། ལྷ་རྣམས་ཀྱིས་བསྐུལ་བའི་ཞིང་པའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པས་འབྲས་ཆན་དང་འོ་ཐུག་དྲངས་པ་གསོལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་པ་ལྟ་བུ་དཀའ་བ་སྤྱད་པའི་མཛད་པ་དང་(༧)། དེ་ནས་དུས་གསུམ་གྱི་སངས་རྒྱས་མང་པོས་བྱང་ཆུབ་བརྙེས་པའི་གནས་རྡོ་རྗེའི་གདན་ལ་ཐུགས་གཏད་དེ་གཤེགས་པའི་ལམ་དུ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ། དྲི་ཞིམ་པ་ཕུལ་བ་རྣམས་བླངས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཁྲུགས་པར་བཏིང་བ་ལ་དཀྱིལ་ཀྲུང་གིས་བཞུགས་ཤིང༌། སྐུ་དྲང་པོར་བསྲང་བའི་ཞལ་ཤར་ཕྱོགས་སུ་གཟིགས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟན་དེ་ཉིད་ལས་མི་གཡོ་བར་དམ་བཅས་པ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པ་ལྟ་བུ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་དང་(༨)། དེ་ནས་སྲོད་ལའི་དུས་སུ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇིག་པ་ཞེས་བྱ་བའི་འོད་ཟེར་མཐའ་ཡས་པ་བཀྱེ་ཞིང༌། འོད་གྱི་རྩེ་མོ་ལས་བདུད་ཟིལ་གྱིས་གནོན་པའི་སྒྲ་ཆེན་པོ་བྱུང་བས་སྟོང་གསུམ་གྱི་འཇིག་རྟེན་[གྱི་ཁམས་ཐམས་ཅད་]ཁྱབ་པར་བྱིན་གྱིས་བརླབས་པ་དང༌། བདུད་སྡིག་ཅན་འཁོར་དང་བཅས་པ་ཤིན་ཏུ་འཁྲུགས་ནས་འཇིགས་སུ་རུང་བའི་རྣམ་འགྱུར་དུ་མ་དང་བཅས་པའི་བདུད་ཀྱི་དཔུང་ཚོགས་ཆེན་པོ་སྟེང་གི་བར་སྣང་ལ་འོངས་ཏེ། རི་དང་བྲག་དང་མེ་དང་ཐོག་དང་འཁོར་ལོ་དང་མདུང་ཐུང་དང་རལ་གྲི་དང་གཏུན་ཤིང་དང་མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་སེར་བ་དྲག་པོའི་རྒྱུན་བཞིན་ཏུ་བར་དང་འཚམས་མེད་པར་ཕབ་ཀྱང༌། དེའི་བྱམས་པའི་མཐུ་ལས་གནོད་པ་མེད་པར་མེ་ཏོག་གི་ཆར་འབའ་ཞིག་ཏུ་གྱུར་ནས་ལྡིང་ཞིང་འབབ་པར་གྱུར་པས་ཞེ་སྡང་གི་རྣམ་འགྱུར་གྱིས་[ཀྱང་]རྫི་བར་མ་ནུས་ལ། བདུད་ཀྱི་བུ་མོ་ཤིན་ཏུ་མཛེས་མ་རྣམས་ཀྱིས་ཆགས་པའི་རྣམ་འགྱུར་མཐའ་ཡས་པ་བསྟན་པས་ཀྱང་སླུ་བར་མ་ནུས་པ་ལྟ་བུ་བདུད་ཀྱི་སྡེ་འཇོམས་པའི་མཛད་པ་དང་(༩)། དེ་ནས་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་གུང་ཐུན་ལ་མངོན་པར་ཤེས་པ་རྣམས་ཀྱང་བསྐྱེད་ནས་ཐོ་རངས་ཟག་པ་ཟད་པ་མངོན་དུ་མཛད་དེ། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་སྤང་བྱའི་ལྷག་མ་མ་ལུས་པར་སྤངས་ཤིང་རྟོགས་པ་མཐར་ཐུག་པ་ཡོངས་སུ་རྫོགས་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ས་གཡོ་བ་དང་འོད་གསལ་བ་དང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་ཤིང༌། ལྷ་དང་བཅས་པའི་འགྲོ་བ་མང་པོས་ཀྱང་མཆོད་ཅིང་བསྟོད་པའི་གོ་འཕང་ཐོབ་པ་ལྟ་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཛད་པ་དང་(༡༠)། དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་གསོལ་བ་ཡང་ཡང་བཏབ་ནས། ཝཱ་ར་ཎཱ་སི་ལ་སོགས་པར་བྱོན་ཏེ་ལྔ་སྡེ་བཟང་པོ་ལ་སོགས་པ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས། གང་ཟག་གི་བདག་ཏུ་ལྟ་བ་ལས་བཟློག་ནས་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། བྱ་རྒོད་ཕུང་པོ་ལ་སོགས་པར་བྱོན་ཏེ་གང་ཟག་སྡེ་བཞི་ལ་སོགས་པ་རྣམས་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་དངོས་པོར་འཛིན་པའི་ལྟ་བ་ལས་བཟློག་ནས་ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་མཛད་པ་དང༌། མཉན་ཡོད་[དང་]ལང་ཀ་པུ་རི་ལ་སོགས་པར་བྱོན་ཏེ། རང་བཞིན་སྣ་ཚོགས་པའི་གདུལ་བྱ་རྣམས་ལ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། ཡོད་མེད་རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་ལས་བཟློག་ནས་མུ་བཞི་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཆེན་པོ་ལ་སྦྱོར་བར་མཛད་པ་ལྟ་བུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དང་(༡༡)། དེ་ནས་རེ་ཤིག་འོས་སུ་གྱུར་བའི་གདུལ་བྱ་རྣམས་ཀྱི་དོན་བྱ་བ་ཡོངས་སུ་རྫོགས་པར་གཟིགས་ཏེ་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། རྟག་འཛིན་ཅན་རྣམས་དེ་ལས་ཟློག་པ་ལ་སོགས་པའི་ཆེད་དུ་གྲོང་ཁྱེར་རྩྭ་མཆོག་ཏུ་གཤེགས་ནས་ཤིང་ས་ལ་ཟུང་གི་ཚལ་དུ་གཟིམས་མལ་གྱི་ཐ་མ་མཛད་ཅིང༌། ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བུད་ཤིང་ཟད་པའི་མེ་བཞིན་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང༌། ཀུན་དགའ་བོ་ལ་སོགས་པས་སྐུ་ལ་ཤིང་བལ་འཇམ་པོས་བཀྲིས་ཤིང་རས་ཟུང་སྟོང་གིས་ཀྱང་བཅིངས་ནས་འབྲུ་མར་གྱིས་གང་བའི་སྒྲོམ་དུ་བཅུག་སྟེ་ཙནྡན་གྱི་མེ་ཚ་བས་སྦྱངས་ཀྱང་ཚིག་པར་མ་གྱུར་པ་ལས། ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་ཞག་བདུན་དུ་སྦྱངས་པ་ལ་ལྷ་དང་བཅས་པའི་འགྲོ་བ་མཐའ་ཡས་པས་མཆོད་པའི་ཚོགས་ཚད་མེད་པ་ཕུལ་བས། རིང་བསྲེལ་མ་ག་དྷའི་ཁལ་བཅུ་གཉིས་བྱོན་པ་ཆ་བརྒྱད་དུ་གྱུར་ནས་སེར་སྐྱ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་རྣམས་སུ་བབས་ཏེ་སྐུ་གདུང་གིས་ཀྱང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལྟ་བུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་རྣམས་(༡༢)། གནས་ཡོངས་སུ་མ་དག་པའི་ཞིང་མི་མཇེད་ལ་སོགས་པ་རྣམས་སུ། དུས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་སྟོན་པའོ། ། རྟག་པའི་དོན་ནི། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་འཕྲུལ་དང་མཁྱེན་བདེ་ཕུན་ཚོགས་དང༌། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །གང་ལའང་ཆགས་པ་མེད་པར་དམ་པའི་ཆོས་འཛིན་པ་ལ་སོགས་པ་རྒྱུ་མཐའ་ཡས་པ་ལས་བྱུང་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་འདུལ་བར་ཞལ་གྱིས་བཞེས་ཤིང་གདུལ་བྱའི་སེམས་ཅན་ལ་ཟད་པ་མེད་པའི་ཕྱིར་དང༌། གཞན་དོན་གྱི་ཀུན་སློང་ཐུགས་རྗེ་ཆེན་པོ་རྒྱུན་མི་འཆད་པའི་ཕྱིར་དང༌། གང་ལ་གང་འདུལ་གྱི་རྫུ་འཕྲུལ་ལ་དབང་འབྱོར་པའི་ཕྱིར་དང༌། སྲིད་ཞིའི་རང་བཞིན་མཉམ་ཉིད་དུ་མཁྱེན་པས་ནམ་ཡང་སྐྱོ་བ་མི་མངའ་བའི་ཕྱིར་དང༌། ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྡུག་བསྔལ་གྱི་གནོད་པ་མི་མངའ་བའི་ཕྱིར་དང༌། ཆོས་ཐམས་ཅད་ཀྱི་དབང་ཕྱུག་འཇིག་རྟེན་དུ་བཞུགས་ཀྱང་དེའི་ཉེས་པས་ནམ་ཡང་མི་གོས་པའི་ཕྱིར་ཏེ། རྒྱུ་མཚན་བདུན་གྱི་སྒོ་ནས་གཟུགས་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང༌། འཆི་བ་མེད་པའི་གོ་འཕང་བརྙེས་པས་འཆི་བདག་གི་བདུད་ཐམས་ཅད་བཅོམ་པའི་ཕྱིར་རོ། །གདོད་མ་ནས་འདུས་མ་བྱས་པས་འདུས་བྱས་ཀྱི་ངོ་བོར་མེད་པའི་ཕྱིར་དང༌། ཕྱི་མའི་མཐར་ཐུག་པར་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་དང་མགོན་པོར་གྱུར་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་གྱི་སྒོ་ནས་ཆོས་ཀྱི་སྐུ་འགྱུར་བ་མེད་པས་རྟག་པ་ཉིད་དོ། ། བསམ་གྱིས་མི་ཁྱབ་པའི་དོན་ནི། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་ནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུམ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །སྒྲའི་བརྗོད་བྱ་ལས་འདས་པ་ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དོན་དམ་པ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པས་བརྟག་པར་བྱ་བའི་གནས་མ་ཡིན་པའི་ཕྱིར་དང༌། འཇལ་བྱེད་ཀྱི་དཔེ་དང་རྟགས་ལ་སོགས་པ་ལས་ཡང་དག་པར་འདས་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པ་རབ་ཀྱི་མཐར་ཕྱིན་པས་བླ་ན་མེད་པ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་ལྔའི་སྒོ་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་ཅིང༌། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་གཟུགས་སྐུ་བསམ་གྱིས་མི་ཁྱབ་སྟེ། དེ་དག་གི་ཇི་ལྟ་བའི་དོན་ནི། རྒྱལ་བ་ཐམས་ཅད་མཁྱེན་པ་ཁོ་ནའི་ཡེ་ཤེས་ཀྱི་སྦྱོད་ཡུལ་ཡིན་གྱི་འཕགས་པ་ཆེན་པོ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་ན་ཕལ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་ལུང་རྣམ་དག་ལ་བརྟེན་ནས་ཡིད་ཆེས་པར་ཡང་བྱའོ། ། ༢ འཁྲུལ་པ་སྤང་བ། འཁྲུལ་པ་སྤང་བ་ལ། མེད་པར་འདོད་པ་སྤང་བ་དང༌། ཡོད་ཀྱང་ནོར་པ་སྤང་བའོ། ། ༡ མེད་པར་འདོད་པ་སྤང་བ། དང་པོ་ནི། ཁ་ཅིག་རང་གིས་མ་མཐོང་བ་དང༌། ལུང་ལས་ཀྱང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་ཞེས་བྱ་བ་ནི་བཏགས་པ་ཙམ་ཡིན་གྱི་དོན་ལ་གྲུབ་པ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་བ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། སྔར་བསྟན་པ་ལྟར་ཀུན་རྫོབ་གཟུགས་ཀྱི་སྐུ་ནི་གདུལ་བྱ་ལ་སྣང་ཙམ་དུ་ཡོད་པའི་ཕྱིར་དང༌། དོན་དམ་ཆོས་ཀྱི་སྐུ་ནི་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ-་རྟག་པར་ཡོད་པའི་ཕྱིར་རོ། །མ་མཐོང་བ་ནི་སྒྲིབ་པ་མ་དག་པས་ཡིན་གྱི་མེད་པའི་རྒྱུ་མཚན་གྱིས་ནི་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར་རོ། །ངོ་བོ་ཉིད་མེད་པར་གསུངས་པའང་ཆགས་སོགས་གློ་བུར་གྱི་དྲི་མ་རྣམས་མེད་པ་ལ་དགོངས་པ་ཡིན་གྱི་དག་པ་གཉིས་ལྡན་གྱི་སངས་རྒྱས་ནི་སྐྱབས་གནས་མཐར་ཐུག་པར་ཡོད་པ་ཉིད་དེ། དེ་ཉིད་ལས། འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་ཀྱི་སྐྱབས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་ན་ཡང་རྟག་པ་དང་ཡོད་པ་ལ་སོགས་པར་གསུངས་པ་ཐམས་ཅད་དྲང་བའི་དོན་ཡིན་ཞིང༌། མེད་པར་གསུངས་པ་ཐམས་ཅད་ངེས་པའི་དོན་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་བདེན་པར་གྲུབ་པ་མེད་དོ་སྙམ་ན། སངས་རྒྱས་ལ་སྐུར་པ་འདེབས་པ་ཆད་པ་ཆེན་པོ་ལྷུང་བ་སྐལ་བ་ཤིན་ཏུ་དམན་པ་ཡིན་པས། དེ་དག་ལ་ནི་བཅོས་པའི་ཐབས་ཅི་ཞིག་བྱ་སྟེ། ཡང་དེ་ཉིད་ལས། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམས་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་སྒྲིབས་པས། །སངས་རྒྱས་རྣམས་ཀྱང་མེད་པར་བརྟགས། །དམན་དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆི། །ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག་དབུ་མ་ལ་འཇུག་པར། སེམས་འགགས་པ་དེ་སྐུ་ཡིས་མངོན་དུ་མཛད། ། ཅེས་པ་ལ་སོགས་པ་གསུངས་པས། སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པའང་རིགས་པ་མ་ཡིན་ཏེ། སེམས་འགགས་པར་གསུངས་པ་ནི། རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས།།ཞེས་གསུངས་པ་ལྟར་ཀུན་རྫོབ་རྣམ་ཤེས་ཀྱི་སེམས་འགགས་པ་ལ་དགོངས་པ་ཡིན་གྱི། གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །ཞེས་པ་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་དང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་པ་ལ་སོགས་པ་དང༌། བདེན་གཉིས་ལས་ཀྱང༌། མཁྱེན་པའི་ཡེ་ཤེས་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལ་སོགས་པ་གསུངས་ཤིང༌། མདོ་ལས། སེམས་{དེ་}ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་འོད་གསལ་དོན་དམ་ཡེ་ཤེས་ཀྱི་སེམས་འགགས་པ་ནི་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡེ་ཤེས་མེད་ན་རྟོགས་པ་ཕུན་སུམ་ཚོགས་པ་མེད་པར་འགྱུར་ཞིང༌། དེ་ལྟ་ན་སྤངས་པ་ཕུན་སུམ་ཚོགས་པའང་མེད་པར་མཚུངས་ལ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་[པ་{པས་}གཞན་དོན་དུ་ཆོས་སྟོན་པ་ལ་སོགས་པའང་མེད་པར་འགྱུར་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་པ་དང༌། (སྡུད་པར་ལས་)ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་སེམས། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། ༢ ཡོད་ཀྱང་ནོར་པ་སྤང་བ། ཡོད་ཀྱང་ནོར་པ་སྤང་བ་ལ། ཁ་ཅིག་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གསུངས་པའི་ཕྱིར་སེམས་ཅན་གྱི་ལུས་འདི་ཉིད་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེ་ན། དེ་ལྟར་གསུངས་པ་ནི་རང་བཞིན་རྣམ་དག་སྒྲིབ་པ་མེད་པའི་ཆོས་དབྱིངས་ལ་དགོངས་པ་ཡིན་གྱི། གློ་བུར་བ་ཟག་པ་དང་བཅས་པ་རྣམས་ནི་སངས་རྒྱས་ཀྱི་སྐུ་མ་ཡིན་ཏེ། (དུས་འཁོར་འགྲེལ་པ)དྲི་མ་མེད་པའི་འོད་ལས། འདིར་རྨོངས་པ་རྣམས་ཀྱིས་སེམས་ཅན་གྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་བའི་སྐུའོ། །ཞེས་བརྗོད་པར་བྱ་བ་གང་ཡིན་པ༑ གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིག་པ་འདི་ནི་དེ་བཞིན་གཤེགས་པའི་གསུངས་མ་ཡིན་ནོ་ཞེས་པ་དང༌། རུལ་པའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་མི་ནུས་ཏེ་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ༑ ༑ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ཆོས་ཀྱི་སྐུ་སྟོང་པ་ཉིད་ཡིན་པས་ཅིར་ཡང་མ་གྲུབ་ཅིང་དོན་དམ་པའི་སངས་རྒྱས་ནི་གཟུགས་གྱི་སྐུ་ཡིན་ནོ་ཞེ་ན། སངས་རྒྱས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པས་དེ་ཉིད་གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་ཀུན་རྫོབ་གཟུགས་ཀྱི་སྐུའི་སངས་རྒྱས་ཡིན་མོད་ཀྱི། དོན་དམ་འདུས་མ་བྱས་རང་བྱུང་ཡེ་ཤེས་ཀྱི་སྐུའི་སངས་རྒྱས་ནི་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུར་སྒྲུབ་པ་ནི། ལོག་པར་མི་འགྱུར་རོ་ཞེས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་དེ་ལྟར་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་སྐྱེ་བ་དང་འཇིགས་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པ་དང༌། གཟུགས་ཀྱི་སྐུས་གཤེགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་[པ་{པར་} ནི་བསྐལ་པ་དུ་མ་རྣམས་ཀྱིས་ཀྱང་མི་ནུས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དོན་དམ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་ཏེ། སྤྲིན་ཆེན་པོའི་མདོ་ལས། བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །ཆོས་བསྟན་པ་ཡང་དེ་དང་འདྲ། །ཞེས་པ་དང༌། རྔ་བོ་ཆེའི་མདོ་ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་འདས་པ་དེ་དག་ཐམས་ཅད་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཡང་ཁ་ཅིག་གཟུང་བ་དང་འཛིན་པའི་དངོས་པོ་འདི་དག་རང་རང་གི་ངོ་བོས་སྟོང་པར་རྟོགས་པ་ཙམ་གྱིས་ཆོས་ཀྱི་སྐུ་མངོན་དུ་གྱུར་པའོ་སྙམ་དུ་སེམས་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ཆོས་སྐུ་མངོན་དུ་གྱུར་བ་ལ་འཁྲུལ་བའི་སྣང་བ་འདི་དག་འགག་དགོས་པའི་ཕྱིར་རོ། །ཡང་འགའ་ཞིག་ཕྱི་རོལ་གྱི་ཡུལ་སྣ་ཚོགས་སུ་སྣང་བ་འདི་རྣམས་ནང་སེམས་སུ་ཐག་ཆོད་ཅིང༌། སེམས་རྣམ་པར་རྟོག་པ་འདི་ཉིད་རང་སྟོང་དུ་གོ་བས་ཆོས་སྐུ་མངོན་དུ་གྱུར་པའོ་ཞེས་རྣམ་རྟོག་ཆོས་སྐུར་འདོད་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། རྒྱུད་ལས། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། ། ཅེས་པ་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པར་ཡང༌། འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་པར་རྟོག་མེད་ཐར་པ་ཡིན། །ཞེས་པ་ལ་སོགས་པས་མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པ་ལ་རྣམ་པར་རྟོག་པའི་ཁྱད་པར་ཐམས་ཅད་འགག་དགོས་པར་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་འཁྲུལ་པའི་ཆ་ཐམས་ཅད་སྤངས་ནས། ཀུན་རྫོབ་གཟུགས་ཀྱི་སྐུ་ཐོབ་པའི་དོན་དུ་སེམས་ཅན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང༌། དོན་དམ་ཆོས་ཀྱི་སྐུ་ཐོབ་པའི་དོན་དུ་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ཡེ་ཤེས་ཀྱི་ཚོགས་ལ་འབད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར་རོ། ། ❷ གཞུང་དོན། གཞུང་དོན་ལ། ཀུན་མཁྱེན་གཉིས་མེད་མཐུ་བཅས་སྐྱབས་གནས་མཆོག །གནས་གྱུར་འཕྲིན་ལས་ཟབ་ཅིང་འབྱོར་ལྡན་སྨིན། །ཆོས་དབྱིངས་སྐུ་གསུམ་ཡེ་ཤེས་བསམ་མི་ཁྱབ། །འཇུག་[བཅས་{ཐབས་}མཛད་གཅིག་སྤྲོ་བས་ཐོབ་བྱའི་དོན། །ཞེས་པ་ལྟར་བཅོ་ལྔ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་དོན། གཉིས་མེད་མཐུ་དང་བཅས་པའི་དོན། སྐྱབས་གནས་བླ་ན་མེད་པའི་དོན། གནས་ཡོངས་སུ་གྱུར་པས་འགྲུབ་པའི་དོན། འཕྲིན་ལས་ཕུན་སུམ་ཚོགས་པའི་དོན། ཟག་མེད་དབྱིངས་ན་ཟབ་པའི་དོན། འབྱོར་པ་རྣམ་པར་དབྱེ་བའི་དོན། སེམས་ཅན་སྨིན་བྱེད་རྒྱུའི་དོན། ཆོས་དབྱིངས་ཤིན་ཏུ་དག་པའི་དོན། སྐུ་གསུམ་རྣམ་པར་དབྱེ་བའི་དོན། ཡེ་ཤེས་རྣམ་པར་དབྱེ་བའི་དོན། གཅིག་མིན་དུ་མ་མིན་པའི་དོན། འཇུག་པར་བྱེད་པ་ཐབས་ཀྱི་དོན། ཕན་ཚུན་མཛད་པ་གཅིག་པའི་དོན། སྤྲོ་བས་ཐོབ་པར་བྱ་བའི་དོན་ནོ། ། ⑴ རྣམ་པ་ཐམས་ཅད་མཁྱེན་པའི་དོན། དང་པོ་ལ། དངོས་ཀྱི་དོན་དང༌། དེ་ཉིད་བཤད་པ། ༡ དངོས་ཀྱི་དོན། དངོས་ལའང་རྒྱུ་ངོ་བོ་དཔེ་གསུམ་གྱི་དང་པོ་ཡང་དག་པར་འགྲུབ་པའི་རྒྱུ་ནི། དཀའ་སྤྱད་དཔག་མེད་བརྒྱ་ཕྲག་དང༌། །དཔག་མེད་དགེ་བ་བསགས་པ་དང༌། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྔར་སློབ་ལམ་གྱི་དུས་སུ་དབུ་དང་ཡན་ལག་སྦྱིན་པར་གཏོང་བ་ལ་སོགས་པ་གཞན་དོན་གྱི་དཀའ་སྤྱད་དཔག་ཏུ་མེད་པ་བརྒྱ་ཕྲག་དུ་མ་དང་ལྡན་པའི་སྒོ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དཔག་ཏུ་མེད་པའི་དགེ་བ་རྣམ་པར་དག་པ་བསགས་པ་དང༌། དེ་ཡང་དཔག་ཏུ་མེད་པའི་དུས་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒྲུབས་པ་དང་ནི། སྤང་བྱ་འཁོར་བ་ཐོག་མ་མེད་པ་ནས་རྗེས་སུ་འབྲེལ་ཞིང་དཔག་ཏུ་མེད་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་གཉེན་པོ་སྟོབས་ལྡན་གྱིས་ཟད་པར་བྱས་པའི་ཕྱིར་ཐོབ་པའོ། ། ངོ་བོ་ནི། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རྒྱུ་ཕུན་སུམ་ཚོགས་པ་དེ་དག་ལ་བརྟེན་ནས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཀུན་གྱི་དྲི་མ་མེད་པར་གྱུར་པའི་སྤངས་པ་མཐར་ཕྱིན་པ་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་[པའི་{པ་}རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཉིད་ཐོབ་པ་རྟོགས་པ་མཐར་ཕྱིན་པ་དང་ལྡན་པའི་སྒོ་ནས་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་གྲུབ་པའོ། ། དཔེ་ནི། རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་སྒྲོམ་ལ་སོགས་པའི་སྣོད་ན་ཡོད་པ་ནི་ཁ་ཕྱེ་ནས་བཏོན་ཏེ་རྒྱལ་མཚན་གྱི་རྩེ་མོར་བཞག་པས་དགོས་འདོད་སྩོལ་བ་ལྟར། དོན་དམ་པའི་སངས་རྒྱས་ཉིད་ནི་སྟོབས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་ཡང་བྲལ་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད་པ་ཡང་དག་པར་བསྟན་པའོ། ། ༢ དེ་ཉིད་བཤད་པ། ཡང་དེ་ཉིད་བཤད་པ་ནི། ངལ་བརྒྱ་རྨད་བྱུང་དཀའ་སྤྱད་དགེ་ཀུན་བསགས། །བསྐལ་མཆོག་དུས་རིང་འགྲོ་བའི་སྒྲིབ་ཀུན་ཟད། །སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེ་རིན་ཆེན་སྒྲོམ་ཕྱེ་བཞིན། །རྒྱུ་ཕུན་སུམ་ཚོགས་པ་ནི་མདོ་ལས། ངས་སེམས་ཅན་གྱི་དོན་དུ་མིག་ཡོངས་སུ་བཏང་བ་བསགས་ན་ནི་རི་རབ་ལས་ཀྱང་མཐོ་ལ། ཁྲག་ཡོངས་སུ་བཏང་བ་བསགས་ན་ནི་ཕྱོགས་བཞིའི་རྒྱ་མཚོ་ལས་ཀྱང་མང་ངོ་ཞེས་གསུངས་པ་ལྟར་རོ། །ངལ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ཉན་རང་ལ་སོགས་པས་སྒྲུབ་པར་མི་ནུས་པ་ཤིན་ཏུ་རྨད་དུ་བྱུང་བའི་དཀའ་བ་སྤྱད་དེ་ཚོགས་གཉིས་ཀྱི་དགེ་བ་རྒྱ་ཆེན་པོ་ཀུན་ཡོངས་སུ་རྫོགས་པར་བསགས་ཤིང༌། དེ་ཡང་བསྐལ་པ་མཆོག་ཏུ་གྱུར་བ་ཆེན་པོ་དུས་རིང་པོ་གྲངས་མེད་གསུམ་དུ་ཚང་བར་འགྲོ་བའི་སྒོ་ནས་ཐོག་མ་མེད་པ་ནས་རྗེས་སུ་འབྲེལ་པའི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཀུན་ཟད་པར་བྱས་པ་ལས། འབྲས་བུ་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་སུ་ཡང་གཏོགས་པའི་སྒྲིབ་པ་ཕྲ་མོ་གནས་ངན་ལེན་དང་བཅས་པ་མ་ལུས་པར་བཅོམ་ནས། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སངས་རྒྱས་ཉིད་ཐོབ་པ་སྟེ། དེ་ཉིད་མཚོན་པར་བྱེད་པའི་དཔེ་ནི་མཐུ་ཆེན་པོ་དང་ལྡན་པའི་ནོར་བུ་རིན་ཆེན་གྱི་སྒྲོམ་ཕྱེ་ནས་བཏོན་པས་དགོས་འདོད་སྩོལ་བ་བཞིན་དུ། སྒྲིབ་པ་གཉིས་དང་བྲལ་བའི་སངས་རྒྱས་ཀྱི་མཐུས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པའོ། ། ⑵ གཉིས་མེད་མཐུ་དང་བཅས་པའི་དོན། ༡ དངོས་ཀྱི་དོན། གཉིས་པ་ལ་དངོས་ཀྱི་དོན་དང་དེ་ཉིད་བཤད་པའོ། །དངོས་ལའང་གཉིས་ལས། གཉིས་སུ་མེད་པའི་དོན་ནི། ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད། །ཆོས་ནི་གང་ཡང་ཡོད་མ་ཡིན། །དེ་ནི་ཆོས་དཀར་རང་བཞིན་ཡང༌། །དེ་ཡིས་དེ་ནི་བརྗོད་མ་ཡིན། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཐ་དད་མེད་ཅིང་སངས་རྒྱས་ཀྱང་དེ་ཉིད་དྲི་མས་དག་པས་ཕྱེ་བ་ཡིན་པས། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནི་ཡོངས་གྲུབ་དོན་དམ་པའི་སངས་རྒྱས་ཉིད་ཡིན་ལ། ཀུན་རྫོབ་ཀྱི་ཆོས་ནི་གང་ཡང་བདག་གཉིས་ལ་སོགས་པར་བྱིས་པས་ཀུན་ཏུ་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་པས། ཐ་དད་པ་དང་གཅིག་པའི་མཐའ་གཉིས་སུ་མེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བ་རྣམས་ནི་སངས་རྒྱས་དེའི་ངོ་བོའམ་རང་བཞིན་ཅན་དུ་གྱུར་པའི་ཕྱིར། སངས་རྒྱས་ཉིད་དེ་ནི་ཆོས་དཀར་པོ་དགེ་བ་ཐམས་ཅད་ཀྱི་རང་བཞིན་ཡང་ཡིན་ལ་ཡང་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་ཀུན་བརྟགས་པའི་ངོ་བོར་ཡོངས་སུ་མ་གྲུབ་པའི་ཕྱིར། འདུས་བྱས་ཀྱི་ཆོས་ཕ་རོལ་ཏུ་ཕྱིན་པ་དེ་ཡིས་སམ་དེ་དག་འདུས་མ་བྱས་དོན་དམ་པའི་སངས་རྒྱས་དེ་ནི་འདི་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་པའི་ཕྱིར། མེད་པ་དང་ཡོད་པའི་མཐའ་གཉིས་དང་ཡང་བྲལ་བ་སྟེ། མདོར་ན་ཡོངས་གྲུབ་ཀྱི་ངོ་བོར་མེད་པ་མ་ཡིན་ཞིང༌། ཀུན་བཏགས་ཀྱི་ངོ་བོར་ཡོད་པ་མ་ཡིན་པས་གཉིས་སུ་མེད་པའི་མཚན་ཉིད་ཅན་ནོ། ། མཐུ་དང་བཅས་པའི་དོན་ནི། རིན་ཆེན་ཆོས་ཀྱི་རྒྱུ་མཚན་ཕྱིར། །དེ་ནི་རིན་ཆེན་འབྱུང་གནས་བཞིན། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །དེ་ནི་སྤྲིན་ཆེན་འདྲ་བར་འདོད། །ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་ལུང་དང་མངོན་པར་རྟོགས་པའི་ཆོས་དཔག་ཏུ་མེད་པ་རྣམས་ཀྱི་འབྱུང་གནས་སམ་རྒྱུ་མཚན་ཡིན་པའི་ཕྱིར། སངས་རྒྱས་དེ་ནི་རིན་ཆེན་དཔག་ཏུ་མེད་པའི་འབྱུང་གནས་རྒྱ་མཚོ་ཆེན་པོ་བཞིན་དུ་ཤེས་པར་བྱ་ཞིང་གདུལ་བྱ་མཐའ་ཡས་པའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར། སངས་རྒྱས་དེ་ནི་སྤྲིན་ཆེན་པོས་ཆར་ཕབ་སྟེ་ཞིང་པ་རྣམས་ཀྱི་ལོ་ཏོག་སྨིན་པར་བྱེད་པ་དང་ཡང་འདྲ་བར་འདོད་དོ། །ཡང་དེ་ཉིད་བཤད་པ་ནི། སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པའམ་ཡང་ན་ཆོས་ཀུན་བྲལ་བ་སྟེ། །རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན། །སྐྱེ་དགུ་རྣམས་ལ་ལེགས་བཤད་མི་ཟད་ཆོས་ཀྱི་ཆར་ཆེན་འབེབས་པས་ན། །འབྱུང་པོའི་ལོ་ཏོག་དཀར་པོ་ཤིན་ཏུ་ཆེ་འཕེལ་རྒྱུ་ཕྱིར་སྤྲིན་དང་འདྲ། །དེ་བཞིན་ཉིད་དྲི་མ་དང་བྲལ་བ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཉིད་ནི། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དཀར་པོ་དགེ་བའི་ཆོས་ཀུན་དང་ལྡན་པས་མེད་པའི་མཐའ་དང་བྲལ་བའམ་ཡང་ན་བདག་གཉིས་ལ་སོགས་པར་བྱིས་པས་ཀུན་བཏགས་པའི་ཆོས་ཀུན་དང་བྲལ་བས་ཡོད་པའི་མཐའ་དང་ཡང་བྲལ་བའི་ཕྱིར་མཐའ་གཉིས་སུ་ལྷུང་བ་མེད་པའི་མཚན་ཉིད་ལྡན་པ་སྟེ། མཐུ་དང་ལྡན་པའི་དོན་ནི། རྫོགས་པའི་སངས་རྒྱས་ལས་ཐེག་པ་ཆེན་པོ་རིན་ཆེན་ལྟ་བུའི་ཆོས་ཤིན་ཏུ་ཟབ་ཅིང་རབ་ཏུ་རྒྱ་ཆེ་ལ་ཡངས་པ་རྣམས་འབྱུང་བའི་ཕྱིར་རིན་ཆེན་སྣ་ཚོགས་པའི་ཆོས་ཀྱི་འབྱུང་གནས་བཞིན་དུ་ཤེས་པར་བྱ་ཞིང༌། སྐྱེ་དགུ་རྣམས་ལ་ཐོག་མཐའ་བར་གསུམ་དུ་དགེ་བའི་ལེགས་པར་བཤད་པ་ཕུང་པོ་ལྷག་མེད་དུའང་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་རྒྱུན་མི་འཆད་པར་འབེབས་པས་ན། འབྱུང་པོ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཞིང་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ལོ་ཏོག་དཀར་པོ་དྲི་མ་མེད་པ་ཤིན་ཏུ་རྒྱ་ཆེན་པོ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། སྤྲིན་གྱི་ཆར་གྱིས་ཞིང་པའི་ལོ་ཏོག་འཕེལ་བར་བྱེད་པ་དང་ཡང་འདྲ་བར་ཤེས་པར་བྱའོ། ། ⑶ སྐྱབས་གནས་བླ་ན་མེད་པའི་དོན། སྐྱབས་གནས་བླ་ན་མེད་པའི་དོན་ནི། སྔར་སེམས་ཅན་རྣམས་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚུལ་བཤད་ནས། འདིར་སངས་རྒྱས་ཀྱིས་སེམས་ཅན་སྐྱོབ་པའི་ཡོན་ཏན་འཆད་པ་ལ་ལྔ་སྟེ། ཀུན་ནས་ཉོན་མོངས་གསུམ་ལས་སྐྱོབ་ཚུལ། ཡོངས་སུ་སྐྱོབ་པ་ལྔའི་ཁྱད་པར། དེ་དག་སྐྱབས་ཀྱི་མཆོག་ཏུ་བསྟན་པ། མཆོག་ཏུ་འགྱུར་བའི་རྒྱུ་མཚན་བཤད་པ། རྟག་ཏུ་ཀུན་གྱི་སྐྱབས་སུ་འགྱུར་ཚུལ་ལོ། ། ༡ ཀུན་ནས་ཉོན་མོངས་གསུམ་ལས་སྐྱོབ་ཚུལ། དང་པོ་ལ་ཀུན་ནས་ཉོན་མོངས་པ་གསུམ་ནི། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་པ་ལེན་པ་དང༌། །སྲིད་པ་སྐྱེ་བ་རྒ་ཤིའོ། །ཞེས་པ་( སྡོམ་དུ་བྱས་པ)ཡན་ལག་བཅུ་གཉིས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཚུལ་གྱིས་ཁོར་ཡུག་ཏུ་འཁོར་བ་སྟེ། དེ་ཡང་དབུ་མ་རྟེན་འབྲེལ་སྙིང་པོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་དང་པོ་ཁམས་གསུམ་པའི་མི་ཤེས་པ་མ་རིག་པ་དང༌། བརྒྱད་པ་བདེ་སོགས་ཉམས་སུ་མྱོང་བ་ལ་བླང་དོར་དུ་སྲེད་པ་དང༌། དགུ་པ་ཡང་སྲིད་ཉེ་བར་ལེན་པར་བྱེད་པའི་འདོད་ཆགས་ལ་སོགས་པའི་ལེན་པ་རྣམས་ནི་སེམས་ཀྱི་རྒྱུད་ལས་སུ་མི་རུང་བར་བྱེད་པས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ལ། གཉིས་པ་ཡང་སྲིད་འཕེན་པར་བྱེད་པའི་འདུ་བྱེད་སེམས་པ་དང༌། བཅུ་པ་ཡང་སྲིད་སྐྱེ་ངེས་སུ་བྱེད་པའི་སྲིད་པ་དག་ནི་ཀུན་གཞིའི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་འཇོགས་པས་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ཞིང༌། ལྷག་མ་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེ་མངལ་དུ་ཉིང་འཚམས་སྦྱར་བ་ལས་མིང་གཞི་དང༌། ནུར་ནུར་པོ་ལ་སོགས་པའི་གཟུགས་དང༌། དེ་དག་འཕེལ་བ་ལས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ཚང་བ་དང༌། ཡུལ་དབང་ཡིད་ལ་བྱེད་པ་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པའི་རེག་པ་དང༌། བཅད་པ་ལྟར་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་ཚོར་བ་དང༌། ལས་ཀྱི་སྲིད་པ་སྟོབས་ལྡན་ལས་ཕུང་པོ་གསར་དུ་མངོན་པར་འགྲུབ་པའི་སྐྱེ་བ་དང༌། སྐྱེས་ཕྱིན་ཆད་ན་ཚོད་འགྱུར་བ་དང་བཅས་ཤིང་མཐར་སྲོག་ཀྱང་འགག་པ་རྒ་ཤི་སྟེ་བདུན་ནི་སྡུག་བསྔལ་དང་བཅས་པ་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་[འདི{སྟེ}། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར་ཉོན་མོངས་པ་གསུམ་ལས་ལས་གཉིས་འབྱུང་ཞིང༌། ལས་གཉིས་ལས་སྡུག་བསྔལ་བདུན་འབྱུང་ལ། སྡུག་བསྔལ་མྱོང་བཞིན་དུའང་ཉོན་མོངས་པའི་དབང་གིས་ལས་ངན་པ་སོགས་པས་སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་སེམས་ཅན་རྣམས་སྡུག་བསྔལ་བར་གནས་པ་ལ། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང༌། །ཉེས་པར་སྤྱོད་པ་ཐམས་ཅད་དང༌། །རྒ་དང་འཆི་བ་དག་ལས་ཀྱང༌། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །དེ་ཡང་ལན་ཅིག་ཙམ་མ་ཡིན་གྱི་དུས་རྟག་ཏུ་རྒྱུན་མི་འཆད་པར་སྤང་བྱ་མ་རིག་པ་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ཚོགས་ཀུན་དང༌། དེས་ཀུན་ནས་བསླང་བ་སྲོག་གཅོད་པ་ལ་སོགས་པའི་ཉེས་པར་སྤྱོད་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང༌། རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལ་སོགས་པ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དག་ལས་ཀྱང་སྐྱོབ་པ་པོ་སངས་རྒྱས་ཉིད་ཀྱིས་ནི་ཡོངས་སུ་སྐྱོབ་པར་མཛད་དེ། དབུ་མ་རྩ་བར། མ་རིག་འགགས་པར་གྱུར་ནས་ནི། །འདུ་བྱེད་ཀུན་ཏུ་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་སྒོམ་པས་སོ། །ཞེས་གསུངས་པ་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པའི་གཉེན་པོ་རིག་པ་ཡེ་ཤེས་སྒོམ་པའི་ལམ་རྣམ་པར་དག་པ་བསྟན་པས་སོ། །དེ་ལྟར་འཁོར་བའི་རྩ་བ་མ་རིག་པ་འགགས་ན་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་ཏེ། དེ་དང་དེ་ནི་འགགས་གྱུར་ན། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཅེས་གསུངས་པ་ལྟར་རོ། ། ༢ ཡོངས་སུ་སྐྱོབ་པ་ལྔའི་ཁྱད་པར། ཡོངས་སུ་སྐྱོབ་པ་ལྔ་ནི། ཉེ་བར་འཚེ་བ་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིག་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པའི་མཐུས་ལོང་བ་རྣམས་ཀྱིས་མིག་ཐོབ་པ་དང༌། འོན་པ་རྣམས་ཀྱིས་རྣ་བ་ཐོབ་པ་དང༌། སེམས་འཁྲུགས་པ་རྣམས་ཀྱིས་དྲན་པ་ཐོབ་པ་དང༌། ནད་འགོ་བ་རྣམས་ཞི་བར་མཛད་པ་ལ་སོགས་[པས་{པ་}ཉེ་བར་འཚེ་བ་ཐམས་ཅད་ལས་སྐྱོབ་པ་དང༌། སངས་རྒྱས་ཀྱི་འོད་ཟེར་གྱིས་ངན་སོང་ལས་ཐར་བར་མཛད་ཅིང་མི་དགེ་བ་ལས་བཟློག་ནས་དེར་མི་འགྲོ་བར་མཛད་པས་ངན་སོང་གསུམ་ལས་ཡོངས་སུ་སྐྱོབ་པ་དང་ནི་ལྟ་བ་ངན་པའི་དབང་གིས་མེ་ལྔ་བསྟེན་པ་དང་རྩེ་གསུམ་ལ་མཆོང་བ་ལ་སོགས་པ་ལམ་ངན་པ་ལ་ཞུགས་པའི་མུ་སྟེགས་ཅན་རྣམས་དེ་ལས་བཟློག་སྟེ། བདེ་འགྲོ་དང་ཐར་པའི་ལམ་བསྟན་ནས་ཐབས་མིན་པ་ལས་སྐྱོབ་པ་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པའི་དབང་གིས་འཁོར་བར་ལྟུང་བ་རྣམས་ཉན་ཐོས་དང་རང་སངས་རྒྱས་{རྣམས་}ཀྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་འཇིག་ཚོགས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང༌། བྱང་ཆུབ་སེམས་དཔའ་རིགས་མ་ངེས་པ་རྣམས་ཐེག་པ་ཆེན་པོར་རིགས་ངེས་པ་ལ་བཀོད་ནས་ཐེག་པ་དམན་པར་ལྟུང་བ་ལས་སྐྱོབ་པར་མཛད་པ་སྟེ། དེ་ཉིད་ཀྱི་ཕྱིར་རྫོགས་པའི་སངས་རྒྱས་ནི་སྐྱབས་གནས་རྣམས་ཀྱི་དམ་པ་མཆོག་ཏུ་གྱུར་པའོ། ། ༣ དེ་དག་སྐྱབས་ཀྱི་མཆོག་ཏུ་བསྟན་པ། སྐྱབས་ཀྱི་མཆོག་ཏུ་བསྟན་པ་ནི། སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །སྣ་ཚོགས་འཇིགས་གྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང༌། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །སྐྱེ་དང་འཆི་དང་ཉོན་མོངས་ལས་རྣམས་ཀུན་ལས་བསྲུང༌། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ་ནི་གཞན་གྱིས་བསྐྱབ་པར་མི་ནུས་པ་[རྣམས་]ལས་སྐྱོབ་པས་སྐྱབས་ནི་དཔེ་དང་ཟླ་མེད་པས་མཆོག་ཏུ་གྱུར་པར་འདོད་དེ། སྔར་བཤད་པ་ལྟར་དབང་པོ་མ་ཚང་བ་ལ་སོགས་པ་སྣ་ཚོགས་པས་འཇིགས་པར་འགྱུར་བ་རྣམས་དང༌། འཇིག་ཚོགས་སུ་ལྟ་བས་འཁོར་བར་ལྟུང་བའི་འཇིགས་པ་ཀུན་དང༌། ཐེག་ཆེན་རིགས་མ་ངེས་པ་ཐེག་[པ་]དམན་པར་ལྟུང་བའི་འཇིགས་པ་དང༌། ངན་སོང་གི་གནས་རྣམ་པ་མང་པོར་སྡུག་བསྔལ་སྣ་ཚོགས་པ་མྱོང་བའི་འཇིགས་པ་དང༌། མཐོ་རིས་དང་ཐར་པའི་ཐབས་མིན་པ་ལམ་ངན་པར་སོང་བའི་འཇིགས་པ་རྣམས་དང༌། སྐྱེ་བ་དང་འཆི་བ་ལ་སོགས་པ་ཚེའི་ཀུན་ནས་ཉོན་མོངས་པ་དང༌། མ་རིག་པ་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། མཚམས་མེད་པ་ལ་སོགས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་འཇིགས་པ་རྣམ་པ་མང་པོ་དང༌། དེ་[དང་]དག་ལས་རྟག་ཏུ་ཀུན་ནས་བསྲུང་བར་མཛད་པའི་ཕྱིར་རོ། ། ༤ མཆོག་ཏུ་འགྱུར་བའི་རྒྱུ་མཚན་བཤད་པ། མཆོག་ཏུ་འགྱུར་བའི་རྒྱུ་མཚན་ནི། སངས་རྒྱས་ཆོས་ཀྱི་ཤིན་ཏུ་རྫོགས་པའི་སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་འདུལ་མཁྱེན་པ་གང༌། །འགྲོ་བ་ཀུན་ལ་ཐུགས་བརྩེའི་ཕ་རོལ་ཕྱིན་པ་གང༌། །སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། །རང་དོན་མཐར་ཐུག་པ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པ་རྣམས་ཀྱིས་ཤིན་ཏུ་རྫོགས་པའི་ངོ་བོ་ཉིད་ཀྱི་སྐུ་གང་ཡིན་པ་དང༌། གཞན་དོན་མཐར་ཐུག་པ་དམ་པའི་ཆོས་ཐེག་པ་གསུམ་ལ་སེམས་ཅན་མཐའ་ཡས་པ་རབ་ཏུ་འདུལ་བའི་ཐབས་སྣ་ཚོགས་མཁྱེན་པ་གང་ཡིན་པ་དང༌། འགྲོ་བ་ཀུན་ལ་སྡུག་བསྔལ་མཐའ་དག་བསྒྲལ་བར་བཞེད་པའི་ཐུགས་བརྩེ་བ་རབ་ཀྱི་མཐར་ཕྱིན་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་གང་ཡིན་པ་སྟེ། དོན་གཉིས་ཕུན་སུམ་ཚོགས་པ་མཐར་ཕྱིན་པའི་སངས་རྒྱས་ཉིད་དེ་ནི་གདུལ་བྱ་སྨིན་པར་བྱེད་པའི་སྐབས་འདིར་ནི་སྐྱབས་གནས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པར་འདོད་དོ། ། ༥ རྟག་ཏུ་ཀུན་གྱི་སྐྱབས་སུ་འགྱུར་ཚུལ། ཀུན་གྱི་སྐྱབས་སུ་འགྱུར་ཚུལ་ནི། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་བར་མཛད་པའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །དུས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ཇི་སྲིད་གནས་ཀྱི་བར་དུ་ཡུལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན་གྱི་གནོད་པ་དང་ཕུན་སུམ་ཚོགས་པ་ཀུན་རིམ་པ་བཞིན་དུ་སྦྱར་ཏེ། སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་གྱི་གནོད་པ་ཀུན་བཟློག་པར་མཛད་ཅིང་གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཀུན་འབྱོར་པར་མཛད་པའི་ཕྱིར། རྫོགས་པའི་སངས་རྒྱས་ནི་སྐྱབས་ཆེན་པོ་ཉིད་ཀྱི་མཆོག་ཏུ་གྱུར་པ་ཡིན་པར་འདོད་དོ། ། ⑷ གནས་ཡོངས་སུ་གྱུར་པས་འགྲུབ་པའི་དོན། གནས་ཡོངས་སུ་གྱུར་[པ་ལས་{པས་}འགྲུབ་པའི་དོན་ལ་དྲུག་སྟེ། གནས་གྱུར་གྱི་ངོ་བོ་ངོས་གཟུང༌། དེ་གཞན་ལས་ཁྱད་པར་འཕགས་ཚུལ། དེའི་ཡོན་ཏན་རྣམ་པར་དབྱེ་བ། སངས་རྒྱས་ཉིད་ཀུན་ལ་ཁྱབ་ཚུལ། སྣོད་མིན་ལ་སྣང་བ་མིན་ཚུལ། གདུལ་བྱ་ལ་ལྟོས་ནས་སྣང་ཚུལ་ལོ། ། ༡ གནས་གྱུར་གྱི་ངོ་བོ་ངོས་གཟུང༌། ངོ་བོ་ནི། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱི་རབ་ཏུ་བཅོམ་གྱུར་ཅིང༌། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རབ་དག་ཡུལ་ཅན་ཡེ་ཤེས་ལམ་གྱིས་ཐོབ། །ཆོས་ཅན་ཕུང་པོ་ལྔའི་ཆོས་ཉིད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གང་ལ་མི་མཐུན་ཕྱོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་ནམ་བག་ཆགས་དུས་རིང་པོ་འཁོར་བ་ཐོག་མ་མེད་པ་ནས་རྟག་ཏུ་ལྡན་པ་དེ་ཉིད་སྤོང་བར་བྱེད་པའི་གཉེན་པོ་ས་བཅུའི་ཡེ་ཤེས་ཤིན་ཏུ་རྒྱ་ཆེན་པོ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་པར་གྱུར་ཅིང༌། དག་པ་གཉིས་ལྡན་དུ་གནས་གྱུར་པ་དང༌། ཆོས་དཀར་པོ་ཡེ་ཤེས་ལྔ་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་ཉན་རང་ལས་མཆོག་དང་རབ་ཏུ་གྱུར་པ་དང་ལྡན་པ་ཐོབ་པ་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཉིད་ཡིན་ཞིང༌། གནས་གྱུར་དྲི་མ་དང་བྲལ་བའི་འབྲས་བུ་དེ་ནི་འཇིག་རྟེན་ལས་འདས་པ་མཉམ་བཞག་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ-་དག་པའི་ལམ་དང༌། དེའི་རྗེས་ལས་[ཐོབ་པ་]ཤེས་བྱ་ཤིན་ཏུ་རྒྱ་ཆེན་པོའི་ཡུལ་ཅན་གྱི་ཡེ་ཤེས་ཀྱི་ལམ་རྣམ་པར་དག་པ་གཉིས་ཀྱིས་ཐོབ་པའོ། ། ༢ དེ་གཞན་ལས་ཁྱད་པར་འཕགས་ཚུལ། ཁྱད་པར་འཕགས་ཚུལ་ནི། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་བར་མངོན་དགའི་འགྲོ་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་སྐྱེ་བོ་གཞན་ཅི་སྨོས། །བྱང་ས་ལས། ཕྱིན་ཅི་མ་ལོག་པར་གསུང་བས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པ་དང༌། མཆོད་པར་འོས་པའང་ཡིན་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་མཚན་དོན་དང་ལྡན་པའི་དེ་བཞིན་གཤེགས་པ་དེ་ནི་དབྱིངས་རང་བཞིན་གྱིས་དག་པ་སྒྲིབ་གཉིས་བག་ཆགས་དང་བཅས་{པས་}ཀྱང་དག་པའི་གནས་མ་ལུས་པ་ཡོངས་སུ་གྱུར་པ་དེར་བཞུགས་ནས་དཔེར་ན་འགའ་ཞིག་རི་དབང་མཐོན་པོའི་སྟེང་དུ་བཞུགས་ནས་དམའ་བ་གླིང་བཞི་ལ་སོགས་པ་རྣམས་ལ་ལྟ་བ་བཞིན་དུ། ཉན་རང་ལ་སོགས་པ་ལས་མཆོག་ཏུ་གྱུར་པའི་གོ་འཕང་མཐོན་པོ་ལ་བཞུགས་ནས་སྲིད་ཞིའི་མཐར་ལྷུང་བའི་འགྲོ་བ་དམན་པ་རྣམས་ལ་གཟིགས་ཏེ། རང་ཉིད་གཅིག་པུ་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ལ་མངོན་པར་དགའ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་འགྲོ་བ་རྣམས་ལའང་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པར་མཛད་ན། སྲིད་པ་འཁོར་བ་ལ་མངོན་པར་དགའ་བའི་སྐྱེ་བོ་གཞན་སྡུག་བསྔལ་སྣ་ཚོགས་པས་གདུངས་པ་རྣམས་ཐུགས་རྗེས་སྐྱོབ་པར་མཛད་པ་ལྟ་ཅི་སྨོས་ཏེ། ཅིས་ཀྱང་སྐྱོབ་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཉིད་དོ། །༣ དེའི་ཡོན་ཏན་རྣམ་པར་དབྱེ་བ། ཡོན་ཏན་གྱི་དབྱེ་བ་ནི། གནས་ལ་འཇུག་དང་རབ་འཇུག་མི་འཇུག་དང༌། །ལྡོག་དང་ཀུན་འཇུག་གཉིས་དང་མི་གཉིས་དང༌། །མཉམ་དང་ཁྱད་འཕགས་ཀུན་འགྲོའི་བདག་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་གྱུར་འདོད། །གནས་ཡོངས་སུ་གྱུར་པ་དེ་ལ་ཕྱེ་ན་རྣམ་པ་བཅུ་སྟེ། གཞན་དོན་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། ཆོས་ཐམས་ཅད་ལས་ཁྱད་པར་འཕགས་པའི་ཕྱིར་མཆོག་གམ་རབ་ཏུ་འཇུག་པ་དང༌། ཚུལ་མིན་ཡིད་བྱེད་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་རྒྱུ་ལ་མི་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་གསུམ་ལས་ལྡོག་པ་དང༌། རྟག་ཏུ་རྒྱུན་མི་འཆད་པར་ཀུན་ཏུ་འཇུག་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་གཉིས་ལ་འཇུག་པ་དང༌། ཤེས་རབ་དང་སྙིང་རྗེས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པས་འདུས་བྱས་དང་འདུས་མ་བྱས་མི་གཉིས་པར་འཇུག་པ་དང༌། ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཆ་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཡང་མཉམ་པར་འཇུག་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ། མངོན་དུ་གྱུར་པས་ཉན་རང་དང་མི་མཉམ་ཞིང་ཁྱད་པར་དུ་འཕགས་པར་འཇུག་པ་དང༌། རིགས་ཅན་གསུམ་ལ་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་གའི་ཆོས་སྟོན་པས་ཀུན་འགྲོའི་བདག་ཉིད་ཀྱི་འཇུག་པ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཡོན་ཏན་གྱི་དབྱེ་བ་ཡིན་པར་འདོད་དོ། ། ༤ སངས་རྒྱས་ཉིད་ཀུན་ལ་ཁྱབ་ཚུལ། ཀུན་ལ་ཁྱབ་ཚུལ་ནི། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང༌། ། ཇི་ལྟར་ཏེ་དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་དུས་རྟག་ཏུ་བརྟན་པ་དང་གཡོ་བའི་གཟུགས་ཀུན་ལ་ཁྱབ་པར་སོང་བར་འདོད་པ་དེ་བཞིན་དུ། གནས་མ་ལུས་པར་གྱུར་པ་དེའི་རང་བཞིན་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཡང་དུས་རྟག་ཏུ་བརྟན་པ་དང་གཡོ་བའི་དངོས་པོ་ཀུན་ལ་ཁྱབ་པར་སོང་བར་འདོད་ཅིང༌། ཡང་ཇི་ལྟར་ན་འདུས་མ་བྱས་ཀྱི་ནམ་མཁའ་གཟུགས་ཀྱི་ཁྱད་པར་བཟང་ངན་བར་མར་གྱུར་པ་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་དེ་བཞིན་དུ། དོན་དམ་པའི་སངས་རྒྱས་དེ་ཡང་སེམས་ཅན་གྱི་ཚོགས་བཟང་ངན་བར་མ་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་ཉིད་དེ། རྒྱུད་བླ་མར་ཡང༌། (ཆོས་ཉིད་)དེ་(སྤྱི་)ཡི་མཚན་ཉིད་(ཡིན་པས་)ཉེས་པ་(ཅན་སེམས་ཅན་)དང༌། །ཡོན་ཏན་(ཅན་བྱང་སེམས་དང་)མཐར་ཐུག་(སངས་རྒྱས་ལ་)ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་(དང་)མཆོག་ལ་ནམ་མཁའ་(ཁྱབ་པ་དང་)བཞིན། །ཞེས་པ་དང༌། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་དག་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ཀྱིས་གཟུགས་ཀྱི་ཁམས་བཞིན་ནོ་ཞེས་གསུངས་པ་ལྟར་རོ། །འདིའི་འགྲེལ་བར། སངས་རྒྱས་ཀྱི་སེམས་ཅན་གྱི་ཚོགས་ཀུན་ཏུ་སོང་བ་ཉིད་ནི་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཞལ་གྱིས་བཞེས་པ་ཡོངས་སུ་གྲུབ་པ་ལས་རིག་པར་བྱའོ་ཞེས་གསུངས་པ་ལ། ཁ་ཅིག་ས་དང་པོར་བདག་གཞན་མཉམ་པ་ཉིད་རྟོགས་པ་དེ་མཐར་ཕྱིན་པ་ལས་སེམས་ཅན་ཐམས་ཅད་ལ་འཕྲིན་ལས་མཉམ་པ་ཉིད་འཇུག་པའོ་ཞེས་ཀྱང་འཆད་མོད། ངེས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་དག་པ་དང་སངས་རྒྱས་ཀྱི་བདག་ཉིད་གཉིས་སུ་མེད་པའི་དོན་ཏེ། རྒྱུད་བླ་མའི་འབྲེལ་བར། སེམས་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པ་ཉིད་ཉེ་བར་བཟུང་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་བསྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་བར་མཛད་པ་སྟེ། བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང་སེམས་ཅན་རྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་པ་ལྟར་རོ། ། ༥ སྣོད་མིན་ལ་སྣང་བ་མིན་ཚུལ། སྣང་བ་མིན་ཚུལ་ནི། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཇི་ལྟར་ཏེ་དཔེར་ན་ཆུའི་སྣོད་ཆག་ནས་ནང་ན་ཆུ་མེད་ན་སྣོད་ཀྱི་ནང་དུ་ཟླ་བའི་གཟུགས་བརྙན་མི་སྣང་བ་[དེ་]བཞིན་དུ། སེམས་ཅན་ངན་པ་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་སངས་རྒྱས་ཀྱི་གཟུགས་ཀྱང་མི་སྣང་ངོ༌། །དེ་ཡང་ཟླ་བ་ལ་ཉེ་རིང་མེད་ཀྱང་ཆུ་མེད་ན་གཟུགས་བརྙན་མི་སྣང་བ་བཞིན་དུ་སངས་རྒྱས་ལ་ཉེ་རིང་མེད་ཀྱང་སེམས་ཅན་གྱི་ཉེས་པས་མི་སྣང་བ་ཉིད་དེ། མངོན་པར་རྟོགས་པའི་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པ་ལྟར་རོ། ། ༦ གདུལ་བྱ་ལ་ལྟོས་ནས་སྣང་ཚུལ། ལྟོས་ནས་སྣང་ཚུལ་ནི། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང༌། །སྣང་དང་མི་སྣང་ཤེས་པར་བྱ། །དཔེ་ཇི་ལྟར་ན་མེ་ནི་བུད་ཤིང་ལ་སོགས་པའི་རྐྱེན་ཚོགས་པ་ན་གཞན་དུ་འབར་ཞིང་བུད་ཤིང་ཟད་པ་ལ་སོགས་པའི་དབང་གིས་གཞན་དུ་ཞི་ཞིང་མེད་པར་འགྱུར་བ་ལྟར། དོན་དེ་བཞིན་དུ་སངས་རྒྱས་རྣམས་ལ་ཡང་དོན་དམ་ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད་ཀྱང་གདུལ་བྱ་སྐལ་བ་དང་ལྡན་པ་ཡོད་ན་ཀུན་རྫོབ་གཟུགས་ཀྱི་སྐུའི་སྣང་བ་སྣ་ཚོགས་པ་བསྟན་ནས་སྨིན་པར་མཛད་པ་དང༌། སངས་རྒྱས་མཐོང་བའི་སྐལ་བ་དང་ལྡན་པ་མེད་ན་རྟག་པར་འཛིན་པ་བཟློག་པ་ལ་སོགས་པའི་ཆེད་དུ་མི་སྣང་ཞིང༌། མྱ་ངན་ལས་འདས་བའི་ཚུལ་སྟོན་པར་ཡང་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་བསྡུས་པ་ལས། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདའ། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་གསུངས་པ་ལྟར་རོ། ། ⑸ འཕྲིན་ལས་ཕུན་སུམ་ཚོགས་པའི་དོན། འཕྲིན་ལས་ཕུན་སུམ་ཚོགས་པའི་དོན་ལ། ལྷུན་གྱིས་གྲུབ་པའི་དོན་དང༌། རྒྱུན་མི་འཆད་པའི་དོན་ནི། ༡ ལྷུན་གྱིས་གྲུབ་པའི་དོན། དང་པོ་ལའང་གཉིས་ལས། གསུང་གི་མཛད་པ་ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་རྔ་དག་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །དཔེ་ཇི་ལྟར་ན་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལས་ཀྱི་དབང་གིས་ཆོས་ཀྱི་རྔ་བོ་ཆེ་དེ་གཞན་དག་གིས་མ་བརྡུངས་པར་ཡང༌། ཆོས་ཀྱི་སྡོམ་བཞི་ལ་སོགས་པའི་སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར་དོན་དེ་བཞིན་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱང༌། ཆོས་འདི་དང་འདི་བཤད་པར་བྱའོ་སྙམ་པའི་རྣམ་པར་རྟོག་པའི་གཟོའི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་ཡང༌། ལས་རྣམ་པར་དཀར་བ་བསགས་པའི་གདུལ་བྱ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པའི་བཤད་པ་དག་ནི་ཀུན་ཏུ་འབྱུང་བ་སྟེ། རྒྱུད་བླ་མར་ཡང༌། ཇི་ལྟར་ལྷ་ན་ལྷ་རྣམས་ཀྱི། །རྔ་སྒྲ་རང་གི་ལས་ལས་བྱུང༌། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་གི་ལས་ལས་བྱུང༌། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །སྐུའི་མཛད་པ་ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །དཔེ་ཇི་ལྟར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་རྣམ་རྟོག་གི་འབད་རྩོལ་མེད་པར་རང་གི་འོད་ནི་སྟོན་ཞིང་གཞན་གྱི་དགོས་འདོད་སྒྲུབ་པ་ལྟར། དོན་[ནི་]ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་དང་འདི་བསྟན་པར་བྱའོ་སྙམ་པའི་རྣམ་རྟོག་གི་གཟོའམ་འབད་རྩོལ་མེད་ཅིང༌།ལྷུན་གྱིས་གྲུབ་པར་སྔ་མ་དེ་བཞིན་དུ་མཛད་པ་བཅུ་གཉིས་ལ་སོགས་པ་སྐུའི་རྣམ་འཕྲུལ་མཐའ་ཡས་པ་ངེས་པར་སྟོན་པས་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའོ། ། ༢ རྒྱུན་མི་འཆད་པའི་དོན། རྒྱུན་མི་འཆད་པའི་དོན་ནི། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །དཔེ་ཇི་ལྟར་ན་འདུས་མ་བྱས་ཀྱི་ནམ་མཁའ་འགྱུར་བ་མེད་པ་ལ། འདུས་བྱས་བརྟན་པ་དང་གཡོ་བའི་འཇིག་རྟེན་གྱི་བྱ་བ་སྐྱེ་འཇིག་རྒྱུན་མི་འཆད་པར་སྣང་བ་ལྟར། དོན་དེ་བཞིན་དུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ནམ་[མཁའ་{ཡང་}འགྱུར་བ་མེད་པའི་ངང་ན་ཡང༌། རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པ་ཉིད་དོ། །དེའི་ཚུལ་ཡང༌། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་ཉམས་ཤིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་འཕྲིན་ལས་སྐྱེ་ཞིང་འབྲི། །དཔེ་ཇི་ལྟར་ན་འདུས་མ་བྱས་ནམ་མཁའ་འགྱུར་བ་མེད་པ་ལ་དུས་རྟག་ཏུ་རྒྱུན་མི་འཆད་པར་ནི་ཕྱི་ནང་གི་འཇིག་རྟེན་གྱི་བྱ་བ་རྣམས་སྔར་ཡོད་པ་ཉམས་ཤིང་འཇིག་པ་དང༌། སྔར་མེད་པ་འབྱུང་ཞིང་ཆགས་པ་ལྟར་དོན་དེ་བཞིན་དུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ན་ཡང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཕྲིན་ལས་གདུལ་བྱ་དུས་ལ་བབ་པ་ན་སྐྱེ་ཞིང་འཇུག་ལ། མ་བབ་པ་ན་འབྲི་ཞིང་མི་འཇུག་པའི་ཚུལ་གྱིས་གཞན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་སྟེ། རྒྱུད་བླ་མར་ཡང༌། ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་དོན། །འབད་པ་མེད་པར་གཞན་[པ་{མ་}དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །ཞེས་པ་ལ་སོགས་པ་རྒྱ་ ཆེར་གསུངས་པ་ལྟར་རོ། ། ⑹ ཟག་མེད་དབྱིངས་ན་ཟབ་པའི་དོན། ཟག་མེད་དབྱིངས་ན་ཟབ་པའི་དོན་ལ་ཟབ་པ་རྒྱས་པར་བཤད་པ། བསྡུས་ཏེ་དཔེ་དང་སྦྱར་བ། དབྱིངས་དེ་ཀུན་ལ་ཁྱབ་ཚུལ་ལོ། ། ༡ ཟབ་པ་རྒྱས་པར་བཤད་པ། དང་པོ་ལའང༌། མཚན་ཉིད་ཟབ་པ། གནས་པ་ཟབ་པ། འཕྲིན་ལས་ཟབ་པའོ། ། ① མཚན་ཉིད་ཟབ་པ། མཚན་ཉིད་ལའང༌། རྣམ་པར་དག་པ་དང༌། བདག་ཉིད་མཆོག་གི་དང༌། ལུང་མ་བསྟན་པ་དང༌། རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པའོ། ། ༡ རྣམ་པར་དག་པའི་མཚན་ཉིད་ཟབ་པ། རྣམ་པར་དག་པའི་མཚན་ཉིད་ཟབ་པ་ནི། སྔ་མ་ཕྱི་མ་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱི་དྲི་མེད་པ༑ ༑དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །སྔ་མ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཕྱི་མ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་དེ་དག་རང་བཞིན་གྱིས་རྣམ་པར་དག་པར་ཁྱད་པར་ཅུང་ཟད་ཀྱང་མེད་པས། སྔར་མ་དག་པ་ཞིག་ཕྱིས་དག་པ་ཡང་དག་པ་མ་ཡིན་ལ། འོན་ཀྱང་ལམ་བསྒོམས་པ་ལ་བརྟེན་ནས། སྤང་བྱ་སྒྲིབ་པ་ཀུན་གྱི་དྲི་མ་མེད་པར་གྱུར་པའི་དེ་བཞིན་ཉིད་དག་པ་གཉིས་ལྡན་དེ་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཡིན་པར་འདོད་པས་གློ་བུར་གྱི་དྲི་མས་མ་དག་པ་ཡང་མ་ཡིན་པ་སྟེ། དག་པ་མ་ཡིན་མ་དག་མིན། །ཞེས་འགལ་བ་ལྟར་སྣང་ཡང་མི་འགལ་བ་ནི་བསམ་གྱིས་མི་ཁྱབ་པས་ན་ཟབ་པའི་དོན་ཏོ། ། ༢ བདག་ཉིད་མཆོག་གི་མཚན་ཉིད་ཟབ་པ། བདག་ཉིད་མཆོག་གི་མཚན་ཉིད་ཟབ་པ་ནི། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ནི། སྤང་བྱ་གློ་བུར་གྱི་དྲི་མས་ཀྱང་རྣམ་པར་དག་ན་གང་ཟག་དང་ཆོས་ཀྱི་བདག་མེད་པ་མཆོག་གི་བདག་དེ་བཞིན་ཉིད་རྣམ་པར་དག་པ་ཐོབ་པས། སངས་རྒྱས་རྣམས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་བདག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ཕྱིར། རྒྱུད་ལས་ཀྱང༌། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་པ་ལ་སོགས་པ་གསུངས་པ་ལྟར་བདག་ཉིད་ཆེན་པོའི་བདག་ཏུ་འགྱུར་ཏེ། རྒྱུད་བླ་མར་ཡང༌། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་གསུངས་པ་ལྟར་མུ་སྟེགས་པ་ལ་སོགས་པས་བརྟགས་པའི་བདག་གི་སྤྲོས་པ་དང༌། ཉན་ཐོས་ལ་སོགས་པས་བརྟགས་པའི་བདག་མེད་པའི་སྤྲོས་པ་དག་ཉེ་བར་ཞི་བས་མཐའ་གཉིས་དང་བྲལ་བ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་ཅིང་ཟབ་པའོ། ། ༣ ལུང་མ་བསྟན་པའི་མཚན་ཉིད་ཟབ་པ། ལུང་མ་བསྟན་པའི་མཚན་ཉིད་ཟབ་པ་ནི། དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང༌། །མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟས་སངས་རྒྱས་དེ་སྐད་འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད། །སྟོང་པ་ཉིད་རྣམ་པར་དག་པ་སངས་རྒྱས་ཡིན་པ་དེའི་ཕྱིར་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ནི་གང་ཟག་དང་ཆོས་ཀྱི་བདག་ལ་སོགས་པར་ཀུན་བརྟགས་པའི་ངོ་བོར་ཡོད་པ་མིན་ཞིང༌། ཡོངས་གྲུབ་ཆོས་ཀྱི་[དབྱིངས་]དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་ངོ་བོར་མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟ་བས་ན་སངས་རྒྱས་མྱ་ངན་ལས་འདས་ཕན་ཆད་ཡོད་པ་ཡིན་ནམ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་དེ་སྐད་འདྲི་ན། རྟག་ཆད་ལ་སོགས་པའི་མཐར་འཛིན་པ་སྤང་བའི་ཕྱིར་མཐའ་གཅིག་ཏུ་ལུང་མ་བསྟན་པའི་ཚུལ་དུ་འདོད་དེ། ཀུན་རྫོབ་གཟུགས་ཀྱི་སྐུ་ནི་མྱ་ངན་ལས་འདས་ནས་མེད་ཅིང་དོན་དམ་ཆོས་ཀྱི་སྐུ་ནི་ནམ་ཡང་མི་འགྱུར་བར་ཡོད་པས་མཐའ་གཉིས་དང་བྲལ་བའི་ཕྱིར་ཟབ་པའོ། ། ༤ རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པ། རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པ་ནི། ཇི་ལྟར་ལྕགས་ལ་ཚ་བ་དང༌། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། །དཔེ་ཇི་ལྟར་ན་ལྕགས་ལ་ཚ་བ་ཞི་ནས་མེད་ཅིང་ལྕགས་གྲང་མོ་ཡོད་པ་དང༌། མིག་ལ་རབ་རིབ་ཞི་ནས་མེད་ཅིང་མིག་གསལ་པོ་ཡོད་པ་ལྟར། དོན་དེ་བཞིན་དུ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བ་དང༌། ཤེས་བྱའི་སྒྲིབ་པ་ལས་ཡེ་ཤེས་རྣམ་པར་གྲོལ་བ་དག་ལ་འདོད་ཆགས་ལ་སོགས་པའི་ཚ་བའི་གདུང་བ་དང་མ་རིག་པ་ལ་སོགས་པའི་རབ་རིབ་ཀྱི་མུན་པ་རྣམས་ཡོད་པར་མི་བརྗོད་ཅིང་མེད་པ་ཉིད་དང༌། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ནི་མེད་པར་མི་བརྗོད་ཅིང་ཡོད་པ་ཉིད་དོ་ཞེས་མཐའ་གཉིས་དང་བྲལ་བར་བསྟན་པས་ཤིན་ཏུ་ཟབ་པའོ། ། ② གནས་པ་ཟབ་པ། གནས་པ་ཟབ་པ་ནི། ཟག་མེད་དབྱིངས་ནས་སངས་རྒྱས་རྣམས། །སྔོན་གྱི་ལུས་རྗེས་འབྲང་ཕྱིར་དང༌། །མཁའ་ལྟར་ལུས་ནི་མེད་པའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཟག་པ་མེད་པའི་དབྱིངས་ན་རྫོགས་པའི་སངས་རྒྱས་རྣམས་ནི་སྔོན་བྱང་ཆུབ་སེམས་དཔའི་ལུས་དུ་མ་ལ་བརྟེན་ནས་སྨོན་ལམ་སྣ་ཚོགས་པ་བཏབ་པའི་རྗེས་སུ་འབྲང་བའི་ཕྱིར་ཀུན་རྫོབ་གཟུགས་ཀྱི་སྐུ་གཅིག་མིན་ཞིང༌། རྣམ་འཕྲུལ་སྣ་ཚོགས་པས་གཞན་དོན་མཛད་པའི་ཚུལ་གྱིས་གནས་པ་དང༌། དོན་དམ་ཆོས་ཀྱི་སྐུ་འདུས་མ་བྱས་ནམ་མཁའ་ལྟར་འདུས་བྱས་ཀྱི་ལུས་ནི་མེད་པའི་ཕྱིར་མང་པོ་ཉིད་མ་ཡིན་ཞིང༌། རང་དོན་མཐར་ཕྱིན་པ་དབྱིངས་རིག་དབྱེར་མེད་པའི་ངང་དུ་འགྱུར་བ་མེད་པར་གནས་པ་སྟེ། དེ་ལྟར་ན་གཅིག་མིན་ཞིང་མང་པོ་ཉིད་ཀྱང་མ་ཡིན་པའི་ཚུལ་གྱིས་གནས་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཟབ་པའོ། ། ③ འཕྲིན་ལས་ཟབ་པ འཕྲིན་ལས་ཟབ་པ་ལ་ཐུན་མོང་དུ་དཔེ་ཡིས་བསྟན་པ་དང༌། ཡེ་ཤེས་ལ་བརྟེན་པའི་ཁྱད་པར་རོ། ། ༡ ཐུན་མོང་དུ་དཔེ་ཡིས་བསྟན་པ། དང་པོ་ལ་ལྔ་སྟེ། ཡོན་ཏན་འབྱུང་བ་དང༌། སེམས་ཅན་སྨིན་པ་དང༌། མཐར་ཐུག་ཐོབ་པ་དང༌། ཆོས་རྣམས་སྟོན་པ་དང༌། སྤྲུལ་སོགས་མཛད་པའི་འཕྲིན་ལས་ཟབ་པའོ། །ཡོན་ཏན་འབྱུང་བའི་འཕྲིན་ལས་ཟབ་པ་ནི། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་བཞིན། །སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་བྱང་ཆུབ་ཀྱི་ཕྱོགས་མཐུན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་སྤངས་རྟོགས་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་བརྙེས་པ་ནི། དཔེར་ན་རིན་ཆེན་གྱི་འབྱུང་གནས་ལས་རིན་པོ་ཆེ་སྣ་ཚོགས་པ་འབྱུང་བ་དང་འདྲ་བར་སེམས་ཅན་རྣམས་ལ་ཕན་པར་མཛད་པའོ། ། སེམས་ཅན་སྨིན་པའི་འཕྲིན་ལས་ཟབ་པ་ནི། འགྲོ་བའི་དགེ་བའི་ལོ་ཏོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །གདུལ་བྱའི་འགྲོ་བ་མཐའ་ཡས་པའི་རྒྱུད་ཀྱི་ཞིང་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ལོ་ཏོག་སྐྱེད་ཅིང་སྨིན་པར་བྱེད་པ་ལ་ནི། སངས་རྒྱས་ཀྱི་འཕྲིན་ལས་དེ་སྤྲིན་ཆེན་པོའི་ཆར་གྱིས་འབྲུ་སྣ་ཚོགས་སྨིན་པར་བྱེད་པ་དང་ཡང་འདྲ་བར་འདོད་དོ། ། མཐར་ཐུག་ཐོབ་པའི་འཕྲིན་ལས་ཟབ་པ་ནི། བསོད་ནམས་ཡེ་ཤེས་རབ་རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཐབས་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་མཐའ་དག་རབ་ཏུ་རྫོགས་ཏེ་སྤངས་རྟོགས་མཐར་ཕྱིན་པ་ཐོབ་པའི་ཕྱིར། དཔེར་ན་ཟླ་བ་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་ཏེ་ཉ་གང་བས་མུན་པ་སེལ་བ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་བར་ཡང་འདོད་དོ། ། ཆོས་རྣམས་སྟོན་པའི་འཕྲིན་ལས་ཟབ་པ་ནི། ཡེ་ཤེས་སྣང་བར་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱས་པ་ལས་ལེགས་པར་བཤད་པའི་འོད་ཟེར་སྣ་ཚོགས་པ་སྤྲོས་ནས་གདུལ་བྱའི་རྒྱུད་ལ་དམ་པའི་ཆོས་ཀྱི་སྣང་བ་སྐྱེད་པར་བྱེད་པའི་ཕྱིར། མདོ་ལས། སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་མི་འཛུམ་པ་ན་སྟོང་གསུམ་རིལ་པོ་ཉི་ཟླ་ཟུང་གཅིག་གིས་སྣང་བར་བྱེད་པར་གསུངས་པའི་ཉི་མ་ཆེན་པོ་དང་འདྲ་བར་ཁམས་གསུམ་པའི་མི་ཤེས་པའི་མུན་པ་སེལ་བར་ཡང་འདོད་དོ། ། སྤྲུལ་སོགས་མཛད་པའི་འཕྲིན་ལས་ཟབ་པ་ལ། དཔེ་ནི། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བ་བྱེད། །ཇི་ལྟར་ན་ཉི་མའི་དཀྱིལ་འཁོར་ལས་བྱུང་བ་ཉིད་ཀྱི་འོད་ཟེར་དཔག་ཏུ་མེད་པ་ཐམས་ཅད་ནུས་པ་གཅིག་ཏུ་འདྲེས་ཤིང་[དུས་རྟག་ཏུ་]ལོ་ཏོག་སྨིན་པ་དང་འདམ་རྫབ་སྐེམ་པ་ལ་སོགས་པའི་བྱ་བ་གཅིག་ལ་འཇུག་པ་དང༌། འཇིག་རྟེན་ལ་ཡང་མུན་པ་སེལ་ཞིང་སྣང་བའི་བྱ་བ་བྱེད་པ་ལྟར། དོན་ནི། དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །དེ་བཞིན་དུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ་ན་ཡང་དོན་དམ་པའི་སངས་རྒྱས་དཔག་ཏུ་མེད་པ་ཐམས་ཅད་ཆོས་ཀྱི་སྐུའི་ངང་དུ་གཅིག་ཏུ་འདྲེས་ཤིང༌། དེའི་ནུས་པ་འཕྲིན་ལས་ཀྱང་གཅིག་ཏུ་འདྲེས་པའི་སྒོ་ནས། གདུལ་བྱ་རྣམས་ཀྱི་རྒྱུད་ལ་དགེ་བའི་ལོ་ཏོག་སྨིན་པ་དང༌། ཉོན་མོངས་པའི་འདམ་རྫབ་སྐེམ་པ་ལ་སོགས་པའི་མཛད་པ་གཅིག་ནི་མཛད་པ་ལ་ཡེ་ཤེས་ཐམས་ཅད་ཀྱི་སྣང་བ་གཅིག་ཏུ་འདྲེས་པའི་སྒོ་ནས་མཛད་པར་འདོད་དོ། ། ༢ ཡེ་ཤེས་ལ་བརྟེན་པའི་ཁྱད་པར། ཡེ་ཤེས་ལ་བརྟེན་པའི་ཁྱད་པར་ལ་ལྔ་སྟེ། ཡེ་ཤེས་རྣམས་འཇུག་པ་དང༌། རྣམ་པར་མི་རྟོག་པ་དང༌། ཡེ་ཤེས་སྣ་ཚོགས་པ་དང༌། ཡེ་ཤེས་མི་འཇུག་པ་དང༌། ཡེ་ཤེས་ཁྱད་ཞུགས་པའི་ཕྲིན་ལས་ཟབ་པའོ། །ཡེ་ཤེས་རྣམས་འཇུག་པའི་ཕྲིན་ལས་ཟབ་པ་ནི། དཔེར་ན་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང༌། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །དཔེ་ཇི་ལྟར་ན་ཉི་མའི་འོད་ཟེར་གཅིག་གང་དུ་བྱུང་བ་ན་འོད་ཟེར་ཀུན་ཅིག་ཅར་འབྱུང་བ་ལྟར། །དོན་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ཡང་ཡེ་ཤེས་གཅིག་ལ་བརྟེན་པའི་ཕྲིན་ལས་གང་དུ་འཇུག་པ་དེར་ཡེ་ཤེས་ཐམས་ཅད་ལ་བརྟེན་པའི་ཕྲིན་ལས་དུས་ཅིག་ཅར་དུ་འབྱུང་བར་ཤེས་པར་བྱའོ། ། རྣམ་པར་མི་རྟོག་པའི་ཕྲིས་ལས་ཟབ་པ་ནི། ཇི་ལྟར་ཉི་མའི་འོད་ཟེར་དག །འཇུག་ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང༌། །འཇུག་ལ་བདག་གིར་མཛད་མི་མངའ། །དཔེ་ཇི་ལྟར་ན་ཉི་མའི་འོད་ཟེར་དག་གླིང་བཞི་ལ་སོགས་པར་འཇུག་པ་ལ། བདག་གིས་འདི་དག་སྣང་བར་བྱ་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བདག་གིར་བྱ་བ་མེད་པ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལ་བརྟེན་པའི་ཕྲིན་ལས་ཀྱང་གདུལ་བྱ་རྣམས་ཀྱི་མོས་པ་དང་མཐུན་པར་འཇུག་པ་ལ། བདག་གིས་འདི་དག་སྨིན་པར་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བདག་གིར་མཛད་པ་མི་མངའ་བའི་སྒོ་ནས་གཞན་གྱི་དོན་མཛད་པའོ། ། ཡེ་ཤེས་ཚོགས་པའི་ནི་ཕྲིན་ལས་ནི། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང༌། །དཔེ་ན་ཉི་མའི་འོད་ཟེར་གཅིག་བཏང་བ་དེར་འོད་ཟེར་སྣ་ཚོགས་པ་ཐམས་ཅད་སོང་བས་འགྲོ་བ་དཔག་ཏུ་མེད་པ་སྣང་བར་བྱེད་པ་ལྟར། དོན་དེ་བཞིན་དུ་གདུལ་བྱ་ལ་སོགས་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྣ་ཚོགས་དུས་ཅིག་ཅར་འཇུག་པའི་སྒོ་ནས་སྣང་ཞིང་སྨིན་པར་མཛད་པའོ། ། ཡེ་ཤེས་མི་འཇུག་པའི་ཕྲིན་ལས་ཟབ་པ་ནི། ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་སྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང༌། །སེམས་ཅན་རྣམས་ཀྱི་ཉེས་པས་སྒྲིབས། །དཔེ་ཇི་ལྟར་ན་ཉི་མ་ཤར་བའི་འོད་ཟེར་རྣམ་རྟག་ཏུ་སྣང་བར་ཡོད་ཀྱང་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་རྣ་ལ་སོགས་པས་སྒྲིབས་པར་གྱུར་པ་ན་འགའ་ཞིག་ལ་མི་སྣང་བར་འདོད་དེ། དོན་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེས་ཀྱིས་ཤེས་བྱ་མ་ལུས་པ་རྣམས་ཀུན་སྣང་བར་མཛད་ཀྱང་སེམས་ཅན་གྱི་ཁྱད་པར་མང་པོ་རྣམས་ལ་ཕྲིན་ལས་མི་འཇུག་པ་ནི། ཚེ་དང་དུས་དང་སེམས་ཅན་དང་ལྟ་བ་དང་ཉོན་མོངས་པའི་སྙིགས་མ་ལྔ་ཤས་ཆེ་བར་གྱུར་པ་ཉིད་ཀྱི་ཉེས་པས་སྒྲིབས་པའོ། ། ཡེ་ཤེས་ཁྱད་ཞུགས་པའི་ཕྲིན་ལས་ཟབ་པ་ནི། ཇི་ལྟར་མདུད་པའི་དབང་གིས་ནི། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ནི། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ །དཔེ་ཇི་ལྟར་ན་གོས་དཀར་པོ་དང་ཚོས་རྩི་ལ་ཁྱད་པར་མེད་ཀྱང་ཚོས་བྱེད་པ་ན་མདུད་པ་མང་བའི་དབང་གིས་ནི་གོས་ལ་ལ་ཚོན་བཀྲ་ཞིང་ལེགས་པར་འགྱུར་ལ། མདུད་པ་ཉུང་བའམ་མེད་པའི་དབང་གི་གོས་ལ་ལ་མི་བཀྲ་ཞིང་མི་ལེགས་པར་འགྱུར་བ་ལྟར་དོན་དེ་བཞིན་དུ་དབྱིངས་རང་བཞིན་གྱིས་དག་པ་དང༌། ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བ་ལ་ཁྱད་པར་མེད་ཀྱང། སྔོན་ལམ་བསྒོམ་པ་ན་སེམས་བསྐྱེད་སྨོན་ལམ་དང་ཚོགས་གཉིས་ལ་སོགས་པའི་འཕེན་པ་བཟང་ངན་དུ་གྱུར་པའི་དབང་གིས་ནི། སངས་རྒྱས་རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བའི་ཡེ་ཤེས་བཀྲ་ཞིང་གསལ་བས་ཤེས་བྱ་ཐམས་ཅད་མཁྱེན་པའི་[ཡེ་ཤེས་ཀྱི་]སྒོ་ནས་འཕྲིན་ལས་ཕུན་སུམ་ཚོགས་པ་མཛད་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་ཤེས་བྱའི་སྒྲིབ་པ་དང་བཅས་པས་མི་བཀྲ་ཞིང་མི་གསལ་ལ་གཞན་དོན་རྒྱ་ཆེན་ནུས་པའང་མ་ཡིན་པའི་ཕྱིར་ཐེག་པ་ཆེན་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པའོ། ། ༢ བསྡུས་ཏེ་དཔེ་དང་སྦྱར་བ། བསྡུས་ཏེ་དཔེ་དང་སྦྱར་བ་ནི། དྲི་མེད་དབྱིངས་ལ་སངས་རྣམས། །མཚན་ཉིད་དང་ནི་གནས་པ་དང༌། །འཕྲིན་ལས་ཟབ་པ་འདི་བཤད་པ། །མཁའ་ལ་ཚོན་གྱི་རི་མོ་འབྲི། །ཟག་པ་དང་དྲི་མ་ཅུང་ཟད་[ཀྱང་]མེད་པའི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་མངོན་དུ་གྱུར་པ་ལ་སངས་རྒྱས་རྣམས་ཀྱི་མཚན་ཉིད་ཟབ་པ་དང་ནི་གནས་པ་ཟབ་པ་དང་འཕྲིན་ལས་ཟབ་པ་འདི་རྣམས་བཤད་པ་ནི༑ དཔེར་ན་ནམ་མཁའ་འདུས་མ་བྱས་ལ་ཚོན་གྱིས་རི་མོ་འདྲི་བ་བྱ་དཀའ་ཞིང་ངོ་མཚར་བ་བཞིན་དུ༑ དོན་དམ་པའི་སངས་རྒྱས་སོ་སོ་རང་གིས་རིག་པར་བྱ་བ་བརྗོད་དུ་མེད་པའི་དབྱིངས་ཚིག་སྣ་ཚོགས་ཀྱིས་བརྗོད་པ་ནི་ཤིན་ཏུ་དཀའ་བ་སྤྱོད་པ་ངོ་མཚར་བའི་གནས་ཡིན་པས་བསམ་གྱིས་མི་ཁྱབ་པའི་དོན་ཏོ། ། ༣ དབྱིངས་དེ་ཀུན་ལ་ཁྱབ་ཚུལ། དབྱིངས་དེ་ཀུན་ལ་ཁྱབ་ཚུལ་ནི། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ༑ ༑དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཐམས་ཅན་ཀྱི་ཆོས་ཉིད་དེ་བཞིན་ཉིད་ནི། ཡུམ་(སྡུད་པ)ལས། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་གསུངས་པ་ལྟར་ཆོས་ཅན་དུས་གསུམ་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཁྱད་པར་མེད་ཀྱང༌། དྲི་མ་དང་བཅས་པའི་གནས་སྐབས་ན་འཁོར་བ་ཞེས་བྱ་ཞིང༌། ལམ་བསྒོམས་ནས་སྤང་བྱ་གློ་བུར་གྱི་དྲི་མ་ཐམས་ཅད་ཀྱིས་དག་པར་གྱུར་པ་ན་མྱ་ངན་ལས་འདས་པའི་མཐར་ཐུག་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བར་འཇོག་པ་དེའི་ཕྱིར་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་མ་ལུས་པ་ཀུན་དེ་བཞིན་གཤེགས་པ་དེའི་སྙིང་པོ་ཅན་ཡིན་ཏེ། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་སེམས་ཅན་འདི་དག་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་པ་དང༌། དབུ་མ་སྙིང་པོར། ཆོས་རྣམས་བསལ་དང་བཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །ཞེས་པ་དང་རྒྱུད་ལས་ཀྱང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་རྣམས་རྣམ་པར་མི་རྟོག་པ་ཡིས་མཉེས་པར་བྱས་ན་དཔག་མེད་སྲིད་པ་དག་ནི་གཅོད་པར་བྱེད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། ། ⑺ འབྱོར་པ་རྣམ་པར་དབྱེ་བའི་དོན། འབྱོར་བ་རྣམ་པར་དབྱེ་བའི་དོན་ལ། འབྱོར་པ་གཞན་ལས་འཕགས་ཚུལ། ཕྱེ་སྟེ་ཟབ་པར་བསྟན་པ། གནས་ཡོངས་གྱུར་ལས་འགྲུབ་ཚུལ། དེ་རྣམས་སྤྱིའི་དོན་བསྡུ་བའོ། ། ༡ འབྱོར་པ་གཞན་ལས་འཕགས་ཚུལ། དང་པོ་ནི། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །ཉན་ཐོས་རྣམས་ཀྱི་བསོད་ནམས་དང་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་དང་ལམ་དང་འབྲས་བུ་ལ་སོགས་པ་ཟག་པ་མེད་པའི་འབྱོར་པས་ནི་འཇིག་རྟེན་ནས་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་ལ་སོགས་པའི་འབྱོར་པ་དང༌། དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་ཐོབ་པ་ལ་སོགས་པའི་ཟག་བཅས་ཀྱི་འབྱོར་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། རང་སངས་རྒྱས་ཀྱི་ས་ལ་གནས་པ་རྣམས་ཀྱི(མཛོད་དུ)། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་པ་ལ་སོགས་པའི་བསོད་ནམས་དང་གང་ཟག་གི་བདག་དང་ཆོས་ཀྱི་བདག་གི་ཕྱེད་བཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་དང་ལམ་དང་འབྲས་བུ་ལ་སོགས་འབྱོར་པ་ཡིས་ནི་ཉན་ཐོས་ཀྱི་འབྱོར་པ་ཡང་ཟིལ་གྱིས་གནོན་ལ། དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་བའི་ཆ་ཡང་མི་ཕོད་དོ། །དེ་ཡི་དེ་བཞིན་གཤེགས་པ་ཡི། །འབྱོར་བའི་ཆ་ཡང་མི་ཕོད་དོ། །རང་སངས་རྒྱས་ཀྱི་འབྱོར་པ་དེ་ཡིས་བྱང་ཆུབ་སེམས་དཔའ་མོས་པ་སྤྱོད་པ་དང་ལྷག་བསམ་རྣམ་དག་གི་ས་ལ་རིམ་གྱིས་གནས་པ་དང༌། ཁྱད་པར་ས་བཅུ་པ་ཐོབ་པ་ན། རྒྱུད་བླ་མར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་པ་ལྟར་གཞན་དོན་སྒྲུབ་པ་ལ་སངས་རྒྱས་དང་ཚུལ་མཚུངས་པ་ལ་སོགས་པའི་བསོད་ནམས་དང༌། གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་བར་རྟོགས་པའི་ཡེ་ཤེས་དང༌། ས་དང་ལམ་གྱི་ཡོན་ཏན་ལ་སོགས་པའི་འབྱོར་པའི་ཆར་ཡང་མི་ཕོད་དོ། །བྱང་ཆུབ་སེམས་དཔའ་ལམ་ལ་གནས་པའི་འབྱོར་པ་དེ་ཡིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་{་དང་ཡེ་ཤེས་ལ་སོགས་པ་འབྲས་བུ་མཐར་ཕྱིན་པའི་འབྱོར་པའི་ཆར་ཡང་མི་ཕོད་དེ། བརྒྱའི་ཆ་དང་སྟོང་གི་ཆ་དང་བྱེ་བའི་ཆ་དང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །དེ་ཉིད་ལས། དེ་ལྟ་མོད་ཀྱི་ས་རྡུལ་དང༌། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་གསུངས་པ་ལྟར་ས་ཆེན་པོ་དང་རྡུལ་ཕྲ་རབ་ཀྱི་ཁྱད་པར་ཙམ་དང༌། རྒྱ་མཚོ་ཆེན་པོ་དང་བ་ལང་རྨིག་རྗེས་ཀྱི་ཆུའི་ཁྱད་པར་ཙམ་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འབྱོར་པ་ལས་ཀྱང་སངས་རྒྱས་ཀྱི་འབྱོར་པ་ཁྱད་པར་དུ་འཕགས་པ་ཉིད་དོ།། ༢ ཕྱེ་སྟེ་ཟབ་པར་བསྟན་པ། ཕྱེ་སྟེ་ཟབ་པར་བསྟན་པ་ནི། སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། །གང་གི་གང་དུ་ཇི་ལྟར་དང༌། །ཇི་ཙམ་དུས་གང་འཇུག་པ་ནི། །བསམ་ཡས་དཔག་ཏུ་མེད་པར་འདོད། །རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྱོར་པའི་ཁྱད་པར་ནི་གདུལ་བྱའི་གང་ཟག་མཐའ་ཡས་པ་གང་གི་དོན་ལ་འཇུག་པ་དང༌། གནས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གང་དུ་འཇུག་པ་དང༌། འདུལ་བའི་ཚུལ་ལམ་རྣམ་པ་ཇི་ལྟར་འཇུག་པ་དང༌། ཆེ་ཆུང་ངམ་གྲངས་མང་ཉུང་ཇི་ཙམ་འཇུག་པ་དང༌། དུས་བསྐལ་པ་ལ་སོགས་པ་གང་གི་ཚེ་འཇུག་པ་རྣམས་ནི་ཟབ་པས་ན་བསམས་ཡས་ཏེ། ཉན་རང་ལ་སོགས་པའི་བློས་ཀྱང་བསམ་གྱིས་མི་ཁྱབ་ཅིང་རབ་ཏུ་དབྱེ་བ་དཔག་ཏུ་མེད་པར་ཡང་འདོད་དོ། ། ༣ གནས་ཡོངས་གྱུར་ལས་འགྲུབ་ཚུལ། གནས་ཡོངས་སུ་གྱུར་པ་ལས་འགྲུབ་པའི་ཚུལ་ལ་བདུན་ཏེ། ཡོན་ཏན་ཡེ་ཤེས་ཞིང་དག་ཐོགས་མེད་དང༌། །མྱང་འདས་བདེ་ཆེན་སྤྲུལ་པའི་འབྱོར་པའོ། །ཡོན་ཏན་གྱི་འབྱོར་པ་ནི། དབང་པོ་ལྔ་ནི་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ལ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །འབྱོར་པ་དམ་པ་འཐོབ་པར་འགྱུར། །མིག་ལ་སོགས་པའི་དབང་པོ་ལྔ་ནི། དྲི་བཅས་དྲི་མེད་དུ་གནས་གཞན་དུ་ཡོངས་སུ་གྱུར་པ་ན་དབང་པོ་[ལྔ་པོ་]ཐམས་ཅད་དོན་ལྔ་པོ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་སྟེ། }ར་གནས་མ་གྱུར་པ་ན་མིག་གིས་གཟུགས་ཁོ་ན་མཐོང་གི །སྒྲ་མི་ཐོས་པ་ལ་སོགས་པ་དབང་པོ་ལྔ་ཡུལ་སོ་སོར་ངེས་པ་ཡིན་པ་ལ། མིག་གཞན་དུ་གྱུར་པས་གཟུགས་མཐོང་བ་ལྟར་སྒྲའང་ཐོས་ཤིང་དྲི་དང་རོ་དང་རེག་བྱའང་རིག་པ་དང༌། རྣ་བ་གཞན་དུ་གྱུར་པས་སྒྲ་ཐོས་པ་ལྟར་གཟུགས་ལ་སོགས་པའང་རིག་པ་ལྟ་བུ་དབང་པོ་རེ་རེའང་ཡུལ་ཐམས་ཅད་ལ་འཇུག་པ་དང་ཐམས་ཅད་ཀྱི་སྟེ། སོ་སོར་རེ་རེ་ལ་ཡང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་ལ་འབྱོར་པ་དམ་པ་ཐོབ་པར་འགྱུར་ཞེས་པ་ལ། འགྲེལ་བཤད་དག་ལས། དོན་འདི་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང༌། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་མདོ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་འབྱུང་ཡང༌། མདོ་སྔ་མ་ལས་ནི་མི་གསལ་ཞིང་ཕྱི་མ་ལས། ལྷུན་པོ་རི་རབ་ཐམས་ཅད་དང༌། །ཁོར་ཡུག་ཀྱང་ནི་དེས་མཐོང་སྟེ། །རི་གཞན་གང་དག་གྲགས་པ་དང༌། །རྒྱ་མཚོ་དག་ཀྱང་མཐོང་བར་འགྱུར། །ཞེས་པ་ལ་སོགས་པའི་མིག་ལ་ཡོན་ཏན་བརྒྱད་བརྒྱ་དང༌། མནར་མེད་[ནས་]སྲིད་རྩེའི་བར་གྱི་སྒྲ་ཐམས་ཅད་ཐོས་པ་ལ་སོགས་པ་རྣ་བ་ལ་སྟོང་ཉིས་བརྒྱ་དང༌། སངས་རྒྱས་དགེ་འདུན་གྱི་དབུས་ན་ཆོས་གསུང་ཞིང་བཞུགས་པ་རྣམས་དྲི་ལ་བརྟེན་ནས་ཤེས་པ་ལ་སོགས་པ་སྣ་ལ་བརྒྱད་བརྒྱ་དང༌། རོ་ངན་པ་རྣམས་མི་མྱོང་ཞིང་མཆོག་ཏུ་གྱུར་པ་མྱོང་བ་ལ་སོགས་པ་ལྕེ་ལ་སྟོང་ཉིས་བརྒྱ་དང༌། སྲིད་རྩེའི་བར་གྱི་གཞལ་མེད་ཁང་དང་རི་དང་ཁོར་ཡུག་ལ་སོགས་པའི་རྣམ་པ་ཐམས་ཅད་སྣང་བ་ལ་སོགས་པ་ལུས་ལ་བརྒྱད་བརྒྱ་དང༌། གསལ་ཞིང་རྙོག་པ་མེད་པས་ཆོས་བཟང་ངན་བར་མའི་རྣམ་པ་ཐམས་ཅད་ཤེས་པ་ལ་སོགས་པ་ཡིད་ལ་སྟོང་ཉིས་བརྒྱ་གསུངས་ཀྱང་གསལ་བའི་དབྱེ་བ་ཚང་བ་ནི་མ་གསུངས་ཤིང༌། འདིར་སངས་རྒྱས་ཀྱི་ཡོན་ཏན་འཆད་དགོས་པ་ལ། དེ་དག་ནི་ལམ་གྱི་ཡོན་ཏན་གཙོ་ཆེ་བར་སྣང་ངོ༌། །ཡང་ན་བརྒྱ་ཕྲག་དང་བཅུ་གཉིས་ཞེས་ཕྱེ་ནས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་ཡོན་ཏན་བརྒྱ་དང་བཅུ་གཉིས་འབྱུང་ཞེས་ཀྱང་བཤད་དུ་རུང་བས་དེ་ལྟ་ན་གོ་སླ་བ་ཉིད་ དོ། །ཡེ་ཤེས་ཀྱི་འབྱོར་པ་ནི། ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་དང་བདག་གིར་ལྟ་བ་ཉོན་མོངས་པ་ཅན་གྱི་ཡིད་ནི་འགགས་ཏེ་གནས་གཞན་དུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ན། ཡུལ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་དང༌། ཇི་ལྟར་བཞེད་པ་བཞིན་ཡོན་ཏན་དཔག་ཏུ་མེད་པའི་འབྱོར་པ་དང་མཐུན་པར་སྤྱོད་པ་བདག་དང་བདག་གིར་འཛིན་པ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་དག་པ་ལ་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་ཏེ། དེ་དང་ལྷན་ཅིག་འབྱོར་པའི་ཡེ་ཤེས་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། ། ཞིང་དག་པའི་འབྱོར་པ་ནི། དོན་བཅས་འཛིན་པ་གཞན་གྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཕྱི་རོལ་གྱི་དོན་ཡུལ་ལྔ་དང་བཅས་ཏེ་ནང་འཛིན་པ་རྣམ་པར་ཤེས་པ་ལྔ་{གནས་}གཞན་དུ་གྱུར་པ་ན། ཇི་ལྟར་འདོད་པ་བཞིན་དུ་གནས་ཀྱི་ཁྱད་པར་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ས་གཞི་དང་ལོངས་སྤྱོད་ཀྱི་ཁྱད་པར་བདུད་རྩི་དང་དཔག་བསམ་གྱི་ཤིང་ལ་སོགས་པ་དག་གཞན་ལ་བསྟན་པར་ནུས་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པ་ལ་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། ཐོགས་མེད་ཀྱི་འབྱོར་པ་ནི། རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་རྟག་ཏུ་ཡེ་ཤེས་དང༌། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་པ་ན་ནི་དུས་རྣམས་རྟག་ཏུ་རྒྱུན་མི་འཆད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་མཐའ་དག་ལ་ཐོགས་པ་མེད་པར་འཇུག་པ་དང༌། ཡེ་ཤེས་ཀྱིས་ཇི་ལྟར་མཁྱེན་པ་བཞིན་གདུལ་བྱའི་མོས་པ་དང་མཐུན་པར་སྤྲུལ་པ་སྣ་ཚོགས་པ་སྟོན་པའི་འཕྲིན་ལས་རྣམས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་པ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་ལ་དབང་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། མྱང་འདས་ཀྱི་འབྱོར་པ་ནི། རྟེན་ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་ཡི། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ལས་བཟང་ངན་གྱི་བག་ཆགས་ཐམས་ཅད་ཀྱི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེའི་དམིགས་ཡུལ་གནས་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ནི་གནས་གཞན་དུ་གྱུར་པ་ན། སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མཐའ་དག་གི་དྲི་མ་མེད་པ་དག་པ་གཉིས་ལྡན་གྱི་གནས་[ལ་{པ་}ནི་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པའི་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། བདེ་ཆེན་གྱི་འབྱོར་བ་ནི། འཁྲིག་པ་གཞན་དུ་གྱུར་ན་ནི། །སངས་རྒྱས་བདེ་བར་གནས་པ་དང༌། །མོ་མཐོང་ཉོན་མོངས་མེད་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །རེག་པའི་ཁྱད་པར་དབང་པོ་གཉིས་སྦྱོར་འཁྲིག་པའི་འདོད་ཆགས་ཀྱི་བདེ་བ་ཟག་པ་དང་བཅས་པ་གནས་གཞན་དུ་གྱུར་པ་ནི། སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་བདེ་བ་ཆེན་པོ་འགྱུར་བ་མེད་པ་ལ་དུས་རྟག་ཏུ་གནས་པ་དང༌། ཆགས་པའི་ཡུལ་བུད་མེད་བཟང་མོ་ཡིད་དུ་འོང་བ་མཐོང་ཡང་ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་དྲི་མ་མེད་པ་ལ་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། སྤྲུལ་པའི་འབྱོར་པ་ནི། ནམ་མཁའི་འདུ་ཤེས་གཞན་གྱུར་ན། །བསམ་པའི་དོན་ནི་འབྱོར་པ་དང༌། །འགྲོ་གཟུགས་རྣམ་པར་འབྱེད་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །འདུ་ཤེས་[ཀྱི་]ཁྱད་པར་ནམ་མཁའ་འཛིན་པའི་འདུ་ཤེས་གནས་གཞན་དུ་གྱུར་པ་ན། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་འབྱོར་པ་ཐོབ་པས། ཅི་འདོད་པའི་ཡོ་བྱད་ནམ་མཁའ་ལས་འབྱུང་བ་ལ་སོགས་པ་བསམས་པའི་དོན་ཐམས་ཅད་ནི་འབྱོར་པ་དང་རི་དང་རྩིག་པ་ལ་སོགས་པ་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་ཐོགས་པ་མེད་པར་འགྲོ་བ་དང༌། གཟུགས་ཐམས་ཅད་ནམ་མཁར་བསམས་ན་ཡང་ནམ་མཁའ་ལྟར་ཐོགས་པ་མེད་པར་རྣམ་པར་འབྱེད་ནུས་པ་ལ་མངའ་བརྙེས་པས་ཇི་ལྟར་བཞེད་པ་བཞིན་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པ་ལ་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། ༤ དེ་རྣམས་སྤྱིའི་དོན་བསྡུ་བ། སྤྱིའི་དོན་བསྡུ་བ་ནི། དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ནི་གཞན་གྱུར་དཔག་མེད་པས། །བསམ་ཡས་བྱ་བ་བསྒྲུབ་པ་ཡི། །འབྱོར་བ་དཔག་ཏུ་མེད་པར་འདོད། །གོང་དུ་བསྟན་པའི་ཚུལ་དེ་ལྟར་སངས་རྒྱས་རྣམས་སྒྲིབ་པའི་དྲི་མ་ཅུང་ཟད་ཀྱང་མེད་ཅིང་ཟག་པ་མེད་པའི་གནས་ན་བཞུགས་པ་ན། ཕུང་པོ་ལྔའི་རང་བཞིན་སྒྲིབ་པ་དང་བྲལ་བས་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ལ་སོགས་པ་གནས་ནི་གཞན་དུ་གྱུར་པའི་ཡོན་ཏན་གྱི་འབྱོར་པ་དཔག་ཏུ་མེད་པ་དང་ལྡན་པས། དེ་དག་གི་ནུས་པ་བསམ་ཡས་ཏེ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་སྣ་ཚོགས་པ་སྟོན་པས་སེམས་ཅན་གྱི་དོན་བྱ་བ་སྒྲུབ་པའི་འཕྲིན་ལས་ཕུན་སུམ་ཚོགས་པའི་འབྱོར་པའང་དཔག་ཏུ་མེད་པ་དང་ལྡན་པར་འདོད་དོ། ། ⑻ སེམས་ཅན་སྨིན་བྱེད་རྒྱུའི་དོན། ({བས་དགུ་པར)}ར་བྱང་ཆུབ་སེམས་དཔས་སེམས་ཅན་ཡོངས་སུ་སྨིན་པའི་ཚུལ་བཤད་ནས། འདིར་སངས་རྒྱས་ཀྱིས་སེམས་ཅན་སྨིན་པའི་རྒྱུའི་དོན་ལ་བདུན་ཏེ། སེམས་ཅན་སྨིན་པའི་རྒྱུ་དངོས། རྒྱུ་དེ་བསམ་མི་ཁྱབ་ཚུལ། སྨིན་པ་སྦྱོར་བའི་རྒྱུ་བསྟན། དེ་ལ་འབད་པ་མེད་ཚུལ། འབད་མེད་དཔེ་ཡིས་བསྟན་པ། སྨིན་པ་རྒྱུན་མི་འཆད་ཚུལ། དེའི་རྒྱུ་མཚན་བསྟན་པའོ། ། ༡ སེམས་ཅན་སྨིན་པའི་རྒྱུ་དངོས། རྒྱུ་དངོས་ནི། འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བས་ལེགས་བཤད་པའི། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ །དགེ་བ་མ་བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་སྨིན་པ་རྟག་འགྲོའང་མ་ལུས་མིན། །སངས་རྒྱས་རྣམས་གཞན་དོན་མཛད་པའི་སྐབས་འདི་ན། གདུལ་བྱའི་འཇིག་རྟེན་ཕྱོགས་བཅུའི་ཕྱོགས་མཐའ་ཡས་པ་ན་ཡོད་པ་རྣམས་ལ། རྒྱལ་བས་གསུངས་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་དམ་པའི་ཆོས་ལེགས་པར་བཤད་པས། མོས་སྤྱོད་ཀྱི་ས་ནས་ས་བཅུ་པའི་བར་གྱི་དགེ་བ་གོང་ནས་གོང་དུ་འཕེལ་བའི་འཇིག་རྟེན་པ་རྣམས་རྣམ་པར་དག་པའི་མཆོག་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་དུ་འགྲོ་བར་བྱེད་ལ། ཐེག་ཆེན་གྱི་དགེ་བ་མ་བསགས་པ་རྣམས་མོས་སྤྱོད་ནས་ས་བཅུའི་བར་གྱི་དགེ་བ་འཕེལ་བའི་མཆོག་ལ་བཀོད་ན་གོང་ནས་གོང་དུ་འགྲོ་བར་བྱེད་དོ། །དེ་ལྟར་དགེ་བ་འཕེལ་བ་རྣམས་ཀྱང་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་ཅིང༌། ཡོངས་སུ་སྨིན་པ་རྣམས་ཤིན་ཏུ་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་སར་རྟག་ཏུ་འགྲོ་བར་མཛད་ནའང༌། སེམས་ཅན་གཅིག་ཀྱང་མ་ལུས་པར་ ཡོངས་སུ་སྨིན་པ་ཡང་མིན་ཏེ་འཁོར་བ་ལ་མཐའ་མེད་པའི་ཕྱིར་རོ། ། ༢ རྒྱུ་དེ་བསམ་མི་ཁྱབ་ཚུལ། རྒྱུ་དེ་བསམ་མི་ཁྱབ་ཚུལ་ནི། དེ་ལྟར་འཇིག་རྟེན་ཕྱོགས་ཕྱོགས་བརྟན་རྣམས་རྟག་པར་དུས་ཀུན་དུ༑ ༑བྱང་ཆུབ་ཆེན་པོ་འཐོབ་དཀའ་ཡོན་ཏན་མཆོག་ལྡན་རྨད་བྱུང་ཅན། །རྟག་བརྟན་སྐྱབས་མེད་རྣམས་ཀྱི་སྐྱབས་གང་ཡིན་པ་ཐོབ་པ་དེ། །ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་མཚན་ཆེ་བའང་མིན། །བཤད་མ་ཐག་པའི་ཚུལ་དེ་ལྟར་གནས་འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་ཕྱོགས་མཐའ་ཡས་པ་རྣམས་སུ་རྒྱུ་སངས་རྒྱས་ཀྱི་ལེགས་པར་བཤད་པ་ལ་བརྟེན་ནས། གང་ཟག་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་པར་རྒྱུན་མི་འཆད་པར་དུས་ཀུན་ཏུ་འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོ་དཀའ་སྤྱད་དཔག་ཏུ་མེད་པ་ལ་སོགས་པས་བསྒྲུབ་དགོས་པས་ཐོབ་པར་དཀའ་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་དང་ལྡན་པ། ཡོན་ཏན་དེ་ལྟ་བུ་གཞན་ལ་མེད་པས་ཤིན་ཏུ་རྨད་དུ་བྱུང་བ་ཅན། གདོད་མ་ནས་སྐྱེ་བ་མེད་པས་རྟག་པ་ནམ་ཡང་འགག་པ་མེད་པས་བརྟན་པ་ཐོབ་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང༌།